| / Mahamudra / Gampopa |
Lord Gampopa's collected works (20)
༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཕྱག་རྒྱ་ཆེན་པོའི་མན་ངག་ཐོག་བབས་དང་མགུར་འབུམ་རྣམས་བཞུགས་སོ། །
༼༡བ༽༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའི་གདམས་ངག་ཐོག་བབས་དང་། ཡང་ཐོག་ཏུ་གྱུར་བ་འདི་ལ་དོན་གཉིས་ཏེ། ཕྱོགས་སྔ་མ་ལོག་པར་རྟོག་པ་ལྔ་བསལ་བ་དང་། གདམས་ངག་དངོས་སོ། །དང་པོ་ཕྱོགས་སྔ་མ་ལོག་རྟོག་བསལ་བ་ལྔའི་དང་པོ། ངོ་བོ་ལ་ལོག་རྟོག་བསལ་བ་ནི། ད་ལྟའི་སེམས་ངན་པ་སྤངས་ནས། ཕྱིས་ཡེ་ཤེས་བཟང་པོ་འདོད་པ་ཡིན་ལ། གདམས་ངག་འདི་ཡི་ལུགས་ཀྱིས་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་ཏེ། དེ་ལ་གང་ཡང་སྤང་དུ་མེད་པའི་ཕྱིར་རོ། །གཉིས་པ་ཡུལ་ལ་ལོག་པ་བསལ་བ་ནི། དུག་ལྔ་སྤང་བར་འདོད་པ་དེ། གདམས་ངག་འདི་ཡི་ལུགས་ཀྱིས། ལམ་དུ་འཁྱེར་བའོ། །གསུམ་པ་དུས་ལ་ལོག་པར་རྟོག་པ་བསལ་བ་ནི། བསྐལ་པ་གྲངས་མེད་པ་གསུམ་གྱིས་རྟོགས་པར་འདོད་པ་དེ། གདམས་ངག་འདིའི་ལུགས་ཀྱིས་ད་ལྟ་རང་རྟོགས་པར་འདོད་པའོ། །བཞི་པ་ཤེས་རབ་ལ་ལོག་པར་རྟོག་པ་བསལ་བ་ནི། རིག་པས་རྟོགས་པར་འདོད་པ་དེ། གདམས་ངག་༼༢ན༽འདི་ཡི་ལུགས་ཀྱིས་གདམས་ངག་གིས་རྟོགས་པར་འདོད་པའོ། །ལྔ་པ་སངས་རྒྱས་དང་སེམས་ཅན་ལ་བཟང་ངན་དུ་བྱེད་པའི་ལོག་པར་རྟོག་པ་བསལ་བ་ནི། རང་གིས་སེམས་རྟོགས་མ་རྟོགས་ལས་ཁྱད་པར་གཞན་མེད་པའོ། །གདམས་ངག་ལ་གསུམ་སྟེ། དང་པོ་སྒོམ་མགོ་རྩོམ་པ་ལ་མཁས་པ། བར་དུ་ཉམས་བརྟེན་པ་ལ་མཁས་པ། ཐ་མ་འཕྲོ་གཅོད་པ་ལ་མཁས་པའོ། །དང་པོ་སྒོམ་མགོ་རྩོམ་པ་ལ་མཁས་པ་ལ་གཉིས། ལུས་ཀྱི་བཞག་ཐབས་དང་སེམས་ཀྱི་བཞག་ཐབས་སོ། །དང་པོ་ལུས་ཀྱི་བཞག་ཐབས་ནི། རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའོ། །གཉིས་པ་སེམས་ཀྱི་བཞག་ཐབས་ལ་གཉིས། སེམས་མ་འཁྲུལ་བ་ལ་ངོས་བཟུང་བ་དང་། སེམས་འཁྲུལ་བ་ལ་ངོས་བཟུང་བའོ། །དང་པོ་སེམས་མ་འཁྲུལ་བ་ལ་ངོས་བཟུང་བ་ནི། སེམས་ཀྱི་ངོ་བོ། བདེ་གསལ་མི་རྟོག་པ་དེ་མ་བཅོས་པར། རང་ལུགས་རྩོལ་སྒྲུབ་དང་བྲལ་བར་ཐོག་བབས་སུ་བཞག་གོ །གཉིས་པ་སེམས་འཁྲུལ་པ་ལ་ངོས་བཟུང་བ་ལ་བཞི། བལྟ་བའི་ཡུལ་དང་། ལྟ་༼༢བ༽ཐབས་དང་། མཐོང་ཚད་དང་། མཐོང་ལུགས་སོ། །དང་པོ་བལྟ་ཡུལ་ནི། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རྣམ་པར་རྟོག་པའོ། །གཉིས་པ་ལྟ་ཐབས་ནི། རྣམ་པར་རྟོག་པ་གང་བྱུང་ལ། ཤེས་རབ་ཀྱི་མིག་གིས་ཐོག་བབས་སུ་བལྟ་བའོ། །གསུམ་པ་མཐོང་ཚད་ནི། རྣམ་པར་རྟོག་པ་བུད་པའི་ཤུལ་ན་སེམས་མེད་པ་མ་ཡིན་ཏེ། སེམས་ངོ་བོ་སྟོང་པ། སིང་ངེ་ཡེ་རེ་བ་ཅིག་འདུག་པ་དེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །བཞི་པ་མཐོང་ལུགས་ལ་བཞི། ཅི་མཐོང་བ། དུས་ནམ་མཐོང་བ། ཆོས་དང་ལྡན་པར་མཐོང་བ། ཇི་ལྟར་མཐོང་བའོ། །ཅི་མཐོང་ན། སེམས་མཐོང་སྟེ། སེམས་རྟོགས་ན་སངས་རྒྱས་སོ། །དུས་ནམ་མཐོང་ན། ཐོག་མ་མེད་པ་ནས་ཡོད་པར་རོ། །ཆོས་ཅི་དང་ལྡན་པར་མཐོང་ན། ཆོས་ཐམས་ཅད་ལ་ཁྱབ་པར་མཐོང་ངོ་། །ཇི་ལྟར་མཐོང་ན། དབང་པོ་དྲུག་གི་སྤྱོད་ཡུལ་ལས་འདས་པར་མཐོང་སྟེ། ཁ་དོག་དང་དབྱིབས་སུ་མ་གྲུབ་པའོ། །བར་དུ་ཉམས་བརྟེན་པ་ལ་མཁས་པ་ནི། རྒོད་ན་དེ་རང་གི་ཐོག་ཏུ་གཏང་། བྱིང་ན་རྒོད་དུ་བཅུག་པ་དེ་ལ་བལྟའོ། །ཐ་མར་འཕྲོ་གཅོད་པ་ལ་མཁས་པ་ནི། གསལ་ལ་ཡུན་ཐུང་བར་བྱ་སྟེ། སྒོམ་དང་མ་འཁོན་པར་བཟང་གྱེས་བྱའོ། །ཕྱག་རྒྱ་ཆེན་པོ་ཐོག་བབས་རྩིས་ཀྱིས་རྒྱ་མདུད་དང་བཅས་པ། རིན་པོ་ཆེ་སྒམ་པོ་པའི་མན་ངག་དྭགས་པོ་སྒོམ་ཆུང་གི་ཕྱག་དཔེ། སློབ་དཔོན་སྟོད་ལུང་པ་ལ་གདམས་པའོ།། །།བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འོ་ཅག་རྣམས་ཀྱིས་མི་ལུས་རིན་པོ་ཆེ་ཐོབ་ནས། རང་ཉིད་བློ་བདེ་བའི་ཆོས་ཅིག་མ་གྲུབ་ན། དཔེར་ན། སྨན་བཅུད་ཚེ་ཉི་ཟླ་དང་མཉམ་པའི་ཡོན་ཏན་ལ་སོགས་པ་བསམ་གྱིས་མི་ཁྱབ་སྐད། ལེན་བུམ་པ་གང་ཕོ་ནས། མྱུར་དུ་གསོད་པའི་དུག་གི་༼༣ན༽བུམ་པ་ལ་འཐུང་བ་དེ་ནས་ངན་སོང་གསུམ་དུ་འཁྱམས། ལྟ་བུ་ཡིན་གསུངས། དམ་པ་སངས་རྒྱས་མཇལ་བར་དཀའ་བའི་བླ་མ་དང་མཇལ་བ་དོན་ཡོད་པར་བྱ་དགོས། དང་མཇལ། ཞལ་གྱི་བདུད་རྩི་ཐོབ་ནས། ཚེ་ཐོབ་པར་དཀའ་བའི་གདམས་ངག་ཁྱད་པར་ཅན་ཉོན་མོངས་པའི་དུག་ནི་ཞི་བར་བྱེད་པས་འཁོར་བ་མཐའ་དག་ལས་བློ་ལྡོག་དགོས། འདི་ལ་བློ་མ་ལོག །ད་རེས་དོན་ཅིག་མ་གྲུབ་ན། རུ་ཏྲའམ་སྲིན་པོ་དང་ཁྱད་མེད་པ་ཡིན། ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་བློ་སྦྱང་དུ་ཡོད་པའི་དུས་འདིར། གྲུབ་པ་ཞིག་མ་ཐོབ་ན། མི་ནག་ཐ་མལ་བ་དང་ཁྱད་མེད་དེ། ཤིན་ཏུ་གླེན་པ་ནགས་དང་ཆུའི་མིག་དང་འདྲ་སྐད། ཕག་ལྟ་བུ་ཡིན། སེམས་ལ་ངེས་ཤེས་སྐྱེས་ནས། ཟས་འདོད་ཡོན་ལ་བློ་ལྡོག་མ་ནུས་ན། ཡི་དྭགས་ཀྱི་ཟས་སྐོམ་མ་མྱོང་པས་གདུངས་པ་དང་ཁྱད་མེད་དོ། །རྒྱུད་ལ་འོད་གསལ་ཤར། སྒོམ་བཟང་ཟེར་ནས། ཚེ་འདི་ལ་ཞེན་ཅིང་དུག་ལྔ་སྤོང་མ་ནུས་ན། སྒོམ་བཟང་ཡང་གོ་ཡུལ་དུ་སོང་བ་ཡིན་ཏེ། ཁ་ཆོས་ཀྱིས་མི་ཕན་ཆོས་གནད་དུ་ཕོག་དགོས། འཁོར་བ་ལས་མི་ཐར། སྨྱོན་པའི་ནང་ནས་ཡང་སྨྱོན་པ་བྱ་བ་ཡིན། དེ་ནི་སྐྱེས་བུ་ཐ་ཤལ་ཕྱི་བ་ལྟ་བུ་ཡིན་ནོ། །དུག་ལྔའམ། དུག་གསུམ་པོ་འདིས་ནི། དུས་རྟག་ཏུ་འོ་སྐོལ་མགོ་བསྐོར་བ་ཡིན་ཏེ། འོ་ཅག་གིས་མི་ཚོར་བས། ད་ནི་འབུངས་ལ་མགོ་མ་ཉོན་མོངས་པ་ངོ་ཤེས་དགོས། དེའི་གཉེན་པོར་བླ་མའི་གདམས་ངག་རྣམས་གོ་དགོས། འཁོར་བ་ཞིག་བྱ་དགོས། སྒོམ་རྐྱེན་ཐོག་ཏུ་མི་ཁེལ་བའི། བཟང་བ་དང་། ཤེས་རབ་ཆེ་བས་ཆོས་མ་གོ་བ་དང་། བཙུན་པ་བར་སྒོམས་ཀྱང་ལས་འབྲས་ལ་མི་འཛེམ་པར། དང་། བརྩོན་འགྲུས་ཆེ་བ་ལ་སོགས་པ།ཚེ་འདིའི་བྱ་བ་ལ་བརྩོན། ཁས་ལེན་བཟང་པོའི་དགོས་དོན་ད་རེས་འདི་ནས་ལས་འབྲས་ལ་འཛེམ་པ་དང་དགེ་མི་དགེའི་ས་མཚམས་ཤན་ཕྱེད་དགོས། ཡོད་པས་གཟབ་པ་ཡང་གལ་ཆེ་སྟེ། སྐྱེས་ཙམ་ལ་གཟོབས་ཤིག་བྱ་བ་བླ་མ་སངས་རྒྱས་གསུང་། ༼༣བ༽ཡིད་ལ་བྱ་དགོས། ལར་ནང་དུ་ཆོས་ཅིག་ལ་སོ་ཐེབས་ན། ཕྱི་ནང་གི་ནང་རྟགས་ནང་ཉོན་མོངས་པའི་དུག་ཞི་བ། ཕྱི་རྟག་ཆགས་སྡང་ཆུང་བ་དང་། རྒྱུད་འཇམ་ཞིང་མཉེན་པར་འགྱུར་རོ།། རྟགས་བག་རེ་ཡང་འོང་དགོས། ཐུག་འདོམ་བྱུང་བའི་དུས་སུ་རང་གི་རྒྱུད་ལ་ལྷོད་བག་ཙམ་རེ་ཡང་དགོས་པར་འདུག །རྐྱེན་མ་བྱུང་ཙ་ན། ཐམས་ཅད་བཟང་བ་མཆི་བར་གདའ་བས། ད་ཆོས་ཀྱིས་ཕན་ནམ། མི་ཕན་རང་ལ་ལྟ་དགོས་ལགས། རང་གིས་རང་ལ་ཞལ་ཏ་སྙིང་ཐག་པ་ནས་བྱེད་དགོས་པ་ལགས། གྲོས་རང་ལ་འདེབས་དགོས་པ་ལགས། མི་ལ་གྲོས་འདེབས་པ་ཁ་ན་བ་ལས་མེད་དོ། །བླ་མས་གསུངས་པ་དེ་མད་པར་མཆིས་སོ། །ཞལ་གྱི་གདམས་པའོ།། །།ན་མོ་གུ་རུ། ཚེ་གཅིག་པོ་འདི་ཉིད་ལ་སངས་རྒྱ་བར་བྱེད་པའི་ཕྱག་རྒྱ་ཆེན་པོའི་མན་ངག་ནི། དོན་གཉིས་ལས་མེད་དོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་དོ། །སྣང་བ་འདི་སེམས་ཉིད་ཀྱི་འོད་ཡིན་ཏེ། དཔེར་ན། ཉི་མ་དང་། ཉི་མའི་འོད་ལྟ་བུའོ། །དོན་སེམས་ཉིད་ལས་མེད། སེམས་ཉིད་གཏན་ལ་འབེབས་པ་ལ། སྣང་བ་འདི་གཏན་ལ་འབེབས་དགོས་ཏེ། སྣང་བ་འདི། མེད་པར་ཤེས་པར་བྱ་བ་དང་། སྣང་བ་འདི། མེད་བཞིན་དུ་སྣང་བ་ཤེས་པའི་ཆོ་འཕྲུལ་དུ་གོ་བ་དང་། དང་པོ་ཉམས་སུ་མྱོང་བ་སྨྲར་མི་བཏུབ་པའོ། །དང་པོ་ནི། སྣང་བ་འདི་ཡོད་པ་ཡིན་ནམ། མེད་པ་ཡིན་ཟེར་ན། མེད་པ་ཡིན། མེད་པར་སྣང་བ་འགལ་ཟེར་ན། དེ་བས་ནི། འཁྲུལ་པ་ཡིན། ངོ་མཚར་ཆེ། འོ་ན་འདི་རྒྱུ་ཅི་ལས་བྱུང་ཟེར་ན། སེམས་ཉིད་ཀྱི་ཆོ་འཕྲུལ་ཡིན་ནོ། །དེས་སྣང་བ་རང་བཞིན་མེད་པ་སྒོམ་དུ་མ་བཅོས་པའོ། །སེམས་ཉིད་སྒོམས་ཤིག །དེ་ཙམ་ན། ཉམས་ཁོང་ནས་ཤར་ཙམ་ན། སྒྲོ་འདོགས་ཕྱི་ནས་ཆོད་དེ་འོང་། ༼༤ན༽དཔེར་ན། རབ་རིབ་བམ། མིག་གི་ལིང་ཐོག་བཞིན་ནོ། །ཉམས་སུ་མྱོང་བ་སྨྲར་མི་བཏུབ་པ་ནི། ལྐུགས་པས་བུ་རམ་མུར་བ་བཞིན་ནོ། །དེ་ལྟར་སེམས་ཉིད་གཏན་ལ་ཕེབས་ཙ་ན། ཉམས་སུ་ལེན་པའི་ཐབས་ནི་གསུམ་སྟེ། སེམས་ཉིད་ལྷན་ཅིག་སྐྱེས་པའི་ངང་ལ་བཞག་ཐབས་ནི། ལུས་སེམས་ཁོང་གློད་ལ། དྲན་མེད་འབྲས་མེད་དུ་གློད་ལ་བཞག་གོ །ཡང་། བླ་མ་དམ་པའི་ལུང་ལ་ཡིད་ཆེས་པར་བྱས་ལ། རིག་པ་སྣ་མ་བསྐྱིལ་བར་ཚོགས་དྲུག་ལྷུག་པར་བཞག་གོ །ཅིར་སྣང་ཐམས་ཅད་རྣམ་རྟོག་ཏུ་ཤེས་པར་བྱའོ། །རྣམ་རྟོག་ཆོས་སྐུ་ཤེས་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་ཉམས་ཀྱི་རྟོགས་པ་འཆར་ཏེ། རྩེ་གཅིག་གི་རྣལ་འབྱོར་དང་། སྤྲོས་བྲལ་གྱི་རྣལ་འབྱོར་དང་། དུ་མ་རོ་གཅིག་གི་རྣལ་འབྱོར་དང་། བསྒོམ་དུ་མེད་པའི་རྣལ་འབྱོར་རྣམས་རྒྱུད་ལ་སྐྱེ་བ་ཡིན་ནོ། །སྐྱེ་ལུགས་ནི། གང་ཟག་གི་སྦྱངས་པ་ཆེ་ཆུང་གིས། རིམ་གྱིས་སྐྱེ་བ་དང་། ཐོད་རྒལ་དུ་སྐྱེ་བ་དང་། ཅིག་ཅར་དུ་སྐྱེ་བ་ནི་ངེས་པ་མེད་དོ། །དེ་ཙ་ན། ཆོས་སྐུ་མངོན་དུ་བྱས་ནས། སྨོན་ལམ་གྱི་སྟོབས་ཀྱིས་གཟུགས་སྐུ་གཉིས་འཆར་བ་ནི། སངས་རྒྱས་པ་ཡིན་ནོ། །སྙི་སྒོམ་དྭགས་པོ་རིན་པོ་ཆེའི་གསུང་སྒྲོས། དྭགས་པོ་སྒོམ་ཆུང་ལ་གདམས་པ། དེས་སློབ་དཔོན་སྟོད་ལུང་པ་ལ། དེས་ཚུལ་ཁྲིམས་ཡེ་ཤེས་ལ་གདམས་པའོ།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་མཧཱ་མུ་དྲཱའི་གེགས་སེལ་ནི། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་བྱའོ། །སྟོང་པ་ཉིད་ནི་གཉིས་ཏེ། བཅོས་མའི་སྟོང་པ་ཉིད་དང་། རང་བཞིན་གྱི་སྟོང་པ་ཉིད་དོ། དེ་ལ་རང་བཞིན་གྱི་སྟོང་པ་ཉིད་ཀྱིས་སངས་རྒྱ་བར་འགྱུར་གྱིས། བཅོས་མའི་སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ། །ཚིག་ཏུ་བརྗོད་ཅིང་། བློ་ཡི་ཡུལ་དུ་བྱས་༼༤བ༽པས་དོན་གྱི་ཐོག་ཏུ་ཕེབས་པར་འདོད་པ་དེ་བྱས་པའི་སྟོང་ཉིད་ཡིན་པས། བྱས་པའི་ཆོས་ཀྱིས་སངས་རྒྱ་བ་མི་སྲིད་དོ། །མཚན་མའི་ཆོས་ཡིན་པའི་ཕྱིར་རོ། །དེས་ན། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་པས། སྟོང་ཉིད་ཀྱི་འཕྲང་ནི། སྟོང་ཉིད་ཤེས་བྱའི་གཤིས་སུ་ཤོར་བ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ། སྟོང་ཉིད་ཉོན་མོངས་པའི་གཉེན་པོར་ཤོར་བ། སྟོང་ཉིད་ལམ་དུ་ཤོར་བའོ། །གོལ་ས་བཞི་ནི། ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ་བ། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་གོལ་བ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་གོལ་བ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གོལ་བ་དང་བཞིའོ། །དེར་གོལ་ན་ཉེས་པ་ཆེ་སྟེ། དེ་ཡང་། འཕགས་པ་དཀོན་མཆོག་བརྩེགས་པ་ལས། གང་ཟག་གི་བདག་ཏུ་འཛིན་པ་རིའི་རྒྱལ་པོ་རི་རབ་ཙམ་དུ་འཛིན་ཀྱང་བླའོ། །སྟོང་པ་ཉིད་ལ་བལྟ་ཉེས་པ་ནི། སངས་རྒྱས་ཀྱི་བསྟན་པ་ལ་གསོར་མི་རུང་སྟེ། ལྟ་བ་དྲུག་ཅུ་རྩ་གཉིས་གཞི་ཅན་ནོ། །ཞེས་གསུངས་སོ། །དེས་ན། རང་བཞིན་གྱི་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། རང་བཞིན་གྱི་སྟོང་པ་ཉིད་ནི། ཕུག་གང་ཡང་མ་ཐུག །རྒྱ་གར་ཡང་མ་ཆད། དཔེ་གང་གིས་ཀྱང་མཚོན་དུ་མེད། དོན་གང་གིས་ཀྱང་ཐོག་ཏུ་མི་ཕེབས། དེ་ལྟར་ན། ཚིག་གིས་ཅེས་ཀྱང་བརྗོད་དུ་མི་བཏུབ་སྟེ། སྨྲས་པ་ཀུན་ནི་རྫུན་པོ་ཡིན། དེས་ན། ཕྱག་རྒྱ་ཆེན་པོ་ལ་ལྟ་བ་མེད། ལྟ་བ་བྱུང་ན་ཕྱོགས་རིས་ཡིན། དེས་ན། སེམས་ཀྱི་འཁྲིས་ཐག་རྦད་ཀྱིས་བཅད་པའི་ངང་ལ། སོ་མ། རང་ཐང་། ལྷུག་པ་གསུམ་ལ་བཞག་གོ །བླ་མ་རིན་པོ་ཆེའི་ཕྱག་དཔེ། ཁུ་དབོན་གཉིས་ཀའི་གསུང་སྒྲོས། སློབ་དཔོན་སྟོད་ལུང་པ་ལ་གདམས་པ། གེགས་སེལ་གྱི་མན་ངག་གོ། །།ན་མོ་གུ་རུ། ཕྱག་རྒྱ་བཞིའི་གདམས་ངག་༼༥ན༽ལ། ལས་ཀྱི་ཕྱག་རྒྱ་དཔེ། ཆོས་ཀྱི་ཕྱག་རྒྱ་ལས། ཕྱག་རྒྱ་ཆེན་པོ་འབྲས་བུ། དམ་ཚིག་གི་ཕྱག་རྒྱ་གཞན་དོན་ནོ། །དང་པོ་ལས་ཀྱི་ཕྱག་རྒྱ་ལ་གཉིས། དཔེའི་ལྷན་ཅིག་སྐྱེས་པ་དང་། དོན་གྱི་ལྷན་ཅིག་སྐྱེས་པའོ། །དང་པོ་དཔེའི་ལྷན་ཅིག་སྐྱེས་པ་ནི། བུམ་ནང་གི་མར་མེ་ལྟ་བུ་འོད་ཕྱིར་འདོན་མ་ནུས་པ། ཟག་བཅས་ཀྱི་བདེ་བ་ལ་དངོས་པོར་འཛིན་པ་དེ་ལ་བྱའོ། །གཉིས་པ་དོན་གྱི་ལྷན་ཅིག་སྐྱེས་པ་ནི། ཟག་མེད་ཀྱི་བདེ་བ་ལ་ངོས་འཛིན་པར་བྱེད་པས། བདེ་བ་ལ་མ་ཆགས། མ་ཞེན་བ། དེའི་དོན་རང་བཞིན་མེད་པར་ཤེས་པ། བདེ་གསལ་རྟོག་མེད་ཙམ་ལ་འཇོག་ཤེས་པའོ། །ལར་ཆོས་ཀྱི་ཕྱག་རྒྱ་ལ་གཉིས། གཉུག་མ་དང་བཅས་པ་དང་། གཉུག་མ་དང་བྲལ་བའོ། །དང་པོ་གཉུག་མ་དང་བཅས་པ་ནི། སྤྱོད་ལམ་བཞི་ལ་རྒྱུན་མི་འཆད་པ་ཆུ་བོ་གངྒཱ་ལྟ་བུ། དོན་དང་ལྡན་པ། དོན་ལ་མི་འགྱུར་པ། དེའི་དོན་ལ་སྤྱོད་པ་ལ་ངོས་བཟུང་མེད་པ། མཉམ་རྗེས་ལ་ཁྱད་མེད་པའོ། །གཉིས་པ་གཉུག་མ་དང་བྲལ་བ་ནི། ཡེ་ཤེས་དུམ་པ་བསྒོམས་ན་འོང་། མ་བསྒོམས་ན་མི་འོང་བས། ལས་སྟོབས་སུ་མ་གྱུར་པའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ལ་གཉིས། དྲི་མ་དང་བཅས་པ་དང་། དྲི་མ་དང་བྲལ་བའོ། །དང་པོ་དྲི་མ་དང་བཅས་པ་ནི། དོན་ལ་དེ་ཙུག་ཏུ་ཤེས་ཀྱང་། རྒྱུད་ལ་ཉམས་མྱོང་དུ་མ་སྐྱེས་པ། དངོས་པོའི་རེ་དྭོགས་ཀྱི་ཐག་པ་མ་ཆོད་པ་དེ་ལ་བྱ། གཉིས་པ་དྲི་མ་དང་བྲལ་བ་ནི། ནམ་མཁའ་སྤྲིན་མེད་པ་ལ་ཉི་མ་ཤར་བ་ལྟ་བུ། རེ་དྭོགས་མེད། རྩིས་གདབ་མེད་པ། ཚིག་དང་བྲལ་བ། འདི་ལ་ཅིར་ཡང་བྱར་མེད་པ། དེ་ཀ་ལ་འབྲས་བུ་མཐར་ཕྱིན་པ་ཞེས་བྱའོ།། །།དམ་ཚིག་གི་ཕྱག་རྒྱ་གཞན་དོན་གཙོ་བོར་བྱེད་པ་ལ་གཉིས་རྒྱུད་དམ་ཚིག་གི་ཕྱག་རྒྱ་དང་། འབྲས་བུ་དམ་ཚིག་གི་ཕྱག་རྒྱའོ། །དང་པོ་རྒྱུད་དམ་ཚིག་༼༥བ༽གི་ཕྱག་རྒྱ་ནི། རང་དོན་མཐར་ཕྱིན་པའོ། །གཉིས་པ་འབྲས་བུ་དམ་ཚིག་གི་ཕྱག་རྒྱ་ནི། བྱམས་སྙིང་རྗེ་གཞན་དོན་མཐར་ཕྱིན་པའོ། །ཕྱག་རྒྱ་བཞིའི་གདམས་པ། བླ་མ་རིན་པོ་ཆེའི་ཕྱག་དཔེ། དྭགས་པོ་སྒོམ་ཆུང་ལ་གདམས་པའོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱི་ནས་ཕ་མའི་རྒྱུ་རྐྱེན་ཤར། །ནང་ནས་ཀུན་གཞིའི་རྣམ་ཤེས་ཤར། །བར་དུ་མི་ལུས་གཙང་མ་ཐོབ། །ངན་སོང་གསུམ་དུ་མ་སྐྱེས་ཙམ། །སྐྱེ་ཤིའི་སྡུག་བསྔལ་ཕྱི་ནས་ཤར། །ཞེན་ལོག་འདོད་པ་ནང་ནས་ཤར། །བར་དུ་དམ་པའི་ལྷ་ཆོས་དྲན། །གཉེན་དང་དགྲ་ལ་མ་ཆགས་ཙམ། །བླ་མའི་གདམས་ངག་ཕྱི་ནས་ཤར། །དཔྱོད་བྱེད་ཀྱི་རིག་པ་ནང་ནས་ཤར། །བར་དུ་ཡིད་ཆེས་ཤེས་རབ་སྐྱེས། །ཐོས་པ་ལ་ཐེ་ཚོམ་མི་ཟ་ཙམ། །སྣང་བ་སྣ་ཚོགས་ཕྱི་ནས་ཤར། །བདེ་སྟོང་ཉམས་མྱོང་ནང་ནས་ཤར། །བར་དུ་འཛིན་མེད་རིག་པ་གསལ། །འཁྲུལ་སྣང་རྐྱེན་ཕྱིར་མ་འབྲངས་ཙམ། །ཁམས་གསུམ་རང་གྲོལ་ཕྱི་ནས་ཤར། །ཡེ་ཤེས་རང་བྱུང་ནང་ནས་ཤར། །བར་དུ་རྟོགས་པའི་གདེང་དང་ལྡན། །དོན་ལ་ཉམ་ང་མི་སྐྱེ་ཙམ། །འདོད་ཡོན་རྣམ་ལྔ་ཕྱི་ནས་ཤར། །རྗེས་མེད་ཤེས་རབ་ནང་ནས་ཤར། །བར་དུ་རོ་སྙོམས་སྤྱོད་པ་བྱས། །སྐྱིད་སྡུག་གཉིས་སུ་མི་འཛིན་ཙམ། །བྱས་ཆོས་འཇིག་པ་ཕྱི་ནས་ཤར། །རེ་དོགས་མེད་པ་ནང་ནས་ཤར། །བར་དུ་རྩོལ་སྒྲུབ་ནད་དང་བྲལ། །དགེ་སྡིག་ཆོས་ལ་མ་ལྟས་ཙམ། །ཁམས་གསུམ་སེམས་ཅན་ཕྱི་ནས་ཤར། །སྙིང་རྗེ་ཕྱོགས་མེད་ནང་ནས་ཤར། །བར་དུ་གདམས་ངག་ཉམས་སུ་མྱོང་། །སྙིང་རྗེ་ཞེ་འདོད་དུ་མ་ཤོར་ཙམ། །ལྟ་བ་ཁ་རྟོགས་གཏིང་མ་རྟོགས། །དགེ་སྦྱོར་གཅོག་པའི་འདྲེ་ཅིག་གདའ། །སྒོམ་པ་ཡིད་སྨོན་ལྟེང་པོ་དེ། །སློབ་གཉེར་གཅོག་པའི་འདྲེ་ཅིག་གདའ། །སྤྱོད་པ་ཚུལ་འཆོས་ཐོ་ཅོ་༼༦ན༽ཅན། །གཞན་སྡིག་གསོག་པའི་འདྲེ་ཅིག་གདའ། །འབྲས་བུ་ཉོན་མོངས་ཁ་མ་བྲི། །སེམས་འཁོར་བར་འཁྲིད་པའི་འདྲེ་ཅིག་གདའ། །ལར་གཉིས་སུ་མེད་པའི་དོན་རྟོགས་ཀྱང་། །དཀར་པོའི་ཆོས་རྣམས་མི་གཅོག་འཚལ། །སྒོམ་དུ་མེད་པའི་དོན་རྟོགས་ཀྱང་། །ཐབས་ཀྱི་ཞབས་ཏོག་མི་གཅོག་འཚལ། །སྤྱོད་པ་བླང་དོར་མ་མཆིས་ཀྱང་། །གཞན་གྱི་སྡིག་རྐྱེན་མི་བགྱིད་འཚལ། །འབྲས་བུ་རེ་དྭོགས་མ་མཆིས་ཀྱང་། །སེམས་ཉོན་མོངས་ཁ་ཡན་དུ་མི་བཏང་འཚལ། །གདམས་ངག་ལྤགས་ལ་ཡབ་བསུས་འདྲ། །བླ་མ་མཁས་ལ་ཞུས་ལགས་སམ། །ཉམས་མྱོང་མུན་པར་ཟླ་ཤར་འདྲ། །ཆུ་བོའི་རྒྱུན་བཞིན་བསྒོམས་ལགས་སམ། །རྟོགས་པ་ནམ་མཁའ་སྟོང་པ་འདྲ། །གཉུག་མའི་ཡིད་ཀྱིས་བཟུང་ལགས་སམ། །འཆི་ཁར་མི་འགྱོད་གཅིག་ཀྱང་མེད། །རང་སེམས་དཔང་པོར་ཚུགས་ལགས་སམ། །ལྟ་བ་གཉིས་མེད་ནམ་མཁའ་ལ། །རྟག་ཆད་དུ་མ་ལྟ་རྣལ་འབྱོར་ཀུན། །སྒོམ་པ་རང་གསལ་འགྲིབ་མེད་ལ། །བྱིང་རྒོད་དུ་མ་ལྟ་རྣལ་འབྱོར་ཀུན། །སྤྱོད་པ་རང་གྲོལ་ཤུགས་འབྱུང་ལ། །བླང་དོར་དུ་མ་ལྟ་རྣལ་འབྱོར་ཀུན། །འབྲས་བུ་ཡེ་སངས་རྒྱས་པ་ལ། །རེ་དྭོགས་སུ་མ་ལྟ་རྣལ་འབྱོར་ཀུན།། །།ན་མོ་གུ་རུ། དང་པོ་སྒྲོ་འདོགས་ཆོད་ལགས་ཀྱང་། །ད་རུང་སྐབས་སུ་ཐེ་ཚོམ་བྱུང་། །ལྟ་བས་ཀྱང་རྣལ་འབྱོར་སླུ་སླུ་འདྲ། །སྤྲོས་བྲལ་གྱི་སེམས་དང་མི་འབྲལ་འཚལ། །དང་པོ་ཡང་སྐྱེ་མེད་རྟོགས་ལགས་ཀྱང་། །ད་རུང་སྐབས་སུ་རྣམ་རྟོག་བྱུང་། །སྒོམ་པས་ཀྱང་རྣལ་འབྱོར་སླུ་སླུ་འདྲ། །ཡེངས་མེད་ཀྱི་སེམས་དང་མི་འབྲལ་འཚལ། །དང་པོ་ཡང་འཛིན་མེད་ལ་གནས་ནས་ཀྱང་། །ད་རུང་སྐབས་སུ་འཛིན་ཆགས་བྱུང་། །སྤྱོད་པས་ཀྱང་རྣལ་འབྱོར་སླུ་སླུ་འདྲ། །ཞེན་མེད་ཀྱི་སེམས་༼༦བ༽དང་མི་འབྲལ་འཚལ། །དང་པོ་ཡང་ཐེ་ཚོམ་ཆོད་ནས་ཀྱང་། །ད་རུང་སྐབས་སུ་ཞེ་འདོད་བྱུང་། །འབྲས་བུས་ཀྱང་རྣལ་འབྱོར་སླུ་སླུ་འདྲ། །ལྷུན་གྲུབ་ཀྱི་སེམས་དང་མི་འབྲལ་འཚལ། །དང་པོ་ཡང་ཐོད་རྒལ་བགྱིས་ནས་ཀྱང་། །ད་རུང་སྐབས་སུ་ཉམ་ང་བྱུང་། །ཆོས་བརྒྱད་ཀྱི་རྣལ་འབྱོར་སླུ་སླུ་འདྲ། །གཉེན་པོའི་སེམས་དང་མི་འབྲལ་འཚལ། །དང་པོ་ཡང་དགྲ་གཉེན་སྤངས་ནས་ཀྱང་། །ད་རུང་སྐབས་སུ་ངོ་སྲུང་བྱུང་། །མཐུན་འཇུག་གི་རྣལ་འབྱོར་སླུ་སླུ་འདྲ། །ད་ཡང་ངོ་བསྲུང་མི་བགྱིད་འཚལ། །དང་པོ་ཡང་དད་པ་སྐྱེས་ནས་ཀྱང་། །ད་རུང་སྐབས་སུ་བཏང་སྙོམས་བྱུང་། །ལེ་ལོས་ཀྱང་རྣལ་འབྱོར་སླུ་སླུ་འདྲ། །བརྩོན་འགྲུས་ཀྱི་སེམས་དང་མི་འབྲལ་འཚལ། །ཕ་ཅིག་བླ་མ་རྗེ་བཙུན་ལ། །དད་གུས་རྒྱུན་ཆད་མི་བགྱིད་འཚལ། །ལྷ་ཅིག་དཀོན་མཆོག་གསུམ་པོ་ལ། །མཆོད་པ་རྒྱུན་ཆད་མི་བགྱིད་འཚལ། །འཁོར་བའི་སེམས་ཅན་མ་རྒན་ལ། །སྙིང་རྗེ་རྒྱུན་ཆད་མི་བགྱིད་འཚལ། །གདམས་ངག་ཐུགས་ཀྱི་ཉིང་ཁུ་ལ། །ཚིག་གི་ལྷད་དང་མི་བསྲེ་འཚལ། །རང་སེམས་འོད་གསལ་སྟོང་པ་ལ། །གློ་བུར་རྣམ་རྟོག་གིས་མི་བསླད་འཚལ། །འཇིག་གིས་དོགས་ནས་མཁར་ཞིག་རྩིག །མཁར་ནི་ཆོས་ཉིད་སྟོང་པའི་མཁར། །ད་ནི་འཇིག་སྙམ་མི་བགྱིད་དོ། །འཁྱགས་ཀྱིས་དོགས་ནས་གོས་ཅིག་བཙལ། །གོས་ནི་གཉུག་མ་ལྷུན་གྲུབ་གོས། །ད་ཡང་འཁྱགས་སྙམ་མི་བགྱིད་དོ། །སྐྱོ་ཡིས་དོགས་ནས་གྲོགས་ཅིག་བཙལ། །གྲོགས་ནི་བདེ་སྟོང་རྒྱུན་པའི་གྲོགས། །ད་ཡང་སྐྱོ་སྙམ་མི་བགྱིད་དོ། །ནོར་གྱིས་དོགས་ནས་ལམ་ཅིག་བཙལ། །ལམ་ནི་ཟུང་འཇུག་ཡངས་པའི་ལམ། །ད་ཡང་ནོར་སྙམ་མི་བགྱིད་དོ། །སེམས་ཉིད་འོད་གསལ་འདུས་མ་བྱས། །ཡོད་དང་མེད་དང་གཉིས་ཀ་མིན། །རྣམ་རྟོག་བློ་ཡི་ཡུལ་ལས་༼༧ན༽འདས། །ལྟ་བ་མཛད་ན་དེ་ལ་མཛོད། །ནམ་མཁའ་སྤྲིན་དང་བྲལ་བ་བཞིན། །རང་སེམས་གསལ་ལ་མ་འགགས་པའི། །ཉམས་མྱོང་རྒྱུན་ཆད་མེད་པ་དེ། །སྒོམ་པ་མཛད་ན་དེ་ལ་མཛོད། །འགྲོ་འཆགས་ཉལ་འདུག་ཐམས་ཅད་དུ། །ཡེངས་པ་མེད་ཅིང་འཛིན་པ་མེད། །མི་བཅོས་ལྷུན་གྱིས་གྲུབ་པ་ཡི། །སྤྱོད་པ་མཛད་ན་དེ་ལ་མཛོད། །ལར་ལྟ་བ་སྒོམ་པ་སྤྱོད་པ་གསུམ། །ཐ་དད་འཛིན་ན་རྣམ་རྟོག་ཡིན། །རྣམ་རྟོག་སེམས་ཉིད་ངང་དུ་ཞི། །རྣམ་རྟོག་ཞི་ན་བདེ་བ་མཆོག །སྒོམ་ཆེན་མན་ངག་མེད་པ་དེ། །ཤུལ་རིང་འགྲོན་པོས་ལམ་སྟོར་འདྲ། །སྒོམ་ཆེན་ཞེན་པ་མ་སྤངས་པ། །བྱ་ཆེན་ཐང་ལ་འཁོར་བ་འདྲ། །སྒོམ་ཆེན་ཉམས་མྱོང་མ་བརྟན་པ། །ཆུ་ཕྲན་ཐན་པས་བསྐམས་པ་འདྲ། །སྒོམ་ཆེན་ཐོས་པ་ཆུང་བ་སྟེ། །བོང་སྤྲུག་རྟོད་ལ་མནན་པ་འདྲ། །སྒོམ་ཆེན་སྤྱོད་ལམ་ཉེས་པ་དེ། །བྱིས་པ་གཅེས་སྤྲུག་བསླབ་ཉེས་འདྲ། །སྒོམ་ཆེན་འཚོ་བ་མ་འབྱོངས་པ། །ཁྱི་རྒན་གྲོང་རྒྱུན་བྱེད་པ་འདྲ། །སེམས་སྟོང་པའི་ནང་ན་རིག་པ་འཕྱོ། །གཟུང་འཛིན་བྱ་བའི་མིང་ཡང་མེད། །ལྟ་བའི་ཐག་ཆོད་བློ་རེ་བདེ། །ཆོས་ཉིད་ནང་ན་སེམས་ཉིད་འཕྱོ། །བྱིང་རྒོད་བྱ་བའི་མིང་ཡང་མེད། །སྒོམ་པའི་ཐག་ཆོད་བློ་རེ་བདེ། །འགག་མེད་ནང་ན་ཤུགས་འབྱུང་འཕྱོ། །བླང་དོར་བྱ་བའི་མིང་ཡང་མེད། །སྤྱོད་པའི་ཐག་ཆོད་བློ་རེ་བདེ། །ཆོས་སྐུའི་ནང་ན་གཟུགས་སྐུ་འཕྱོ། །རེ་དྭོགས་བྱ་བའི་མིང་ཡང་མེད། །འབྲས་བུའི་ཐག་ཆོད་བློ་རེ་བདེ། །ལྟ་བའི་དུས་སུ་ཕྱོགས་རིས་བྱུང་། །ཕྱལ་གྱིས་བཏང་ལ་མི་བཏང་རི། །སྒོམ་པའི་དུས་སུ་བྱིང་རྒོད་བྱུང་། །སེམས་ལ་བལྟས་ལ་མི་བཏང་རི། །སྤྱོད་པའི་དུས་སུ་ཚུལ་འཆོས་བྱུང་། །གཅེར་བུར་རྒྱུགས་ལ་མི་བཏང་རི། །སྟོང་ཉིད་ཕྱར་པོ་ལྟ་བའི་བདུད། །ཡོད་པ་བཀག་པའི་༼༧བ༽མེད་པ་ལ། །སྤྲོས་བྲལ་ཞེས་ནི་མི་བརྗོད་དོ། །ཆད་པའི་ཕྱོགས་སུ་འགྲོ་ཉེན་གདའོ། །མི་རྟོག་ལྟེང་པོ་སྒོམ་པའི་བདུད། །ངེས་ཤེས་གཏིང་ནས་མ་སྐྱེས་པར། །ཉམས་མྱོང་བཟང་ངན་མི་བརྗོད་དོ། །གཏི་མུག་ཕྱོགས་སུ་འགྲོ་ཉེན་གདའོ། །ཚུལ་འཆོས་ཐེ་ཚོམ་སྤྱོད་པའི་བདུད། །གློ་བུར་ཞེ་འདོད་མ་ཁེགས་པར། །ཤུགས་འབྱུང་ཡིན་ཞེས་མི་བརྗོད་དོ། །བཅོས་མའི་ཕྱོགས་སུ་འགྲོ་ཉེན་གདའོ། །སེམས་ཅན་མི་འདི་འཁྲུལ་ཚབས་ཆེ། །མི་སྐྱ་འཁྲུལ་པ་ཡེ་འཁྲུལ་ཡིན། །སྡིག་ཅན་འཁྲུལ་པ་ཡང་འཁྲུལ་ཡིན། །ཆོས་པ་འཁྲུལ་པ་ཨ་རེ་ཕངས། །སྐྱེ་མེད་ཉམས་སུ་མི་ལེན་པར། །ཆེད་དུ་སྒྱུ་མའི་ནོར་ཚོལ་འཁྲུལ། །གཅིག་པུར་ཉམས་མྱོང་མི་སྐྱོང་བར། །མང་པོའི་དཔོན་པོ་བྱེད་པ་འཁྲུལ། །དམན་པའི་སྤྱོད་པ་མི་སྐྱོང་བར། །ཆེ་བཅོས་འདིར་ཀ་བྱས་ཏེ་འཁྲུལ། །གཅིག་ཆོག་གི་གདམས་ངག་མི་སྐྱོང་བར། །ཐ་སྙད་ཀྱི་ཚིག་རྗེས་འབྲངས་ཏེ་འཁྲུལ། །ཕྱོགས་མེད་ཀྱི་བདེ་སར་མི་སྡོད་པར། །ཞེན་པས་ཕ་ཡུལ་བཟུང་བ་འཁྲུལ། །ཤེས་པ་འབྲེལ་མེད་མི་སྒོམ་པར། །མི་ཆོས་ཀྱི་རྣམ་བཞག་བཟུང་སྟེ་འཁྲུལ། །རང་ལུས་དགོན་པར་མི་ཤེས་པར། །ཕུག་སྟོང་གཟའ་མེད་བཟུང་སྟེ་འཁྲུལ། །ཆོས་ཀྱང་རང་ལ་མི་བཤད་པར། །ཞལ་ཏ་མི་ལ་བྱས་ཏེ་འཁྲུལ། །རང་གི་སྐྱོན་ལ་མི་ལྟ་བར། །གང་ཟག་གཞན་ལ་གཤེ་སྟེ་འཁྲུལ། །བརྗོད་མེད་ཀྱི་དོན་ལ་མི་ལྟ་བར། །ཚེ་འདི་རྟག་པར་བཟུང་སྟེ་འཁྲུལ།། །།ན་མོ་གུ་རུ། གནས་ཆོས་འབྱུང་གྲུ་གསུམ་གཞལ་ཡས་ཁང་། །རྗེ་སྤྲུལ་པའི་སྐུ་ཡི་ཞབས་ཀྱིས་བཅགས། །ཡེ་ཤེས་ཀྱི་མཁའ་འགྲོ་སྤྲིན་ལྟར་གཏིབས། །དོམ་ཚང་ཤེལ་གྱི་བྲག་ཕུག་འདིར། །བདག་སྤྲོ་བ་སྐྱེས་པས་དབྱངས་ཅིག་ལེན། །བཀའ་བརྒྱུད་ནོར་བུ་རིན་པོ་ཆེ། །སྒྲོ་སྐུར་གཉིས་ཀྱིས་༼༨ན༽མ་བསླད་པར། །ནཱ་རོ་མཻ་ཏྲཱིའི་བརྒྱུད་པ་ཐོབ། །གསོལ་བ་འདེབས་པ་འདི་དང་རེ་སྤྲོ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བས། །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པ། །ཡོངས་སུ་གྲགས་པའི་སྒམ་པོ་པ། །རྗེ་སྤྱི་གཙུག་གི་རྒྱན་དུ་དང་རེ་སྤྲོ། །ཆོས་ཉིད་བློ་ཡིས་མ་རེག་པར། །སྤྲོས་བྲལ་ནམ་མཁའི་ངོ་བོ་ཉིད། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །ཆོས་ཕྱག་རྒྱ་ཆེན་པོ་འདི་དང་རེ་སྤྲོ། །རྒྱུད་སྡེ་བཞི་ཡི་བཅུད་ཕྱུང་ནས། །སྙན་བརྒྱུད་ཚིག་གིས་མ་བསླད་པར། །ངོ་སྤྲོད་མ་བུ་ཕྲད་པ་འདྲ། །ཐབས་ལམ་ཟབ་མོ་འདི་དང་རེ་སྤྲོ། །དམ་ཚིག་གཡོ་སྒྱུས་མ་བསླད་པར། །ཤེལ་ལྟར་དག་པའི་རྣལ་འབྱོར་པ། །བྱ་ར་གནས་གསུམ་གྱི་མཁའ་འགྲོས་བྱེད། །ཡུན་བར་ཆད་མི་འབྱུང་དང་རེ་སྤྲོ།། །།ན་མོ་གུ་རུ། རྒྱུ་འབྲས་ཁྱད་དུ་གསོད་པ་དེ། །སྟོང་ཉིད་ཟེར་ཡང་ཆད་ལྟ་ཡིན། །དངོས་པོའི་འཛིན་པ་མ་གྲོལ་ན། །རྟོགས་ལྡན་ཟེར་ཡང་རྟག་ལྟ་ཡིན། །སྟོང་པ་སྙིང་རྗེ་དབྱེར་མེད་འདི། །རྟག་ཆད་གཉིས་དང་བྲལ་བ་ཡིན། །འདི་ནི་ལྟ་བའི་འཁྱེར་སོ་ཡིན། །གདོད་ནས་དག་པའི་ཆོས་ཉིད་ལ། །སེམས་ཀྱི་གླང་པོ་ཡན་དུ་ཆུག །རྟོག་པ་ཆོས་སྐུའི་ངང་དུ་འཁྱེར། །འདི་ནི་སྒོམ་པའི་འཁྱེར་སོ་ཡིན། །ཐམས་ཅད་སྒྱུ་མའི་རང་བཞིན་ལ། །ཤུགས་འབྱུང་གི་སྤྱོད་པ་མི་འགག་སྟེ། །ཞེ་འདོད་ཀྱི་ཚུལ་འཆོས་བོར་ནས་བཏང་། །འདི་ནི་སྤྱོད་པའི་འཁྱེར་སོ་ཡིན། །སེམས་རྟོགས་པ་ལས་ཆོས་སྐུ་འབྱུང་། །རོ་བདེ་བར་ཤར་བས་ལོངས་སྐུ་འབྱུང་། །གསལ་བའི་ངང་ལས་སྤྲུལ་སྐུ་འཆར། །འདི་ནི་འབྲས་བུའི་འཁྱེར་སོ་ཡིན།། །།ན་མོ་གུ་རུ། དུག་ལྔ་ཁོང་དུ་མ་བསད་ན། །སྡང་བའི་དགྲ་ལ་ཐུལ་དུས་མེད། །ཆོས་མཉམ་པ་ཉིད་དུ་གོ་ལགས་པས། །ཞེ་སྡང་མེད་པའི་མི་རེ་བདེ། །འབྲེལ་༼༨བ༽མེད་ཅིག་ཁོང་ནས་མ་ཤར་ན། །ཤ་ཁྲག་གི་གཉེན་ལ་མགུ་དུས་མེད། །ཆགས་སྡང་སྡུག་བསྔལ་གྱི་རྒྱུར་རྟོགས་པས། །གདུང་སེམས་མེད་པའི་མི་རེ་བདེ། །ཟས་ནོར་སྒྱུ་མར་མ་ཤེས་ན། །སྟོང་པའི་སེམས་ལ་གང་དུས་མེད། །སྲེད་པས་ཚྭ་ཆུ་འཐུང་བ་འདྲ། །ཞེན་པ་ལོག་པའི་མི་རེ་བདེ། །འོད་གསལ་ནང་ནས་མ་ཤར་ན། །མ་རིག་མུན་པ་སངས་དུས་མེད། །གདམས་ངག་ཟབ་མོས་མཚམས་སྦྱར་ནས། །སེམས་སྐྱེ་མེད་རྟོགས་པའི་མི་རེ་བདེ། །རི་ཁྲོད་འགྲིམ་པའི་ལྡོམ་བུ་པས། །ཕྱི་གཟུང་བའི་ཡུལ་ལ་ཕར་བལྟས་པས། །འཇིག་རྟེན་གྱི་སྣང་བ་ཧྲུལ་པོར་ཐལ། །འདུས་བྱས་ཀྱི་དངོས་པོའི་ཞེན་པ་ལོག །ནང་འཛིན་པའི་སེམས་ལ་ཚུར་བལྟས་པས། །སེམས་འོད་གསལ་སྟོང་པ་ཆོས་ཀྱི་སྐུ། །རྟོགས་མ་རྟོགས་གཉིས་ཀྱི་མཚན་མ་བྲལ། །སངས་རྒྱས་འདོད་པའི་ཞེན་པ་ལོག །བར་སྒྱུ་མའི་ལུས་ལ་ཚུར་བལྟས་པས། །ལུས་ནི་ཡི་དམ་ལྷ་ཡི་སྐུ། །ང་བདག་གཉིས་ཀྱི་མཚན་མ་བྲལ། །ལུས་ཕུང་པོར་འཛིན་པའི་ཞེན་པ་ལོག། །།ན་མོ་གུ་རུ། འཇིག་རྟེན་བྱ་བ་ཀུན་སྤངས་ནས། །བླ་མའི་གདམས་ངག་ཉམས་བླངས་པས། །རྩོལ་བ་དམིགས་སུ་ཕོག་ནས་ནི། །གཏུམ་མོའི་དྲོད་ནི་མེ་ལྟར་འབར། །སྒྱུ་མའི་ལུས་ནི་ཡང་ཞིང་བདེ། །དབུགས་ནི་འབྱུང་འཇུག་མེད་པར་སྟོང་། །སྒོམ་པ་བྱིང་རྒོད་མེད་པར་གསལ། །སེམས་ནི་ང་བདག་ངོས་བཟུང་མེད། །གང་ལའང་མ་ལྟོས་ནམ་མཁའ་འདྲ། །བསམ་དང་བརྗོད་དང་སྟོང་ཉིད་ཀློང་། །རང་རིག་རང་གསལ་བདེ་འཇམ་འདྲ། །སྔར་མ་སྐྱེས་པའི་ད་མི་འགག །དུས་གསུམ་རྒྱུན་དུ་གཉུག་མར་གནས། །འཕེལ་འགྲིབ་མེད་པར་དངོས་གྲུབ་འབྱུང་། །དེ་དོན་འགྱུར་མེད་མ་བསྒོམས་ན། །སྡུག་བསྔལ་རྣམས་དང་མི་འབྲལ་ཞིང་། །འཁོར་བའི་འདམ་ནས་མི་ཐར་༼༩ན༽བས། །ཉིན་དང་མཚན་དུ་རྒྱུན་དུ་བསྒོམས། །དོན་གྱི་ཏིང་འཛིན་བརྟན་གྱུར་ནས། །ཡེ་ཤེས་ཀྱི་གྲོགས་སུ་གྱུར་པ་ན། །ཐད་ཀར་བསམ་པའི་ཆོས་རྣམས་ལ། །གཉེན་པོ་སྤངས་གཉེན་མེད་པར་སྤྱད། །བདག་གི་ཉམས་མྱོང་རྟོགས་ཚད་འདི། །བླ་མ་རྗེ་ལ་རྟོགས་པར་འབུལ།། །།ན་མོ་གུ་རུ། འཁྲུལ་པ་རྩད་ནས་ཆོད་ལགས་པས། །མ་རིག་འཁྲུལ་པ་བརྗེད་དེ་ཐལ། །སྐུ་གསུམ་འབྲལ་མེད་ཀྱི་དོན་རྟོགས་པས། །གོ་ལོའི་ཤེས་པ་བརྗེད་དེ་ཐལ། །སྙན་བརྒྱུད་ཀྱི་གདམས་ངག་སེམས་སེམས་ནས། །ཡིག་ནག་གི་ཟིན་བྲིས་བརྗེད་དེ་ཐལ། །རང་སེམས་གཏན་ལ་འབེབས་འབེབས་ནས། །རྒྱུད་འགྲེལ་གྱི་ཐ་སྙད་བརྗེད་དེ་ཐལ། །ཞེན་མེད་ཅིག་ཉམས་སུ་ལེན་ལེན་ནས། །ལོག་འཚོའི་ལོངས་སྤྱོད་བརྗེད་དེ་ཐལ། །སྒྱུ་ལུས་ལ་དགོན་པ་བྱེད་བྱེད་ནས། །བདེ་འཚམས་ཀྱི་དགོན་པ་བརྗེད་དེ་ཐལ། །དམིགས་སུ་མེད་པར་འཁྱམས་འཁྱམས་ནས། །གནས་ཐེར་ཟུག་ཏུ་སྡོད་པ་བརྗེད་དེ་ཐལ། །གཅིག་པུར་ཉམས་སུ་ལེན་ལེན་ནས། །མང་པོའི་ངོ་བསྲུང་བརྗེད་དེ་ཐལ། །འདི་དང་ཕྱི་མ་བར་དོ་གསུམ། །མཉམ་པ་ཉིད་དུ་བསྒོམས་བསྒོམས་ནས། །འཆི་བས་འཇིགས་པ་བརྗེད་དེ་ཐལ།། །།ན་མོ་གུ་རུ། སྒྱུ་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །འདོད་ཡོན་ཞེན་མེད་དུ་བྱིན་བརླབས་ནས། །ཉིན་དང་མཚན་དུ་མཆོད་པ་འབུལ། །མཆོད་རྫས་མེད་དེ་ང་མི་འགྱོད། །ཕྱི་སྣོད་རང་འཁྲུངས་གཞལ་ཡས་ཁང་། །ནང་བཅུད་འགྲོ་དྲུག་སྙིང་པོ་ཅན། །ཤེས་རབ་ཆེན་པོས་རྟོགས་བགྱིད་པས། །གང་ན་འདུག་ཀྱང་གཞལ་ཡས་ཁང་། །སུ་དང་ཕྲད་ཀྱང་ཡི་དམ་ལྷ། །ཐང་སྐུ་མེད་དེ་ང་མི་འགྱོད། །དཀར་དམར་སྣ་ཚོགས་ཤོག་གུ་ལ། །ཤེས་རབ་ཆེན་པོའི་སྣག་ཚ་སྦྱར། །དབང་པོ་ལྔ་ཡི་ཡི་གེ་བྲིས། །ཅིར་སྣང་༼༩བ༽ཆོས་ཀྱི་དཔེ་རུ་གོ །དཔེ་ཆ་མེད་དེ་ང་མི་འགྱོད། །ལར་འགྱོད་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །དེ་ཉིད་ཡོད་དེ་རྟོགས་པ་མེད། །གདམས་ངག་ཟབ་མོ་མཚམས་སྦྱར་ནས། །སྐུ་གསུམ་འབྲལ་མེད་ཀྱི་ཏིང་འཛིན་ཤར། །མི་ལ་རས་པ་དགྱེས་པ་ཡིན།། །།ན་མོ་གུ་རུ། རྣམ་རྟོག་འདི་སྤངས་པས་མི་སྤོང་སྟེ། །རྟོག་མེད་འདི་སྒྲུབ་ཏུ་མི་བཏུབ་སྙམ། །སྙེམས་བྲལ་དེ་སེམས་ཀྱི་ངོ་བོར་འདོད། །ཡོད་ན་བླ་མ་རྗེ་བཙུན་མཆོད། །མེད་ན་ཤེས་པ་གློད་ལ་ཉོལ། །འཛམ་གླིང་གྲགས་པ་དེ་སྐད་གསུང་། །ལྟ་བ་འགྱུར་མེད་རང་གྲོལ་ཡིན། །གཉིས་འཛིན་བགྱི་ཡང་མི་འཚལ་ལོ། །སྒོམ་པ་ཞེན་མེད་བདེ་གསལ་ཡིན། །ཐུན་དུ་བཅད་ཀྱང་མི་འཚལ་ལོ། །སྤྱོད་པ་རང་བྱུང་ལྷུག་པ་ཡིན། །ཚུལ་འཆོས་བགྱི་ཡང་མི་འཚལ་ལོ། །འབྲས་བུ་དུས་གསུམ་མཉམ་ཉིད་ཡིན། །རེ་དྭོགས་བགྱི་ཡང་མི་འཚལ་ལོ།། །།ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མ་དང་མཁའ་འགྲོས་བར་ཆད་སོལ། །མཐུན་པའི་ལམ་སྣ་གྱེན་ལ་དྲོངས། །རིག་པ་བདེ་གསལ་ཆོས་ཀྱི་དབྱིངས། །རྒྱུན་ཆད་མེད་པར་འོད་གསལ་བ། །གཞན་དོན་གྲུབ་ན་བྱེད་པ་ཡིན། །འཁོར་འདས་གཉིས་མེད་ཟུང་འཇུག་ཡིན། །གསོལ་བ་འདེབས་ན་ཤེས་པ་ཡིན། །ང་ལ་བཟླ་རྒྱུ་དེ་ལས་མེད། །ཨ་ཡི་ནག་པོ་འཛུམ་མེད་པ། །རླུང་སེམས་གཉིས་མེད་ཟུང་འཇུག་ཡིན། །འགྲོ་ཡང་ཕྱག་རྒྱ་ཆེན་པོ་ཡིན། །འདུག་ཀྱང་ཕྱག་རྒྱ་ཆེན་པོ་ཡིན། །གཉིས་མེད་ཕྱག་རྒྱ་ཆེན་པོ་ཡིན། །རིན་པོ་ཆེས་གསུངས་པའོ།། །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བཀའ་དྲིན་བཅུ་གཅིག་གི་མགུར་བཞུགས་སོ། །ན་མོ་རཏྣ་གུ་རུ། སྔོན་བསོད་ནམས་དཔག་མེད་བསགས་ལགས་པས། །ད་ལྟ་དལ་འབྱོར་མི་ལུས་ཐོབ། །རིན་ཆེན་༼༡༠ན༽གླིང་དུ་ཕྱིན་པ་འདྲ། །བླ་མའི་བཀའ་དྲིན་དང་པོ་ཡིན། །རྗེ་སངས་རྒྱས་དངོས་ཀྱིས་རྗེས་སུ་བཟུང་། །ལུང་བསྟན་རྗེ་ཡི་གང་བ་ཐོབ། །ཡིད་བཞིན་ནོར་བུ་རྙེད་པ་འདྲ། །བླ་མའི་བཀའ་དྲིན་གཉིས་པ་ཡིན། །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་འདི། །རང་བཞིན་མེད་པའི་སྣང་བར་རྟོགས། །མེ་ལོང་ནང་གི་གཟུགས་བརྙན་འདྲ། །བླ་མའི་བཀའ་དྲིན་གསུམ་པ་ཡི། །སེམས་ཉིད་གདོད་ནས་མ་སྐྱེས་པ། །སྤྲོས་དང་བྲལ་བའི་ཆོས་སྐུར་རྟོགས། །སྤྲིན་དང་བྲལ་བའི་ནམ་མཁའ་འདྲ། །བླ་མའི་བཀའ་དྲིན་བཞི་པ་ཡིན། །བླ་མ་ཕྱོགས་བཅུའི་སངས་རྒྱས་དང་། །རང་སེམས་ངོ་བོ་གཅིག་ཏུ་འདྲེས། །དབྱེར་མེད་ཆུ་ལ་ཆུ་བཞག་འདྲ། །བླ་མའི་བཀའ་དྲིན་ལྔ་པ་ཡིན། །མདོ་རྒྱུད་འཕགས་པའི་ཆོས་རྣམས་ལ། །ཤེས་རབ་སྣང་བ་ནང་ནས་ཤར། །མུན་པར་སྒྲོན་མེ་བཏེག་པ་འདྲ། །བླ་མའི་བཀའ་དྲིན་དྲུག་པ་ཡིན། །ཅི་བསམ་ལྷུན་གྱིས་གྲུབ་པ་དེ། །དགོས་འདོད་རང་གི་སེམས་ལས་བྱུང་། །རྒྱལ་པོའི་དཀོར་མཛོད་ཕྱེ་བ་འདྲ། །བླ་མའི་བཀའ་དྲིན་བདུན་པ་ཡིན། །འཁོར་བ་མྱ་ངན་འདས་ལ་སོགས། །གཉིས་འཛིན་རྟོག་པ་རང་སར་གྲོལ། །ཆབ་རོམ་ཆུ་རུ་ཞུ་བ་འདྲ། །བླ་མའི་བཀའ་དྲིན་བརྒྱད་པ་ཡིན། །གདུལ་བྱ་བསམ་མི་ཁྱབ་པ་ལ། །འདུལ་བྱེད་སྤྲུལ་པ་བསམ་མི་ཁྱབ། །ཁྱབ་པ་ཆུ་ཟླ་བཞིན་དུ་བརྟེན། །བླ་མའི་བཀའ་དྲིན་དགུ་པ་ཡིན། །ཇི་སྲིད་འཁོར་བ་མ་སྟོངས་བར། །ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ། །འཇིགས་མེད་སེང་གེའི་སྒྲ་བཞིན་སྒྲོགས། །བླ་མའི་བཀའ་དྲིན་བཅུ་པ་ཡིན། །འཆི་འཕོ་སྐྱེ་བ་ལ་སོགས་པ། །ལར་གྱི་རྣམ་འཕྲུལ་བསམ་མི་ཁྱབ། །སྣ་ཚོགས་སྒྱུ་མ་བཞིན་དུ་བརྟེན། །བླ་མའི་བཀའ་དྲིན་བཅུ་གཅིག་ཡིན། །སྟོང་གསུམ་ཡུངས་འབྲུར་ཤོང་བ་དང་། །རྣལ་འབྱོར་སྨྱོན་གླུ་ལེན་༼༡༠བ༽པ་གཉིས། །རྣལ་འབྱོར་འགའ་ཙམ་མ་ལགས་པ། །གཞན་གྱིས་ཐོས་ན་བརྫུན་དུ་ཆེ། །ཞེས་གསུངས་སོ།། །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གདེང་ཚད་ཀྱི་མགུར་མ་བཞུགས་སོ། ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དངོས་གྲུབ་རྩ་བ་བླ་མ་རྗེ། །སྤྲུལ་སྐུ་མཆོག་གི་བླ་མ་ལ། །མོས་གུས་རྒྱུན་ཆད་ཡོད་མ་མྱོང་། །དེར་ཡང་མི་འགྱོད་ཙམ་ཞིག་བྱུང་། །ཕ་ད་རུང་བྱིན་གྱིས་བརླབ་ཏུ་གསོལ། །ལམ་སྣ་འདྲེན་གྱི་ཡི་དམ་ལྷ། །སྣང་སྟོང་ཞེན་མེད་ལྷ་སྐུ་ལ། །སྒྱུ་མའི་ཡིད་དང་བྲལ་མ་མྱོང་། །དེ་ཡང་མི་འགྱོད་ཙམ་ཞིག་བྱུང་། །རྒྱུ་འབྲས་དབྱེར་མེད་ལམ་འཁྱེར་བའི། །སྤྱོད་པ་ཤུགས་འབྱུང་འགག་མེད་ལ། །ཆོས་ཉིད་ཀྱི་ཉམས་དང་འབྲལ་མ་མྱོང་། །དེ་ཡང་མི་འགྱོད་ཙམ་ཞིག་བྱུང་། །འཁོར་འདས་དབྱེར་མེད་ངོ་བོ་གཅིག །རང་སེམས་དྲི་མེད་འོད་གསལ་ལ། །གཅེར་མཐོང་ཉམས་དང་འབྲལ་མ་མྱོང་། །དེ་ཡང་མི་འགྱོད་ཙམ་ཞིག་བྱུང་། །ཚོགས་གཉིས་རྫོགས་པར་བྱེད་པ་ཡི། །ཡོད་ན་བླ་མ་རྗེ་བཙུན་མཆོད། །མེད་ན་ལུས་སེམས་གློད་ལ་ཉལ། །དེ་ཡང་མི་འགྱོད་ཙམ་ཞིག་བྱུང་། །ཕ་ད་རུང་བྱིན་གྱིས་བརླབ་ཏུ་གསོལ། །གདེང་ཚད་ཀྱི་མགུར། རྗེ་རིན་པོ་ཆེས་གསུངས་པ།། །།ན་མོ་གུ་རུ། ཆོས་རྣམས་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བ་ཡིན། མི་དགེ་མཐའ་དག་སྤང་། དགེ་བ་མཐའ་དག་སྒྲུབ། དེ་ནི་བཀྲ་ཤིས་ཕུན་སུམ་ཚོགས་པ་ཡིན། བླ་ན་མེད་པའི་བྱང་ཆུབ་མ་ཐོབ་བར་དུ་དེ་དང་མི་འབྲལ་བར་བགྱིའོ། །བླ་མ་དམ་པའི་གསུང་ཐོས་ནས། །ཚེ་འདི་བློ་ཡིས་བཏང་ནས་ཀྱང་། །འཇིག་རྟེན་ཆོས་བརྒྱད་རྒྱབ་ཏུ་བོར། །ཆགས་ཞེན་མེད་པའི་སྒོམ་ཆེན་བདེ། །སེམས་ཉིད་ལྷན་ཅིག་སྐྱེས་པ་འདི། །སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །གསལ་ལ་མ་འགག་ཉམས་སུ་ལོང་། །སྣ་ཚོགས་སྣང་བའི་མཚན་ཉིད་དེ། །དེ་ཡང་བག་༼༡༡ན༽ཆགས་གཟུགས་བརྙན་ལགས། །འོད་གསལ་ཟུང་འཇུག་རྟོགས་པ་ཡིས། །དྲན་མེད་ཀྱི་ལྟ་བས་མ་བསླུས་ཙམ། །ཞེན་མེད་ཀྱི་བདེ་སྟོང་ཉམས་སུ་འཆར། །རྟོག་མེད་ལྟེང་པོས་མ་བསླུས་ཙམ། །ཡོད་མེད་གཉིས་ལས་འདས་པ་སྟེ། །ཡིན་མིན་ཚིག་ལས་འདས་པ་བདེ། །བརྟགས་དཔྱད་ཡུལ་དང་བྲལ་བ་བདེ། །བློ་ལས་འདས་པའི་ཆོས་ཉིད་དེ། །རང་ལ་ཤར་བ་ངོ་མཚར་ཆེ།། །།ཕྱོགས་སུ་བྱེད་པའི་ལྟ་བ་དང་། །ཞེན་པ་དང་མ་བྲལ་སྒོམ་པ་དང་། །གཉིས་སུ་འཛིན་པའི་སྤྱོད་པ་གསུམ། །ཁོང་འཇིག་རྟེན་པ་ཡི་ལྟ་བ་ལགས། །རང་སེམས་རྟོགས་ནས་དེ་བས་གཞན་མེད་གོ་བའི་སྒོམ་ཆེན་པ་དེ་སྐྱིད། །བསྒོམ་རྒྱུ་མེད་པར་རང་སེམས་རྣལ་མར་བཞག་པས་ཆོག་པར་གོ་བའི་སྒྲུབ་པ་པོ་དེ་སྐྱིད། །ངོ་བོ་རྣལ་མར་ཤར་བས་ངེས་ཤེས་སྐྱེས། །སྐྱེ་འཇིག་གཉིས་དང་བྲལ་བར་གོ་བ་སྐྱིད། །རང་སེམས་སྐྱེ་བ་མེད་པ་ལྟ་བར་གོ །སྐྱེ་མེད་དོན་ལ་རྩེ་གཅིག་སྒོམ་པར་གོ །དེ་ལས་ཡེངས་པ་མེད་པ་སྤྱོད་པར་གོ །རང་སེམས་རྟོགས་པ་གཅིག་པུས་ཆོག །ཚིག་ལ་མ་བལྟ་དོན་ལ་ལྟོས།། །།
