| / Mahamudra / Gampopa |
Gampopa's collected works (21)
༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་སྒོམ་རིམ་བཞུགས་སོ། །
༼༡བ༽རྗེ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་བསམ་གྱིས་མི་ཁྱབ་པ་དང་། ཐབས་བསམ་གྱིས་མི་ཁྱབ་པ་དང་། སྤྱོད་ལམ་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཐམས་ཅད་འདུས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་དང་། ས་ནོན་པའི་རིམ་པ་ལམ་འབྲས་བུ་དང་བཅས་པ་བསམ་གྱིས་མི་ཁྱབ་པའོ། །རང་བཞིན་བསམ་གྱིས་མི་ཁྱབ་པ་ལ་གསུམ་སྟེ། ངོ་བོ་དང་། དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི་བདེ་བ། གསལ་བ་སྟོང་པ་དབྱེར་མེད་པའོ། །དེ་ལ་སློབ་དཔོན་བཞི་སྟེ། བདེ་བའི་སློབ་དཔོན་ནི། སྣང་བ་དཀར་དམར་ཡིན་པས་མི་དགག །གསལ་བའི་སློབ་དཔོན་ནི། ཚོགས་དྲུག་ལྷུག་པ་ཡིན་པས་དུས་རྟག་ཏུ་ཚོགས་དྲུག་ལྷུག་པར་བཞག །སྟོང་པའི་སློབ་དཔོན་ནི། རང་བཞིན་མེད་པའི་རང་བཞིན་གྱིས། །ཤེས་རབ་འཆར་བ་ཡང་དག་གནས། །ཐབས་ཀྱི་ཆར་ནི་བསྐྱེད་པ་པོ། །བཟང་པོ་ཞབས་ཀྱི་ལུགས་༼༢ན༽ཡིན་ནོ། །སྣང་བ་ཐུག་ཕྲད་ཡིན་པས་སྤྱོད་ལམ་རྣམ་བཞི་ཐུགས་ཕྲད་དུ་བྱ། དབྱེར་མེད་ཀྱི་སློབ་དཔོན་ནི། སྣང་བ་ཐུག་ཕྲད་ཡིན་པས་ཤེས་པ་གཉུག་མ་མ་བཅོས་པར་བཞག་གོ །གཉིས་པ་དབྱེ་བ་ལ། མ་དག་པའི་བསྐྱེད་རྫོགས་གཉིས་སོ། །དག་པ་བདེ་བ་སྟོང་པ་ཉིད་ཀྱིས་མིན། །གཉིས་སུ་མེད་པ་དེ་བརྗོད་པ་དང་། ཁྱད་པར་རྟེན་དུ་སྣང་བ་ནི། མ་སྐྱེས་པ་དང་མ་འགགས་པ། འགྱུར་བ་མེད་པ། ཕྱག་རྒྱ་ཆེན་པོ་ཁྱད་པར་གནས། །ཐབས་བསམ་གྱིས་མི་ཁྱབ་པ་ནི། ཅུང་ཟད་ཀྱང་ནི་བསྒོམ་མི་བྱ། །གང་ཕྱིར་བསམ་མེད་ཆོས་འདི་ནི། །ཤིན་ཏུ་ཆེས་དག་དྲི་མ་མེད། །རྟོགས་པས་བསགས་པའི་བག་ཆགས་ནི། །གཉིས་མེད་མཆོག་ནི་བསྒོམ་མི་བྱ། །བག་ཆགས་ཟད་པར་བྱ་བ་སྟེ། །བདེ་བ་ཆེན་པོ་རྟག་ཏུ་ཤར། །གཞན་དུ་ངག་གི་ལམ་འདས་ཕྱིར། །སྨྲ་བ་ཉིད་དུ་སུས་མི་ནུས། །བག་ཆགས་ཟད་པར་གྱུར་པ་ནི། །གཉིས་སུ་མེད་པའི་སངས་རྒྱས་བརྗོད། །བག་ཆགས་ཟད་པའི་གནས་སྐབས་༼༢བ༽ན། སྐྱེས་བུ་ཐ་མ་འབྲིང་པོ་དག །གང་ཕྱོགས་འདི་ཡོད་མིན་པ་དེ། །གཉིས་མེད་ཅེས་བྱ་མིང་ཙམ་སྟེ། །དེ་ལ་མིང་ནི་ཡོད་མ་ཡིན། །སྟོན་པས་ངག་གི་སྦྱོར་བ་ཡིས། །སངས་རྒྱས་དང་ནི་གཉིས་མེད་བརྟགས། །དེ་ནི་སངས་རྒྱས་བརྗོད་པར་བྱ། །དུག་ལྔ་རོ་སྙོམས་སུ་འགྱུར་པའི་ཐབས། ཞེ་སྡང་ལ་སོགས་པ་སྐྱེས་པའི་དུས་སུ་དེ་རང་ལ་བལྟའོ། །སྣང་བ་གྲོགས་སུ་འགྱུར་བའི་ཐབས་ནི། གང་སྣང་གི་ངོ་བོ་ལ་བལྟའོ། །ཤེས་པ་རྩལ་སྦྱོང་བའི་དུས་སུ་སྣང་བ་སྐྱེ་མེད་ཀྱིས་རྒྱས་གདབ་པ་དང་། འབད་པ་མེད་པ་སྐུ་ལྔ་རང་རྫོགས་སུ་འགྱུར་བའི་ཐབས་ནི། ལུས་མ་བཅོས་པ། ངག་ཡན་པ། སེམས་རྟེན་མི་བཅའ་བ་ཤེས་པ་གཉུག་མར་བཞག་གོ །སྤྱོད་ལམ་བསམ་གྱིས་མི་ཁྱབ་པ་ནི། སྣང་བ་ཡེ་ཤེས་ཉམས་སུ་མྱོང་བའི་དུས་སུ་ཡིད་ལ་མ་བྱས་པས་སྟོང་པར་རོ་མཉམ། སྟོང་པ་ཡིད་ལ་མ་བྱས་པས་སྟོང་པར་རོ་མཉམ། སྟོང་པ་ཡེ་ཤེས་ཉམས་སུ་མྱོང་བའི་དུས་སུ་ཡིད་ལ་མ་བྱས་པས་ལྷན་ཅིག་སྐྱེས་པར་རོ་མཉམ། སྣང་གྲགས་བསམ་གྱིས་མི་ཁྱབ་པར་ཉམས་སུ་མྱོང་བའི་དུས་སུ་ཡིད་ལ་མ་བྱས་པས་དགག་བསྒྲུབ་མེད་པར་རོ་མཉམ། རྟེན་ཉམས་ན། བརྟེན་པ་ཉམས་པས་འཛིན་པ་དང་ཞེན་པ་ཡིད་ལ་མི་བྱའོ། །འདོད་ཆགས་སྐྱེས་པའི་དུས་སུ་རོ་གཅིག་པའི་ཕྱིར་བདེ་བར་རོ་མཉམ། ཞེ་སྡང་སྐྱེས་པའི་དུས་སུ་སྟོང་པར་རོ་མཉམ། བཏང་སྙོམས་སྐྱེས་པའི་དུས་སུ་གཉིས་མེད་དུ་རོ་མཉམ་མོ། །ཆོས་ཐམས་ཅད་འདུས་པའི་བསམ་གྱིས་མི་ཁྱབ་པ་ནི། སྣང་བ་ལ་ཞེན་པ་མེད་པ། གསལ་ལ་རྟོག་པ་མེད་པ། སྣ་ཚོགས་སྟོང་པར་རྟོགས་པ། བདེ་བ་ཡིད་ལ་མི་བྱེད་པའོ། །ས་ནོན་པའི་རིམ་པ་ནི། དབང་གི་སྒོ་ནས་སྟོན་ཏེ། བུམ་པས། ཀུན་བརྟགས་ཕུང་པོ་ལྔ་ལ་གཞན་དབང་རིགས་༼༣ན༽ལྔས་རྒྱས་བཏབ་པས། ཕྱི་གཟུང་བའི་རྟོག་པ་འགགས་ཏེ། ཚོགས་ལམ་ས་བརྒྱད་པའོ། །གསང་བས། ཅིར་སྣང་སེམས་སུ་གོ་བས་ནང་འཛིན་པའི་རྟོག་པ་འགགས་ཏེ་སྦྱོར་ལམ་ས་བཅུ་གསུམ་པའོ། །སྟོང་པས་རྒྱས་བཏབ་པས་གཟུང་འཛིན་གཉིས་ཀས་སྟོང་པས་མཐོང་ལམ་ས་བཅུ་བཞི་པའོ། །བདེ་བ་ཆེན་པོའི་རྒྱས་བཏབ་པས་ས་བཅུ་གཉིས་པ། བདེ་བ་ཆེན་པོ་བཅུ་གསུམ། དབྱེར་མེད་པ་ས་བཅུ་བཞི་པ་མཐར་ཕྱིན་པའི་ལམ་མོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ཆོས་ཀྱི་བེ་ལ་གདམས་སོ། །སློབ་དཔོན་ཆོས་ཀྱི་བེས་ཉམས་སུ་བླངས་པའི་དུས་སུ་རྟོག་པ་འདི་ལྟར་སྐྱེས་ཏེ། རང་བཞིན་བསམ་གྱིས་མི་ཁྱབ་པ་ལ་གསུམ་སྟེ། ངོ་བོ། དབྱེ་བ། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། ཆོས་དབྱིངས་སྤྲོས་པ་དང་བྲལ་བ། རྐྱེན་གྱིས་མ་བསླད་པ། ཤེས་པ་གཉུག་མ་བསམ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ། འབད་པ་མེད་པ། སྐུ་ལྔ་ལྷུན་གྱིས་གྲུབ་པ། མཚན་ཉིད་རབ་ཏུ་མི་གནས་པ། རིག་པའི་ཡེ་ཤེས་ཀྱིས་རྟོགས་པས། ཞེ་འདོད་སྒྲོ་སྐུར་དང་བྲལ་བའོ། །དབྱེ་བ་ལ་གཉིས་ཏེ། དག་པའི་དེ་བཞིན་ཉིད་དང་། མ་དག་པའི་དེ་བཞིན་ཉིད་དོ། །སྣང་གྲགས་སྣ་ཚོགས་སུ་ཤར་བ་ནི། འཁོར་བའི་ཕྱོགས་ནས་མ་དག་པའི་དེ་བཞིན་ཉིད་དོ། །དེ་ཉིད་རང་སྐྱེ་མེད་དུ་རྟོགས་པ་ནི་དག་པའི་དེ་བཞིན་ཉིད་དོ། །དེ་གཉིས་ཐ་མི་དད་པར་རྟོགས་པ་ནི་མི་གནས་པའི་དེ་བཞིན་ཉིད་དོ། །ཁྱད་པར་རྟེན་དུ་སྣང་བ་ལ་ལྔ་སྟེ། སྣང་གྲགས་སྣ་ཚོགས་ལ་ཁྱབ་པར་གནས་པ། སེམས་ཅན་ཐམས་ཅད་ལ་རང་ཆས་སུ་བསྒྲིབས་ནས་གནས་པ། སྐྱེས་པ་དང་བུད་མེད་ལ་ཁྱད་པར་དུ་གནས་པ། རིན་པོ་ཆེ་ལྟ་བུའི་གང་ཟག་ལ་ནུས་པ་ཐོགས་པ་མེད་༼༣བ༽པར་གནས་པ། བླ་མའི་མན་ངག་གིས་ཟིན་པའི་གང་ཟག་ལ། རྟོགས་པ་ཁྱད་པར་ཅན་དུ་གནས་པའོ། །ཐབས་བསམ་གྱིས་མི་ཁྱབ་པ་ལ་གསུམ་སྟེ། ཉི་མ་དང་ཟླ་བ་བཙོན་དུ་བཟུང་ལ། སོ་མ། རང་ཐང་། ལྷུག་པའོ། །སོ་མ་ལ་གསུམ་སྟེ། ལུས་སེམས་ཁོང་གློད་པ་དང་། ངག་རླུང་མི་བཅིང་བར་རང་དགར་བཞག་པ་དང་། ཤེས་པ་རྟེན་མི་བཅའ་བའོ། །རང་ཐང་ལ་ཡང་གསུམ་སྟེ། ཤེས་པ་རང་དགར་བཏང་ཡང་ཞེན་པ་མེད་པ། སྤྲོས་པའི་ཡུལ་མཚན་མར་སྣང་ཡང་ཡིད་ལ་མ་བྱས་པ་ཆོས་ཀྱི་སྐུར་ཤེས་པར་བྱས་ལ། དེ་ལ་མ་ཡེངས་པའོ། །ལྷུག་པ་ལ་ཡང་གསུམ་སྟེ། སྤྱོད་ལམ་གསུམ་ལ། རེ་དྭོགས་མེད་པ། ཚོགས་དྲུག་ལྷུག་པར་བཞག་པ། ཤེས་པ་ཉམས་དང་མི་འབྲལ་བའོ། །དེ་གསེང་བའི་ཐབས་གསུམ། རོལ་མོས་གསེང་བ་ནི་གླུ་དང་གར་ལ་སོགས་པ་རང་གིས་ཀྱང་བྱ། གཞན་བྱེད་པ་ལ་ཡང་བལྟའོ། །སྤྱོད་ལམ་གྱིས་གསེང་བ་ནི། འབྱུང་བ་རོ་མཉམ། བརྒྱུག་པ་དང་། མཆོང་བ་དང་། རྩེ་བ་ལ་སོགས་པ་ཅི་བདེ་བྱའོ། །ཤེས་པས་གསེང་བ་ནི་གཟུགས་སྒྲ་ལ་བྲོས་ཤིང་སྔར་གྱི་ཉམས་དང་མི་འབྲལ་བར་བྱའོ། །སྤྱོད་ལམ་བསམ་གྱིས་མི་ཁྱབ་པ་ལ་བཞི་སྟེ། སྒོམ་པའི་དུས་སུ་ནད་པ་གནད་དུ་ཕོགས་པ་ལྟ་བུ་བྱ། སྤྱོད་པ་ལ་བརྩོན་པའི་དུས་སུ་པདྨ་ལ་ཉི་མའི་འོད་ཟེར་ཕོག་པ་ལྟ་བུ་བྱ། བསོད་སྙོམས་ལ་རྒྱུ་བའི་དུས་སུ་དཔའ་བོ་ལྟ་བུའི་སྤྱོད་པ་བྱ། སྨྱོན་པ་བརྟུལ་ཞུགས་ཀྱི་དུས་སུ་སེང་གེ་ལྟ་བུའི་སྤྱོད་པ་བྱའོ། །ཆོས་ཐམས་ཅད་འདུས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ལ་ལྔ་སྟེ། འདོད་ཡོན་ལོངས་སྤྱོད་དུ་འདུ་བ། མངོན་དུ་གྱུར་པ་གྲོགས་སུ་འདུ་བ། མངོན་དུ་མ་གྱུར་པ་ཡོན་ཏན་དུ་འདུ་བ། ལུང་རིགས་ལ་སོགས་པ་བླ་མའི་མན་ངག་༼༤ན༽ཏུ་འདུ་བ། སྐུ་ལྔ་རང་ལ་རྫོགས་པར་འདུ་བའོ། །ས་ནོན་པའི་རིམ་བསམ་གྱིས་མི་ཁྱབ་པའི་རྟོག་པ་ཀུན་ཀུན་དུ་བཟང་མོ་ཞེས་གྲགས་པ་གཉིས་མེད་ཡིད་བཞིན་ནོར་བུའོ།། པ་ལམ་འབྲས་བུ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་ནི། མི་རྟོག་བསམ་གྱིས་མི་ཁྱབ་པས། །རྡོ་རྗེ་ཅན་དེ་ཐོབ་པར་འགྱུར། །ཞེས་གསུངས་སོ། །སློབ་དཔོན་བཟང་པོས་ཉམས་སུ་བླངས་པས་རྟོགས་པ་འདི་ལྟར་སྐྱེས་ཏེ། རང་བཞིན་ལ་གསུམ། ངོ་བོ་དང་། དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི་སྤྲོས་པ་དང་བྲལ་བ། རང་གཞན་གྱིས་ལྟ་བ་ལ་སྐུར་པ་མི་འདེབས་པ། རང་གཞན་གྱི་ལྟ་བ་ལ་སྒྲོ་མི་འདོགས་པ། དེ་ཡིད་སྨོན་གྱི་ཡུལ་མ་ཡིན་པ། སྒྲོ་སྐུར་དང་བྲལ་བའི་སྟོང་པའོ། །དབྱེ་བ་ལ་གཉིས་ཏེ། མ་དག་པའི་དེ་བཞིན་ཉིད་དང་། དག་པའི་དེ་བཞིན་ཉིད་དོ། །མ་དག་པའི་དེ་བཞིན་ཉིད་ནི། ལས་ཀྱི་ཕྱག་རྒྱ་དཔེའི་ཡེ་ཤེས་མིའི་བུ་མོ་ལས་འབྱུང་བས་དེ་ཡོད་ན་དཔེའི་ཡེ་ཤེས་ཉམས་སུ་མྱོང་བ་ལ། དེ་མེད་ན་མི་མྱོང་བས་ན་མ་དག་པའོ། །དོན་གྱི་ཡེ་ཤེས་མཚོན་དུ་ནུས་པས་དེ་བཞིན་ཉིད་དོ། །དག་པའི་དེ་བཞིན་ཉིད་ནི། ཆོས་ཀྱི་ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་སྟེ། ཆོས་ཀྱི་ཕྱག་རྒྱ་བླ་མའི་གདམས་ངག་ལས་འབྱུང་བ་སྟེ། བླ་མས་གདམས་པས་སྣང་བ་སྟོང་པར་རྟོགས་ཏེ་སྐྱེ་མེད་དུ་གནས་པས་དག་པའི་དེ་བཞིན་ཉིད་དོ། །མཐའ་གཉིས་དང་བྲལ་བའི་དགའ་བ་བཞི་དྲི་མ་མེད་པས་ཕྱག་རྒྱ་ཆེན་པོའི་དེ་བཞིན་ཉིད་དོ། །ཁྱད་པར་དུ་རྟེན་དུ་སྣང་བ་ལ་གསུམ་སྟེ། ལས་ཀྱི་ཕྱག་རྒྱའི་རྟེན་དཔེ་དང་རིག་མ་མཚན་ལྡན་ལས་བྱུང་སྟེ། མེད་ན་མི་འབྱུང་ངོ་། །ཆོས་ཀྱི་ཕྱག་རྒྱའི་རྟེན་གང་ཟག་ཡིན་ཏེ། ལུས་ཀྱི་འབད་པ་ཅི་བྱས་ཀྱང་བླ་མའི་གདམས་ངག་མེད་པར་མི་རྟོགས་ཏེ། ཆོས་ཀྱི་ཕྱག་རྒྱ་སྐྱེ་བའི་རྟེན་མ་ཡིན་ནོ། །ཕྱག་རྒྱ་༼༤བ༽ཆེན་པོ་ཡིད་ཀྱི་ལས་ཏེ། ལུས་ངག་གི་འབད་པ་ཅི་བྱས་ཀྱང་། ཡིད་གཉུག་མ་ལ་མ་གནས་ན་ཕྱག་རྒྱ་ཆེན་པོ་མི་རྟོགས་པས། ཕྱག་རྒྱ་ཆེན་པོའི་རྟེན་མ་ཡིན་ནོ། །ཐབས་བསམ་གྱིས་མི་ཁྱབ་པ་ལ་བཞི་སྟེ། ལུས་ལྷར་སྦྱང་བ་ནི། ཡི་དམ་ལྷར་བསྒོམ་པའོ། །རྩ་རྡོ་རྗེའི་དྲ་བ་བྱ་བ་ནི། རང་ལ་ཡོད་པ་སྦྱང་སྟེ། རྒལ་བའི་ནང་ཚན་ན། ལ་ལ་ནཱ་གཡས་གཟུང་བའི་རླུང་རྒྱུ་བ་ཁ་དོག་སྔོན་པོ། །ར་ས་ནཱ་ནི་གཡོན་འཛིན་པའི་རླུང་རྒྱུ་བ་ཁ་དོག་དམར་པོ། ཨ་ཝ་དྷཱུ་ཏི་དབུས་གཟུང་འཛིན་སྤངས་པའི་རླུང་རྒྱུ་བ་དཀར་པོ། རྩ་གསུམ་པོ་དེ་དབུས་ཀྱི་སྤྱི་གཙུག་གི་ཧཾ་ལ་ཕྲད་པས་རྩ་གཉིས་མར་སྣ་སྤུ་ནག་མཚམས། ཡར་སྣ་བུག་གཉིས་ལ་སླེབ་པར། ཤོག་བུ་སྟོང་པ་ལྟར་བསྒོམ་པ་ནི་རྩ་རྡོ་རྗེའི་དྲ་བའོ། །རླུང་ཟུང་འཇུག་ནི་སྟེང་འོག་གི་རླུང་བསྡམ་པའོ། །ཐིག་ལེ་སྐོར་ལྡོག་ནི་མར་ཧཾ་ལས་ཕབ་ཀྱིན་ཡར་རྩ་གསུམ་གསལ་བར་བྱས་ལ། གསང་བའི་རྡོ་རྗེ་ནས་སྙིང་གར་དྲང་། དེ་ནས་ཧཾ་ལ་བསྐྱལ་བ་ནི་ཐིག་ལེ་སྐོར་ལྡོག་གོ །དེ་ལ་རྟགས་ལྔ་ནི། དུ་བ་ཆུ་རླུང་ཟིན་པའི་རྟགས། སྲིན་བུ་མེའི་རླུང་ཟིན་པའི་རྟགས། སྨིག་རྒྱུ་སའི་རླུང་ཟིན་པའི་རྟགས། མར་མེ་རླུང་གི་རླུང་ཟིན་པའི་རྟགས། སྟོང་པ་ནམ་མཁའི་རླུང་ཟིན་པའི་རྟགས་སོ། །སྤྱོད་ལམ་ལ་བཞི་སྟེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ཟིན་པའི་དུས་སུ་ཤེས་པ་གར་གཏད་པར་མི་བཟོད་པ་དང་། ལུས་ཐམས་ཅད་བདེ་བས་གང་བ་དང་། སྣང་བ་ཡང་བདེ་བར་ཤར་བ་དང་། བདེ་བས་ཉོན་མོངས་པ་མགོ་ནོན་ནས་གསང་སྤྱོད་བྱ་སྟེ། དུར་ཁྲོད་དམ་དབེན་པར་མཚན་ལྡན་རིག་མ་ཅིག་བརྟེན་ལ་ཐིག་ལེ་རྩལ་སྦྱོང་ལ་སོགས་བྱའོ། །དེ་ལ་བརྟེན་ནས་སྟོང་པ་རྟོགས་པས་སྣང་བ་བན་བུན་ནམ། རང་ལ། སྐྱི་བུང་བའམ། འཇའ་ཚོན་ལྟར་རྟོགས་ནས་སྟོང་པ་ལྷན་ཅིག་༼༥ན༽སྐྱེས་པ་གོམས་ནས། མངོན་ཤེས་དང་ནུས་པ་སྐྱེས་ནས་རིག་མ་མང་དུ་བརྟེན་ལ། རིགས་མ་བརྟུལ་ཞུགས་ཀྱི་སྤྱོད་པ་དེས་དབང་པོ་རང་ཐོག་ཏུ་འགྱུར་ནས། སྐྱེ་མེད་ལྷན་ཅིག་སྐྱེས་པ་ལ་བརྟེན་པ་མཉམ་རྗེས་མེད་པར་ཐོབ་ནས་ཚོགས་སྤྱོད་བྱ་སྟེ། ཁྲོམ་ཆེན་དང་གདོལ་པ་དང་། རིགས་ངན་གྱི་ཁྱིམ་དུ་ཕྱིན་ཏེ། གླུ་གར་ལ་སོགས་པས་སེམས་གཟེང་བསྟོད། རྒྱུན་དུ་ཧབ་བརྟན་པར་བྱའོ། །དེས་མ་ཧཱ་མུ་དྲཱ་ཇི་ལྟ་བར་རྟོགས་པའི་དུས་སུ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱ་སྟེ། ནམ་མཁའ་སྐམ་གཤེར་དང་བྲལ་བ་བཞིན་དུ་སེམས་དགེ་སྡིག་དང་བྲལ་བ་སྟེ། རང་འབྱུང་མཚམས་མེད་པས་མི་དགོས་སོ། །ཆོས་ཐམས་ཅད་འདུས་པའི་ཚུལ་ལ་གཉིས་ཏེ། འཁོར་བའི་ཆོས་ཐམས་ཅད་ལུས་ངག་ལ་བསྡུས་ཏེ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་ཤེས་པ་གཉུག་མར་བསྡུའོ། །ས་ནོན་པ་ལ་གསུམ་སྟེ། ལས་རྒྱ་མཐར་ཕྱིན་པས་སྣང་གྲགས་ཐམས་ཅད་བདེ་བར་འཆར། ཆབ་རོམ་ཆུར་མཐོང་བ་དང་འདྲ་སྟེ། ཚོགས་ལམ། སྦྱོར་ལམ་ས་བཅུ་ནོན། ཆོས་ཀྱི་ཕྱག་རྒྱ་མཐར་ཕྱིན་ནས་སྣང་གྲགས་སེམས་སྐྱེ་མེད་ཀྱི་ཉམས་དང་མི་འབྲལ་བ། ཆབ་རོམ་ཆུར་ཞུ་བ་ལྟ་བུ་སྟེ། ས་བཅུ་གཅིག་ནོན། མ་ཧཱ་མུ་དྲཱ་མཐར་ཕྱིན་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ། སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པས། ཆབ་རོམ་ཆུ་རུ་ཞུ་བ་ལྟ་བུ་སྟེ། ས་བཅུ་གཉིས་ནོན་ནོ། །བཟང་པོ་ཞབས་ཀྱིས། ཏོག་རྩེ་བ་ལ་གདམས་སོ། །ཏོག་རྩེ་བས་ཉམས་སུ་བླངས་པས་རྟོགས་པ་འདི་ལྟར་སྐྱེས་ཏེ། རང་བཞིན་ལ་གསུམ་སྟེ། ངོ་བོ་དང་། དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། ཤེས་པ་གཉུག་མའི་ངོ་བོ་ཉིད། །༼༥བ༽སྤྱད་པའི་ཡུལ་ལས་འདས་པ་སྟེ། །རང་བཞིན་གྱིས་ནི་འོད་གསལ་བའི། །གཉུག་མ་ཉིད་དུ་གནས་པ་ཡིན། །བརྟན་དང་གཡོ་བའི་དངོས་པོ་ཀུན། །གཉིས་སུ་མེད་པར་རྣམ་པར་གནས། །རང་བཞིན་གྱིས་ནི་གདོད་ནས་དག །མཁའ་ལྟར་དྲི་མེད་ས་གཞི་ལ། །རང་བྱུང་རྦ་རླབས་མེད་པ་ནི། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །དངོས་དང་དངོས་མེད་རང་བཞིན་གྱིས། །གཉིས་ཀྱི་བག་ཆགས་འཆིང་བ་ཉིད། །རྟོག་པའི་དྲི་མ་དྲང་བ་ཡིས། །རིན་ཆེན་སེམས་ཅན་དྲི་ཅན་འགྱུར། །རྣམ་པར་མི་རྟོག་རང་བཞིན་གྱིས། །དྲི་མ་བྲལ་ཕྱིར་སངས་རྒྱས་ཉིད། །གཉིས་སུ་མེད་པའི་ཡེ་ཤེས་བརྗོད། །ཐམས་ཅད་མི་རྟོག་བདག་ཉིད་དུ། །རྣལ་འབྱོར་པ་ཡིས་རྟག་ཏུ་བལྟ། །སྐྱེས་པ་རྣམས་ནི་རྒྱུ་ཡིན་ཏེ། །མ་སྐྱེས་པ་ཡང་དེ་བཞིན་ནོ། །གཉིས་ཀྱི་རྣམ་པ་དང་བྲལ་བས། །བསྒོམ་བྱ་སྒོམ་བྱེད་སྤངས་པའོ། །བག་ཆགས་སྤངས་པའི་ཡེ་ཤེས་ནི། །བཟང་པོ་ཞབས་ཀྱི་རིང་འོངས་པ། །ཞེས་གསུང་ངོ་། །དབྱེ་བ་ལ་ཡང་གཉིས་ཏེ། དག་པའི་དེ་བཞིན་ཉིད་དེ། སྐུ་གསུམ་གྱི་སྤྲུལ་པར་སྣང་། མ་དག་པ་རྣམས་ལ་སེམས་ཅན་གྱི་སྤྲུལ་པར་སྣང་ངོ་། །ཁྱད་པར་རྟེན་དུ་སྣང་བ་ལ་གཉིས་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་ལ་འཁོར་འདས་ཐམས་ཅད་མཉམ་པར་རྟོགས། ཐུན་མོང་བས་སོ་སོར་མཐོང་བ་ལ་གསུམ་སྟེ། ཕྱིའི་ཉི་ཟླ་གཟས་ཟིན། ནང་གི་ཉི་ཟླ་གཟས་ཟིན། གསང་བའི་ཉི་ཟླ་གཟས་ཟིན་ནོ། །ཕྱིའི་ཉི་ཟླ་གཟས་ཟིན་ནི། ལས་རྒྱའི་དུས་སུ་ཡིད་བཟོད་ཅིང་རླུང་དག །ནང་གི་ཉི་ཟླ་གཟས་ཟིན་ནི། །ཚོགས་དྲུག་ལྷུག་པར་བཞག་པས་སེམས་གཡོ་བ་མེད། །གསང་བའི་ཉི་ཟླ་གཟས་ཟིན་ནི། རླུང་རྒྱུ་བ་མེད་པའི་དུས་སུ་ཆོས་ཀྱི་ཕྱག་རྒྱས་རྒྱས་གདབ་ཅིང་སྒོམ། སྤྱོད་ལམ་ལ་༼༦ན༽གསུམ་སྟེ། ཚོགས་དྲུག་ཅིར་སྣང་ཐམས་ཅད་དགག་སྒྲུབ་མེད་པར་སྤྱོད་དོ། །དབང་པོའི་པད་མ་ཉམས་སུ་མྱོང་བས་ཡེ་ཤེས་ངོས་གཟུང་། སྙིང་ཀའི་པད་མ་ཉམས་སུ་མྱོང་བས་གཉིད་དང་སྲེ། ནམ་མཁའི་པདྨ་ཉམས་སུ་མྱོང་བས་ཤེས་པ་རང་གར་འདོད་ཀྱི་གནས་སུ་བསྐྱལ། དེ་ལ་དབང་པོ་དམན་པ་ནི། མིག་གིས་གཟུགས་ཆེར་མཐོང་བའི་དུས་སུ་ཤེས་པ་སྔ་མ་ནི་འགགས། ཕྱི་མ་མ་སྐྱེས་པའི་བར་ན། ཤེས་པ་བྱ་ལམ་རྗེས་མེད་བཞིན། རྒྱུ་བ་ཡང་མེད། སྤྲོས་པ་ཡང་མེད། མཉམ་ཉིད་དུ་གནས་པའི་དུས་སུ། རོ་རྐྱང་ནས་རླུང་ལོག་ནས་གནས། རླུང་ཞུགས་པའི་རྟགས་ཚོགས་དྲུག་འདྲའོ། །ཆོས་ཐམས་ཅད་འདུས་པའི་ཚུལ་ལ་གཉིས་ཏེ། དག་པ་ས་གསུམ་འཁོར་འདས་ལྷན་ཅིག་སྐྱེས་པ་མྱ་ངན་ལས་འདས་པར་འདུས་སོ། །ས་ནོན་པའི་རིམ་པ་ནི། ཚོགས་ལམ་ས་བརྒྱད། སྦྱོར་ལམ་ས་དགུ །སྒོམ་ལམ་ས་བཅུ། མི་སློབ་ལམ་བཅུ་བཞིའོ། །ཏོག་རྩེ་པས། ལྭ་བ་པ་ལ་གདམས་སོ།། །།ལྭ་བ་པས་ཉམས་སུ་བླངས་པས། རྟོགས་པ་འདི་ལྟར་སྐྱེས་ཏེ། རང་བཞིན་ལ་གསུམ། ངོ་བོ། དབྱེ་བ། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། གསུམ་པའི་དུས་ཀྱི་དེའོ། །དབྱེ་བ་ལ་གཉིས་ལས། མ་དག་པའི་དེ་བཞིན་ཉིད་ནི། མི་རྟོག་པ་དང་བྲལ་ནས་སྒྲིབ་པ་ནི་སྲིད་པ་བར་དོར་བརྒྱལ་ནས་གནས་སོ། །དག་པའི་དེ་བཞིན་ཉིད་ནི། བླ་མའི་གདམས་ངག་ལ་བརྟེན་ནས་རང་བཞིན་འོད་གསལ་ངོ་ཤེས་ཏེ་བར་དོར་སངས་རྒྱའོ། །ཁྱད་པར་རྟེན་དུ་སྣང་བ་ནི། གསུམ་པའི་དབང་ཐོབ་པའི་ཁྱད་པར་རོ། །ཐབས་ནི། ལུས་སེམས་མ་བཅོས་ཞི་བའི་རླུང་དེ་ལ། ཉམས་ལ་རྙོག་པ་མ་ལངས་བར་དུ་གསུམ་པའི་ཉམས་ལས་མ་ཡེངས་པར་བྱའོ། །སྤྱོད་ལམ་ནི། ཕྱི་༼༦བ༽ནང་གི་ཆོས་ལ་ཕྱོགས་རིས་སུ་མི་འཛིན་པའི་ཉམས། ཆོས་ཐམས་ཅད་ཁོང་ཡངས་ཤིང་སྤོང་ལེན་མི་བྱེད་པ་ནི་གོམས་པའི་ཉམས། གང་ལ་ཡང་སྐྱོན་དུ་མི་ལྟ་དངོས་པོར་མི་འཛིན་པ་ནི་ཤེས་རབ་ཀྱི་ཉམས་སོ། །སྐྱོན་གང་ལ་ཡང་རྟོགས་པ་མེད། ཡོན་ཏན་གང་ལ་ཡང་ཆགས་པ་མེད་པ་ནི་བསྒོམ་པའི་ཉམས། འཁོར་བའི་ཆོས་མི་སྤོང་། མྱ་ངན་ལས་འདས་པའི་ཆོས་མི་བསྒྲུབ་པ་ནི་ཉམས་སུ་ལེན་པའི་ཉམས། བདེ་བ་ལ་འདོད་པ་མི་སྐྱེ། སྡུག་བསྔལ་ལ་སྐྱོན་དུ་མི་ལྟ་བ་ནི་གྲུབ་པའི་ཉམས། སྤྱོད་ལམ་རྣམ་བཞི་ལ་ཡང་ཡེངས་པ་མེད་ལ་སྔ་ཕྱི་འགྱུར་བ་མེད་པ་ནི་ཀློང་དུ་གྱུར་པའི་ཉམས། ལྷན་ནེ་ལྷང་ངེས་སལ་ལེ་སིང་ངེ་རྒྱུན་དུ་གནས་པ་ནི་མཐར་ཕྱིན་པའི་ཉམས་སོ། །ཆོས་ཐམས་ཅད་འདུས་པའི་ཚུལ་ནི། དོན་དམ་པ་ཡིད་ལ་མི་བྱེད་པའོ། །དེའི་དམ་ཚིག་ཕྱི་རོལ་གྱི་སྦྱིན་སྲེག་ལ་སོགས་པའོ། །ས་ནོན་པ་ནི། འཆི་ཀའི་དུས་དབུགས་ཉལ་གྱིས་འཆད་དེ་ཙ་ན། རོ་རྐྱང་ནས་རླུང་ལོག་ནས་ཀུན་འདར་དུ་ཞུགས་པས། ཞེན་པ་མེད་པར་བདེ་བ། ཡེ་ཤེས་ཕྱིའི་མི་རྟོག་པ་ཅིག་འོང་སྟེ། དེ་ནི་འཆི་བའི་དོན་དམ་པ་ཆོས་སྐུ་ཞེས་བྱ། དེ་ལ་མ་རིག་པ་ངོ་ཤེས་པས་རང་བཞིན་གྱི་འོད་གསལ་དང་སྲེ་ཤེས་ན་ས་བཅུ་བཞི་ནོན་ནས་བར་དོར་སངས་རྒྱའོ། །ལྭ་བ་པས། ཏཻ་ལོ་པ་ལའོ།། །།ཏཻ་ལོ་པས་ཉམས་སུ་བླངས་པས་རྟོགས་པ་འདི་ལྟར་སྐྱེས་ཏེ། རང་བཞིན་ལ་གསུམ། ངོ་བོ། དབྱེ་བ། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི་མི་མནོ། མི་བསམ། མི་སྒོམ། མི་སེམས། མི་དཔྱད། རྣམ་པར་དག་པའི་རང་བཞིན་དེ། །གང་གིས་སྤྱོད་ཡུལ་ལམ་ལས་འདས། །གདོད་ནས་གཉིས་མེད་གནས་པ་ཉིད། །འགྱུར་བ་མེད་པ་འདུས་མ་བྱས། །དུས་གསུམ་སངས་རྒྱས་ཀུན་གྱི་གནས། །དབྱེ་བ་ལ་གཉིས་ཏེ། དག་པའི་དེ་༼༧ན༽བཞིན་ཉིད་ལ་ནི་འཁོར་འདས་གཉིས་མེད་བསྐྱེད་པའོ། །མ་དག་པའི་དེ་བཞིན་ཉིད་ནི། དངོས་པོ་མི་བདེན་བརྫུན་པ་ལ། མཚན་མར་འཛིན་པ། ཡང་དག་ཏུ་འཛིན་པས་ཁམས་གསུམ་དུ་འཁོར་བར་འཁྱམས་སོ། །ཁྱད་པར་རྟེན་དུ་སྣང་བ་ལ་དྲུག་སྟེ། དབང་བཞིས་དུག་ལྔ་ལམ་དུ་འཁྱེར་བའི་ཁྱད་པར། བསྐྱེད་རྫོགས་ཐ་མི་དད་དུ་བསྒོམས་པས་སྐུ་གསུམ་རྒྱུན་མི་འཆད་པའི་ཐབས་སྣ་ཚོགས་ཀྱི་ཁྱད་པར། ཤེས་རབ་ཙམ་བསྒོམ་པས་འཁོར་འདས་དགག་སྒྲུབ་མེད་པའི་ཁྱད་པར། དབང་གསུམ་པས་དོན་གྱི་ཡེ་ཤེས་ངོས་ཟིན་པའི་ཁྱད་པར། ཐ་མལ་གྱི་གཉིད་འོད་གསལ་དུ་ལོག་པའི་ཁྱད་པར། འཆི་ཀའི་གདམས་པས་ཤེས་པ་རང་གར་འདོད་དུ་བསྐྱལ་བའི་ཁྱད་པར་རོ། །ཐབས་ལ་གསུམ་སྟེ། ལུས་སེམས་རྣལ་དུ་ཕབ་ལ་ཤེས་པ་ནམ་མཁའི་མཚན་ཉིད་ལྟ་བུར་རང་ནུས་པ་བསྐྱེད། རྐྱེན་གྱིས་མི་འཇིགས་པའི་བདེ་གསལ་མི་རྟོག་པས་ཁྱབ་པ། འདི་ཡིན་མེད་པའི་ངང་ལ་འོག་སྒོ་གཞུ་བརྡུངས་པ་ལྟ་བུ་བསྡམས་པས་བདེ་བ་སྐྱེ། འོག་སྒོ་འབྱེད་འཛུམ་བྱས་པས་བསྲེ། སྲོག་རྩ་ནས་ཡར་ཙཎྜཱ་ལི་ཏྲི་ཤཱུལ་རྩེ་གསུམ་པ་ལྟར་བསྒོམས་པས་བདེ་བ་བསྐྱེད། སྤྱོད་ལམ་ནི། ཡེངས་པ་མེད་པའི་བདག་ཉིད་ཀྱིས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་པས། །མེ་ལོང་ལྟ་བུའི་གཟུགས་བརྙན་ལ། །ཐབས་ནི་ཇི་ལྟར་སྣང་བ་ལྟར། །མིག་སོགས་ཡིད་ཀྱི་རྣམ་ཤེས་ལ། །དཔེ་ཡི་དངོས་པོ་རྣམ་པར་སྤང་། །ཅིག་ཉིད་ཐོག་མ་མེད་པ་ཉིད། །མཐའ་མེད་པ་ཡང་རྣམ་པར་གནས། །མཆོག་གཅིག་གིས་ནི་ཤེས་པར་འགྱུར། །གང་ལའང་ལྕེ་ཡིས་མི་འགྱུར་བའི། །དེ་རིང་ནཱ་རོའི་གདམས་པ་ཡིན། །རོ་དྲུག་གཅིག་གི་དངོས་པོ་ལ། །གཉིས་མེད་མཆོག་གིས་རྟོགས་པར་བྱ། །མིག་གི་རྣམ་༼༧བ༽ཤེས་རྟོགས་པ་ན། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །སྤྲོས་པ་ཐམས་ཅད་རྣམ་བྲལ་ཞིང་། །ནམ་མཁའ་ལྟ་བུར་དྲི་མ་མེད། །རྟོག་པའི་དྲི་མ་རྣམ་བཅད་པའི། །ཕྱག་རྒྱ་ཆེན་པོ་ཡིན་པར་བསྟན། །སེམས་ཅན་ཀུན་གྱི་བསམ་པ་ནི། །ཤེས་རབ་མ་ལ་རྣམ་པར་གནས། །སྙིང་རྗེ་པདྨའི་མདའ་ཡིས་ནི། །བདེ་བ་ཆེན་པོའི་འབེན་ལ་འབིགས། །རྟོག་པ་ཀུན་ལས་ངེས་པར་གྲོལ། །གཉིས་སུ་མེད་ཅིང་མཆོག་ཏུ་ཞི། །མཁའ་མཉམ་རྣམ་རྟོག་ལས་གྲོལ་བ། །གཉིས་སུ་མེད་པར་བདེ་བར་སྤྱོད། །གཉིས་མེད་བཅུད་ཀྱིས་བསྡུས་པ་ཡི། །རྡོ་དང་ཤིང་དང་དེ་ཡི་ས། །ལྷ་ཡི་རྣམ་པར་འགྱུར་བ་ནི། །བཟང་པོ་ཞལ་སྔ་ནས་ཀྱིས་བསྟན། །བསམ་བྱ་གཉིས་མེད་ངོ་མཚར་ཆེ། །ཆོས་ཐམས་ཅད་འདུས་པའི་ཚུལ་ལ་གཉིས་ཏེ། ཚོགས་དྲུག་འཁོར་བར་འདུས། དྲུག་མྱ་ངན་ལས་འདས་པར་འདུས་པའོ། །ས་ནོན་པའི་རིམ་པ་ནི། འཆི་ཀའི་གདམས་པས་ཤེས་པ་འོད་གསལ་དུ་བསྐྱལ་བས་ས་བཅུ་བཞི་ནོན་ནོ། །ཏཻ་ལོ་པས། ནཱ་རོ་པ་ལ་གདམས་པའོ།། །།ནཱ་རོ་པས་ཉམས་སུ་བླངས་པས་རྟོགས་པ་འདི་ལྟར་སྐྱེས་ཏེ། རང་བཞིན་ལ་གསུམ། ངོ་བོ་དང་། དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། བར་དོར་འོད་གསལ་ཆོས་སྐུ་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལོ། །སྲིད་པ་བར་དོ་ཡིད་ཀྱི་ལུས། །སྤྲུལ་པའི་སྐུ་འཇིག་རྟེན་གྱི་ཁམས། རིགས་མཐུན་ལྷ་མིན་དག་པའི་སྤྱོད་ཡུལ་ལོ། །དེ་ཉིད་ལ་གནས་མེད་ཅིང་ཐམས་ཅད་གསལ་ལ་ཅིར་ཡང་འཆར་ཏེ། ལུས་མེད་དབང་པོ་ཕུགས་ན་གནས། །རིང་དུ་རྒྱུ་ཞིང་གཅིག་པུར་གནས། །འདུལ་དཀའ་བ་ཡི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེར་ངས་བཤད་དོ། །ཞེས་གསུངས་སོ། །དབྱེ་བ་ལ་གཉིས། མ་དག་པའི་དེ་བཞིན་ཉིད་ནི། འཁོར་འདས་ཐམས་༼༨ན༽ཅད་བཅོས་མའི་རང་བཞིན་ཡིན་པས་སྒྱུ་མ། རྣམ་པར་ཤེས་པའི་རང་བཞིན་ཡིན་པས་རྨི་ལམ། རང་བཞིན་མ་གྲུབ་པས་སྨིག་རྒྱུ། མ་རྟོགས་པའི་སྒོ་ནས་ཆུ་བུར་རམ་ན་བུན་ནོ། །དག་པའི་དེ་བཞིན་ཉིད་ནི། ཆོས་ཐམས་ཅད་ནམ་མཁའི་དབྱིངས་ལྟར་མཐོང་བའོ། །ཁྱད་པར་རྟེན་དུ་སྣང་བ་ནི། སྦྱོར་བའི་རྣལ་འབྱོར་པས། སྣང་བའི་རྣམ་པ་དྲི་མེད་ཉིད། །ཡེ་ཤེས་རང་ལ་སྐྱེ་བར་འགྱུར། །བསམ་གྱིས་མི་ཁྱབ་མི་རྟོག་པས། །སངས་རྒྱས་ཉིད་ནི་ངེས་པར་ཐོབ། །ཐབས་ནི། སྒྱུ་ལུས་ཆུ་ཟླ་བཞིན་དུ་བལྟ། །དྲན་རིག་ན་བུན་བཞིན་དུ་བསླབ། །སྐྱེས་པ་བུད་མེད་ལ་བརྟེན་ནས། །གཟུགས་ལ་བལྟས་པས་བདེ་བ་སྐྱེ། །ཆགས་པའི་མིག་གིས་བལྟ་བྱ་ཞིང་། །སེམས་ནི་གཟུགས་སྒྲ་ལ་བལྟས་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ། །དེ་ཉིད་རྒྱུན་དུ་འཆར་ལ་བསླབ། །ཧཾ་ལས་རིམ་གྱིས་སྐྲ་མཚམས་ནས། །དབབ་བཟློག་དབབ་པའི་རིམ་པ་བཞིན། །གྲངས་ཁ་བཅུ་སོགས་ཀྱིས་བཟློག་ཅིང་། །གཤེགས་པས་རླུང་གིས་ཁུ་བ་སོགས། །རྩ་སྦུབས་ཀུན་ཏུ་ངེས་པར་བསམ། །སྤྱོད་ལམ་ནི། འཁོར་བ་ཞེས་བྱ་བ་ནི་འཛིན་པའི་སེམས་སོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་དངོས་པོ་ལ་སེམས་མངོན་པར་མི་ཞེན་པའོ། །སློབ་དཔོན་མ་བྲལ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་ཤེས་པའོ། །དད་པ་ཅན་ཞེས་བྱ་བ་ནི་དེ་དང་མ་བྲལ་བའོ། །སངས་རྒྱས་དང་མཉམ་ཞེས་བྱ་བ་ནི་འཁོར་འདས་མཉམ་པའི་དོན་རྟོགས་པའོ། །ཐམས་ཅད་འདུས་པའི་ཚུལ་ནི། འོད་གསལ་བའི་ཡེ་ཤེས་ཆོས་སྐུ་མྱ་ངན་ལས་འདས་པ། སྐུ་གཉིས་འཁོར་བར་འདུས་པའོ། །ས་ནོན་པ་ནི། འཆི་ཀ་མ་ཡི་དབང་བྱས་ན། འབྱུང་བ་རིམ་གྱིས་༼༨བ༽འགགས་པ་ནི། ཀུན་རྫོབ་སྤྲུལ་སྐུའི་རྒྱུ་ཧཾ་གི་ཐིག་ལེ་མི་ཤིགས་པ་དང་། དོན་དམ་པ་འབྲས་བུ་ལོངས་སྐུ། བར་དོ་འོད་གསལ་ཆོས་སྐུ་ད་ལྟ་བས་སྟོང་འགྱུར་གྱིས་གསལ་བ་འབྱུང་། ཟུང་འཇུག་གི་སྐུ། སྐུ་བཞི་རྒྱུན་མི་འཆད་དུ་སྲེ་ཤེས་ན་ས་བཅུ་བཞི་ནོན། །སློབ་དཔོན་ཆེན་པོ་ནཱ་རོ་པས། མར་པ་ལ་གདམས་སོ། །མར་པས་མི་ལ་ལ་གདམས་སོ། །བླ་མ་མི་ལས་ཉམས་སུ་བླངས་དུས་སུ་ཅིག་ཅར་དུ་འཇུག་པ་ལ་བསམ་གྱིས་མི་ཁྱབ་ལྔར་རྟོགས་ཏེ། རང་བཞིན་བསམ་གྱིས་མི་ཁྱབ་པ་གསུམ་སྟེ། ངོ་བོ་དང་། དབྱེ་བ་དང་། ཁྱད་པར་རྟེན་དུ་སྣང་བའོ། །ངོ་བོ་ནི། དང་པོ་གཞི་མ་རིག་པ་རྩ་བ་དང་བྲལ་བའི་སྟོང་པ་སྟེ། ཡེ་ནས་རྒྱུ་དྲི་མ་མེད་པར་གནས། ལམ་དྲི་མ་མེད་པར་རྟོགས། འབྲས་བུ་དྲི་མ་མེད་པར་འཆར་བས་གཉུག་མ་མ་བཅོས་པའི་ཡེ་ཤེས་དེ། སངས་རྒྱས་དང་སེམས་ཅན་རྒྱུ་གཅིག་ཏུ་རྟོགས་པས་འཁོར་འདས་དབྱེར་མེད་པར་བསྟན་ནོ། །དཔེར་ན་ཏིལ་དང་ཏིལ་མར་རམ། ཆུ་དང་ཆབ་བཞིན་ནོ། །དབྱེ་བ་ལ་གཉིས་ཏེ། རེ་བ་དང་དྭོགས་པ། དེ་གཉིས་བྱུང་ན་ལྟ་བ་མ་རྟོགས་པའི་སྐྱོན་ཡིན་པས་ཐོས་པ་ལ་ནན་ཏན་བསྐྱེད། བསྒོམ་བྱ་དང་། སྒོམ་བྱེད་གཉིས་བྱུང་ན་སེམས་རྩེ་གཅིག་ཏུ་མ་བྱས་པའི་སྐྱོན་ཡིན་པས། སྒོམ་ཡུན་བསྲིང་ཞིང་ཞེན་མེད་ལ་ནན་ཏན་བསྐྱེད། བླང་བྱ་དང་དོར་བྱ་གཉིས་བྱུང་ན་འཁོར་བ་ཉིད་ཞི་བར་མ་རྟོགས་པའི་སྐྱོན་ཡིན་པས། རྟོགས་པ་བསྐྱེད་པ་ལ་གཉིས་མེད་ལ་ནན་ཏན་བསྐྱེད། ཉེ་དུ་ལ་ཆགས་ན་འདོད་ཡོན་ལམ་དུ་འཁྱེར་མ་ཤེས་པའི་སྐྱོན་ཡིན་པས། ཐབས་ཀྱིས་གྲོགས་ལ་ཞེ་མི་སྡང་བར་བྱ། ཁྱད་པར་དུ་རྟེན་སྣང་བ་ལ་འཇིག་རྟེན་ཆོས་བརྒྱད་ལས་བཟློག་ལ་དངོས་པོ་ལ་ཡང་བདག་ཏུ་འཛིན་པར་མི་བྱ་བར། སྐུ་གསུམ་དང་རྒྱུན་མི་འཆད་༼༩ན༽དུ་མ་བྲལ་བར་བྱའོ། །ཐབས་བསམ་གྱིས་མི་ཁྱབ་པ་ལ་གཉིས་ཏེ། ཡིད་ལ་གང་ཡང་མ་བྱས་པས་བཞག་སར་མ་ལྟེངས་པ། བཏང་སར་མ་འབྱམས་པ། བཏང་སྙོམས་ཀྱི་རྟོག་པ་ལས་ལོག་ནས། སྒོམ་པ་གཡེར་ཐོན་པ། མི་རྟོག་པའི་གཟུང་འཛིན་དང་བྲལ་བའི་བསྒོམ་པ་སྟེ། རྒྱུན་ཆད་མེད་པར་འགྲོ་འཆག་ཉལ་འདུག་སྤྱོད་ལམ་རྣམ་བཞི་ཡེངས་པ་མེད་པར་ནང་ནས་འཆར་ཏེ། དངོས་པོ་བསྒོམ་དུ་མེད་ཀྱང་དོན་ལ་ཡེངས་སུ་སྐད་ཅིག་ཀྱང་མེད་དོ། །ཤེས་པ་ཕྱིར་མི་སྤྲོ་ནང་དུ་མི་བསྡུ་བར་རང་དྭངས་གཏད་མེད་དུ་རང་ལུགས་བཅས་བཅོས་མི་བྱ་བར་རང་ཐད་དུ་བཞག་གོ །དེ་ལ་ཉམས་རྣམ་པ་བཞི་འབྱུང་སྟེ། སྣང་བ་ནི་ཡོད་ལ་དངོས་པོར་རྟོག་པ་མེད་པའི་ཉམས་དང་། ཏིང་ངེ་འཛིན་གསལ་བ་ནི་ཡོད་ལ་གཟུང་འཛིན་གཉིས་མེད་པའི་ཉམས་དང་། སྒོ་ལྔ་གློ་བུར་དུ་ཤེས་པ་ཡོད་ལ་གསལ་ལ་ཞེན་པ་མེད་པས། ཡིད་གཉིས་ཀྱང་མི་འགྱུར་བའི་ཉམས་དང་། རིག་པ་ནི་གསལ་ལ་འཕོ་འགྱུར་མེད་པས་འགྲོ་འོང་མེད་པའི་ཉམས་བསྒོམས་ན་རང་ཤུགས་ཀྱིས་འབྱུང་ངོ་། །སྤྱོད་ལམ་བསམ་གྱིས་མི་ཁྱབ་པ་ནི། ཉོན་མོངས་པ་ཐོག་བརྫིས་ཞེན་མེད་དུ་བྱ་བ་ལ་བདུན་ཏེ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་རྡོ་རྗེ་སློབ་དཔོན་མི་སྤང་། སྣང་བ་སེམས་སུ་རྟོགས་ཀྱང་འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱུན་མི་གཅོད། འཁོར་བ་ལ་དོགས་པ་མེད་ཀྱང་སྡིག་པ་ཕྲ་མོ་ཙམ་ལ་ཡང་འཛེམ་པར་བྱ། འབྲས་བུ་ཆོས་སྐུ་ལ་རེ་བ་མེད་ཀྱང་སེམས་ཅན་ལ་མོས་པ་ཐ་དད་པས་ཆོས་གང་ལ་ཡང་སྒྲོ་སྐུར་མི་གདབ། རང་ལ་ཏིང་ངེ་འཛིན་འབྱུང་བ་བཞིས་མི་གནོད་པ་ཡོད་ཀྱང་ཆེ་བའི་ང་རྒྱལ་མི་བྱ། འཁོར་འདས་དབྱེར་མེད་དུ་རྟོགས་ཀྱང་རི་ཁྲོད་དགོན་པ་མི་སྤང་། རང་གཞན་ཐ་༼༩བ༽མི་དད་དུ་རྟོགས་ཀྱང་དམིགས་པའི་སྙིང་རྗེ་རྒྱུན་མི་གཅོད་པ་དང་། ཞེན་ཆགས་མཁའ་ལྟར་དག་པའི་སྤྱོད་ལམ་མོ། །ཆོས་ཐམས་ཅད་འདུས་པའི་ཚུལ་ལ་གཉིས་ཏེ། སངས་རྒྱས་ལ་རེ། འཁོར་བ་ལ་དོགས། སྣང་བ་ལ་ཆགས། རེ་དྭོགས་གཟུང་འཛིན་གཉིས་ཀྱིས་བཅིངས་བས་གཟུང་འཛིན་དུ་འདུས་སོ། །ས་ནོན་པའི་ལམ་འབྲས་བུ་དང་བཅས་པ་ལ། སེམས་ཀྱི་ངོ་བོ་གདོད་ནས་དྲི་མེད་གནས་པ་ལ། སྐྱེ་བ་མེད་པར་རྟོགས་པས་ལམ་དུ་ཤར་བ་ཡིན། དེ་རྟོགས་པ་བརྟན་པས་ཡིད་ཀྱི་གཡོ་བ་ཐ་དད་དུ་འདུ་ཤེས་རྡུལ་ཙམ་ཡང་མེད་པ་སྐྱེ་ན། འབྲས་བུ་དྲི་མ་མེད་པ་འཆར་བས་ན། སྐུ་གསུམ་རང་ཆས་གདོད་མ་ཡེ་ནས་གནས་པ་ཡིན། ཉི་མའི་འོད་ཀྱི་ཚུལ་བཞིན་ལོགས་ན་མེད། དཔེར་ན། སྣང་བ་ཤར་བས། མུན་པ་འབྲོས་པ་བཞིན་གཉིས་མེད་རྟོགས་པས་འཛིན་རྟོག་ལོག་པ་དང་། གཅིག་ཏུ་རྟོགས་པས་རེ་དྭོགས་ལོག་པ་དང་། མཉམ་ཉིད་དུ་རྟོགས་པས་དགག་སྒྲུབ་ལོག་པ་དང་། དེ་དང་གཞན་ནས་སྤང་ཐོབ་ཅི་ཡང་མེད། །སེམས་ཀྱི་རང་བཞིན་ཡེ་ནས་དེ་ལྟར་གནས། །ད་ལྟ་དེ་ལྟར་རྟོགས་པའི་རྒྱུ་ཉིད་ཀྱིས། །བར་དོ་ལ་ནི་བར་དོར་ཤེས་པར་འགྱུར། །དེ་ཉིད་བར་དོར་ཤེས་པ་བྱུང་ཙ་ན། །སྔར་གྱི་དགོངས་པ་ནམ་མཁའ་ལྟ་བུར་དྲན། །དྲན་ནས་ནམ་མཁའི་ངང་དུ་གནས་ཙ་ན། །དུས་གསུམ་རྒྱལ་བའི་དགོངས་པ་དང་ཕྲད་པ་ཡིན། རང་གི་ཤེས་རབ་ཀྱི་རྩལ་གྱིས་མ་ཆོད་ན། མང་དུ་སྨྲས་པས་སླར་ཡང་ཚིག་གིས་བསྒྲིབས། ཤེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་སྒོམ་རིམ་ཞེས་བྱ་བ་ཤིན་ཏུ་ཟབ་བོ།། །།
