Only Dharma. Since 1992
/ Mahamudra / Gampopa

Gampopa's collected works (23)

༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། སྙིང་པོ་དོན་གྱི་གདམས་པ་ཕྱག་རྒྱ་ཆེན་པོའི་འབུམ་ཏིག་བཞུགས་སོ། །

༼༡བ༽༄༅། །ན་མོ་གུ་རུ། རྗེ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །ཆོས་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པ། །འོད་གསལ་གྱི་ངང་ལ་རྒྱུན་ཆད་མེད། །རྗེ་སྙི་སྒོམ་དེ་ལ་ཕྱག་འཚལ་ལོ། །བླ་མ་ཆོས་སྐུ་རྡོ་རྗེའི་ཐུགས། །འོད་གསལ་གཉུག་མ་དེ་ལ་འདུད། །སྐལ་ལྡན་ཕྱི་རབས་དོན་ཆེད་དུ། །རང་སེམས་རྩ་བའི་མན་ངག་བྲི། །རང་སེམས་གཉུག་མ་ངོ་སྤྲོད་ཅིང་། །རིག་པ་ངོས་འཛིན་མན་ངག་འདི། །སྐལ་ལྡན་ཤེས་རབ་བྱང་ཆུབ་ལ། །རྟོགས་ལྡན་བླ་མ་སྙི་སྒོམ་གསུངས། །དེ་ནས་བརྒྱུད་ནས་བདག་དང་འཕྲད། །མན་ངག་བླ་མའི་གསུང་བཞིན་དུ། །སློབ་མའི་སེམས་ཀྱི་གནས་བཙལ་བ། །རིག་པ་གནད་དུ་གདབ་པར་བྱ། །མ་ཐེབས་བར་དུ་སྐྱོར་གྱིན་གདབ། །ད་ལྟ་ངའི་ཁ་ལ་ཆོས་ཉན་པའི་ཤེས་པ། མ་ཡེངས་པར་སིང་ངེ་བ་རིག་པ་གསལ་ལ་མ་འགགས་པ་འདི་ཆོས་སྐུ་ཡིན། འདི་ནས་ལངས་ནས་འགྲོ་བའི་དུས་དང་། དེ་ནས་མ་ཚད་དུ་ངལ་གསོ་བའི་དུས་དང་། དེ་ནས་ཕུག་པར་མལ་དུ་འདུག་ཙ་ན་ཡང་དེ་རང་༼༢ན༽ཡིན་ནོ་གསུང་། ད་ཁྱོད་འཆི་ཡང་འདི་དང་མི་འབྲལ་ལ། ན་ཡང་འདི་དང་མི་འབྲལ། གཉིད་ལོག་ཀྱང་འདི་དང་མི་འབྲལ་ལོ་གསུང་། གཉུག་མ་མཛུབ་ཚུགས་སུ་བསྟན་ཅིང་ངོ་སྤྲད་པ་དང་། རིག་པ་ངོས་འཛིན་པའི་མན་ངག །རང་སེམས་ཕྱག་རྒྱ་ཆེན་པོ་རང་ཆས་སུ་འཆར་བའི་གདམས་པ། བླ་མ་ལྷ་རྗེ་སྙི་སྒོམ་གྱི་མན་ངག་གོ། །།རིག་པ་ངོས་འཛིན་ངོ་སྤྲོད་ཕྱག་ཆེན་ཡིན། །རྟོགས་པ་ངོས་འཛིན་ངོ་སྤྲོད་སྐྱེས་སྦྱོར་ཡིན། །ཞི་གནས་ངོས་འཛིན་ངོ་སྤྲོད་ཐབས་ལམ་ཡིན། །ཞི་གནས་བཟང་ཡང་འཆི་ཁར་འབྲལ། །བར་ཆད་བྱུང་ན་སྒོམ་དང་འབྲལ། །དེ་ལ་ངོ་སྤྲོད་ལོགས་ནས་སྟོན། །ངོ་བོ་མཐོང་བའི་སྒོམ་ལ་འཆོར་འབྲལ་མེད། །ངོ་བོ་མཐོང་ནས་ཐར་པ་ཐོབ། །ཞི་གནས་རྐྱང་པ་འཁོར་བའི་རྒྱུ། །སྒོམ་ཇི་ལྟར་བཟང་ཡང་རུང་། ཅི་ཙམ་བསྒོམ་ཀྱང་རུང་སྟེ། ངོ་བོ་མ་མཐོང་ན། བསྒོམས་ཚད་གོལ་སར་འགྲོ་བ་ལས། ཐར་པ་ཐོབ་མི་སྲིད་པ་ཡིན་གསུང་ངོ་། །གཉུག་མའི་༼༢བ༽ངོ་སྤྲོད་ཀྱི་གདམས་ངག་བླ་མའི་ཞལ་ནས་གདམས་སོ།། །།ལྷན་ཅིག་སྐྱེས་པ་ནི་ཐ་མལ་གྱི་ཤེས་པ་ཡིན། དེ་མ་བཅོས་པ་ཡིན། དེ་གཉུག་མ་ཡིན། དེ་ཆོས་སྐུ་ཡིན། དེ་སངས་རྒྱས་ཡིན། དེ་ངོ་ཤེས་པར་བྱེད་པ་ཡིན། ཐ་མལ་གྱི་ཤེས་པ་རང་གར་བཞག་པས། ཕྱི་ནང་གི་གཡེང་བས་མི་གནོད་པ་ཡིན་ནོ། །ཞེས་གསུངས་སོ།། །།ན་མོ་གུ་རུ། ཆོས་ཀུན་རྩ་བ་རང་སེམས་གཉུག་མ་སྟེ། །རང་བྱུང་ལྷན་ཅིག་སྐྱེས་པ་དེ་ལ་འདུད། །ཐུན་མོངས་མ་ཡིན་ཕྱག་རྒྱ་ཆེན་པོའི་དོན། །སྐལ་ལྡན་ཐར་པའི་འབྲས་བུ་བསྒྲུབ་ཕྱིར་བྲི།། །།དང་པོ་རང་སེམས་གཉུག་མ་གཏན་ལ་དབབ། །བར་དུ་རང་སེམས་གཉུག་མ་ངོས་བཟུང་ཞིང་། །ཐ་མ་རང་སེམས་གཉུག་མར་ཐག་བཅད་དོ། །རང་སེམས་ལྷན་ཅིག་སྐྱེས་པ་ཆོས་སྐུ་དངོས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས། །དབྱེར་མེད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་དོན། །བླ་མའི་གདམས་པས་རིག་པ་ངོས་བཟུང་ཞིང་། །དུས་གསུམ་དག་ཏུ་འགྱུར་བ་མེད་པར་བསྟན། །གནས་སྐབས་གསུམ་དུ་འཆོར་འབྲལ་མེད་པར་བསྟན། །རྩེ་གཅིག་རྣལ་འབྱོར་རྒྱུན་དུ་གོམས་བྱས་ན། །རྣལ་འབྱོར་རྣམ་བཞིར་རིམ་གྱིས་རྫོགས་པར་འགྱུར། །དྲན་རྟོག་མྱོང་ཚོར་མ་ལུས་ཐམས་ཅད་ཀུན། །ཆོས་སྐུ་སེམས་ལས་མ་གཏོགས་གཞན་མེད་པས། །གང་ལྟར་སོང་ཡང་རང་སེམས་ཆོས་སྐུའི་ངང་། །དེ་ལྟར་ལྟ་བ་ཐག་ཆོད་རྣལ་འབྱོར་ཡིན། །རང་སེམས་གཏན་ལ་ཕབ་ཅིང་ངོས་བཟུང་ཐག་གཅོད་པའི། །ངེས་དོན་འབྲས་བུ་ཕྱག་རྒྱ་ཆེན་པོའི་སྐོར། །རང་སེམས་གཉུག་མའི་དོན་འདི་ངེས་པར་རྟོགས་གྱུར་ན། །གྲོལ་བའི་འབྲས་བུ་འདི་ལས་ཡོད་མ་ཡིན། །༼༣ན༽ཕྱག་རྒྱ་ཆེན་པོའི་དོན་གྱི་ཕྱི་མོ། །བནྡེ་པྲཛྙཱ་བོ་དྷི་ཡིས། །ཉམས་དང་རྟོགས་པའི་བློ་ཡིས་བྲིས། །འགལ་འཁྲུལ་དམ་པས་བཟོད་པར་གསོལ།། །།ན་མོ་གུ་རུ། ཆོས་སྐུའི་རང་བཞིན་འོད་གསལ་རིན་པོ་ཆེ། །རང་བྱུང་གཉུག་མའི་ལྟ་སྒོམ་དེ་ལ་འདུད། །སེམས་ཅན་མ་རིག་མུན་པས་བཅིངས་པ་ལས། །གྲོལ་བྱེད་རིན་ཆེན་བདུད་རྩིའི་མན་ངག་བྲི། །སྤྱིར་ན་འཁོར་བའི་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་ཡེ་ནས་རང་ཆས་སུ་ཡོད་ཀྱང་། །མཚོན་བྱེད་བླ་མའི་མན་ངག་བདུད་རྩི་ཡིས། །མ་མཚོན་བར་དུ་རྟོགས་ཤིང་གྲོལ་མི་སྲིད། །བརྡ་གཅིག །དོན་གཅིག །ཚིག་གཅིག །གྲོལ་དུས་གཅིག །འབྲས་བུའི་དུས་གཅིག་གོ །ཡིན་ལུགས། འཆར་ལུགས། རྟོགས་ལུགས་སོ། །ཡིན་པ་ཆུ། འཆར་བ་རླབས། རྟོགས་པ་ཡེ་ཤེས་སོ། །ཡུལ་སྣང་སྟོང་། ལུས་བདེ་སྟོང་། སེམས་གསལ་སྟོང་ངོ་། །སྣང་བ་རང་གྲོལ། ཤེས་པ་རང་གྲོལ། གཉིས་མེད་རང་གྲོལ་ལོ།། །།བརྡ་གཅིག་དེ་ནི་གང་ཞེ་ན། རང་གི་མིང་ནས་འབོད་པ་ཐོས་ན་བརྡའོ། །དོན་གཅིག་དེ་ནི་གང་ཞེ་ན། ཕྱི་མ་འབོད་དུ་རེ་བ་ལ་སེམས་མ་ཡེངས་པར་སིང་ངེ་ཉན་པ་དེ་དོན་ནོ། །ཚིག་གཅིག་དེ་ནི་གང་ཞེ་ན། མི་བསམ་རང་གར་བཞག་པ་སིང་ངེ་བའོ། །གྲོལ་དུས་གཅིག་ནི་གང་ཞེ་ན། རང་སེམས་ཆོས་སྐུར་སིང་གིས་རྟོགས་ནས་གྲོལ་བའོ། །དེ་ཡང་། རབ་ཚེ་འདི་ལ་གྲོལ་ཏེ། ཚེ་གཅིག་ལུས་གཅིག་པའོ། །འབྲིང་བར་དོར་གྲོལ། ཐ་མའང་སྐྱེ་བ་ཕྱི་མ་ལ་གྲོལ་ཞེས་གསུང་ངོ་། །འབྲས་བུའི་དུས་གཅིག་གང་ཞེ་ན། རང་སེམས་ཆོས་སྐུར་སིང་གིས་རྟོགས་ནས། བསྒོམས་པའི་རྩོལ་བ་ཅུང་ཟད་ཙམ་ཡང་བྱ་མི་དགོས་པར། བསྒོམ་དུ་མེད་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་གྱུར་པའོ། །ཇི་སྲིད་བསྒོམ་པའི་རྩོལ་བ་༼༣བ༽བྱར་ཡོད་ཀྱི་བར་དང་། མ་ཡེངས་བར་བསྒོམ་དུ་ཡོད་པའི་བར་དུ་ལམ་ཡིན་ནོ། །སངས་རྒྱས་སྙིང་པོ་རང་གི་སེམས་ཉིད་ལ། །ཆོས་ཀྱི་སྙིང་པོ་བླ་མའི་མན་ངག་གཅེས། །དེ་ཕྱིར་བླ་མའི་མན་ངག་བདུད་རྩི་འདི། །རབ་ཏུ་གུས་པས་སེམས་ལ་བཅང་བར་བྱ། །ངེས་དོན་སྙིང་པོ་མན་ངག་གསང་བ་འདི། །སྐལ་ལྡན་སྦྱངས་པ་ཅན་གྱི་དཔལ་དུ་ཤོག །ཕྱག་རྒྱ་ཆེན་པོའི་གདམས་པ་རྩ་བའི་དོན་མན་ངག་ཐབས་ཀྱི་རྒྱལ་པོ་དམ་པའོ། །རྗེ་མར་པ་ནས་བརྒྱུད་པའོ།། །།ན་མོ་གུ་རུ། རང་སེམས་རིག་པ་ཆོས་ཀྱི་སྐུ། །རང་བྱུང་གཉུག་མ་དེ་ལ་འདུད། །ཕྱག་རྒྱ་ཆེན་པོ་གདམས་པའི་དོན། །སྐལ་ལྡན་རྣམས་ཀྱི་དོན་དུ་བྲི། །སྔར་འབོད་པ་ཐོས་པ་དགམཚོན་བྱེད་བརྡའི་ཆོས་དང་། མཚོན་བྱ་དོན་གྱི་ཆོས་དང་།ཕྱི་མ་འབོད་པ་ཉན་པ་དོན། མི་བསྒོམ་པར་རང་གར་སིང་ངེ་བཞགབརྗོད་བྱེད་ཚིག་གི་ཆོས་དང་། བཅིངས་གྲོལ་མེད་པར་ཤེས་པ་ཉམས་སོ།གྲོལ་བ་ཉམས་ཀྱི་ཆོས་དང་། རྟོགས་པ་འབྲས་བུའི་ཆོས་སོ།།ཐམས་ཅད་ཆོས་སྐུར་རྟོགས་པ་དོན་ནོ།། ཡིན་པ་ཆུའི་དཔེ་དང་།རང་སེམས་ཆོས་སྐུ་རྟོགས་པའི་དོན་ནོ། །རྣམ་རྟོག་ཆོས་སྐུ་ཡིན་པའི་དོན་ནོ།།འཆར་བ་རླབས་ཀྱི་དཔེ་དང་། སྣང་བ་ཐམས་ཅད་ཆོས་སྐུར་རྟོགས་པའི་དོན་ནོ།།རྟོག་པ་ཡེ་ཤེས་ཀྱི་དཔེའོ། །འདི་ལ་ཕྱིའི་ཉམས་ཤེས་བྱའོ།།ཡུལ་སྣང་སྟོང་གི་ཉམས། ལུས་བདེ་སྟོང་གི་ཉམས།འདི་ལ་ནང་གིས་ཉམས་ཤེས་བྱའོ།། སེམས་གསལ་སྟོང་གི་ཉམས་སོ།།འདི་ལ་གསང་བའི་ཉམས་ཤེས་བྱའོ།། སྣང་བ་རང་གྲོལ་གྱི་རྟོགས་པ་དང་།དེ་ནི་ཕྱིའི་རྟོགས་པ།། ཤེས་པ་རང་གྲོལ་གྱི་རྟོགས་པ་དང་།།འདི་ནི་ནང་གི་རྟོགས་པ། གཉིས་སུ་མེད་པ་རང་གྲོལ་གྱི་རྟོགས་པའོ།།འདི་ནི་གསང་བའི་རྟོག་པའོ།། ཆོས་ལྔ། དཔེ་གསུམ། ཉམས་གསུམ། རྟོགས་པ་གསུམ། རང་སེམས་ཕྱག་རྒྱ་ཆེན་པོའི་ཆོས་སྐོར། ངེས་དོན་འབྲས་བུའི་ཆོས་ལ། འདི་རྣམས་ལས་ལྷག་པའི་ཆོས་༼༤ན༽གཞན་རྙེད་རེ་སྐན་ཕྱག་རྒྱ་ཆེན་པོའི་དོན་གྱི་ཕྱི་མའོ།། །།ན་མོ་གུ་རུ། སེམས་རང་དུ་ངོས་བཟུང་། སེམས་རང་དུ་ངོས་ཟིན། སེམས་རང་དུ་ངོ་སྤྲད། སེམས་རང་དུ་ངོ་ཤེས། སེམས་རང་དུ་མཐོང་། སེམས་རང་དུ་མྱོང་། སེམས་རང་དུ་ཆོད། སེམས་རང་དུ་ངེས། སེམས་རང་དུ་སེམས་སྐོར་དགུ་པ་ཞེས་བྱའོ།། གྲོལ་ལོ།། །།དང་པོའི་ཤེས་པ་དེ་དང་གཅིག །ཐ་མལ་གྱི་ཤེས་པ་དེ་དང་གཉིས། །ཡུལ་ཅན་གྱི་ཤེས་པ་དེ་དང་གསུམ། །གང་གིས་དེ་གསུམ་ངོ་ཤེས་ན། །རང་སེམས་རང་གི་མངོན་སུམ་དུ། །ངོས་ཟིན་མཐོང་བ་ཡེ་ཤེས་སོ། །སེམས་ཉིད་མ་བཅོས་གཉུག་མ་ཡི། །ངོ་བོ་རྣལ་མར་མཐོང་བ་ཡིན། །རྟོགས་པ་དང་བཅས་པ་འདི་རང་། །བཀྲ་ནི་ས་ལེར་མཐོང་བ་ཡིན། །མདོར་ན་ཆོས་ཡེ་ཆ་མེད་པའི། །མི་ནག་གི་ཤེས་པ་དེ་རང་ཡིན། །མཁས་པ་རྣམས་ཀྱི་རྟོག་དཔྱོད་དང་། །བཅོས་མའི་བློས་གཞིག་ཐམས་ཅད་བོར། །རིག་པ་གསལ་བའི་ངོ་བོ་དེ། །འབྲལ་མེད་ཡེངས་མེད་རྒྱུན་ཆད་མེད། །དེ་ཡི་ངང་ལ་དྲན་རྟོག་ནི། །སྣ་ཚོགས་གང་དང་གང་བྱུང་བ། །ཐམས་ཅད་དེ་ཡི་ངོ་བོ་ཡིན། །ཐ་མལ་ཤེས་པ་མ་ཡེངས་ན། །དྲན་རྟོག་ཐམས་ཅད་རིག་པ་ཡིན། །དེ་ལ་སྐྱོན་དུ་བལྟ་མི་དགོས། །ཡེངས་པའི་དུས་རྟོག་པ་ཡིན་ཏེ། །དེ་ཉིད་རང་ལ་བལྟས་པས་སུ། །རྟོག་པ་གཅིག་བྱུང་གཉིས་བྱུང་རྣམས། །ཐམས་ཅད་སེམས་སུ་ཤེས་པ་ནི། །ཆུ་དང་ཆུ་ཡི་རླབས་ལྟར་འགྱུར། །དང་པོ་རིག་པ་ངེས་པ་དང་། །དེ་ནས་སྣང་བ་ངེས་པ་དང་། །དེ་ནས་རྣམ་རྟོག་ངེས་ཙ་ན། །ཚེ་འདི་རང་ལ་གྲོལ་བ་ཡིན། །སེམས་ཉིད་འོད་གསལ་ནམ་མཁའ་ལ། །རིག་པ་ཆོས་སྐུའི་ཉི་མ་ཤར། །སེམས་ཉིད་ཁོ་རང་གཅིག་པུ་ལས། །གཞན་ནི་གང་ཡང་མ་མཐོང་ན། །དེ་ཡི་སེམས་ཀྱིས་སངས་རྒྱས་མཐོང་།། །།༼༤བ༽ན་མོ་གུ་རུ། རང་སེམས་ཕྱག་རྒྱ་ཆེན་པོ་དེ། །རང་བཞིན་ཡེ་ནས་ཆོས་སྐུ་ཡིན། །མཚན་ཉིད་སྣ་ཚོགས་སྣང་བ་ཡིན། །ངོ་བོ་སྐྱེ་འགག་མེད་པ་ཡིན། །ཆོས་ཉིད་འོད་གསལ་སྟོང་པ་ཡིན། །ཉམས་མྱོང་རྒྱུན་ཆད་མེད་པ་ཡིན། །འབྲས་བུ་རེ་དྭོགས་མེད་པ་ཡིན། །རྗེ་བཙུན་བླ་མ་སྙི་སྒོམ་གྱི། །གསུང་གི་བདུད་རྩིའི་ཐིགས་པ་ཡིན།། །།ན་མོ་གུ་རུ། རྗེ་བཙུན་བླ་མ་རིན་པོ་ཆེ། །སྐུ་གསུང་ཐུགས་ལ་གུས་པས་འདུད། །ཕྱག་རྒྱ་ཆེན་པོ་གདམས་པའི་གླུ། །ཉམས་དང་རྟོགས་པའི་ཚུལ་དུ་བྲི། །བལྟ་བྱ་རང་གིས་སེམས་ཉིད་ལ། །ལྟ་བྱེད་རང་གི་སེམས་ཉིད་དེས། །བལྟས་པས་རང་གི་སེམས་ཉིད་དེ། །ཐ་མལ་ཤེས་པ་ཉིད་དུ་མཐོང་། །ཡུལ་ཅན་ཤེས་པས་ཡུལ་ཅན་མཐོང་། །རིག་པ་གསལ་བའི་ངོ་བོ་མཐོང་། །འོད་གསལ་ཆོས་སྐུའི་ངོ་བོ་མཐོང་། །ཆོས་སྐུའི་རང་བཞིན་ངོ་བོར་མཐོང་། །མཐོང་བྱ་མཐོང་བྱེད་མེད་པར་མཐོང་། །གདོད་ནས་དག་པའི་ངོ་བོ་དེ། །འཕོ་འགྱུར་མེད་པའི་ངོ་བོར་མཐོང་། །གསལ་འགྲིབ་མེད་པའི་ངོ་བོར་མཐོང་། །རྒྱུན་ཆད་མེད་པའི་ངོ་བོར་མཐོང་། །རེ་དྭོགས་མེད་པའི་ངོ་བོར་མཐོང་། །རང་སེམས་ལྷན་ཅིག་སྐྱེས་པར་མཐོང་། །གཉུག་མ་ཕྱག་རྒྱ་ཆེན་པོར་མཐོང་། །མཐོང་གསུམ་གྱི་ཤེས་པ་མངོན་སུམ་མཐོང་། །ཤེས་རབ་ཀྱི་མིག་གིས་རང་སེམས་མཐོང་། །བལྟ་བྱ་ལྟ་བྱེད་མེད་པར་མཐོང་། །རང་གི་སེམས་ལ་བལྟ་བ་ནི། །ཡང་དག་ཉིད་ལ་ཡང་དག་བལྟ། །རང་སེམས་རང་གིས་མཐོང་བ་ནི། །ཡང་དག་མཐོང་ནས་རྣམ་པར་གྲོལ། །བྱ་རྩོལ་མེད་པར་གློད་ན་བདེ། །དམིགས་གཏད་མེད་པར་གཞག་ན་གསལ། །བླང་དོར་མེད་པར་སྤྱད་ན་ངེས། །སྤང་ཐོབ་མེད་པར་རྟོགས་ན་གྲོལ། །རྗེ་བཙུན་བླ་མ་རིན་པོ་ཆེས། །༼༥ན༽ཕྱག་རྒྱ་ཆེན་པོ་མགུར་དུ་བཞེངས།། །།ན་མོ་གུ་རུ། བླ་མ་སྙི་སྒོམ་གྱི་གསུང་སྒྲོས། རང་སེམས་རིག་པའི་ངོ་བོ་དེ། གསལ་ལ་མ་འགག་འོད་གསལ་ཆོས་སྐུའི་ངོ་བོར་རྟོགས་ཤིང་མ་ཡེངས་བ་སྒོམ་པ་ཡིན། ཆོས་སྐུ་རྒྱུན་མི་འཆད་པ་རྣལ་འབྱོར་ཆུ་བོའི་རྒྱུན་བཞིན་ངེས་ཤེས་སྐྱེས་ན་རྟག་ཏུ་འབྲལ་མི་འགྱུར། །སྤྱོད་ལམ་རྣམ་བཞི་དེ་དང་མ་བྲལ་གྱུར་པ་ན། །རྨི་ལམ་བར་དོ་ཀུན་དུ་མ་བྲལ་དྲན་གྱུར་པས། །ལས་རྣམས་བརྟགས་མིན་འགོག་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུང་ངོ་། །བླ་མའི་བཀའ་དྲིན་གྱིས། བྱིན་རླབས་སེམས་དང་འདྲེས་སམ་སྙམ་དེ་ཡང་བླ་མ། ཚེ་གཅིག་ལུས་གཅིག་པ་ཞེས་གསུངས་ཏེ། སེམས་དང་ཡིད་ལ་བྱས་པའི་སྒོམ་ནི་འཆོར་འབྲལ་བྱེད། །ངོ་བོ་ཁོ་རང་བསྒོམ་པའི་སྒོམ་ལ་འཆོར་འབྲལ་མེད། །དང་པོ་ཡེངས་ཤིང་མི་དྲན་བརྗེད་པ་ཆེར་གྱུར་ཡང་། །ཕྱིས་ནས་མ་ཡེངས་མི་བརྗེད་དྲན་པ་ཇེ་གསལ་འགྱུར། །རང་སེམས་སོ་སོར་རྟོགས་པའི་ཤེས་རབ་སྒྲོན་མེ་དེས། །ཤེས་བྱའི་མུན་པ་བསལ་ནས་ཕྱི་ཡི་སྒྲོ་འདོགས་བཅད། །སྣང་སྲིད་བལ་ལྡུད་བཞིན་དུ་གཡེངས་ནས་ངེས་པ་བཙལ། །བསྒོམ་པ་བྱུང་ཞིང་ཤོར་བས་མ་ངེས་ཡིད་མ་ཆེས། །རང་སེམས་མ་བདེ་ཆེས་ནས་རང་ལ་རང་བསམས་པས། །རང་གི་སེམས་ལ་ཕན་འདོགས་ནུས་པ་འདི་ཡིན་སྙམ། །རྗེ་བཙུན་བླ་མ་སྙི་སྒོམ་དྲན་ནས་སྤྱན་སྔར་ཕྱིན། །ཁོང་གི་བཀའ་དྲིན་ཐུགས་རྗེ་ཆེན་པོ་ཡིས། །ལྷན་ཅིག་སྐྱེས་པའི་འགྲོ་བ་ཀུན་གྱི་སྙིང་པོ་མཆོག །ཕྱག་རྒྱ་ཆེན་པོ་དཀར་པོ་ཆིག་ཐུབ་མན་ངག་གནང་། །ཐུགས་ལ་བཏགས་ཏེ་ཤིན་ཏུ་སྤྲོ་བ་སྐྱེས་ནས་བྲིས། །སྒམ་པོའི་རི་ལ་བླ་མའི་སྤྱན་སྔ་རུ། །ཉམས་དང་རྟོགས་པའི་སྙིང་ཚིག་སྨྲས་པ་ལགས། །འགྲོ་བ་ཀུན་ལ་བསྙད་༼༥བ༽པར་མི་བྱ་སྟེ། །དེ་ཡིས་མི་རྟོགས་ལོག་རྟོག་སྐྱེ་ཕྱིར་རོ། །པྲཛྙཱ་བོ་དྷིས་ཞུས་པ། རྗེ་བཙུན་རིན་པོ་ཆེས་གསུངས་སོ།། །།ན་མོ་གུ་རུ། ཞི་གནས་སྐྱེ་བའི་རྒྱུ་ནི་བཞི་སྟེ། བླ་མའི་བྱིན་རླབས་ཀྱིས་སྐྱེ་བ་དང་། རྟེན་འབྲེལ་ལས་སྐྱེ་བ་དང་། ཚོགས་བསགས་པ་ལས་སྐྱེ་བ་དང་། སྡིག་པ་སྦྱངས་པ་ལས་སྐྱེ་བ་དང་བཞི་ཡིན་གསུང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། ཐ་ལམ་གྱི་ཤེས་པ་ཡེ་ནས་ཡོད་པ་འདི་ཉིད་ཡིན། དེ་ངོ་ཤེས་པར་བྱེད་པ་ནི། མ་བཅོས་པར་བཞག །མ་བསླད་པར་བཞག །རང་སོར་བཞག །རང་གར་བཞག །རང་གི་སེམས་ཉིད་སྐྱེ་བ་མེད་པ། འགག་པ་མེད། གནས་པ་མེད། དངོས་མེད་དུ་རྟོགས་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་དེ་དང་འདྲ་བར་རྟོགས་པ་ལྟ་བ་ཡིན། དེ་ལྟར་སེམས་ཀྱི་དོན་དེ་ལ་ཡེངས་པ་མེད་པར་གནས་པ་དེ་བསྒོམ་པ་ཡིན། སེམས་ཉིད་སྐྱེ་མེད་དང་། སྣང་གྲགས་འདི་ཆུ་དང་རླབས་ལྟར་སྤྱོད་པ་ནི་སྤྱོད་པ་ཡིན་ནོ། །རབ་རང་སེམས་སངས་རྒྱས་སུ་མཐོང་། འབྲིང་རིག་པའི་ངོ་བོ་སྐྱེ་མེད་དུ་མཐོང་། ཐ་མ་སྤྲོས་པ་བཅད་པ་ལ་བརྟེན་ནས་རྩེ་གཅིག་སྦྱོང་། རབ་ཀྱིས་སེམས་ཀྱི་ངོ་བོ་ཇི་བཞིན་པར་རྟོགས། འབྲིང་གིས་དབུགས་འགྲོ་འོང་མི་ཚོར་བར་རྟོགས། ཐ་མས་ལུས་མེད་དམ་སྙམ་པར་རྟོགས་སོ། །སེམས་ལ་བལྟས་པས་ཅི་ཡང་མ་ཡིན་པའི་དོན་དེ་ལ་རིག་པ་ཞེས་བྱ། སེམས་ཉིད་ངོ་བོ་མ་བཅོས་མ་བསླད་པ་དེ་རྣལ་མ། གསལ་བ། ཡང་དག་པ་དུས་ཐམས་ཅད་དུ་རྒྱུན་ཆད་མེད་པ་ཡིན་ཏེ། དེ་ལ་གཉིས། སྣང་ལ་མ་ངེས་པ་དང་། སྣང་ལ་ངེས་པའོ། །སྟོན་ཀའི་ནམ་མཁའི་དཀྱིལ་ལྟ་བུ་དང་། སེམས་ཉིད་གཉིས་སུ་མེད་པར་རྟོགས་པ་དེ་སྣང་ལ་མ་ངེས་པའོ། །ཡར་ལ་མི་རེ། མར་ལ་མི་དོགས། གཞན་༼༦ན༽གྱིས་བསྒྱུར་ཡང་མི་འགྱུར་བ་དེ་སྣང་ལ་ངེས་པའོ། །མ་ངེས་པ་ལ་ཡང་ཞི་གནས་ཀྱི་བདེ་བ་དང་མི་རྟོག་པ་འོང་སྟེ། ཉམས་ལ་རེས་ཡིན་ནམ་སྙམ། རེས་མིན་ནམ་སྙམ་པ་དེ་མི་རྟོག་པས་རྒྱུ་བྱས་ནས་མར་ལྡོག་ཉེན་ཡོད་དོ། །དང་པོ་སློབ་པའི་དུས་རིག་པ་གསལ་སིང་ངེ་བ་དེ་ལ་བསླབ། དེ་ཡང་། ཤེས་པ་མ་ཡེངས་པ་ལ་བསླབ། དེ་ཡང་། རིག་པའི་ངོ་བོ་མ་ཡེངས་པ་ལ་བསླབ། དེ་གོམས་ཙ་ན། རང་ལ་ངེས་ཤེས་སྐྱེ་བ་ཡིན་གསུང་། སེམས་ཉིད་ཀྱི་ངོ་བོ་མ་ཤོར་བར་བྱས་ན། རྣམ་རྟོག་ཅི་བྱུང་ཡང་ཆོས་སྐུ་ཡིན། ནམ་མཁའ་ལ་སྤྲིན་དང་། ཁུག་རྣ་ལ་སོགས་པ་ཅི་ཙམ་བྱུང་ཡང་། ནམ་མཁའ་རང་ལ་དེངས་ནས་འགྲོ་བ་ཡིན། རྣམ་རྟོག་འཕྲོར་མ་བཏུབ་ན་སླར་ཐུ་བ་ཡིན་གསུང་། ཡི་དམ་ལྷར་བསྐྱེད་ནས་འོད་གསལ་འབའ་ཞིག་བསྒོམ། གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་དེ་གནས་པ་ཡིན། ཤེས་རབ་ཀྱི་ཅིའི་ངོ་བོར་ཡང་མ་མཐོང་བ་དེ་རྟོགས་པ་ཡིན། གསལ་ལ་མ་འགགས་པ་སྐད་ཅིག་མའི་ཤེས་པ་རྩེ་གཅིག་གི་རྣལ་འབྱོར་ཡིན། རིག་པའི་ངོ་བོ་སྐྱེ་མེད། ཡོད་མེད་ལས་འདས་པར་རྟོགས་པ་དེ་སྤྲོས་བྲལ་གྱི་རྣལ་འབྱོར་ཡིན། སྣ་ཚོགས་སུ་སྣང་ཡང་རང་བཞིན་གཅིག་ཏུ་རྟོགས་པ་དེ་དུ་མ་རོ་གཅིག་གི་རྣལ་འབྱོར་ཡིན། སྣང་སྟོང་དབྱེར་མེད་དུ་རྒྱུན་ཆད་མེད་པར་རྟོགས་པ་དེ་མཉམ་བཞག་ཆེན་པོ་ཡིན་ནོ། །སེམས་ཀྱི་ངོ་བོ་ནི་སྟོན་ཀའི་ནམ་མཁའི་དཀྱིལ་ལྟ་བུ། རེ་དྭོགས་མེད་པ། མི་འགྱུར་བ། དུས་ཐམས་ཅད་དུ་རྒྱུན་ཆད་མེད་པ་དེ་ཡིན། དེ་ལ་སློབ་པའི་དུས་སུ། རིག་པ་གསལ་ལ་མ་ཡེངས་པར་བསླབ། དེ་ལ་གོམས་ཙ་ན། རང་ལ་ངེས་ཤེས་སྐྱེ་བ་ཡིན། སེམས་ཀྱི་ངོ་བོ་དེ་མ་ཤོར་བར་བྱས་ནས། རྣམ་རྟོག་སྤྲོས་པ་ཐམས་༼༦བ༽ཅད་སེམས་སུ་ཤེས་པར་བྱའོ། །ཞི་གནས་ཀྱི་ནང་རྟགས་སུ་དུ་བ་ལྟ་བུ། སྨིག་རྒྱུ་ལྟ་བུ། སྲིན་བུ་མེ་ཁྱེར་ལྟ་བུ། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འོང་སྟེ། དུ་བ་སྨིག་རྒྱུ་བྱུང་ཙ་ན་ཅུང་ཟད་ཡེ་ཤེས་ལ་དབང་བ་ཡིན། ཞི་གནས་མཐར་ཕྱིན་པའི་དུས་སུ། ནང་རྟགས་མར་མེ་ལྟ་བུ་འོང་སྟེ། དེ་ཡེ་ཤེས་ལ་དབང་བ་ཡིན། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་བྱུང་ཙ་ན། ལྷག་མཐོང་གི་ཤེས་རབ་ཅེས་བྱ་སྟེ། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཡིན།། །།སྣང་ལ་ངེས་པ་དང་། མ་ངེས་པ་གཉིས། སྣང་བ་ནི་བདེ་གསལ་མི་རྟོག་པ་ནི་སེམས་ཀྱི་ངོ་བོ་སྟེ། སྣང་བ་ཞེས་བྱ། དེ་ཉིད་སེམས་ཀྱི་ངོ་བོར་རྒྱུན་ཆད་མེད་པར་ཤེས་པ་ནི་སྣང་ལ་ངེས་པའོ། །བདེ་གསལ་མི་རྟོག་པར་སྣང་ཡང་སེམས་ངོ་མ་ཤེས་པ་ནི། སྣང་ལ་མ་ངེས་པའོ། །མ་ངེས་པ་ནི་འཇིག་རྟེན་པའི་ལྟ་བ་མཐར་ཐུག་ཡིན། དེ་ལ་མཆོག་འཛིན་དུ་བྱས་ན། ཁམས་གསུམ་དུ་གོལ། ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ན། དེ་ལ་མ་ཞེན་པར། རྣམ་རྟོག་དེ་ཉིད་རིག་པར་འཁྱེར། རིག་པ་ཡེ་ཤེས་སུ་འཁྱེར་བ་ནི། ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའོ། །ཞེས་གསུང་ངོ་།། །།གསང་སྔགས་པ་ནི། དོན་དངོས་ལམ་དུ་བྱེད་དེ། ཐབས་ལ་དྲག་ཏུ་བཅུན་པས། རླུང་ཨ་ཝ་དྷཱུ་ཏིར་ཆུད་དེ། དེ་རླུང་སེམས་གཉིས་སུ་མེད་པའི་གནད་ཀས། ཤེས་པ་བདེ་གསལ་མི་རྟོག་པ་འབྱུང་། དེ་དུས་བླ་མ་གཅིག་གིས་ཁྲིད་ནས། ཁྱོད་ཀྱི་བདེ་གསལ་མི་རྟོག་པ་དེ་ནི། རང་སེམས་རིག་པ་འདི་ཁོ་ན་ཡིན་ཞེས་ངོ་སྤྲད་པས། ཁོས་དེ་ཀ་ལྟར་བསྒོམས་པས། བདེ་གསལ་མི་རྟོག་པ་ལ་མཆོག་འཛིན་དང་བྲལ་ཏེ། རིག་པ་ལ་ངེས་ཤེས་སྐྱེས་སོ། །རིག་པ་དེ་ཁོ་ན་གསལ་བ་ནི་རྡོ་རྗེ་ལ། དེ་ལ་མ་ཡེངས་པ་ནི་ཏིང་ངེ་འཛིན་ཏེ། རྡོ་རྗེ་ལྟ་བུའི་༼༧ན༽ཏིང་ངེ་འཛིན་མཐར་ཕྱིན་པ་ནི་ཏིང་ངེ་འཛིན་ནོ། །དེ་ནི་ཆོས་ཀྱི་སྐུའོ། །ཅེས་གསུང་ངོ་།། །།གནས་པ་དང་རྟོགས་པ་གཉིས་ལས། གནས་པ་གཙོ་ཆེར་མི་བྱ། རྟོགས་པ་གཙོ་ཆེར་བྱ་སྟེ། གནས་པ་ནི། བརྒྱལ་བ་དང་། ར་རོ་བ་དང་། གཉིད་མཐུག་པོ་ལ་ཡང་འོང་སྟེ། རྟོགས་པ་མིན་པའི་ཕྱིར་རོ། །རྟོགས་པ་གཙོ་ཆེར་བྱ་བ་ནི། སྣང་བ་ཅིར་སྣང་ཡང་སེམས་ཡིན་ཏེ། གསལ་བའི་ཕྱིར་རོ། །གསལ་བར་ཉམས་སུ་མྱོང་བས་སེམས་ཤེས་བྱ་སྟེ། རིག་པ་ཡིན་པའི་ཕྱིར་རོ། །རིག་པ་རང་བཞིན་གྱིས་གྲུབ་པ་སྟོང་པ་སྟེ། རྟོགས་པའོ། །དེ་རྒྱུན་བསྲིང་ཞིང་དེའི་ཉམས་བརྟན་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ཡང་། རྟོགས་པར་བྱ་བའི་ཕྱིར་བསྒོམ་པ་དང་། རྟོགས་ནས་བསྒོམ་པའོ། །དེ་ལ་ཡང་། མཚན་བཅས་ཀྱི་བསྒོམ་པ་མཐའ་དག་དང་། སྒྱུ་མ་ལྟ་བུའི་མཚན་མེད་རྟོགས་པར་བྱ་བའི་ཕྱིར་བསྒོམ་པའོ། །སྣང་བ་ཐམས་ཅད་ལ། སེམས་སྤྲོས་བྲལ་ངོས་བཟུང་དང་བྲལ་བ། ནམ་མཁའི་དཀྱིལ་ལྟར་སྟོང་སང་ངེ་བའི་རྟེན་མེད་པ་ནི། རྟོགས་ནས་བསྒོམ་པ་ཡིན་ནོ། །དེ་རྟོགས་ནས་མཚན་བཅས་བསྒོམ་པ་ནི། གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་བ་བཞིན་ནོ།། །།དེ་གོ་ན་ཆགས་སྡང་གི་གཉེན་པོར་འགྲོ་སྟེ། ཐམས་ཅད་སེམས་སུ་ཤེས་པས། རང་གི་སེམས་ངོས་བཟུང་དང་བྲལ་བས་གཉེན་པོར་འགྲོ་བ་ཡིན་ནོ། །རིག་པ་རང་རིག་སྟོང་པར་མྱོང་བའི་ཚེ། ཡང་དག་པས་སྟོང་། དེ་ཁོ་ནས་སྟོང་པར་བསྟན་པའོ། །ཞེས་གསུངས་སོ།། །།འཆི་བའི་ཚེ། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུའི་འདུན་པ་དྲག་པོ་བྱ། འཆི་བའི་ཞག་གྲངས་མ་ནོར་བར་བྱས་ནས། མཆོད་པ་ལ་སོགས་པ་བཤམས་ལ། རང་ཡི་དམ་ལྷར་བསྐྱེད་པས་ལུས་ཀྱི་འཁྲུལ་འཁོར་བཅའ། དེ་ནས་རང་ལྷ་དང་སྣང་བ་ཐམས་ཅད་༼༧བ༽སྐྱེ་མེད་འོད་གསལ་གྱི་མོས་པ་བྱས་ལ། སེམས་ཀྱི་འཁྲུལ་འཁོར་བཅའ། དེའི་རྗེས་ལ། འཕོ་བའི་ལུགས་གཉིས་ཏེ། རང་གི་ཤེས་པ་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་དུ་གཏད་དེ་འཕོའམ། རང་གི་ཤེས་པ་སྙིང་གར་ཧཱུྃ་དུ་བསྡུས་ལ། མན་ངག་བཞིན་ཡི་དམ་ལྷའི་ཐུགས་ཀར། རང་གི་ཤེས་པ་དེ་རྒྱངས་ཀྱིས་བཏང་བ། དེ་ནི་མན་ངག་གི་འཁྲུལ་འཁོར་བཅའ་བའོ། །དེ་ཡང་། ལག་པ་གཉིས་ལྟག་པར་སྦྲེལ། པུས་མོ་གཉིས་ཙོག་པུར་གཤིབས། རྒྱབ་དབྱུག་པ་ལ་བཀན་ཏེ། སྙིང་ག་གྱེན་ལ་བཟློག་ལ། ཁ་ནས། སྙིང་ཀའི་ཧཱུྃ་དེ་རྒྱངས་ཀྱིས་ཐོན་ནས། ཡི་དམ་ལྷའི་ཐུགས་ཀའམ། བདེ་བ་ཅན་དུ་བཏང་སྟེ། ཧི་ཀ་ཅེས་ཡར་རིང་པོར་དྲག་ཏུ་དྲངས་ཏེ། དབུགས་ནང་དུ་མ་བཏང་བས་ངེས་པར་འཕོའོ། །ཁ་ནས་འཕོས་ན་ཡི་དྭགས་སུ་སྐྱེ་བར་བཤད་པ་དེ་འཕོ་བ་མི་ཤེས་པ་ལ་དགོངས་པའོ། །མི་འཆི་བར་འཕོ་བ་བྱས་ན། ལུས་ཀྱི་ལྷ་བསད་པའི་ཉེས་པ། མཚམས་མེད་པའི་རྩ་ལྟུང་འཕོག་གོ །ཕན་ཡོན་ནི། མཚམས་མེད་པ་བྱས་པ་ཡང་བདེ་འགྲོར་སྐྱེ་བར་བཤད་དོ།། །།ལམ་རྣམ་པ་གསུམ་ལས། རྗེས་དཔག་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་གཅིག་དང་དུ་བྲལ་ལ་སོགས་པས་གཞིགས་ནས། འདི་ལས་འགྲོ་ས་མེད་ཟེར་ནས། སྟོང་པར་བྱས་ནས་བློ་འཇོག་པའོ། །བྱིན་རླབས་ལམ་དུ་བྱེད་པ་ནི། བསྐྱེད་པའི་རིམ་པ་ལྷ་སྐུ་ལ་བརྟེན་ནས། རྩ་རླུང་སྒོམ་པ་ལ་སོགས་པ་དང་། གསང་སྔགས་ཀྱི་བཟླས་པ་ལ་སོགས་པ་བྱེད་པའོ། །མངོན་སུམ་ལམ་དུ་བྱེད་པ་ནི། གཉུག་མའོ། ཚེ་ལ་ལོང་མེད་མྱུར་དུ་འཆི་བས། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ཞིག་དགོས། ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། སེམས་ཅན་བློས་མི་འདོར་བ་ཞིག་དགོས། ཆོས་ཐམས་ཅད་༼༨ན༽སྐྱེ་མེད་ཡིན་པས། གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པ་ཞིག་དགོས། ཆོས་ཐམས་ཅད་རྒྱུད་ལ་སྐྱེ་བ་ལ། བླ་མ་དཀོན་མཆོག་ལ་དད་གུས་རྒྱུན་མི་ཆད་པ་ཞིག་དགོས། སྒོམ་ཆེན་པ་རྣམས་ལ་ཞུ་བ། གནས་པའི་དུས་སུ་རྟོག་མེད་རྒྱུན་བསྲིང་བ་ཡིན་ཏེ། ངོ་བོ་ལ་རྟོག་མེད་རྒྱུན་བསྲིངས་ན། ཆོས་ཀྱི་གནས་ལུགས་མ་གོ་བ་ཡིན། ཆོས་མ་ཆོད་པ་ཡིན། གདོད་མ་ནས་རྒྱུན་ཆད་མེད་པའི་གནད་ཀས། ཤེས་གསུང་ངོ་།། །།རླུང་དྷཱུ་ཏིར་ཚུད་པས། རྟགས་ལྔ། ཡོན་ཏན་བརྒྱད་ལ་སོགས་པ་འབྱུང་སྟེ། འོན་ཀྱང་། རྟགས་དེ་རྣམས་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པ་ལས་འོང་། གནས་པ་བྲང་ཕྲེང་ཙམ་ལ་མི་འོང་གསུང་། ལུས་སེམས་བདེ་བ་ཅི་བྱུང་ཡང་ཞི་གནས་མིན་གསུང་། རྩ་རླུང་ཆུན་ན་སེམས་ཆུན་པས། ཉོན་མོངས་པས་མི་གོས། རྩེ་གཅིག་ལ་དབང་ཐོབ་པ་ཡང་མཆི། སངས་རྒྱས་བྱོན་ཡང་། འདི་ལས་ལྷག་པ་མེད་དམ་སྙམ་པའི་ཡིད་ཆེས་ནང་ནས་སྐྱེ། ལུས་བདེ་བ་འབྱུང་བ་རོ་སྙོམས་འབྱུང་། རྩེ་གཅིག་ཏུ་གནས་པས་སེམས་ལ་དབང་ཐོབ་པ་ལྟ་བུ་ཡང་འོང་། བཏང་ན་བཏང་དབང་ཡོད་པ། མི་བཏང་ན་མི་བཏང་བའི་དབང་ཡོད་པ་ཡང་འོང་། ཆོས་ཐམས་ཅད་གཏིང་ནས་གོ་བ་ལྟ་བུ་ཡང་འོང་། ད་ཡང་འདི་ལས་ལྷག་པ་གཅིག་ཀྱང་མེད་དམ་སྙམ་པ་ཡང་འོང་། ཆོས་སྐྱོང་དང་མཁའ་འགྲོས་ཀྱང་གྲོགས་བྱེད་གཞན་ཐམས་ཅད་ཀྱིས་ཀྱང་སྒོམ་ན་རུང་སྙམ་པ་འབྱུང་། བླ་མ་ལ་དད་གུས་ཆེར་སྐྱེ། ཐེག་ཆེན་གྱི་ཆོས་ལ་དད་གུས་ཆེར་སྐྱེ་བ་ཡིན་ནོ། །ཞེས་གསུངས་སོ། །ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཉིད་ནི། །དངོས་དང་དངོས་པོ་མེད་པ་མ་ཡིན་ཏེ། །མདའ་བསྣུན་འོ་དོད་རྟག་ཏུ་འབོད་པར་བྱེད། །འོ་དོད་རྣམ་པ་གསུམ་ལས་སྙན་པའི་འོ་དོད་ནི། ༼༨བ༽ལྷན་ཅིག་སྐྱེས་པའི་ཡེ་ཤེས། འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཉུག་མ་དེ། བདག་རང་ལ་ཡོད་གཞན་ནས་བཙལ་མི་དགོས། །ཤེས་པའོ། །བདེ་བའི་འོ་དོད་ནི། སྡུག་བསྔལ་ཐམས་ཅད་སྤངས་པའི་བདེ་བ་ཆོས་སྐུ་དེ། རང་གི་སེམས་རིག་པ་འདི་ཁོ་ན་ཡིན། ལོགས་ནས་བཙལ་དུ་མེད། ཅེས་པའོ། །གྲགས་པའི་འོ་དོད་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན། ལོགས་ནས་མ་བྱུང་། ཁྱེད་དེ་ལ་འཇིགས་མི་དགོས། ཤེས་པའོ། །ཤེས་པ་སྒོམ་དུ་འདོད་པ་དང་། མི་འདོད་པ་གཉིས་ཡོད་དེ། འདོད་པ་ནི། དང་པོ་ནས་ལྡང་འཇུག་ཉུང་ངོ་། །རྩེ་གཅིག་རྒྱུད་ལ་སྐྱེས་པའི་དུས་སུ། སིང་ངེ་ཡེ་རེ་བའི་ཉམས་འཆར་ཏེ། ནང་ནས་དང་བ་འདྲེན་ནུས་ཀྱང་། རྟོགས་པ་མེད་པས་ཐེ་ཚོམ་འབྱུང་། ཉམས་ཀྱང་རེས་ཕྱལ་ལེ་བ་ལོང་ངེ་བ་འོང་། རེས་ཤེས་པ་རླན་དང་བྲལ་ནས། སྒོམ་ཡེ་མེད་དམ་སྙམ་པ་ཡང་འོང་། རེས་རྣམ་རྟོག་ལུང་མ་བསྟན་རབ་རིབ་ཀྱིས་གནོད་པའང་འབྱུང་ངོ་། །དེ་ལྟ་བུའི་ཉམས་བཟང་ངན་མང་དུ་བྱུང་ཡང་། རྩ་བ་ཐ་མལ་ཤེས་པ། སེམས་ངོས་ཟིན་པར་བྱས་ལ། མ་བཅོས་པ་གོམས་སུ་བཅུག་པས། སྤྲོས་བྲལ་འཆར་ཏེ།རང་ལུགས་སུ་འཇོག་པའི་རིག་པ་སྐྱེ་འགག་ཐམས་ཅད་བྲལ་བར་རྟོགས། གོང་དུ་བཤད་པའི་ཉམས་བཟང་ངན་བག་རེ་ནི་འོང་སྟེ། བྱུང་ཡང་དུས་ཐམས་ཅད་དུ་རྒྱུན་ཆད་མེད་པར་རྟོགས་པ་གོམས་པས། ཤིན་ཏུ་ཟབ་ཅིང་ཕྲ་བའི་དོན་ཁོང་དུ་ཆུད་ནས། བློ་ལ་ངེས་པ་ཡིན་པས། ཐེ་ཚོམ་དང་རིག་པ་ངེས་པས། ཉམ་ང་མི་འབྱུང་ངོ་། །ཤེས་པའི་ཉམས་བཟང་ན། ཅི་ལྟར་བྱུང་ཡང་དེ་ལ་སྐྱོན་ཡོན་དུ་མི་བལྟ་བར། རང་གི་ཤེས་པ་རྣལ་མ། མ་ཡེངས་པར་བསྐྱངས་ན། རང་གིས་མ་ཚོར་བ་ཏིང་ངེ་འཛིན་༼༩ན༽གང་ལ་ཡང་མ་ཆགས་ཤིང་། ཞེན་པ་མེད་པའི་ཉམས་འབྱུང་ངོ་། །རོ་གཅིག་གི་ཉམས་ཀྱང་དེ་རང་ཡིན་ཏེ། ཕྱིའི་ཡུལ་གཉིས་མེད་དུ་རྟོགས་པའོ། །རང་སེམས་ཆོས་སྐུར་ལྷན་གྱིས་རྟོགས་ན་སྒོམ་དུ་མེད་པའི། གཅིག་ཅར་བའི་གང་ཟག་ལ་ནི། བླ་མས་ངོ་སྤྲད་པ་དང་སྤྲོས་བྲལ་འཆར་རོ། །རིམ་གྱིས་པ་ནི། གོམས་པ་ལས་འཆར་རོ། །ཞེས་གསུང་ངོ་། །གསང་སྔགས་པ་ནི། ཚེ་གཅིག་ལུས་གཅིག་པར་འགྲོ་སྟེ། དེ་ཡང་བྱིན་རླབས་ཀྱིས་སྟོབས་ཀྱིས་འགྲོ་བ་ཡིན། བླ་མ་རྟོགས་ལྡན་གཅིག་དང་། སློབ་མ་སྐལ་ལྡན་གཅིག་ཕྲད་ནས་ངོ་སྤྲོད་པ་དེ་ཡིན་ཏེ། དེ་ཡང་། ཏཻ་ལོ་པས། ནཱ་རོ་པ་ལ་ངོ་སྤྲད་པ་དེ་ཡིན། རང་གི་རིག་པའི་དེ་ཁོ་ན། །ཏཻ་ལོ་པ་ཡིས་བསྟན་དུ་མེད། །ཅེས་གསུངས་སོ། །ཡང་རིག་པ་ངོ་ཤེས་པར་རྟོགས་པས། ཉམས་སུ་མྱོང་བ་གལ་ཆེ་གསུང་། ངོ་ཤེས་པ་ལ་ནི། རིག་པ་ངོས་བཟུང་མེད་པ། སྤྲོས་པ་དང་བྲལ་བ། མི་འགྱུར་བ་དེ་ཡིན་ནོ། །ཉམས་སུ་མྱོང་བ་ནི། ཟག་མེད་ཀྱི་བདེ་བ་ལྷན་ཅིག་སྐྱེས་པ་འོད་གསལ་བ་དེ་ཡིན་ནོ། །རྟོགས་པ་ནི། མ་རིག་པ་དེ་ཡང་། རིག་པ་ཡིན་པར་ཡིད་ཆེས་ནས་ཐེ་ཚོམ་མེད་པར་རྟོགས་པ་དེ་ཡིན་ནོ། །འཁོར་འདས་གཉིས་རྩད་གར་གཅོད་ན། རྗེ་མི་ལའི་ཞལ་ནས། རིག་མ་རིག་གཉིས་སུ་གཅོད་གསུང་། སྤྱིར་མ་རིག་ཅིའི་ཕྱིར་མ་རིག་པ་ཞེ་ན། མདོ་ལས། རིག་པ་མི་ཤེས་པའི་ཕྱིར་ན་མ་རིག་པ་ཞེས་བྱ། ཞེས་གསུངས་སོ།། པའི་འཁོར་དུག་ལྔ་ཡིན་ཏེ། དེ་ལྟ་བུའི་གང་ཟག་དེ་ལ། དུག་ལྔ་ཡེ་ཤེས་ལྔར་འཆར་བ་སྟེ། དེ་སུས་ཀྱང་མི་ཁེགས་པ་ཡིན་པས་དེ་ལྟ་བུའི་གང་ཟག་དེ་ནི་དོན་གྲུབ་པའོ། །ཞེས་གསུང་ངོ་། །ཨྠི་། གཉུག་མ་རབ་རིབ་ཅིག་སྐྱེས་ཀྱང་། ཡུལ་ལ་སོགས་༼༩བ༽པ་ལ་ཆགས་ན། གཉུག་མ་དེས་མི་ཕན། མར་འགྲོ་བ་ལས། ཡར་མི་འགྲོ །ཚེ་འདི་ལ་ཆགས་པར་མ་བྱེད། སྣང་གྲགས་ཀྱི་ཆོས་འདི་སྒྱུ་མ་རྨི་ལམ་བཞིན་དུ་ངེས་སུ་ཆུག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། དེ་ལྟར་ངེས་ན། གཉུག་མ་མེད་ཀྱང་སླ། ཁོང་ཡར་འགྲོ་བ་ལས། མར་མི་འགྲོ་གསུང་། གཉུག་མ་རྣལ་མ་ཅིག་རྒྱུད་ལ་སྐྱེས་ན། ངོ་བོ་། རྒྱུ། འབྲས་བུ་གསུམ་ཡིན། ངོ་བོ་ནི་མེད་པ་མ་ཡིན་པའི་དོན་སྐྱེ་འགག་ཐམས་ཅད་དང་བྲལ་བ་དེ་ཡིན། འབྲས་བུ་ཆོས་སྐུ་ཡིན། དེའི་བྱིན་རླབས་དང་། ཚོགས་གཉིས་བསགས་པ་ལས། གཟུགས་སྐུ་གཉིས་འབྱུང་བ་དེ་ཡིན། བདེ་གསལ་མི་རྟོག་ཉམས་མྱོང་ལས། །སྐུ་གསུམ་འབྲས་བུ་འབྱུང་བ་ཡིན། །གསུམ་པོ་དེ་གཏུམ་མོ་ལས་འབྱུང་བས་གཉུག་མའི་བརྒྱུད་པའི་རྒྱུ་ནི་གཏུམ་མོ་ཡིན། གཉུག་མ་སྐྱེས་ཀྱང་། སྒྱུ་མ་རྨི་ལམ་ཙམ་དུ་ཚོགས་གཉིས་རྫོགས་པར་བྱེད་པ་ཡིན། གཏུམ་མོ་མེད་ན། ཤེས་རབ་རྐྱང་པ་ཡིན། ཡོད་ན་ཐབས་ཤེས་ཡ་མ་བྲལ་བ་ཡིན། བླ་མའི་ཞལ་ནས། སྒོམ་པ་ལས་མ་བྱུང་བའི་ལྟ་བ་དཀའ། ཞེས་གསུང་། རིག་པའི་ངོ་བོ་སྐྱེ་འཇིག་ཐམས་ཅད་དང་བྲལ་བར་རྟོགས་ན། བསམ་གཏན་མེད་ཅིང་རྟོགས་པས་སངས་རྒྱ་གསུང་། གནས་པ་ཡུན་ཐུང་ཡང་མི་སྟོ། །ཡུན་རིང་བར་འདོད་པ་སྐྱོན་ཅན་ཡིན། རྟོག་པ་ཕྲ་མོས་མི་ལྟོ། རང་གི་ངོ་བོ་ཡིན། གར་འཕྲོས་པའི་ས་རང་དུ་ལྟོས་དང་། ཚུར་ལོག་འོང་གི་གསུང་། གཉིས་ཡུལ་དང་སེམས་གཉིས། མེད་ཆུ་དང་འོ་མ་འདྲེས་པ་འདྲ། །དོན་ནི་གླང་པོ་རིག་པ་ཆོས་སྐུ། ལྟ་བུར་རབ་ཏུ་བརྟན། །ཉམས་ནི་སྣ་ཚོགས་པ་འཆར་ཞིང་། བཙོ་མའི་གསེར་བཞིན་གར་ཡང་འགྱུར།ནུབ་ནས་འགྲོ། །རྟོགས་པ་ནམ་མཁའི་ཁམས་སུ་ཁྱེར་བར་བྱ། །ཞེས་གསུང་ངོ་། །ཨྠི་། །༼༡༠ན༽ བླ་མ་སྟོང་ཉིད་མངོན་དུ་བྱས་པ་ཞིག་གིས། སྐྱེ་མེད་ངེས་སུ་འཇུག་དགོས་མ་ངེས་ན། སྣང་ལ་མ་ངེས་པ་སོ་སོར་བརྟགས་མིན་གྱི་འགོག་པ་བྱ་བ་ཡིན་ཏེ། གར་སྐྱེ་ཆ་མེད་པ་ཡིན། སྐྱེ་མེད་ཀྱི་ངོ་བོ་མ་ངེས་ན། དེ་ཉིད་ཡིན་ཏེ་དེ་རང་གི་མཚན་ཉིད། དེ་ཉིད་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །སེམས་ཀྱི་རང་བཞིན་རྟོགས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པ་ཡིན་ཏེ། སེམས་ཀྱི་ཏིང་ངེ་འཛིན་གཉིས་དང་བྲལ་བའི་ངོ་བོ་ནི། སངས་རྒྱས་བྱོན་རུང་མ་བྱོན་རུང་འགྱུར་བ་མེད་པ་ཡིན། སྐྱེ་མེད་གཅིག་པུར་བྱས་ན་ཆད་ལྟར་འགྲོ །སྐྱེ་མེད་ལ་རིག་པ་ཁོང་རྐྱལ་དུ་གནས་པ། དཔེ་འོ་མ་ལ་མར་གྱིས་ཁྱབ་པ་དང་འདྲ། རིག་པའི་ངོ་བོ་གསལ་ལ་མ་འགག་པ་ལ་གོམས་པར་བྱས་ན་ལམ་མོ། །གསལ་བའི་ཉམས་སུ་མྱོང་རྒྱུ་ཅིག་མེད་ན། ལམ་དུ་མི་འགྲོའོ། །མིག་ནད་ཅན་ལ་སྐྲ་ཤད་སྣང་བ་སྟེ། ནད་བསལ་ཙ་ན། སྐྲ་ཤད་ནམ་མཁའ་ལ་ཕར་མ་དེངས། ཚུར་མིག་ལ་ཡང་མ་ཐིམ་སྟེ། དང་པོ་ཉིད་ནས་མ་གྲུབ་པ་ཡིན་ནོ། །ང་ནི་མེད་པ་ལ་ཡོད་པར་མཐོང་བའོ། །ལུས་ལྷའི་ང་རྒྱལ་དང་ལྡན་པས་སྒྲིབ་པ་གསུམ་ཀ་བྱང་སྟེ། ཁྱད་པར་ལུས་ཀྱི་སྒྲིབ་པ་བྱང་ངོ་། །ངག་སྔགས་ཀྱི་ང་རྒྱལ་དང་ལྡན་པས་སྔགས་བཟླས་པས། ངག་གི་སྨྲ་བའི་བདེན་པ་འགྲུབ་སྟེ། ཚེ་འདིར་སྨྲ་བ་སྙན་པ་དང་། དགྲ་བགེགས་ལ་སོགས་པས་མི་ཚུགས་པ་དང་། ཕྱིས་བཟླས་པ་མ་བྱས་ཀྱང་། ངག་ནུས་པ་དང་ལྡན་པར་འགྱུར་རོ། །སྒྲིབ་པ་གསུམ་ཀ་བྱང་སྟེ། ཁྱད་པར་ངག་གི་སྒྲིབ་པ་བྱང་ངོ་། །ཡིད་ཆོས་ཉིད་ཀྱི་ང་རྒྱལ་དང་ལྡན་པས་ནི་གཉུག་མ་དེ་རྟོགས་ན། དཀར་པོ་ཅིག་ཐུབ་ཅེས་བྱ་སྟེ། སྒྲིབ་པ་ནི་གསུམ་ཀ་བྱང་། དགོས་པ་ནི་དབང་པོ་འབྲིང་དང་། ཐ་མལ་༼༡༠བ༽གྱི་ཞེན་པ་བཟློག །རབ་ཟུང་འཇུག་རྟོགས་པས་བདེན་པ་མཐོང་བར་བཤད། ཐ་མལ་གྱི་ཞེན་པ་ནི། འཇིག་རྟེན་པའི་མིང་དང་རུས་སྤངས་ཏེ། རིགས་ནི་རྡོ་རྗེའི་རིགས། མིང་ནི་ཧེ་རུ་ཀའོ། །ཟུང་འཇུག་གི་རྟོགས་པ་ནི། རེས་འཇོག་ཡིད་ཀྱི་ཡུལ་དུ་སྒྱུ་མ་ལྟ་བུ་བརྟགས་པ་ཙམ་དུ་སྣང་བ་ལས། དོན་ལ་གཉིས་སུ་མེད་པས་ནའོ། །འབྲིང་ནི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཐོབ་བོ། །རྒྱུད་ནས། རྡོ་རྗེ་འཛིན་པའམ། ཡང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ། །ཅེས་གསུངས་སོ། །ཐ་མ་ནི་ལྷ་མི་ཁྱད་པར་ཅན་དུ་སྐྱེའོ། །རབ་ཀྱིས་བདེན་པ་མཐོང་བའི་རྒྱུ་མཚན་ནི། ལྷ་སྐུ་གཟུང་བའི་ཡུལ་ཡིན། དེ་སྐྱེད་པར་བྱེད་པ་ནི་འཛིན་པའི་སེམས་ཡིན། གཟུང་འཛིན་གཉིས་མེད་དུ་ཤེས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པས་བདེན་པ་མཐོང་བའོ། །བརྟན་པའི་ཚད་ནི། རབ་བདེན་པ་མཐོང་། འབྲིང་སྒྱུ་མར་ངེས། །ཐ་མས་མོས་པ་བྱེད། ངོ་བོ་ལྷ། ངེས་ཚིག་རིམ་གྱིས་བསྐྱེད་པའོ། །དབྱེ་བ་ཐ་དད་པས་སོ། །ཞེས་གསུངས་སོ། །ཨྠི་། ན་མོ་གུ་རུ། ནད་ཞི་བར་བྱ་བ་ལ་གསུམ་ལས། དང་པོ་ནད་སྨ་དབབ་པ་ནི། ནད་སྔ་མའི་སྟེང་དུ། དེ་བས་ཀྱང་ཆེ་བ་ཅིག་བསམ་པས་ཞི་སྟེ་འོང་། ནད་ཚར་གཅད་པ་ནི། དང་པོ་ནད་དེ་གང་ནས་བྱུང་། བར་དུ་གང་ན་གནས། ཐ་མ་གར་སོང་དང་། ཁ་དོག་དང་དབྱིབས་ལ་བརྟག་པས་ཞི་སྟེ་འོང་། ནད་ལམ་དུ་ཁྱེར་བ་ནི། ནད་དུ་འཛིན་པ་ཡང་སེམས། ན་བར་བྱེད་པ་ཡང་སེམས་སུ་ཤེས་པར་བྱ། སེམས་སྐྱེ་བ་མེད་པར་ཤེས་པར་བྱ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་ཏུ་གྱུར་པ་མེད་དེ། སེམས་སྐྱེ་བ་མེད་པར་གོ་ན་ལྟ་བ། དེ་ལྟ་བུའི་དོན་དེ། ནང་དུ་སེམས་ལ་ཤར་ན་རྟོགས་པ། རྟོགས་པའི་དོན་དེ་ལ། སེམས་རྩེ་གཅིག་ཏུ་༼༡༡ན༽འཛིན་པ་སྒོམ་པ། དེ་ལ་མ་ཡེངས་པ་སྤྱོད་པ་ཡིན་གསུང་། དེ་ཉམས་སུ་ལེན་པའི་དུས་སུ། དོན་སྤྱིའི་ཚུལ་དུ་བསྒོམ་པ་དང་། དོན་དངོས་བསྒོམ་པའོ། །དང་པོ་ནི། ཆོས་ཐམས་ཅད་སྟོང་ཉིད་སྐྱེ་བ་མེད་པ། ཅི་ཡང་མ་ཡིན་པ་ལ་བློ་འཇོག་པ་ཡིན་ཏེ། དེ་བློས་བྱས་པ་ཡིན། དོན་དངོས་ནི། སེམས་ལྷན་ཅིག་སྐྱེས་པ། འོད་གསལ་བ་རིག་པའི་ངོ་བོ་དེ། ཆོས་སྐུ་ཡིན་ཏེ། དེ་ཉིད་མ་བཅོས་པ་གསལ་བའི་ངོ་བོ་དེ། དོན་དངོས་སོ། །དེ་ལྟ་བུའི་དོན་དེ། རྟེན་དང་བྲལ་བ། ཕྱོགས་སུ་མ་ལྷུང་བ། དཔེས་མཚོན་དུ་མེད་པ། བརྗོད་པའི་ཚིག་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པ། རྟོག་གེ་བའི་སྤྱོད་ཡུལ་མ་ཡིན་པ་སྟེ། གང་གིས་ཀྱང་ནི་དེ་མི་ཤེས། །བླ་མའི་བྱིན་རླབས་སྒོམ་པ་ཡིན། །ཤེས་རབ་མིག་གིས་དེ་མཐོང་འགྱུར། །ཁྱེད་དང་མཐུན་ན་ལེགས། མི་ཁོ་བོའི་འདོད་པ་དེ་ལགས། ཞེས་གསུང་ངོ་།། །།རྟོགས་པར་བྱ་བའི་ཆོས་གསུམ་ནི། ཅི་ཡང་མ་ཡིན་པ་ལས། སྣ་ཚོགས་སུ་ཤར་བར་རྟོགས་པར་བྱ། སྣ་ཚོགས་སུ་ཤར་ཡང་། དོན་ཅི་ཡང་མ་ཡིན་པར་རྟོགས་པར་བྱ། གཉིས་མེད་སྨྲ་བར་མི་བཏུབ་པར་རྟོགས་པར་བྱའོ། །ཉམས་སུ་བླངས་པའི་ཆོས་གསུམ་ནི། དང་པོ་རྩོལ་བསྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད། བར་དུ་ཐེ་ཚོམ་མེད་པར་སོ་མར་གཞག །ཐ་མར་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ། །ལྟ་སྒོམ་སྤྱོད་གསུམ་ནི། ལྟ་བ་མ་བཅོས་གཉུག་མའི་ཤེས་པ། སྒོམ་པ་མི་རྟོག་པ་ཐ་མལ་གྱི་ཤེས་པ། སྤྱོད་པ་མ་ཞེན་པ་ཚོགས་དྲུག་ལྷུག་པ་ཐབས་མ་ཡེངས་པ་དྲན་པ་རྒྱུན་ཆགས་སོ། །སངས་རྒྱས་དཔེ་ཏིལ་དང་ཏིལ་མར་བཞིན། དང་སེམས་ཅན་རྒྱུ་གཅིག །སྣང་བ་དང་སེམས་ཐ་དཔེ་ཆུ་དང་ཆབ་རོམ་༼༡༡བ༽བཞིན། མི་དད། གཉུག་མའི་དེ་ཁོ་ན་ཉིད་དེ། བྱིས་པས་མི་ཤེས་སྙིང་པོའི་དོན་ལ་འཁྲུལ། །ཞེས་རྗེ་སྙི་སྒོམ་གྱིས་ཤེས་རབ་བྱང་ཆུབ་ལ་སྒམ་པོ་དཔལ་གྱི་རི་ལ་གསུངས་པའོ།། །།ན་མོ་གུ་རུ། གྲུབ་ཐོབ་བླ་མ་རྣམས་ལ་ནི། །རྒྱུན་ཆད་མེད་པར་གསོལ་བ་འདེབས། །རང་སེམས་མ་བཅོས་ལྷུག་པར་ཞོག །མཆོག་འཛིན་བྱུང་ན་གོལ་བ་ཡིན། །ཆུ་བོའི་རྒྱུན་བཞིན་མ་བསྒོམས་ན། །རྣམ་རྟོག་དབང་གིས་འཆིང་ཉེན་ཡོད། །རྒྱུན་ཆད་མེད་པར་སྒོམ་པ་གཅེས། །རང་སེམས་གཉུག་མ་བལྟ་འདོད་ན། །རྩོལ་སྒྲུབ་སྤོངས་ལ་རྩ་རླུང་སྒོམས། །རང་སེམས་གློད་ལ་སེམས་ལ་ལྟོས། །ངོས་བཟུང་མེད་པར་གསལ་ན་ཡིན། །བལྟས་ན་མཐོང་ལ་བཞག་ན་བདེ། །གསལ་ལ་ངོས་བཟུང་མེད་པའི་ངང་། །ནམ་མཁའ་ལྟ་བུའི་རང་བཞིན་ལ། །དྲན་པའི་ཡིད་ཀྱིས་བཟུང་བར་བྱ། །སྣང་བ་རིག་པའི་དབྱིངས་སུ་ཐིམ། །འགྱུར་མེད་རང་གསལ་ངང་ལ་གནས། །འདི་རས་པའི་གསུང་ཡིན་ནོ། །ཞེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། །བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤཱནྟིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ་པར་དུ་བགྱིས་པའོ། །ཡི་གེ་པ་ནི་ཤེས་རབ་ཀུན་དགའ་ཡིན། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact