| / Mahamudra / Gampopa |
Gampopa's collected works (30)
༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བསླབ་གསུམ་རྣམ་གཞག་ལ་སོགས་པ་བཞུགས་སོ། །
༼༡བ༽༄༅། །ན་མོ་གུ་རུ། རིན་པོ་ཆེ་ལྷ་རྗེའི་ཞལ་ནས། བསླབ་པ་རྣམ་པ་གསུམ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །ཚུལ་ཁྲིམས་གང་ཞེ་ན། མཁན་པོ་དང་སློབ་དཔོན་ལས་སོ་སོར་ཐར་པའི་སྡོམ་པ་བླངས་ནས། ཇི་ལྟ་བ་བཞིན་བསྲུང་བ་ནི་སོ་ཐར། སྡོམ་པའི་ཚུལ་ཁྲིམས། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་པ་ནི། བྱང་སེམས།སྡོམ་པའི་ཚུལ་ཁྲིམས་དེ་ནས། གསང་སྔགས་ཀྱི་དབང་བསྐུར་ཞུས་ནས། དམ་ཚིག་ཇི་ལྟ་བ་བཞིན་བསྲུང་བ་ནི། གསང་སྔགས།སྡོམ་པའི་ཚུལ་ཁྲིམས། གང་ཟག་གཅིག་གི་རྒྱུད་ལ་སྡོམ་པ་གསུམ་རྟེན་འབྲེལ་སྐོར་གཅིག་ཏུ་གནས་དགོས་ཏེ། གནས་ན་ཇི་ལྟར་གནས། བསྲུང་ན་ཇི་ལྟར་བསྲུང་། ལྡན་ན་ཇི་ལྟར་ལྡན། འཆོས་ན་ཇི་ལྟར་འཆོས་པའོ། །དེ་ཡང་། གནས་ན་བྱེ་བྲག་ཏུ་གནས་ཏེ། བྱེ་བྲག་གང་ཞེ་ན། མཁན་པོའམ་སློབ་དཔོན་ལས་སྡོམ་པ་བླངས་པའི་དུས་སུ། ངས་སོ་སོར་ཐར་༼༢ན༽པའི་སྡོམ་པ་ཐོབ་སྙམ། སེམས་བསྐྱེད་པའི་དུས་སུ། ངས་སེམས་བསྐྱེད་ཐོབ་བྱང་ཆུབ་སེམས་དཔའ་ཡིན་སྙམ། དབང་བསྐུར་བའི་དུས་སུ། ངས་སྔགས་སྡོམ་ཐོབ་པས་རིག་པ་འཛིན་པ་ཡིན་སྙམ། དེ་ལྟར་སྙམ་ཙམ་ལས། ངོ་བོ་གཅིག་ལ་སོ་སོར་ནི་ཡོད་པ་མ་ཡིན་ནོ། །བསྲུང་ན་འཆོལ་བར་བསྲུང་། འཆོལ་པ་གང་ཞེ་ན། སོ་སོར་ཐར་པའི་དུས་སུ་འདུལ་བ་བཞིན་བསྲུང་། སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ། དབང་བསྐུར་ནས་གསང་སྔགས་ཀྱི་དམ་ཚིག་བསྲུང་། ལྡན་ན་ཡར་ལྡན་ཏེ། ཐུག་འདོམ་བྱུང་བའི་དུས་སུ། རིམ་གྱིས་གོང་མ་གཙོ་ཆེར་བྱའོ། །འཆོས་ན་གྲུབ་མཐས་འཆོས་ཏེ། སོ་ཐར་ལ་སྐྱོན་བྱུང་ན། མཁན་པོ་ལ་སོགས་པ་ལ་བཤགས་པས་ཆོག་ན་བཤགས། བསྐྱར་དགོས་ན་བསྐྱར། བྱང་ཆུབ་སེམས་དཔའི་དུས་སུ་སྐྱོན་བྱུང་ན། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་བཤགས་པས་ཆོག་ན་བཤགས། བསྡམ་པར་འོས་ན་བསྡམ། ༼༢བ༽གསང་སྔགས་ཀྱི་ལྟུང་བ་བྱུང་ན། བླ་མ་ལ་བཤགས་པས་ཆོག་ན་བཤགས། བསྐྱར་དགོས་ན་བསྐྱར་རོ། །དེ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །ལྷག་པ་སེམས་ཀྱི་བསླབ་པ་ནི། སྡོམ་པ་རྣམས་ལ་བསྔོ་བགྲང་བྱེད་ཅིང་། རང་གི་སེམས་ཉིད་གླང་པོ་ཆེ་སྨྱོན་པ་ལྟ་བུ་དེ། ལྷག་པ་ཚུལ་ཁྲིམས་ཀྱི་དམིགས་པའི་ཀ་བ་ལ། དྲན་པའི་ཞགས་ཐག་གིས་དམ་དུ་བཅིངས། ཤེས་རབ་ཀྱི་ལྕགས་ཀྱུས་བཟུང་ནས། བློ་རིམ་གྱིས་སྒོམ་པ་ནི་ཞི་གནས་སོ། །དེ་ལྟར་ཞི་གནས་ཀྱིས་སེམས་རྩེ་གཅིག་ཏུ་བཞག་ནས། ལྷག་མཐོང་གི་སྤྱོད་པ་ཞིག་བྱེད་དེ། སྡོམ་པ་ལ་རྟོག་དཔྱོད་བཏང་བས། ཇི་སྲིད་རྟོག་དཔྱོད་འདུག་ཕན་ཆད་བསམ་ཤེས་ལ། རྟོག་དཔྱོད་ལས་འདས་ནས་བསྒོམ་ཤེས། ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་གོ་ཞིང་རྟོགས་པའོ། །དེ་ནི་བསླབ་པ་རྣམ་པ་གསུམ་མོ།། །།ན་མོ་གུ་རུ། ཤེས་རབ་རྣམ་པ་གཉིས་ནི། དོན་དམ་པའི་ཤེས་རབ་དང་། ཀུན་རྫོབ་ཀྱི་ཤེས་རབ་བོ། །དོན་དམ་པ་ནི་གཉུག་མའོ། །ཀུན་རྫོབ་ནི་ཆོས་རྣམས་ལ་རྣམ་པར་འབྱེད་པའོ། །དེ་ལ་གསུམ་སྟེ། རྒྱུ་དང་། ངོ་བོ་དང་། གེགས་སོ། །རྒྱུ་ཐོས་བསམ། ངོ་བོ་སྐྱེ་མེད། གེགས་ཐོས་བསམ་མི་བྱེད་པའོ། །བདག་མེད་པ་རྣམ་པ་གཉིས་ནི། གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་དོ། །དེ་ལ་ཉན་ཐོས་པ་རང་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་གང་ཟག་གི་བདག་ཏུ་འདོད་དེ། རྒྱུ་ཉོན་མོངས་པས་གང་ལ། འབྲས་བུ་སྡུག་བསྔལ་གྱི་ཕུང་པོར་ཟག་པས་ན་གང་ཟག་གོ །ཆོས་ཀྱི་བདག་ནི། ཕྱི་གཟུང་བའི་ཡུལ་ལོ། །མ་དཔེ་ཁ་ཅིག་ན། ཆོས་ཀྱི་བདག་ཉིད་ཉོན་མོངས་པའི་ཚོགས་ཡོད་མ་མྱོང་བའི་ཕྱིར། ཐེག་པ་ཆེན་པོ་ནི་བདག་དང་ཞེས་བྱ་བ་སྣང་།ཐེག་པ་ཆེན་པོ་པ་ནི་གང་ཟག་༼༣ན༽གི་བདག་ཁམས་གསུམ་སྣང་གྲགས་ཀྱི་ཆོས་ལ་བྱ། ཆོས་ནི་ནང་འཛིན་པའི་སེམས་ལ་བྱའོ། །འོ་དོད་རྣམ་པ་གསུམ་ནི། སྙན་པའི་འོ་དོད། བདེ་བའི་འོ་དོད། གྲགས་པའི་འོ་དོད། སྙན་པའི་འོ་དོད་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཉུག་མ། དེ་རང་ལ་ཡོད་པས་གཞན་ནས་བཙལ་མི་དགོས་སོ། །བདེ་བའི་འོ་དོད་ནི། སྡུག་བསྔལ་སྤངས་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དེ། རང་གི་སེམས་རིག་པ་ཆོས་ཀྱི་སྐུ་འདི་ཁོ་ན་ཡིན། ལོགས་ན་མེད་པས་བཙལ་མི་དགོས་སོ། །གྲགས་པའི་འོ་དོད་ནི། སྣང་གྲགས་ཀྱི་ཆོས་འདི་དག་ཐམས་ཅད་རང་གི་སེམས་ཡིན། ལོགས་ནས་མ་བྱུང་ཁྱོད་དེ་ལ་འཇིགས་མི་དགོས་སོ། །སྨྱོ་བ་དང་མ་སྨྱོ་བའི་ཁྱད་པར་ནི། ཚེ་འདི་འབའ་ཞིག་དོན་དུ་གཉེར་བ་རྣམས་ནི་སྨྱོ་བའོ། །མི་དགེ་བ་བཅུ་སྤངས་ནས། དགེ་བ་བཅུ་དང་དུ་ལེན་པ་རྣམས་ནི་མ་སྨྱོ་བའོ། །མཁས་མི་མཁས་ཀྱི་ཁྱད་པར་ནི། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས། དེའི་སྐྱབས་སུ་སངས་རྒྱས་འབའ་ཞིག་ཤེས་ཏེ། འབྲས་བུ་ལྷ་མི་ཐོབ་པར་འདོད་པ་ནི་མི་མཁས་པ་ཡིན། སྤྱིར་འཁོར་བའི་མཚན་ཉིད་ཤེས་ནས། སེམས་ཅན་གྱི་དོན་དུ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་ནི་མཁས་པ་ཡིན། རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ། མཚན་ཉིད་དམིགས་པ་རྩེ་གཅིག་ཏུ་གནས་པ། ཉམས་བདེ་བ་མི་རྟོག་པ། རྣམ་རྟོག་ཉེ་བར་ཞི་བ། འབྲས་བུ་མི་རྟོག་པ་ཤས་ཆེ་བ། གཟུགས་མེད་སྐྱེ་མཆེད་མུ་བཞིའོ། །གསལ་བ་ཤས་ཆེ་ན། གཟུགས་ཁམས། བདེ་བ་ཤས་ཆེ་ན། འདོད་ཁམས་སོ། །རྒྱུ་ཐོས་བསམ་གྱི་ཤེས་རབ། མཚན་ཉིད་སེམས་རྣམ་པར་དག་པ། ཉམས་གསལ་བ་མི་རྟོག་པ། འབྲས་བུ་ཆོས་སྐུ་ཟུང་དུ་འབྲེལ་ན་ཉམས་དེ་ཡོ་༼༣བ༽འཆར་རོ། །ཉམས་བདེ་གསལ་མི་རྟོག་པ་ཡིན། རྟོགས་པ་ནི། སེམས་སྐྱེ་འཇིག་རང་བྲལ་བར་གོ་བ་དེ་ཡིན། དེ་ལྟར་ངེས་ཀྱང་། སེམས་བདེ་བདེ་པོའམ། གསལ་གསལ་པོ་གནས་གནས་པོ་ཅིག་འདོད་ན། རྟོགས་པ་ཉམས་སུ་ཤོར་བ་ཡིན། ཉམས་མྱོང་བྱུང་བའི་དུས་སུ། རྟོགས་པ་འདི་རང་ཡིན། འདི་ལས་ལྷག་པ་མེད་སྙམ་ནས། དེ་ལ་དོན་དམ་དུ་འཛིན་ན། ཉམས་རྟོགས་པར་ཤོར་བ་ཡིན། རྟོགས་པ་མེད་ན་ཉམས་མྱོང་དེས་མཐོ་རིས་ཀྱི་རྒྱུ་ལས་མི་འོང་། ཉམས་ཀྱི་ཞེ་འདོད་བྱུང་ཡང་རྩ་བ་ཆོད་ན། རྟོགས་པ་དེས་ལམ་སྣ་ཟིན། ཉམས་བྱུང་ཡང་རྟོགས་པ་མེད། རྟོགས་པ་བྱུང་ན་ཉམས་མྱོང་མི་འབྱུང་མི་སྲིད། རྟོགས་པ་ནི། སེམས་རིག་པའི་ངོ་བོ་འདི་ལྷག་གེ་མཐོང་བའི་དུས་སུ། འདི་ཡིན་གསུངས་པ་ལ། འདི་དང་པོ་ནས་ངོ་ཤེས་ཐང་བ་ཅིག་འདུག་པ་ལ་སྙམ་པ་འོང་། དེ་ལ། ཉམས་བདེ་བ་ནི། ཟག་པ་མེད་པ་རང་བཞིན་གྱི་བདེ་བ་ཆེན་པོའོ། །གསལ་བ་ནི། ཁ་ན་ཙོན་ནེ་འོང་སྙམ་བྱེད་པའོ། །སྤར་མོས་བཅང་དུ་འདོད་པ་སྙམ་བྱེད་པ་འོང་། མི་རྟོག་པ་ནི། རྟོག་པ་ཕྲ་མོས་ཀྱང་མི་གོས་པའོ། །དེ་ཉམས་རྟོགས་གཉིས་མེད་དུ་ཤར་བ་ཡིན། གནས་པའི་ཉམས་ནི། ཐབས་ལམ་བཅུན་པས། རླུང་དྷཱུ་ཏིར་ཚུད་པའི་སྟོབས་ཀྱིས་བདེ་བ་ནི། ཟག་བཅས་ཀྱི་བདེ་བས་ལུས་སེམས་རྒྱས་པ་གསལ་བ་ནི། དེ་ཉམས་སུ་མྱོང་བ་ཡིན། མི་རྟོག་པ་ནི། རྟོག་མེད་ཀྱི་ཏིང་ངེ་འཛིན་དྲན་པ་མེད་པ་ཕྱམ་ཕྱམ་པ་འོང་། དེ་ནི་རྒྱུ་ལས་འབྲས་བུ་འབྱུང་བ་ཡིན་གསུང་ངོ་། །བླ་མ་ལྷ་རྗེ་རིན་པོ་ཆེའི་གསུང་སྒྲོས། སློབ་དཔོན་སྒོམ་ཚུལ་དང་། སྒོམ་ཆུང་གཉིས་ལ་གདམས་པ། དེས་སྟོད་ལུང་གི་སྤྱན་སྔའི་སློབ་དཔོན་ཕོ་རོ་བ་ལ་གདམས་པའོ།། ཨྠི་ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །༼༤ན༽དགེ་བཤེས་ལྕགས་རི་བ་ལ། བཀའ་གདམས་པ་རྟོག་པ་མི་སྤོང་བར་ལམ་དུ་འཁྱེར་བའི་གདམས་པ་བདོག་གམ་ཞུས་པས། དགེ་བཤེས་གླང་རི་ཐང་པས། ཆོས་དགེ་བཤེས་ཕུ་ཆུང་པ་ལ་ཞུས་པས། སོ་ཐམ་པ་ཅིག་མཛད་ནས། ཡོད་པ་ཡོད་དེ་ང་ལ་བཟླས་དབང་མེད་པ། འབན་ཆོས་པ་བྱུང་ཟེར་འོང་གསུང་སྐད། ཕྱིས་རྣལ་འབྱོར་པ་གཉིས་ལ་གདམས་ངག་བདོག་གམ་ཞུས་པས། བྱུང་གསུང་། དེ་གཉིས་ཀྱིས་ཇོ་བོ་རྗེ་ལ་ཡང་སློབ། ལོ་ཙྪ་བ་རིན་ཆེན་བཟང་པོ་དང་། སྒོམ་ཆེན་སྤུན་གཉིས་ཀྱིས་སྲས་ལགས་སྐད། དབུས་སུ་ལྕགས་རི་བ། དེ་སྨིན་པར་མཛད་གསུང་། གདམས་ངག་ཇི་ལྟར་ཞུས་ན། རྟོགས་པའི་རྒྱུ་མེད་དེ་གཞི་རྩ་མ་གྲུབ་པས། རྟོགས་པའི་ཐབས་ལ་མཁས་ཏེ། བཀའ་རྟགས་ཀྱི་ཕྱག་རྒྱ་དང་འདྲ། རྒྱལ་པོའི་བཀའ་རྟགས་ཡོད་པ་དེ་བསྐུར་བས། ཇག་པ་དང་འཕྲད་ཀྱང་རྟགས་དེ་ཡོད་པས་མི་འཇིགས་ཀྱི་སྟེང་དུ་གྲོགས་བྱེད། དེ་བཞིན་དུ། གསང་སྔགས་ཀྱི་ཐབས་ཀྱི་ཉོན་མོངས་པས་མི་གནོད་ཀྱི་སྟེང་དུ་ལམ་དུ་འཆར་བ་ལྟར་རྟོགས་པའི་ཐབས་དང་ལྡན་པས། ཀུན་ནས་ཉོན་མོངས་ཀྱི་ཆོས་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་ངོ་ཤེས་པས་སྤང་བླང་མེད། སྤང་བླང་མེད་པས་རེ་དྭོགས་མེད། ཕྱི་ནང་གི་ཆོས་ཐམས་ཅད་རྟོག་པར་འདུག །རྟོག་པ་སེམས་སུ་ཤེས་ནས། སེམས་སྐྱེ་བ་མེད་པ་ཆོས་སྐུ་རུ་ངོ་ཤེས་པས་འབྲས་བུ་ལ་རེ་བ་མེད་དེ། སྐུ་གསུམ་རང་ལ་ཡོད་པའི་ཕྱིར། འཁོར་བ་ལ་དོགས་པ་མེད་དེ། སྤང་དུ་མེད་ཅིང་ཤེས་རབ་ཀྱི་བུད་ཤིང་ཡིན་པའི་ཕྱིར། གང་ཡང་སྤང་བྱ་མ་ཡིན་པས་སྤང་བྱ་ནི་མེད་གསུང་། སྒོམ་ཆེན་པས་སྒོམ་པའི་དུས་སུ་རྟོག་པ་འབྱུང་སྟེ། དེ་ལ་ཕྲད་འཇོམས་པ་དང་། ཕྱི་བསྙགས་པ་དང་། མེ་སྤྲུལ་ལོ། །དེ་ལ་༼༤བ༽ཕྲད་འཇོམས་པ་ནི། རྣམ་རྟོག་བྱུང་མ་ཐག་ཏུ་སྐྱེ་མེད་དུ་ཆོད་ནས། རང་སེམས་ངོ་ཤེས་པ་དེ་ཡིན་གསུང་། ཕྲད་མ་འཇོམས་ན། ཕྱི་བསྙག་པ་ནི། རྣམ་རྟོག་དེ་གང་ནས་བྱུང་ན། སེམས་ལས་བྱུང་། སེམས་ལ་ཐིམ། སེམས་དང་ཐ་མི་དད་པར་བསམ་པ་དེ་ཡིན་གསུང་། མདོ་སྤྲུལ་པ་ནི། གང་ཤེས་པ་ལ་ལྕི་བ་དེ་ཡིད་ལ་མི་བདེ་བར་འཛིན་ན། ཤིན་ཏུ་ལྕི་བ་ཅིག་སྤྲུལ་པ་ཡིན་ཏེ། འོ་སྐོལ་རབ་ཏུ་བྱུང་བ་ལ། རྩ་བ་བཞི་ལ་ཉེས་སྐྱོན་མེད་བཞིན་དུ་མིས་བསྐུར་བ་བཏབ་ན། ཤེས་པ་ལ་ལྕི། ཡིད་ལ་དེ་མི་བདེ་བ་ཡིན་ཏེ། དེ་རྣམ་པར་རྟོག་པ། རྣམ་པར་རྟོག་པ་དེ་སེམས། སེམས་དེ་སྐྱེ་མེད་ཡིན་གསུང་། དེ་ལ་དཔེ་རྣམ་པ་གསུམ། དང་པོ། ནགས་ལ་མེ་ཤོར་བ་དང་འདྲ་སྟེ། ནགས་ལ་མེ་ཤོར་ཙ་ན་རླུང་ཉིད་གྲོགས་སུ་འགྲོ །རྩི་ཤིང་ནགས་ཚལ་ནས། ས་རྡོ་ཚུན་ཆད་ཀྱང་གྲོགས་སུ་འགྲོ་སྟེ། དགེ་བའི་བཤེས་གཉེན་གླང་རི་ཐང་པའི་ཞལ་ནས། ཤིང་ཐམས་ཅད་གྲོས་བྱས་ནས། མེ་ལ་དམག་དྲངས་པས། མེ་ན་རེ། ཁྱེད་ཇི་ལྟར་མང་བ་ལྟར་ངའི་འདོད་ཡིན་བྱ་བ། ཤེར་ཕྱིན་ན་བཞུགས་སྐད། དེ་བཞིན་དུ། རྣམ་རྟོག་ཇི་ལྟར་མང་བ་ལྟར་ཤེས་རབ་ཀྱི་གྲོགས་སུ་འགྲོ །གཉིས་པ། ཆུ་ལ་ཁ་བ་བབ་པ་དང་འདྲ་སྟེ། བབ་མ་ཐག་ནས་ཆུར་རོ་གཅིག་པར་འགྱུར། དེ་བཞིན་དུ། རྣམ་རྟོག་བྱུང་མ་ཐག་ནས་ལྷན་ཅིག་སྐྱེས་པར་རོ་གཅིག་གོ །གསུམ་པ། སྔར་འདྲིས་པའི་མི་དང་ཕྲད་པ་འདྲ་སྟེ། སྔར་འདྲིས་ཀྱི་མི་དང་ཕྲད་ཙ་ན། །ཡིན་མིན་གྱི་རྟོག་དཔྱོད་བགྱི་མི་འཚལ། །དེ་བཞིན་དུ། རྣམ་རྟོག་ལ་རྟོག་དཔྱོད་བགྱི་མི་འཚལ་བར་སྐྱེ་མེད་དུ་ངོ་ཤེས་གསུང་། དགེ་བའི་བཤེས་གཉེན་ཕུ་ཆུང་བའི་ཞལ་ནས། རྟོག་པ་ཉིད་ལམ་དུ་ཁྱེར་ན་སྤངས་པས་ཅི་ལ་སྤོངས་གསུང་སྐད་དོ། །རྣམ་རྟོག་ལམ་འཁྱེར་ཡིན་ཏེ། བླ་མའི་༼༥ན༽དང་ཅུང་མི་འདྲ་གསུང་། སྟོང་ཉིད་ར་མདར་ལྡོག་ཞང་ཨེན་ཙམ་ཅིག་ཡོད་གསུང་། རྟོག་པའི་རྒྱུ་མེད་བྱ་བའམ། ཤེས་རབ་ཀྱི་བུད་ཤིང་མིན་བྱ་བ་ལ་སོགས་པ་གསུངས་པས་སོ། །ལྕགས་རི་བའི་གདམས་ངག་ཡིན་གསུང་། ཁ་ཅིག་ཐབས་གཙོ་ཆེར་འཆད། ཁ་ཅིག་ཤེས་རབ་གཙོ་ཆེར་འཆད་དེ། བློ་དམན་པའི་དུས་སུ་ཐབས་གཙོ་ཆེ་བ་མན་ངག་ཡིན་གསུང་། བླ་མའི་ཞལ་ནས། བློ་ཡར་སོང་ཙ་ན། ཤེས་རབ་གཙོ་ཆེར་རང་ཤུགས་ཀྱིས་འགྲོ་བ་ཡིན་གསུང་། ད་ཡོང་ང་ལ་མི་དགོས་སྙམ་ན། དགོས་བདོ་བ་ཡིན་གསུང་། ཤུགས་འབྱུང་གིས་འགགས་པ་ཅིག་དགོས་པ་ཡིན། ཤུགས་འབྱུང་བྱ་བའི་གོ་བ་ནི། བཅོས་མ་དང་བྲལ་བ་ཞིག་ཡིན་གསུང་ངོ་། །སྒོམ་ཆེན་པ་རྣམས་ལ་ཞུ་བ། གནས་པའི་དུས་སུ་རྟོག་མེད་དེ་རྒྱུན་བསྲིང་བ་ཡིན་ཏེ། ངོ་བོ་ལ་རྟོག་མེད་རྒྱུན་བསྲིངས་ན་ཆོས་ཀྱི་གནད་མ་གོ་བ་ཡིན། ཆོས་མ་ཆོད་པ་ཡིན་གསུང་ངོ་། །གདོད་མ་ནས་རྒྱུན་ཆད་མ་མྱོང་བའི་གནད་ཀས་གསུང་། བླ་མའི་ཞལ་ནས། སྟོང་ཉིད་ཀྱི་སྤྱིའི་གོལ་ས་བཞི་ཡིན། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ། ཆོས་ཐམས་ཅད་ནམ་མཁའ་ལྟར་ཅི་ཡང་མ་གྲུབ་ཟེར་བ་དེ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་སྒོམ་ལུགས་ཡིན། བློས་བྱས་ཀྱི་སྟོང་ཉིད་བྱ་བ་ཡིན་ཏེ། རྫོགས་ཆེན་པ་ལ་ཉེ་བ་ཡིན་གསུང་། རྒྱས་འདེབས་ནི་སྔགས་ཀྱི་ལུགས་ཡིན་ཏེ། རྒྱུ་ལ་འབྲས་བུའི་རྒྱས་འདེབས་ཤིང་། འབྲས་བུ་ལ་ཡང་རྒྱུས་རྒྱས་འདེབས་ཞེས་ཟེར་ཞིང་། དེ་ཡང་སྟོང་པ་ཡིན་ཟེར་ནས། ཐམས་ཅད་བློས་བྱས་ཀྱི་སྟོང་པས་རྒྱས་འདེབས་པ་དེ་ཡིན་ཏེ། སྟོང་ཉིད་རྒྱས་འདེབས་ལ་ཤོར་བ་ནི་ཚེར་མ་ལ་དར་གྱིས་གཡོག་པ་དང་འདྲ་གསུང་། སྟོང་ཉིད་གཉེན་པོར་ཤོར་བ་ནི། ཉོན་མོངས་པ་ལ་སོགས་པ་༼༥བ༽ཐམས་ཅད་སྟོང་པར་བསྒྱུར་ནས། སྟོང་ཉིད་ལ་ཉོན་མོངས་པའི་གཉེན་པོ་ཡོང་མ་མྱོང་གསུང་། སྟོང་པ་ཉིད་ལམ་དུ་ཤོར་བ་བྱ་བ་ནི། བླ་མའི་ཞལ་ནས། སྟོང་ཉིད་དེ་ལམ་མ་ཡིན། འབྲས་བུ་ཡིན་གསུང་། གཞིར་བཤད་ཀྱང་དོན་ལ་ཤེས་བྱའི་གཤིས་ཤེས་བྱ་བ། བློས་བྱས་ཀྱི་སྟོང་པ་དེ་ཡིན་གསུང་། ཞེན་པ་དང་བྲལ་བ་ལ་དེས་ཀྱང་ཕན་དུ་རུང་གསུང་། རབ་ཀྱིས་ཉན་ཐོས་ཀྱི་བྱང་ཆུབ་འོང་སྲིད། འབྲིང་གིས་བསམ་གཏན་གྱི་དངོས་གཞི་ཙམ་འབྱུང་། ཐ་མས་ཚེ་འདི་ལ་ན་ཚ་ཞི་ཙམ་འབྱུང་གསུངས། དོན་དམ་པ་འདི་འདྲ་མ་ཅིག་ཡིན་བྱ་བ་སངས་རྒྱས་ཀྱིས་ཀྱང་གསུང་བར་མ་ནུས། རྒྱུན་ཆད་མེད་པ་དེ་སངས་རྒྱས་ཀྱི་བཀག་ཀྱང་མི་ཁེགས། སངས་རྒྱས་ཀྱིས་གཟིགས་པར་ཡང་མི་འགྱུར་གསུང་། རིན་པོ་ཆེའི་ཞལ་ནས། བཀའ་གདམས་པ་ཡང་ལྟ་བ་ལ་རྩིས་ཆེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། ལྟ་བས་བལྟས་པས་སྟོང་པར་མཐོང་བ་རྩིས་ཆེ་གསུང་། བླ་མ་ཡང་གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། སྤྱིར་ཆོས་ཐམས་ཅད་ཉམས་ཐོག་ནས་མྱོང་བ་ཅིག་དགོས་གསུང་ངོ་། །སྟོང་ཉིད་ཤེས་བྱའི་གཤིས་སྒོམ་པ་དང་། རྩ་རླུང་བསྒོམས་པའི་རྟེན་འབྲེལ་གྱིས་ཉམས་འབྱུང་བ་དེ་ཡང་ཉམས་ཡིན་ཏེ། དེས་ཆོས་ཤ་རུས་ཆོད་པ་མི་མཆི་གསུང་། ཆོས་ཤ་རུས་ཆོད་པ་ལ། དོན་དམ་སྐྱེས་པའི་ཉམས་ཤིག་དགོས། ཀུན་རྫོབ་སྒྱུར་མར་མཐོང་བར་བྱ་བ་དང་། སེམས་ཉིད་སྒྱུ་མར་མཐོང་བ་བྱ་བ་གཉིས་ཡིན་ཏེ། སེམས་ཉིད་སྒྱུ་མར་མཐོང་ན། དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། བཀག་པས་མི་ཁེགས། བློའི་ཡུལ་དུ་བྱར་མི་བཏུབ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། རྣམ་རྟོག་གི་བློས་མི་མཐོང་གསུང་ངོ་། །རིན་པོ་ཆེའི་ཞལ་ནས། རྣམ་པར་༼༦ན༽རྟོག་པ་ནི་དགོས་པ་སྐུ་དྲིན་ཅན་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་པ་ཡིན་གསུང་། བྱང་ཆུབ་སེམས་དཔའ་རྣམས་ནི། བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་བརྟེན་ནས་འོད་གསལ་གྱི་རྩལ་སྦྱོང་བ་ཡིན་གསུང་ངོ་། །གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བརྟུལ་ཞུགས་ཀྱི་སྤྱོད་པ་ལས་ལོག་ནས་ཀྱང་། བསྐྱེད་རིམ་ལ་བརྟེན་ནས་རྩལ་སྦྱོང་བ་ཡིན་གསུང་ངོ་། །སྒོམ་ཆེན་པ་རྣམ་པར་རྟོག་པ་ལ་སྐྱོན་དུ་མི་བལྟ་རྟོག་པ་ལ་དབང་ཐོབ་པ་ཞིག་དགོས་གསུང་ངོ་། །སྒོམ་ཆེན་པ་དེ་ལ་ན་བ་དག་འོང་ངམ་ཞེ་ན། ལུས་འབྱུང་བ་བཞི་ལ་གྲུབ་པས། ན་བ་འོང་སྟེ། བྱུང་མ་ཐག་ཏུ་ན་བ་རྣམ་རྟོག་ཡིན་པར་ཤེས། རྣམ་རྟོག་སེམས་སུ་ཤེས། སེམས་སྐྱེ་མེད་ཆོས་སྐུར་ཤེས་པ་ཞིག་འོང་། སྐྱེས་པ་ཡིན་པའི་ནད་ཀས་འཆི་བ་འོང་སྟེ། འཆི་བ་ཡང་གོང་ལྟར་ཤེས་པ་ཞིག་འོང་། གལ་ཏེ་དམྱལ་བའི་སྣང་བ་ལྟ་བུར་ཤར་ཡང་། གོང་ལྟར་ཤེས་པ་ཞིག་འོང་སྟེ། སློབ་དཔོན་ཏོག་ཙེ་པའི་ཞལ་ནས། ང་ནི་ཤེས་པ་འདི་གོ་ནས། །དམྱལ་བ་དག་ཏུ་སྐྱེས་སྲིད་ཀྱང་། །དམྱལ་བ་ཉིད་ཀྱང་བདེ་བར་འཆར། །ཞེས་གསུང་ངོ་། །བླ་མའི་ཞལ་ནས། རྣམ་རྟོག་སྐུ་དྲིན་ཆེ་བ་ཅི་སྟེ་ཞེ་ན། དེ་སེམས་ལས་བྱུང་བ་ཡིན། སེམས་ཆོས་སྐུ་ཡིན། རྣམ་རྟོག་དེ་ངོ་བོ་ཉིད་ཀྱི་རྟོག་པ་ཡིན་ཏེ། རྟོག་པ་དེ་ནི་ངོ་བོ་གསལ་བར་བྱེད་པས་སྒྲོན་མེ་ལྟ་བུ་ཡིན། ཆོས་ཐམས་ཅད་ཀྱི་རྩ་བ་གཅོད་པར་བྱེད་པས་མཚོན་ལྟ་བུ་ཡིན། རྟོག་པ་ལམ་དུ་ཁྱེར་བས། རྟོག་མེད་འཆར་བ་ངོ་མཚར་རེ་ཆེ་གསུང་། རྟོག་པ་དེ་རྒྱུ་ཡིན་ནམ། ལམ་ཡིན་ནམ། འབྲས་བུ་ཡིན་ནམ་ཇི་ལྟར་ཡིན་ཞེ་ན། རྒྱུ་ཡིན་ཏེ། ཁོ་རང་ལ་བརྟེན་ནས་ཡོན་ཏན་ཐམས་༼༦བ༽ཅད་འབྱུང་། ལམ་ཡང་ཡིན་ཏེ། དེ་ཉིད་མི་སྤོང་བར་ལམ་དུ་འཁྱེར། འབྲས་བུ་ཡང་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས། སྐུ་བཞི་རང་ཆས་སུ་ཡོད་པས། འབྲས་བུ་གཞན་ནས་མི་རེ། རྒྱུ་ལམ་འབྲས་བུ་གསུམ་གཅིག་ཏུ་འཁྱེར་བ་གདམས་ངག་བྱ་བ་ཡིན་གསུང་ངོ་། །རང་ཅག་ལ་འཁྲིས་གཉིས་ཡོད་དེ། ཕྱིའི་འཁྲིས་དང་། ནང་གི་འཁྲིས་གཉིས་ཡིན། ཕྱིའི་འཁྲིས་ནི། ཅི་ཡང་མ་གྲུབ་པ་ཅིག་ཡིན་པ་ལ། བདག་དང་ཁམས་གསུམ་པོ་འདི་ལ་དངོས་པོ་དང་མཚན་མར་བཟུང་། ནང་གི་འཁྲིས་ནི། བདེ་བ་དང་གསལ་བ་ལ་ཡོན་ཏན་དུ་བལྟས་པས། འཇིག་རྟེན་པའི་ལམ་དུ་སོང་། འོ་ན་ཅི་ལྟར་བྱས་པས་འཁྲིས་མེད་པར་འགྱུར་སྙམ་ན། བླ་མ་དང་རྒྱུད་འདྲེས་པ་ཅིག་དགོས་གསུང་། དུས་རྟག་ཏུ་བླ་མ་ཡིད་ལ་བྱས་ན། བྱིན་རླབས་རྒྱུན་ཆད་མེད་པར་འགྱུར། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཆོས་སྐུར་ཤེས་པར་བྱ་ཞིང་གཉིས་འཛིན་སྤང་། རང་སེམས་བླ་མར་ཤེས་པར་བྱ་ཞིང་། སེམས་ཅན་ལ་གནོད་པའི་ལས་མི་བྱ། བདག་དང་ཁམས་གསུམ་པོ་ཐམས་ཅད་སེམས་ཀྱི་ངོ་བོ་གཅིག་ཏུ་བྱས་ཏེ། རྒྱའམ་སྟོང་ཙམ་དུ་བྱེད་པར་འཆི་རེས་བྱེད་ལ་ཞེས་གསུང་། བདེ་གསལ་མི་རྟོག་པ་གསུམ་སེམས་ཀྱི་ངོ་བོ་ཡིན་པས། སྤྱོད་ལམ་རྣམ་བཞིར་མ་ཡེངས་པར་བྱ། དེ་གསུམ་ངོ་བོ་གཅིག་ཏུ་ཤེས་པར་བྱ། ཞི་གནས་ལྷག་མཐོང་རྟོགས་པར་འདོད་ན། བཀའ་གདམས་པ་ལྟར་ལྷན་ཅིག་ཏུ་སྤུངས་པས་ཀྱང་མི་འོང་། རྣལ་འབྱོར་པ་ལྟར་གྲོང་ཁྲོད་འགྲིམས་པས་ཀྱང་མི་འོང་གསུང་ངོ་། །རིན་པོ་ཆེའི་ཞལ་ནས། རང་ཅག་ལ་འཁྲིས་མེད་པ་ཞིག་དགོས་ཏེ། ཆོས་བརྒྱད་ཀྱི་འཁྲིས་ཀྱང་ཡོད་པ་དེས་ཀྱང་མི་འོང་སྟེ། ཆོས་བརྒྱད་དུ་སོང་ན། དགེ་༼༧ན༽བཤེས་ཡོན་བདག་གི་ཞལ་ནས། ནག་པོའི་བསྟན་པ་བྱ་བ་ཡིན་གསུང་། ཐར་པའི་རྒྱུར་དག་ཅི་ལ་ཡང་འགྲོ་སྟེ། མཐོ་རིས་ཀྱི་རྒྱུར་ཡང་མི་འགྲོ་གསུང་། དགེ་བཤེས་སྒྲེ་པའི་ཞལ་ནས། ཆོས་མ་ཡིན་པ་ཆོས་ལྟར་བཅོས་པ་བྱ་བ་ཡིན་གསུང་། དགེ་བའི་བཤེས་གཉེན་གླང་རི་ཐང་པའི་ཞལ་ནས། མི་དགེ་བ་རང་ཡིན་གསུང་། འོ་སྐོལ་ལ་ཅིས་ཀྱང་བྱར་མེད་ཅིག་འཚལ། ཡང་ན་འཆི་བ་བསྒོམས་པས་ཅིས་ཀྱང་བྱར་མེད་ཅིག་སྐྱེ་དགོས། ཡང་ན། ངོ་བོ་ལ་བློ་ངེས་པས་ཞེན་པ་རང་ལོག་སྟེ་འོང་། ཐམས་ཅད་སྒྱུ་མའམ་རྨི་ལམ་ལྟ་བུར་ཤུགས་ཀྱིས་མཐོང་བ་ཅིག་འོང་། དེ་ཡང་། ད་ལྟ་སྒོམ་ན། འདི་ལྟར་སྣང་གྲགས་ཀྱི་ཆོས་འདི་ཐམས་ཅད་ཡེ་ཡོད་མ་མྱོང་བར་སངས་རྒྱས་ཀྱིས་གསུངས། ཡོད་མ་མྱོང་བ་ཡིན་ཡང་ཡིན་ཏེ། ད་ལྟར་སྣང་བ་འཆར་བ་འདི་སུས་ཁེགས། ལས་སྣང་བ་འཆར་བ་འདི་མི་ཁེགས་གསུང་། སེམས་དང་ནམ་མཁའ་གཉིས་འདྲ་བ་ལ། ནམ་མཁའ་ལ་རིག་པ་མེད་པས་དཔེར་འོང་བ་ཡིན། རིག་པ་ཡོད་ན་དོན་རང་ཡིན་ཏེ། ད་ལྟ་རིག་པ་རྒྱུན་ཆད་མེད་པ་ལ། བདེན་པ་མཐོང་ནས་ཡེ་ཤེས་རྒྱུན་ཆད་མེད་པ་བྱ་བར་མིང་བཏགས། གསང་སྔགས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བར་ད་ལྟ་རང་ནས་བདོག་གསུང་། ངོ་བོ་ནི་བྱིན་རླབས་རང་ལས་བསྒོམས་པས་མི་འོང་། བསྒོམ་རྒྱུ་ཡང་མེད། ཡི་དམ་ལྷ་ནི་ཡེ་ནས་ཡིན། སྒོམ་མི་འཚལ། བསྒོམ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་མེད་པས། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་སྒོམ་འཚལ། ཀྱཻ་རྡོ་རྗེ་ལས་ཀྱང་། ཀུན་རྫོབ་སྒྱུ་མས་བྱང་ཆུབ་བསྒྲུབ་པ་ཉིད། །ཅེས་གསུངས་སོ། །སྤྱིར་ཆོས་གཤའ་མར་བྱེད་པ་ལ། ཡིན་མིན་དང་། ལེགས་ཉེས་ལ་སོགས་པ་བརྩིས་པས་ཆོས་༼༧བ༽ག་ན་འོང་། དེ་ཀུན་གང་ལ་ཡང་མི་བལྟ་བར། ཤེས་པ་སྐད་ཅིག་མ་བལྟ་བ་ལགས་པས། འཇིག་རྟེན་པ་དང་འཛོལ་ལེ་བ་ཅིག་དགོས་པ་ཡིན། འཇིག་རྟེན་པས་འཕྱས་སེ་བ་ཅིག་དགོས་པ་ཡིན། ཚེ་འདིར་མི་བྱེད་དགུ་བྱེད་ཀྱིས་འཁོར་བ་དང་འབྲེལ་པ་ཆོད་པ་ག་ན་འོང་། དགོངས་མཛོད་གསུང་།། །།བླ་མ་ཆེན་པོ་ནཱ་རོ་པའི་བཞེད་པས། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ། སྨིན་པ་གྲོལ་བར་བྱེད་པ་ཐབས་བསྐྱེད་རྫོགས་གཉིས། དེ་ཡང་གདན་ཐོག་གཅིག་ཏུ་བསྒོམ་པར་བྱ་བ་དང་། རིམ་གྱིས་པའི་ལུགས་གཉིས་ཡིན་ཏེ། གདན་ཐོག་གཅིག་ཏུ་སྒོམ་པ་དུས་གཅིག་ཏུ་སྟོན། རིམ་གྱིས་པ་ནི། འོག་མ་འོག་མ་ལ་བརྟན་པ་ཐོབ་ནས་གོང་མ་གོང་མ་སྟོན་ཏེ། བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་རྫོགས་རིམ་སྒོམ། དེ་ཡང་། ནང་ནས་ཤར་བ་དེ་རྫོགས་རིམ་གཤའ་མ་དེ་ཡིན། ནང་ནས་མ་ཤར་ན་ཟབ་པའི་རྫོགས་རིམ་དུ་མིང་བཏགས་ཀྱང་། དོན་ལ་བློས་བྱས་ཅིག་ཡིན་གསུང་། སྤྱིར་དེ་ལྟར་ཡིན་ཡང་། འཁོར་བ་མཐའ་དག་ལས་ཐར་བར་བྱེད་པ་ལ། དོན་དམ་བྱང་ཆུབ་ཀྱི་སེམས་ཅིག་རྒྱུད་ལ་སྐྱེ་དགོས་ཏེ། དེ་ཡང་། ཇོ་བོ་རྗེའི་ལུགས་ཀྱིས་ཕྱི་ནས་གཅོད་པར་བཞེད། བླ་མའི་བཞེད་པས་ནང་ནས་གཅོད་པར་བཞེད། མཚན་ཉིད་པ་ནི། ཉོན་མོངས་པའི་སྒྲིབ་པ་ནས་མས་ཡར་སྤོང་བར་འདོད་པ་ཡིན། བླ་མ་ནི་ཤེས་བྱའི་སྒྲིབ་པ་ནས་རྩད་དེར་གཅོད། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ཞེས་བྱ་སྟེ། བླ་མའི་བཞེད་པས། རིག་པ་དང་སྟོང་པ་ལྷན་ཅིག་སྐྱེས་གསུང་། དེ་ཡང་། གྲུབ་པ་ཐོབ་པའི་གྲུབ་སྐོར་ནས་བཤད་པ་དང་། བྲམ་ཟེ་ཆེན་པོ་དང་། ཀླུ་སྒྲུབ་ལ་སོགས་ཀྱི་སྙིང་པོ་སྐོར་དུ་བཤད་པ་དང་། རྡོ་རྗེ་༼༨ན༽འཆང་གི་རྒྱུད་ཀྱི་བཤད་པ་དང་། རྣལ་འབྱོར་པ་ལ་ནང་ནས་ཤར་བ་སྟེ་དེ་རྣམས་ཡོ་མཐུན་གསུང་། བླ་མའི་ཞལ་ནས། མ་མཐུན་ན་ཡང་ན་རང་ནོར། ཡང་ན་གཞན་ནོར་བ་ཡིན་གསུང་། ཇོ་བོ་རྗེའི་བཀའ་བརྒྱུད་ཀྱི་དབང་དུ་བྱས་ན་ཡང་། དགྱེས་པ་རྡོ་རྗེ་འདུལ་བའི་ལེའུ་དང་བསྟུན་ནས་རིམ་གྱིས་པར་བཞེད་པ་ཡིན་གསུང་ངོ་། །བླ་མའི་ཞལ་ནས་གཅིག་ཅར་བའི་གང་ཟག་ནི་ཤིན་ཏུ་དཀོན། ང་ནི་རིམ་གྱི་པར་འདོད་པ་ཡིན། གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བཀའ་གདམས་པའི་ལུགས་ཀྱིས། དང་པོ་རྫོགས་པར་མི་སྟོན། དང་པོ་ཚོགས་གསོག་ཙམ་དུ་སྟོན། དེ་ནས་བསྐྱེད་རིམ་ཙམ་དུ་སྟོན། དེ་ནས་ཡེ་ཤེས་སེམས་དཔའ་གཞུག་པ་སྟོན། དེ་ནས་དབང་བསྐུར། དེ་ནས་བདུད་རྩི་མྱང་བ། དེ་ནས་མཆོད་བསྟོད། དེ་ནས་རྫོགས་རིམ་སྟོན་པ་ཡིན་ཏེ། དེ་ལྟར་རིམ་གྱིས་སྟོན། དགེ་བའི་བཤེས་གཉེན་ལྕགས་རི་བའི་ཞལ་ནས། ལྟ་བ་ཀུན་རྫོབ་ཡིན་མཐའ་གཉིས་དང་བྲལ་བའི་དབུ་མ་བྱ་བ། ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ཡིན། དོན་དམ་པ་ལ་བལྟ་རྒྱུ་མེད་གསུང་། གསང་སྔགས་ཀྱི་ལྟ་བ་ནི་སེམས་ཡིན་གསུང་ངོ་།། །།རིན་པོ་ཆེའི་ཞལ་ནས། ཡང་ཚན་ཅིག་ན་རེ། སྙིང་རྗེ་རྣམ་པ་གསུམ་སྟན་ཐོག་གཅིག་ཏུ་སྒོམ་དུ་བཏུབ་ཟེར། ཚན་ཅིག་ན་རེ། བློས་རིམ་པར་འཇོག་ཟེར་ཏེ། དོན་ལ་སྦྱར་ན་དེ་འཐད་པར་འདུག །ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་གཉིས་ལ། སེམས་ཅན་གྱི་དོན་བྱེད་པ་ལ་འོལ་ཆེ་ཆུང་འདྲ་བར་བཞེད་པ་ཡང་ཡོད་དེ། སངས་རྒྱས་ཆེ་བ་ཡིན། འོ་ན་སངས་རྒྱས་ལ་དགོས་པ་ཅི་ཡོད་གསུང་། དགེ་བའི་བཤེས་གཉེན་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མངའ་བ་དང་། དོན་དམ་བྱང་༼༨བ༽ཆུབ་ཀྱི་སེམས་མངའ་བ་གཉིས། སློབ་མ་ལ་སོགས་པ་ལ་བྱིན་རླབས་ཁྱད་ཆེར་བཤད་པ་ཡང་ཡོད་དེ། བླ་མའི་ཞལ་ནས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཅིག་ཡོད་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མི་འོང་མི་སྲིད་གསུང་། ཡང་དོན་དམ་བྱང་ཆུབ་ཀྱི་སེམས་རྣལ་མ་ཞིག་རྒྱུད་ལ་ཡོད་ན། དཔེར་ན། ནོར་བུ་རིན་པོ་ཆེ་ལ་རྟོག་པ་མི་མངའ་ཡང་། སེམས་ཅན་གྱི་དགོས་འདོད་འབྱུང་བ་ལྟར། དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་རྟོག་པ་མི་མངའ་ཡང་། བྱིན་རླབས་ཤུགས་ཀྱིས་འབྱུང་བ་དེ་ཆོས་ཉིད་ལགས། ཞེས་གསུང་ངོ་། །བརྩོན་འགྲུས་སྟོབས་ཀྱིས་འགྲོ་བ་བྱ་བ་ནི། ཚེ་འདི་ལ་བརྩོན་འགྲུས་འབར་བའི་སྟོབས་ཀྱིས་སྒྲུབ་པ་ལ་འགྲོ་བ་ཡིན་ཏེ། དེས་ཀྱང་བག་མི་འོང་། རྣམ་སྨིན་བརྒྱུད་ནས་འགྲོ་བ་བྱ་བ་ཡིན་གསུང་། ཐེག་ཆེན་གསང་སྔགས་ནི། ཚེ་གཅིག་ལུས་གཅིག་གིས་འགྲོ་བ་བྱ་བ་ཡིན་ཏེ། དེ་ཡང་། བྱིན་རླབས་ཀྱིས་འགྲོ་བ་བྱ་བ་ཡིན་གསུང་། བླ་མ་རྟོགས་ལྡན་ཅིག་དང་སློབ་མ་སྐལ་ལྡན་ཅིག་ཕྲད་ནས། དེས་གདམས་ངག་རྣལ་མ་ཞིག་བཏབ་སྟེ། དབེན་པའི་གནས་སུ་ཕྱིན་ནས་བསྒྲུབས་ན། ལུས་སེམས་བདེ་བ་དང་། འབྱུང་བ་རོ་སྙོམས་པ་འོང་བ་ཡིན། སེམས་རྩེ་གཅིག་ཏུ་གནས་ཏེ། སེམས་ལ་དབང་ཐོབ་པ་ལྟ་བུ་ཡང་འོང་བ་ཡིན། བཏང་ན་བཏང་དབང་ཡོད། བཞག་ན་བཞག་དབང་ཡོད་པ་འོང་བ་ཡིན། ཆོས་ཐམས་ཅད་གཏིང་ནས་གོ་བ་ལྟ་བུ་ཞིག་འོང་། ང་རང་འདི་ལས་ལྷག་པ་ཅིག་ཡར་བསྐྱལ་རྒྱུ་མེད་སྙམ་པ་འོང་། གསང་སྔགས་ཀྱི་རྟེན་འབྲེལ་གྱིས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་ཀྱང་དེ་ལ་གྲོགས་བྱེད་པ་ཡིན། གཞན་ཐམས་ཅད་ལ་ཡང་བསྒོམས་ན་རུང་སྙམ་པའི་ཉམས་འབྱུང་བ་ཡིན་གསུང་། བླ་མ་ལ་དད་གུས་ཆེན་པོ་སྐྱེ་བ་ཡིན། ཐེག་པ་ཆེན་པོའི་ཆོས་༼༩ན༽ལ་ཡང་ཡིད་ཆེས་སྐྱེ་བ་ཡིན། ལར་བླ་མའི་བྱིན་རླབས་ཅིག་མ་ཞུགས་ན་ཕུགས་འཁྱོལ་པ་མི་འོང་གསུང་། ཚེ་འདི་ལ་བློ་ལོག་པ་ཞིག་གིས་དབེན་པའི་གནས་སུ་ཕྱིན་ནས་བླ་མའི་གདམས་ངག་ལ་འཇུག་པ་ཡིན་ཏེ། རྩ་འཆུན་པས་འབྱུང་བ་རོ་སྙོམས། རླུང་འཆུན་པས་གསལ་ཤིང་གི་རྩེ་ལ་བསྒོམ་ཀྱང་ཙེན་ནེ་བ་འབྱུང་། ཐིག་ལེ་འཆུན་པས་ལུས་ལས་སུ་རུང་བ། བདེ་བ། ཁ་ཟས་འཇུ་བ་འབྱུང་། སེམས་འཆུན་པས་ཉོན་མོངས་མི་གོས་པ་འབྱུང་། དེ་ལ་ཉམས་སུ་མྱོང་བ་ནི་རྩེ་གཅིག་ལ་དབང་ཐོབ་པ་ཡང་འོང་། དུས་གསུམ་གྱི་སངས་རྒྱས་བྱོན་ཡང་འདི་བས་ཡར་ལྷག་པ་མེད་སྙམ་པའི་ཡིད་ཆེས་ནང་ནས་སྐྱེ་སྟེ། ངག་ཏུ་བརྗོད་དུ་མི་བཏུབ། བླ་མ་མི་ལའི་ཞལ་ནས། འཁོར་འདས་ཀྱི་རྩད་དེ་གར་གཅོད་ན། རིག་མ་རིག་གཉིས་སུ་གཅོད་པ་ཡིན་ཏེ། དེ་ཡང་ངོ་སྤྲོད་པ་ཡིན། བླ་མ་རྟོགས་ལྡན་ཅིག་གིས་སློབ་མ་སྐལ་ལྡན་ཅིག་ལ་ངོ་སྤྲོད་པ་ཡིན་གསུང་། དེ་ཡང་། ཏཻ་ལོ་པས། ནཱ་རོ་པ་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་ནི་རང་རིག་པ་སྟེ། ཏཻ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །བདག་ཉིད་འདོད་ནས་སངས་རྒྱས་ཡིན་པ་ལ། །རྣམ་རྟོག་དབང་གིས་སངས་རྒྱས་ཉིད་མ་མཐོང་། །རྟོགས་པའི་དུས་ན་མཐོང་བ་མེད་ཅིང་ཐོས་པ་མེད། །གཉིས་མེད་རང་གིས་རྟོགས་པ་དེ་ལ་ཕྱག་རྒྱ་ཆེ། གསུངས་པ་ཡིན་ཏེ། དེ་ཡང་། རིག་པ་ངོ་ཤེས་པ། རྟོགས་པ། ཉམས་སུ་མྱོང་བ་གསུམ་གལ་ཆེ་གསུང་། ངོ་ཤེས་པ་ནི་རིག་པ་དེ་ངོས་བཟུང་མེད་པ། སྤྲོས་པ་དང་བྲལ་བ། མི་འགྱུར་བ་དེ་ལ་སོགས་པ་ནི་ངོ་ཤེས་པའོ། །རྟོགས་པ་ནི། མ་རིག་པ་ཉིད། རིག་པ་ཡིན་པར་ཡིད་ཆེས་ནས་ཐེ་ཚོམ་མེད་པར་རྟོགས་པ་དེ་ཡིན་ནོ། །ཉམས་སུ་མྱོང་བ་ནི། ཟག་མེད་ཀྱི་བདེ་བ་ལྷན་ཅིག་སྐྱེས་པ་འོད་གསལ་བ་དེ་ཡིན་གསུང་། སྤྱིར་མ་རིག་པའི་༼༩བ༽འཁོར་དེ་དུག་ལྔ་ཡིན་ཏེ། དེ་ལྟ་བུའི་གང་ཟག་དེ་ལ་དུག་ལྔ་ཡེ་ཤེས་ལྔར་འཆར་བ་ཡིན་པ་དེ་སུས་ཀྱང་མི་ཁེགས་པས། དེ་ལྟ་བུའི་གང་ཟག་དེས་དོན་གྲུབ་པ་ཡིན། དེ་ལྟ་བུ་རྒྱུད་ལ་སྐྱེ་བ་ལ། འོ་ཅག་བཞིན་དུ་ས་གཅིག་ཏུ་དཔུངས་པས་འོང་རི་ངས་སྐར་མི་ཐེབས་གསུང་ངོ་།། ༈ །།བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཚེ་ལ་ལོང་མེད་མྱུར་དུ་འཆི་བས། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ཞིག་དགོས། རིགས་དྲུག་གར་སྐྱེས་ཀྱང་སྐྱིད་མེད་དེ་སྡུག་བསྔལ་གྱི་ཕུང་པོར་ཤེས་པས། འཁོར་བ་མཐའ་དག་ལ་མ་ཆགས་པ་ཞིག་དགོས། ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། དུས་ཐམས་ཅད་དུ་སེམས་ཅན་བློས་མི་སྤོང་བ་ཞིག་དགོས། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པས། གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པ་ཞིག་དགོས། ཆོས་དེ་རྣམས་རྒྱུད་ལ་སྐྱེ་བ་ལ། བླ་མ་དང་དཀོན་མཆོག་གསུམ་ལ་དད་པ་དང་གུས་པའི་སྒོ་ནས། མཆོད་པ་དང་གསོལ་བ་རྒྱུན་མི་ཆད་པ་ཞིག་དགོས་གསུང་། ཡུན་རིང་དུ་གོམས་པའི་བག་ཆགས་མཐུག་པོས་འཁྲུལ་པའི་ཤེས་པ་སྣ་ཚོགས་སུ་ཤར་བ་ཡང་། བྱིས་པ་ཆུང་ངུའི་དཔེ་དང་། སེང་གེ་ཕྲུ་གུའི་དཔེ་དང་། རབ་རིབ་ཅན་གྱི་ནམ་མཁའི་སྐྲ་ཤད་ཀྱི་དཔེ་ལ་སོགས་པའི་སྒོ་ནས་འཁྲུལ་པ་བཅད། སྣང་བ་སེམས་དང་ཐ་མི་དད་པ་ནི། ཆུ་དང་ཆབ་རོམ་གྱི་དཔེ་དང་། ཙནྡན་དང་དྲིའི་དཔེ་དང་། གླ་རྩི་དང་དྲིའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། སྣང་བ་ཆོས་སྐུ་ལ་ཁྱབ་པ་ནི། ཏིལ་ལ་མར་གྱིས་ཁྱབ་པའི་དཔེ་དང་། དངུལ་རྡོ་ལ་དངུལ་དང་། འོ་མ་ལ་མར་གྱིས་ཁྱབ་པའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། མེད་བཞིན་དུ་སྣང་བ་ནི། དུ་བ་དང་། སྤྲིན་དང་། ཁུག་༼༡༠ན༽རྣ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། རྟེན་ཅིང་འབྲེལ་བ་སྣ་ཚོགས་པ་ལས་སྣང་བ་ནི། མེ་ལོང་གི་གཟུགས་བརྙན་དང་། ཆུ་ནང་གི་ཟླ་བ་དང་། ནོར་བུ་རིན་པོ་ཆེའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། དེ་ལྟར་ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བ་ལ་འཁྲུལ་པའི་ངོར་སྣང་སྟེ། རྨི་ལམ་ལྟར་རང་གི་སེམས་ཀྱི་གཟུགས་བརྙན། དོན་མ་ཡིན་པ་ལ་དོན་ལྟར་ཤར་བར་རྟོགས་པར་བྱ། དེ་བས་ན། ཆོས་ཐམས་ཅད་མི་བདེན་པ། རྫུན་པ། བསླུ་བ། མིང་ཙམ། བཏགས་པ་ཙམ། ཐ་སྙད་ཙམ་དུ་བལྟ་སྟེ། དེ་ལྟ་བུའི་ཀུན་རྫོབ་དེ་ཡང་། སྒྱུ་མ་ལྟར་མཐའ་གཉིས་དང་བྲལ་བར་རྟོགས་པར་བྱ། དེ་ལྟར་དོན་སྤྱིའི་རྣམ་པ་ཡུལ་དུ་བྱས་ནས་རྟོགས་པ་ཐོབ་སྙམ་ཡང་། དོན་མི་མཐོང་གསུང་། དབང་དང་བྱིན་རླབས་ཀྱི་སྒོ་ནས་སྨིན་པར་བྱས་ནས། བླ་མས་ཐབས་ལམ་ཉམས་སུ་ལེན་དུ་བཅུག་པས་ཉམས་མྱོང་འོང་སྟེ། དེ་ཡང་། གསང་སྔགས་ཀྱི་མན་ངག་རྟེན་འབྲེལ་ཚོགས་པ་ལས་སྐྱེ་ཞིང་། བདེ་གསལ་མི་རྟོག་པ་ཞི་བ་ཡིད་ཆེས་འབྱུང་། དེ་ཡང་། དད་པ་དང་གུས་པའི་སྒོ་ནས་ཡུན་རིང་དུ་ཉམས་སུ་བླངས་པས། སེམས་དང་ལུས་སྦྱངས་པའི་ཡོན་ཏན་མང་དུ་འབྱུང་། སྲོག་དྷཱུ་ཏིར་ཚུད་པའི་སྟོབས་ཀྱིས། རྟགས་ལྔ་དང་ཕན་ཡོན་བརྒྱད་ལ་སོགས་པ་ཡོན་ཏན་གྱི་རྟགས་མང་དུ་འབྱུང་ངོ་། །དེ་ལྟ་བུའི་ལུས་སེམས་བདེ་བ་ཅི་བྱུང་ཡང་ཞི་གནས་ཡིན་ཏེ། འོན་ཀྱང་རྟགས་ལྔ་ཕན་ཡོན་བརྒྱད་པོ་དེ་ཞི་ལྷག་ཟུང་འབྲེལ་ལས་ཀྱང་འབྱུང་གི །གནས་པ་ཕྲ་མོ་ཟིན་པའི་གནས་པ་ལྟེང་ལྟེང་ལ་ནི་མི་འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་བསམ་གཏན་དང་པོའི་དངོས་གཞི་ཡིན་ཏེ། དེ་ལུས་ཀྱི་རྣམ་པར་ཤེས་པའི་མངོན་སུམ་གྱི་བསམ་གཏན་༼༡༠བ༽གྱི་དགའ་བདེ་སྒོམ་པ་ཡིན་གསུང་། དེ་ཡང་། བླ་མ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་བྱ་བ་གཅིག་གིས་སྐྱེ་མེད་ངེས་སུ་འཇུག་སྟེ། མ་ངེས་པ་སྣང་ལ་མ་ངེས་པ་ཞེས་བྱ་སྟེ་སོ་སོར་བརྟགས་མིན་གྱི་འགོག་པར་འགྲོ །ཐུན་མོང་གི་ལམ་ཡིན་པས་གར་སྐྱེ་ཆ་མེད་པ་ཡིན་གསུང་། ངེས་པའི་ཤེས་པ་སྐྱེས་ན། རྟོག་པ་དང་བྲལ་བའི་སྟོང་ཉིད་མངོན་སུམ་ཉིད་རབ་ཏུ་ཤེས་སོ། །སེམས་སྐྱེ་མེད་ཀྱི་ངོ་བོ་ལ་མ་ངེས་ན། བླ་མ་རིན་པོ་ཆེའི་ཞལ་ནས། དེ་དེ་ཡིན་ཏེ་དེ་དེ་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །ཞེས་གསུང་ངོ་། །ཇོ་བོ་རྗེའི་ཞལ་ནས་ཀྱང་། ངེས་སྦྱང་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། །ནམ་མཁའི་མེ་ཏོག་བུང་བས་འཇིབས་པ་མཐོང་བ་འདྲ། །ཞེས་གསུངས་སོ། །དེས་ན། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པས་སེམས་ཀྱི་ཆོས་ཉིད་རྟོགས་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་ཡིན་ནོ། །དེས་ན། སེམས་ཀྱི་རང་བཞིན་གཟུང་འཛིན་གཉིས་དང་བྲལ་བ་ཆོས་སྐུའི་ངོ་བོ་དེ། སངས་རྒྱས་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ། རང་བཞིན་གནས་པས་ན་རྟག་ཅེས་བྱའོ། །དེ་ཡང་། རྣམ་པར་རྟོག་པ་རྣམ་སྤངས་པ། །གཟུང་དང་འཛིན་པ་དང་བྲལ་བ། །ཡེ་ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་རྟོགས་པ་ནི། ཟག་པ་མེད་པའི་སྡོམ་པ་ས་དང་པོའི་མངོན་སུམ་ཡིན་ཏེ། སེམས་ཀྱི་སྟོང་ཉིད་ལ་ངེས་ཤེས་སྐྱེས་པའི་ཕྱིར་རོ། །ངེས་ཤེས་ཇི་ལྟར་སྐྱེས་ན། གཟུགས་བརྙན་དང་སྒྱུ་མ་ཡུལ་གྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལྟར། སེམས་སྒྱུ་མ་དང་ཆུ་ཟླ་བཞིན་དུ་རང་ཉིད་ལ་ངེས་ཤེས་འདྲེན་ནོ། །དེ་ལྟར་སེམས་ཀྱི་སྟོང་ཉིད་ལ་ངེས་ཤེས་ཐོབ་པ་ལ་ཚད་མ་༼༡༡ན༽ཞེས་བྱའོ། །དེ་ཡང་། རང་རིག་རྟོག་པ་མེད་པ་ཡིས། །སྟོང་ཉིད་མངོན་སུམ་ངེས་གྱུར་པ། །བདེ་ཆེན་རྟོག་པ་མེད་པ་དང་། །ཁྱད་པར་མེད་པར་སྐལ་མཉམ་མཐོང་། །ཞེས་གསུངས་སོ། །ནང་གི་སེམས་ཉིད་ཀྱི་སྟོང་ཉིད་མཐོང་བའི་ཤུགས་ཀྱིས། ཕྱིའི་ཡུལ་སྟོང་པར་རྟོགས་པ་ནི་རྣལ་འབྱོར་གྱི་མངོན་སུམ་ཡིན། དེ་ཡང་དང་པོ་ཤེས་པ་ངོས་ཟིན་ན་དེ་ཉིད་ཡིན་ཏེ། ཤེས་རབ་མིག་གིས་སེམས་ལ་ལེགས་པར་བལྟས་པས། སེམས་ཀྱི་ངོ་བོ་ཐོག་མཐའ་མེད་དེ་ནམ་མཁའ་འདྲ། །དབུས་ཀྱང་མེད་དེ་ཅི་ཡང་མིན་པའི་ཕྱིར། །དེ་ཡང་ངོ་བོ་བདག་གིས་སྨྲ་བར་མི་ནུས་སོ། །ཞེས་གསུངས་ཏེ། ཐ་མལ་གྱི་ཤེས་པའི་ངོ་བོ་དེ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་གཉིས་འཛིན་གྱི་བསམ་གཏན་དང་བྲལ་བས། སྒོམ་དུ་མེད་པ་སྒོམ་པའི་མཆོག །ཅེས་གསུངས་སོ། །རང་བཞིན་དག་པའི་སེམས་ཀྱི་ངོ་བོ་སྟོང་ཉིད་མངོན་སུམ་དུ་མཐོང་བ་དེ་ལ་ཆོས་སྐུ་ཞེས་བྱ་སྟེ། དེ་ཡང་། ཟླ་བ་ཚེས་པ་དང་། སེང་གེ་ཕྲུ་གུ་དང་། བྱིས་པ་ཆུང་ངུའི་དཔེས་རྟོགས་པར་བྱའོ། །དེ་ཡང་། མ་བཅོས་པར་བཞག་པས་ཉམས་སུ་མྱོང་སྟེ། མྱོང་བའི་དོན་ལ་ཡང་དང་ཡང་དུ་ངེས་པ་ཐོབ་པར་བྱ། ཡུན་རིང་དུ་གནས་ཤིང་མི་འགྱུར་བ་ལ་ཡོན་ཏན་དུ་མི་བལྟ་སྟེ། འཆིང་བའི་བསམ་གཏན་དུ་འགྲོ་གསུང་། རང་བཞིན་གྱི་ངོ་བོ་ནི་སེམས་མ་བཅོས་པ་ཁོ་ན་ཡིན་ནོ། །འདིའི་དོན་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་པ་ནི། སྐྱེ་འཇིགས་དང་བྲལ་བ་དང་། དུས་ཐམས་ཅད་པ་དང་། རྒྱུན་ཆད་མེད་པ་དང་། མི་འགྱུར་བ་དང་། ཐམས་ཅད་ལ་ཁྱབ་པ་དང་། དོན་དེ་རྣམས་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་ན། དོན་དམ་མཐོང་བ་ཡིན་ཏེ། ད་ནི་བདག་གིས་སུ་ལའང་དྲི་བར་མི་བྱའོ། །ཞེས་༼༡༡བ༽གསུངས་སོ། །དེ་ཡང་། དང་པོར་དམིགས་པ་དང་རྩོལ་བས་མི་སྒྲུབ། བར་དུ་མི་གནས། ཐ་མར་སྙེམས་བྱེད་ཀྱི་རྟོག་པ་དང་བྲལ་བར་བྱ། དུས་ཐམས་ཅད་དུ་དྲན་པ་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བར་བྱ། ལྷན་ཅིག་སྐྱེས་པའི་ཉམས་དང་མ་བྲལ་བའི་སྒོ་ནས། ཟག་མེད་ཀྱི་བདེ་བ་རྒྱུན་ཆད་མེད་པས་ལུས་སེམས་ལ་རླན་ཕབ་སྟེ། སྦྱངས་པའི་ཡོན་ཏན་ཐོབ་པར་བྱ། བྱམས་སྙིང་རྗེས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མ་བྲལ་བས། ཐབས་ཤེས་ཟུང་འཇུག་ཏུ་རྟོགས་པས་སྒྲུབ་པའོ། །བླ་མ་དམ་པ་རྣམས་ཀྱི་གདམས་ངག །རང་གིས་བསྒོམས་པའི་ཉམས་མྱོང་། དད་འདུན་གྱི་གང་ཟག་རྣམས་ལ་སྐྱེ་བར་གྱུར་ཅིག། །།བླ་མ་རིན་པོ་ཆེའི་ཞལ་ནས། བསྐྱེད་རིམ་ལ་བརྟན་པ་ཆུང་ངུ་ཐོབ་པ་ནི། རང་ཉིད་ལྷར་མཐོང་བ་སྟེ། ཕུང་པོ་ལྔ་པོ་རྣམ་སྣང་ལ་སོགས་པ་རིགས་ལྔའི་རང་བཞིན་དུ་ཤེས། དེ་ཉིད་ཀྱིས་བདག་ཀྱང་ཧེ་རུ་ཀའི་རང་བཞིན་དུ་མཐོང་ནས། རང་ཐ་མལ་པའི་འདུ་ཤེས་ལོག་པའོ། །བརྟན་པ་འབྲིང་ཐོབ་པ་ནི། རང་ཉིད་ཅི་འདྲ་བ་དེ་འདྲ་བར་སེམས་ཅན་ཐམས་ཅད་མཐོང་བའོ། །བརྟན་པ་ཆེར་ཐོབ་པ་ནི། རང་གཞན་གཉིས་ཀྱང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། འཇའ་ཚོན་ལྟ་བུར་མཐོང་བའོ།། །།རྫོགས་རིམ་རྫོགས་རིམ་ལ་བརྟན་པ་ཐོབ་པའི་དྲོད་རྟགས་ཕྱི་ནང་གསང་གསུམ་དུ་འབྱུང་བས། ལ་བརྟན་པ་ཐོབ་པ་ནི། ཕྱིའི་དྲོད་ལུས་ཡོད་པར་མི་ཚོར། ནང་གི་དྲོད་དབུགས་འགྱུ་བ་མི་ཚོར། གསང་བའི་དྲོད་སེམས་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུར་རྟོགས་པ་འབྱུང་གསུང་།། །།ཡང་རིན་པོ་ཆེའི་ཞལ་ནས། སྤྱིར་ཐོས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་གོ་ཡུལ་དུ་བྱེད། བསམ་པའི་ཤེས་རབ་༼༡༢ན༽ཀྱིས་ཆོས་འབྱེད་པར་བྱེད་དེ། ཐེག་པ་ཆེ་ཆུང་འབྱེད་པ་དང་། ལྟ་བ་དང་ལྟ་བ་མ་ཡིན་པ་འབྱེད་པར་བྱེད། སྒོམ་པའི་ཤེས་རབ་ཀྱིས་སེམས་གླང་པོ་ཆེ་སྨྱོན་པ་དང་འདྲ་བ་དེ། དམིགས་པའི་ཀ་བ་ལ་དྲན་པའི་ཞགས་ཐག་གིས་དམ་དུ་བཅིངས་ནས་བློ་རྩེ་གཅིག་ཏུ་འཇོག་པ་དེ་ཞི་གནས་ཡིན་ཏེ། བདེ་གསལ་མི་རྟོག་པའི་ཉམས་བྱུང་ཡང་། སེམས་ཉིད་དུ་མ་ཆོད་ན་སྣང་ལ་མ་ངེས་པ་ཞེས་བྱ། དེ་རང་བཞིན་མ་གྲུབ་པ་སྐྱེ་མེད་དུ་རྟོགས་པ་ནི་ལྷག་མཐོང་ཞེས་བྱ། ཇི་སྲིད་བློའི་རྟོག་དཔྱོད་ཡོད་ཕན་ཆད་ནི། བསམ་པའི་ཤེས་རབ་ལ། རྟོག་དཔྱོད་ལས་འདས་ནས་སྒོམ་པའི་ཤེས་རབ་ཅེས་བྱའོ། །དེ་ལྟར་ལམ་གྱི་རིམ་པ་ལ་བློ་སྦྱངས་པས། ཚོགས་ལམ་དུ་མོས་པ་ཙམ་ཞིག་ཡུལ་དུ་བྱེད། དྲོད་རྩེ་མོ་ལ་སོགས་པ་སྦྱོར་ལམ་དུ་གཟུགས་བརྙན་ཙམ་ཞིག་ཡུལ་དུ་བྱེད། མཐོང་ལམ་གྱིས་ཡེ་ཤེས་མཐོང་སྤང་སྤངས་ནས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་བྱེད། སྒོམ་ལམ་གྱིས་ཡེ་ཤེས་སུ་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ནས། ས་བཅུ་རྒྱུན་མཐའ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་ཆད་མེད་པའི་ལམ་ལས། སྲིད་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས། ཆོས་ཀྱི་སྐུ་བདེ་བ་ཆེན་པོ་མངོན་དུ་བྱེད་པར་འགྱུར་རོ། །ཞེས་གསུང་ངོ་། །ཕ་རོལ་ཏུ་ཕྱིན་པ་ལམ་གྱི་གཞུང་ཤིང་ལྟ་བུ་ཅིག་ཡིན་གསུང་། གསང་སྔགས་ཀྱི་དབང་དུ་བྱས་ན། མ་སྨིན་པ་སྨིན་པར་བྱས་ནས་སྨིན་པ་གྲོལ་བར་བྱེད་པ་ཐབས་བསྐྱེད་རྫོགས་གཉིས་ལ་བརྟེན་ནས། རྫོགས་རིམ་སྤྲོས་བཅས་དང་སྤྲོས་མེད་ལ་བརྟེན་ནས། རང་རིག་པའི་ཡེ་ཤེས་འོད་གསལ་རྒྱུན་ཆད་མེད་པ་ཉམས་སུ་མྱོང་བར་བྱེད་དོ། །ཞེས་གསུང་ངོ་། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དོན་སྤྱིའི་རྣམ་པ་བསྟན་ལ། གསང་སྔགས་སུ་དོན་དངོས་བསྟན་པ་ཅི་སྟེ་ཞེ་ན། འཇམ་༼༡༢བ༽དཔལ་གྱིས་བཅོམ་ལྡན་འདས་ལ་གསོལ་པ། གསང་སྔགས་སུ་དོན་དངོས་བསྟན་ལ། ཕ་རོལ་ཏུ་ཕྱིན་པར་ཅིའི་ཕྱིར་དོན་དངོས་མི་སྟོན་པ་ལགས། བཀའ་སྩལ་པ། འཇམ་དཔལ། འདུལ་བ་ནི་བ་ལྟ་བུའོ། །མདོ་སྡེ་ནི་འོ་མ་ལྟ་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞོ་ལྟ་བུའོ། །གསང་སྔགས་ནི་མར་ལྟ་བུའོ། །གསོལ་པ། བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པར་དོན་སྤྱིའི་རྣམ་པ་བསྟན་ལ། གསང་སྔགས་སུ་དོན་དངོས་བསྟན་པ་ཅི་སྟེ། བཀའ་སྩལ་པ། འཇམ་དཔལ། ཆུ་བྲེ་གསུམ་གྱི་ནང་དུ་མར་བྲེ་གང་སྡུས་ནས། ཆུ་བྲེ་གསུམ་པོ་སྐམས་ནས། མར་བྲེ་གང་ལུས་པ་ནི་མར་གྱི་ཉིང་ཁུ་ཞེས་བྱའོ། །དེ་བཞིན་དུ། སྡེ་སྣོད་རྣམས་ཀྱི་ནང་ནས། གསང་སྔགས་ནི་མར་གྱི་ཉིང་ཁུ་ལྟ་བུའོ། །ཞེས་གསུངས་སོ། །གསང་སྔགས་ནི་རང་རིག་པའི་ཡེ་ཤེས་རང་ལ་རྟོགས་པའི་ཕྱིར་དོན་དངོས་བསྟན་ཏོ།། །།ཡང་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་དོན་གསུམ་པ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ཞེས་བྱ། རང་གི་སེམས་གདོད་ནས་ལྷུན་གྱིས་གྲུབ་པ། འདུས་མ་བྱས། སྐྱེ་འགག་མེད་པ། སྟོང་ལ་གསལ་བ། བདེ་ལ་ངོས་བཟུང་མེད་པར་ཤེས་དགོས། དེ་རྟོགས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བ་ལགས་གསུང་། རང་ལ་ཡེ་ནས་ཡོད་པ་དེ་ཤེས་ན་ཡེ་ཤེས་བྱ་བ་ཡིན། ས་དང་པོའི་བདེན་པ་བྱ་བ་ཡིན། རྩེ་གཅིག་བྱ་བ་ཡིན། སེམས་ངོ་ཤེས་པ་བྱ་བ་ཡིན། དེ་རང་གི་བརྩོན་འགྲུས་དང་། འདུས་བྱས་བསོད་ནམས་ཀྱི་ཚོགས་བསག་པ་དང་། བླ་མ་ལ་མོས་གུས་དྲག་པོས་རྟོགས་པ་ཡིན་གསུང་། རང་ཡི་དམ་གྱི་ལྷར་བསྒོམས་ལ། བླ་མ་ཉིན་མོ་སྤྱི་བོར་བསྒོམ། ནུབ་མོ་སྙིང་པད་མ་འདབ་བརྒྱད་ཀྱི་སྟེང་དུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་༼༡༣ན༽ཅད་དང་། བརྒྱུད་པའི་བླ་མ་རྣམས་སྤྱི་བོར་ཡང་ཡང་བསྒོམ་ཞིང་རང་ལ་སྟིམ། ཡིད་ལ་གང་ཡང་མི་བྱ་བར་བཞག་པའོ། །དེ་ལྟར་ཡང་ཡིད་ལ་མ་བྱེད་མི་དམིགས་ཞོག །ཅེས་གསུངས་སོ། །སྣང་བ་ལྷན་ཅིག་སྐྱེས་པ་ནི། ཆུ་ཟླའམ་མེ་ལོང་གི་གཟུགས་བརྙན་ལྟར། སྣང་ཡང་གཟུང་དུ་མེད་འཛིན་དུ་ཡང་མེད་པ་བཞིན་དུ། རང་གི་སེམས་ཀྱི་སྣང་བ་འཛིན་པ་ཡིན་ལ། ལུས་སེམས་རྩ་བ་བྲལ་བས། རྣམ་རྟོག་རྩ་བྲལ་དུ་ཤེས་པར་བྱའོ། །བུ་ཆུང་ངམ། སྨྱོན་པ་ལྟར་ཞེན་ཆགས་མེད་པར་བཞག་གོ །རྣམ་རྟོག་བྱུང་ཡང་སེམས་སུ་ཤེས་པར་བྱས་ལ་འགྲོ་ཉལ་འདུག་སྡོད་ཐམས་ཅད་ལ་གོམས་པར་བྱ་སྟེ་སྒོམ་ཞིང་། རེས་འགའ་རྩ་རླུང་བསྒོམས་པས་བོགས་ཆེ་བ་ལགས་གསུང་སྐད། དེ་ནི་སྣང་བ་ལྷན་ཅིག་སྐྱེས་པའམ། སྣང་སྟོང་དབྱེར་མེད་དམ། ཟུང་འཇུག་གི་རྣལ་འབྱོར་རམ། སྤྲོས་བྲལ་གྱི་གང་ཟག་བྱ་བ་ཡིན། ཆབ་རོམ་ཆུར་ཞུ་བ་དང་འདྲ། འཁོར་བ་ལ་འཇིགས་མི་དགོས་གསུང་། ཕྱག་རྒྱ་ཆེན་པོ་དོན་གསུམ་པའོ།། །།རྟོགས་ལྡན་རིན་པོ་ཆེ་ལ་འདུད། ཚེ་འདི་སྤངས་ནས་ཉམས་སུ་ལེན་པ་ཞིག་ལ། ཆོས་སྤང་བླང་གཉིས་ཡིན། དེ་ལ་རྒྱུ་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་དང་བཞི་ལས། སྤང་བྱ་ནི། རྒྱུའི་དུས་ན་དངོས་པོ་མེད་པ་ཞིག་ཡིན་པ་ལ། དངོས་པོ་དང་མཚན་མར་བཟུང་བས་ཞེན་ནས། བདག་པོའི་རྐྱེན་གྱི་དུས་སུ། ལོག་པའི་བཤེས་གཉེན་གྱིས། ཚིག་དང་ཐ་སྙད་དུ་འབྱམས་པ་ལ་སོགས་པས། དམིགས་པའི་རྐྱེན་གྱི་དུས་སུ་འཁྲུལ་ཏེ། དེ་མ་ཐག་པའི་རྐྱེན་གྱི་དུས་ན་རེ་དྭོགས་སུ་སོང་ན་ནི་འཁོར་བར་ལྟུང་སྟེ་སྤང་བྱའོ། །བླང་བྱ་ནི། རྒྱུའི་རྐྱེན་གྱི་དུས་ན་མ་ཞེན་ཅིང་ཞེན་༼༡༣བ༽པ་ལོག་པ་ཅིག་ལ། བདག་པོའི་རྐྱེན་གྱི་དུས་ན། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཕྲད་ནས་དམིགས་པའི་རྐྱེན་གྱི་དུས་སུ་མ་འཁྲུལ་པས། དེ་མ་ཐག་པའི་རྐྱེན་གྱི་དུས་ན། རེ་དྭོགས་དང་བྲལ་བ་ནི་སངས་རྒྱས་པ་སྟེ། བླང་བྱའོ། །དེ་ལ། ཡང་དག་པའི་དགེ་བའི་བཤེས་གཉེན་ནི་བཞི་སྟེ། གང་ཟག་དང་། བཀའ་དང་། སྣང་བ་དང་། རིག་པའོ། དེ་ཡང་། གང་ཟག་ལ་བརྟེན་ནས་གཞན་གསུམ་པོ་འཆར་བས། གང་ཟག་གི་མཚན་ཉིད་ནི། གསོལ་འདེབས་ནུས་པ། འགལ་སྒྱུར་ནུས་པ། མ་འཁྲུལ་བ། ཤེས་རབ་ཀྱིས་འབྱེད་ནུས་པའོ། །དེ་ཡང་། རྣམ་རྟོག་སྐུ་དྲིན་ཅན་དུ་ཤེས་ནས། གང་བྱུང་ཤེས་རབ་ཀྱི་གྲོགས་སུ་སྒྱུར་བ་ནི། གསོལ་འདེབས་ནུས་པའོ། །མ་བདེ་བ་རང་གི་རྒྱུད་ལ་གཟན་ངེས་པ་ཅིག་བྱུང་ཡང་། དེ་ལ་མི་བཟོད་མེད་པར། སླར་གྲོགས་སུ་འགྲོ་ན་འགལ་སྒྱུར་ནུས་པའོ། །འཁྲུལ་པ་ཐམས་ཅད་རྣམ་རྟོག་ངོ་མ་ཤེས་པས་འཁྲུལ་ཏེ། རྣམ་རྟོག་སེམས་སུ་ཤེས་པས་རྟོག་པ་ལམ་དུ་བྱེད་པ་ནི་མ་འཁྲུལ་པའོ། །རྣམ་རྟོག་དེ་ལྟར་དུ་ཤེས་ན། མདུང་ནམ་མཁའ་ལ་བསྐོར་བ་བཞིན་དུ། ཆོས་ཐམས་ཅད་ལ་ཐོགས་རྡུགས་མེད་པ་ནི་ཤེས་རབ་ཀྱིས་གོ་འབྱེད་ནུས་པའོ། །དམིགས་པའི་རྐྱེན་ལ་བཞི་སྟེ། ཤེས་པའི་མཚན་ཉིད། ཁྱད་པར་གྱི་མཚན་ཉིད། བྱེད་པའི་མཚན་ཉིད། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཤེས་པའི་མཚན་ཉིད་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ངོ་ཤེས་པར་བྱས་ལ། སྐྱེ་བ་མེད་པ་ཆོས་སྐུ། འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། སྐུ་གསུམ་རྟོག་པའི་བློ་ལ་ཡང་སྣང་། ཚིག་ཏུ་བརྗོད་དུ་འདོད་ཀྱང་ངོ་བོ་ལ་ངོས་བཟུང་དང་བྲལ་བ་བློའི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་སྐུའོ། །སེམས་ཀྱི་མཚན་༼༡༤ན༽ཉིད་སྐུ་བཞི་ངོས་འཛིན་པས། ཤེས་པའི་མཚན་ཉིད་ཡིན། ཁྱད་པར་གྱི་མཚན་ཉིད་ནི། རྟོག་པ་བྱུང་ཚད་སེམས་ཉིད་ཡིན་པས་མི་སྤོང་བར་སྐུ་བཞིར་འཁྱེར་བའོ། །བྱེད་པའི་མཚན་ཉིད་ནི། རྟོག་པ་སྐུ་བཞི་ཡིན་ཡང་བྱེད་པ་མེད། ཆོས་སྐུ་སྒྱུ་མ་ལྟ་བུར་འགྲོ་བའོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི། གདོད་མ་ནས་སྐུ་བཞི་ལྷུན་གྱིས་གྲུབ་པ་དེ་ཡིན། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་བཞི་ལས་མ་འདས་པ་དེ་ལྟ་བུའི་གོ་ཆ་སྟེ། ཐམས་ཅད་ཤེས་རབ་ཀྱི་ཡུལ་དུ་ཤེས་པས། མཐའ་ཐམས་ཅད་ཁེགས་ནས། དཔེར་ན། བྱ་ཐག་པས་བཏགས་པ་དང་འདྲའོ། །ཤེས་རབ་ཀྱི་གོ་ཆ་ནི། རྡོ་རྗེ་སྐྱིལ་ཀྲུང་བཅས། ལུས་བསྲང་། མིག་སྣ་རྩེར་ཕབ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱས་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ལ་བལྟས་པས། ཚིག་ཏུ་ལན་གསུམ་བརྗོད་པ་ནི་ཐོས་པའི་ཤེས་རབ། ཚིག་དེ་ལ་བརྟེན་ནས་དོན་གོ་བར་བྱེད་པ་ནི་བསམ་པའི་ཤེས་རབ། རྟོག་པ་དོན་དུ་ཤེས་པ་ནི་སྒོམ་པའི་ཤེས་རབ་བོ། །དེ་ནི་དམིགས་པའི་རྐྱེན་གྱི་དུས་ན་མ་འཁྲུལ་བའོ། །དེ་མ་ཐག་པའི་རྐྱེན་ནི། ཤེས་རབ་ཀྱིས་དེ་ལྟར་ཉམས་སུ་བླངས་པས། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཤེས་ཀྱང་དེ་ལ་བྱ། སྐྱབས་སུ་འགྲོ་བའི་དབང་དུ་བྱས་ན། དེ་ལྟ་བུའི་དོན་རྟོགས་ཅིང་ཁོང་དུ་ཆུད་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན། ཆོས་ཐམས་ཅད་དེ་ཉིད་ཡིན་པས། རྟོག་པ་ཉིད་ལ་ལམ་བྱེད་པ་ནི་ཆོས་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟར་རྟོག་པ་ལམ་དུ་བྱེད་པའི་མཁན་པོ་རྟེན་མེད་པའི་རིག་པ་ལས་བྱུང་བས། ཐོགས་པ་མེད་པའི་ཤེས་རབ་དགེ་འདུན་ཡིན། དེ་ལྟ་བུའི་ཁྱད་པར་ཅན་གྱི་ལམ་དེ་ལ། རྟོག་པ་ཅི་སྐྱེས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་དུ་འགྲོ། ༼༡༤བ༽ཐབས་སུ་འགྲོ། རྟོག་པ་ཅི་སྐྱེས་ཉིད་ཀྱི་སྐུལ་མར་བཏབ་ནས་གྲོགས་སུ་འགྲོ་སྟེ། རྟོག་པ་གང་དང་གང་གི་མཚན་ཉིད་ཤེས་པས་ཤེས་རབ། རྟོག་པ་ཐམས་ཅད་ལམ་དུ་བྱུང་བས་བསམ་གཏན། རྟོག་པ་སྐྱེས་ཚད་ལམ་ཉིད་དུ་སྐྱེས་པས། ཡོངས་སུ་སྦྱོང་བའི་བརྩོན་འགྲུས། ཆོས་ཉིད་ཀྱི་དོན་ལ་མི་སྐྲག་པས་བཟོད་པ། དེ་ལྟ་བུའི་བསམ་གཏན་དེ་ལ་ཉོན་མོངས་པའི་ས་བོན་མེད་པས་ཚུལ་ཁྲིམས། དེ་ལྟ་བུའི་ཐབས་ཤེས་ཀྱིས་རྟེན་འབྲེལ་ལམ་ཏུ་བླངས་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས་ཅི་བྱས་སེམས་ཅན་གྱི་དོན་དུ་འགྲོ་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟ་བུ་དང་ལྡན་པའི་ལམ་འདི་སྐབས་བརྒྱད་ད་ལྟར་གྱི་སྒྲུབ་པ་པོའི་ལག་ཆར་ཁྱེར་བས་ཕྱིར་མི་ལྡོག་པ་ཐོབ་སྟེ། སེམས་དང་རྟོག་པ་ཐ་མི་དད་དེ་ཐམས་ཅད་སྐུ་བཞིར་ཁྱེར་བས་རྣམ་པ་ཐམས་ཅད་མཁྱེན་པ། ཐམས་ཅད་ལམ་དུ་ཤེས་པས་ལམ་ཤེས། སྒྲུབ་པ་པོ་ཐམས་མཁས་ནས་བྱས་པ་མ་ཡིན་པར། གདོད་མ་ནས་རྟོག་པ་རང་གི་མཚན་ཉིད་དེ། དེ་ལྟར་ཡིན་པར་ཤེས་པས་གཞི་ཤེས། རྒྱུ་ལམ་འབྲས་བུ་གསུམ་ངོ་བོ་གཅིག་ཏུ་སྦྱོར་བས། རྣམ་ཀུན་མངོན་རྫོགས། དེ་ལྟར་ཤེས་པས་ཤེས་རབ་རྣོ་ཞིང་རྩལ་སྦྱོང་བ་ལ་ཚེགས་མེད་པས་རྩེ་མོ། དེ་ལྟར་རྟོག་པ་མི་སྤོང་བར་མཐར་གྱིས་སྒྲུབ་པས་མཐར་གྱིས་པ། ཤེས་རབ་ཀྱིས་གནས་སྐབས་ཀྱི་མཚན་ཉིད་ཤེས་པས་སྐད་ཅིག་མ་ལ་བྱང་ཆུབ་པ། ཐམས་ཅད་ཆོས་སྐུའི་འཕྲིན་ལས་ཡོངས་སུ་ལོངས་སྤྱོད་པས་སྐུ་ཡོངས་སུ་རྫོགས་པའོ། །ཁྱད་པར་གྱིས་ལམ་འདི་ལ། ལམ་རྣམ་པ་ལྔའི་དབང་དུ་བྱས་ན། རྟོག་པ་དགེ་སྦྱོར་གྱི་གྲོགས་སུ་འགྲོ་བས་ཚོགས་ལམ། རྟོག་པ་ཉིད་ལ་བརྟེན་ནས་ལམ་ཁྱད་པར་ཅན་རྒྱུད་ལ་༼༡༥ན༽སྐྱེས་པས་ན་སྦྱོར་ལམ། རྟོག་པ་ཉིད་སྐུ་བཞིར་མཐོང་བས། མཐོང་ལམ། རྟོག་པ་གང་སྐྱེས་ཀྱང་སྐུ་བཞི་དང་མི་འབྲལ་བས། སྒོམ་ལམ། དེ་ཉིད་ལ་ངེས་ཤེས་སྐྱེས་ནས། དེ་ལས་ལྷག་པའི་ལམ་གཞན་ལ་བསླབ་ཏུ་མེད་པས། མཐར་ཕྱིན་པའི་ལམ་མོ། །ལམ་དེ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་འགྲོ་སྟེ། དྲན་པ་བྱུང་ཚད་ལམ་དུ་འགྲོ་བས་ན། དྲན་པ་ཉེ་བར་བཞག་པ། རྟོག་པ་མི་སྤོང་བར། ཤེས་རབ་ཀྱིས་རྟོག་པའི་མཚན་ཉིད་ཤེས་པས། དེ་ཉིད་ཡང་དག་པར་སྤོང་བ། ལམ་དེ་ལ་རྫུ་འཕྲུལ་ཐམས་ཅད་འབྱུང་བས། རྫུ་འཕྲུལ་གྱི་རྐང་པ་བཞི། དད་པས་རྒྱུ་བྱས། དྲན་པས་ལམ་བྱས། བརྩོན་འགྲུས་ཀྱིས་གྲོགས་བྱས། དེ་གསུམ་ནི་ཐབས་ཡིན་ཏེ། དེ་གསུམ་དེ་ལྟར་ཤེས་པས། ཤེས་རབ། ཐབས་ཤེས་རབ་ཀྱི་རྟེན་འབྲེལ་བསྐྲུན་པས་ཐམས་ཅད་ཏིང་ངེ་འཛིན་དུ་འབྱུང་བས་འབྲས་བུ། དེ་ལྟར་དབང་པོ་ལྔ་ལག་ཏུ་བླངས་པས་ཤེས་རབ་ཀྱི་རྩལ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པ་ལ་ཚེགས་མེད་པས། སྟོབས་ལྔ། དེ་ལྟར་ཐབས་ཤེས་ཀྱི་རྟེན་འབྲེལ་བསྐུལ་བས་ཤེས་རབ་ཀྱི་རྩལ་སྦྱངས་པ་དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས། དྲན་རིག་ཐམས་ཅད་བྱང་ཆུབ་ཀྱི་གྲོགས་སུ་འབྱུང་བས་བྱང་ཆུབ་ཀྱི་ཡན་ལག་གོ །ཐམས་ཅད་བྱང་ཆུབ་ཡན་ལག་ཏུ་ཤེས་པས་རྣམ་རྟོག་ལོངས་སྤྱོད་ཀྱང་། རྣམ་རྟོག་ཉིད་ཀྱིས་མི་གོས་པར་དེ་ཉིད་ལམ་དུ་འགྲོ་བས། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལྟར་ལྟ་བའི་གོ་ཆ་ནི། ཆོས་ཐམས་ཅད་ཀྱི་བརྡར་ཤ་བཅད་ནས། གོལ་ས་ཐམས་ཅད་ཀྱི་མཐའ་ཁེག་པ་ལས། དེ་མ་ཐག་པའི་རྐྱེན་གྱི་དུས་ན་རེ་དྭོགས་དང་བྲལ་བར་འགྲོའོ། །དེ་ལ་ཡང་། ཤེས་༼༡༥བ༽རབ་ཀྱི་གོ་ཆས་རྟོག་པ་ལམ་དུ་འཁྱེར་བའི་དུས་སུ། གོང་དུ་བསྟན་པའི་ལམ་གྱི་ཡོན་ཏན་ལ། ཤེས་རབ་ཀྱིས་བསྔོ་བགྲང་བྱེད་དམ་ཞེ་ན། དེ་ལྟར་བྱས་ན། སྐྱོན་དུ་འགྲོ་སྟེ། ལམ་ནི། སྒོམ་པའི་ཤེས་རབ་འབའ་ཞིག་ལ་བྱེད་པ་ཡིན། སྒོམ་པའི་ཤེས་རབ་ནི་ཚིག་དང་བློ་ལས་འདས་པ་ཡིན། འོ་ན་ལམ་དུ་ཇི་ལྟར་འཁྱེར་ན། དྲན་པས་ལམ་དུ་འཁྱེར་ཏེ། གང་ལ་བརྟེན་ནས་འཁྱེར་ན། རྟོག་པ་ཉིད་ལ་བརྟེན་ནས་ཤེས་རབ་ཀྱིས་དྲན་པ་ལ་དབང་བསྒྱུར་ཅིང་འགྲོ་བའོ། །རྟོག་པ་ལ་ཇི་ལྟར་བལྟ་ན། རྟོག་པ་རིམ་གྱིས་འབྱུང་དུས་སུ། དེ་ཡང་སྤང་བློ་མི་བཏང་བར། སྙིང་དུ་སྡུག་པ། དགོས་པ། སྐུ་དྲིན་ཅན་དུ་བལྟ། དེ་ལྟར་བལྟ་བ་ཅི་ཞེ་ན། ཡོན་ཏན་ཐམས་ཅད་རང་ལ་རང་ཆས་སུ་ཡོད་པས། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས། དེ་ལྟར་བལྟས་པས་རྟོག་པ་རང་གི་མཚན་ཉིད་ངོ་ཤེས་པས་སྐུ་བཞི་ངོ་བོ་ཉིད་ཀྱིས་འབྱུང་། དེ་ལྟར་རྟོག་པ་ལམ་དུ་ཁྱེར་བས་མ་ཞི་བར་ཆགས་སྡང་སྐྱེས་ན། རྟོག་པ་གཅིག་སྐྱེས་ན་ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས་མྱུར་དུ་མི་སྤང་བར་གོང་གི་ལྟ་བས་གཏན་ལ་དབབ། དེ་ལྟར་རྟོགས་ནས་རང་ཞི་རང་གྲོལ་དུ་སོང་བས། ཡོན་ཏན་གྱི་ཆོས་སུ་གྱུར་པ་ཐམས་ཅད་འགག་པ་མེད་པར་ཤུགས་ཀྱིས་འབྱུང་སྟེ། ཡོན་ཏན་དེ་ལྟ་ཞེས་ན། ལམ་བརྡུངས་ཏེ། དེ་ལ་ཡང་མི་གནས་པར། གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱས་ལ། གོང་དུ་ཤེས་རབ་ཀྱི་རྩལ་སྦྱང་ངོ་། །དེ་ལྟར་ཤེས་རབ་ཀྱི་རྩལ་གྱིས་རྟོག་པ་ཆོས་སྐུར་མཐོང་བས་ཚད་མ་ཞེས་དེ་ལ་བྱ། ཤེས་རབ་ཀྱིས་རྟོག་པའི་རྩ་བ་ངོ་ཤེས་པས། མཐའ་ཐམས་ཅད་དང་བྲལ་བའི་དབུ་མའོ། །གོལ་ས་གཅོད་པ་ཨྠི་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཙམ་པ་རང་རིག་དོན་དམ་༼༡༦ན༽དུ་འདོད་དེ། རིག་པའི་ཡེ་ཤེས་རྟོག་གེའི་ཡུལ་ལས་འདས་པ། སངས་རྒྱས་ཀྱི་ཐུགས་ལ་གསལ་བའི་རང་རིག་དོན་དམ་དུ་ཡོད་པར་འདོད། དབུ་མ་པ་ན་རེ། ཁྱོད་ཀྱི་དོན་དམ་པ་གང་ཡིན་པ། དེ་ནི་ང་ཡི་ཀུན་རྫོབ་ཡིན། ཁྱོད་ཀྱི་ཨ་མ་གང་ཡིན་པ། དེ་ནི་ང་ཡི་ཆུང་མ་ཡིན། ཁྱོད་ཀྱི་རང་རིག་དོན་དམ་པར་ཡོད་པར་བཟུང་བ་དེ་ངར་འཛིན་ཡིན་ཏེ། དེ་ནི་ང་ཡི་ཀུན་རྫོབ་ཡིན། ང་ནི་ཡོད་པའི་མཐའ་དང་བྲལ། མེད་པའི་མཐའ་དང་བྲལ། གཉིས་ཀའི་མཐའ་དང་བྲལ། གཉིས་ཀ་མ་ཡིན་པའི་མཐའ་དང་བྲལ། མཐའ་བཞི་དང་བྲལ་བས་གང་ཡང་ཁས་མི་ལེན། ཕ་རོལ་ཏུ་ཕྱིན་པ་ན་རེ། ཁྱོད་རང་ཁས་གང་ཡང་མི་ལེན་ན། སེམས་ཙམ་པ་ལ་སོགས་པའི་གྲུབ་མཐའ་གཞན་ཁེགས་སམ་མི་ཁེགས་ཞེས་ཟེར། དབུ་མ་པ་ན་རེ། ཁེགས་ཟེར། ཕར་ཕྱིན་པ་ན་རེ། ཁྱོད་ཀྱི་ཁས་གང་ཡང་མ་བླངས་ཀྱང་། གྲུབ་མཐའ་གཞན་ཁེགས་པའི་ཕྱིར་ཁས་བླངས་སུ་ཐལ། ང་ནི་གང་དུ་ཡང་མི་དམིགས་ཏེ། ཤེས་པ་འདས་པ་ནི་འགགས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། མ་འོངས་པ་ནི་མ་སྐྱེས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་བརྟག་དཀའ་སྟེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པའོ། །དེ་བས་ན། གཟུགས་དང་། ཚོར་བ་ལ་སོགས་པ་མི་དམིགས་པས་ན། ང་ནི་གང་དུ་ཡང་མི་དམིགས་པའོ། །གསང་སྔགས་པ་ན་རེ། ཁྱེད་ཐམས་ཅད་དང་ང་མཐུན། སེམས་ཙམ་པ་དང་མཐུན་ཏེ། རང་རིག་པའི་ཡེ་ཤེས་རྟོག་གེའི་ཡུལ་ལས་འདས་པ། སངས་རྒྱས་ཀྱི་ཐུགས་ལ་གསལ་བ་དང་མཐུན། ཁྱོད་བས་ང་ལྷག་སྟེ། ཁྱོད་རང་རིག་དོན་དམ་པ་ཡོད་པར་འདོད། ༼༡༦བ༽ང་རིག་པ་སྐྱེ་མེད་ཡིན། དབུ་མ་པ་དང་མཐུན་ཏེ། མཐའ་བཞིའམ། བརྒྱད་དང་ཡང་བྲལ་བར་འདོད་པས་མཐུན། ཁྱོད་བས་ང་ལྷག་སྟེ། ཁྱོད་ཉམས་མྱོང་མི་འདོད་དེ། ཉམས་མྱོང་ཡོད་པས་ང་ལྷག །དབུ་མ་པ་ན་རེ། ཁྱོད་ཉམས་མྱོང་འདོད་པས་མི་རུང་། ཉམས་རྟོག་པ་ཡིན། རྟོག་པ་འཁོར་བ་ཡིན། ང་ཉམས་མྱོང་མི་འདོད་ཟེར། གསང་སྔགས་པ་ན་རེ། ཁྱོད་སྒོམ་མམ་མི་སྒོམ། སྒོམ་ན་ཉམས་མྱོང་མི་འབྱུང་མི་སྲིད། མི་སྒོམ་ན་ཉམས་མྱོང་མེད། ཉམས་མྱོང་མེད་ན་སངས་མི་རྒྱ། རང་རིག་པ་སྐྱེ་མེད་བློ་ལས་འདས་པའི་ཉམས་དེ། ཁྱོད་ཀྱིས་སྨྲ་བར་མི་ནུས་སོ། །ཕ་རོལ་ཏུ་ཕྱིན་པ་དང་མཐུན། ཕྱི་གཟུང་བའི་ཡུལ་དེ་སེམས་ཀྱི་རྣམ་འཕྲུལ་ཡིན་པས། གཞི་རྩ་མ་གྲུབ་པ་གང་དུ་ཡང་མི་དམིགས་པ་དང་མཐུན། ཁྱོད་བས་ང་ལྷག །ཁྱོད་ཤེས་པ་འདས་པ་ནི་འགགས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། མ་འོངས་པ་ནི་མ་སྐྱེས་ཏེ། དཔེར་མི་རུང་། རྒྱུར་ཡང་མི་རུང་། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་བརྟག་དཀའ་སྟེ། སྐད་ཅིག་མ་དེ་ཀ་ལྟར་ཁྱེར་བས་ཁྱོད་ལ་ཐུག་པ་མེད་པའི་སྐྱོན་ཡོད། ཁྱོད་དོན་སྤྱིའི་རྣམ་པ་ཡུལ་དུ་བྱས་པ་ཡིན། རང་ཉིད་སྟོང་པར་མ་ཤེས་པས། ཡུལ་དང་སྟོང་པ་མི་སྐྱེ་སྟེ་རྗེས་དཔག་ལ་རྒྱས་འདེབས་མེད། སྒྲོ་འདོགས་རེ་རེ་གཅོད་པའི་ཕྱིར་རོ། །ང་ལ་རྒྱས་འདེབས་ཡོད། ང་ཕྱི་གཟུང་བའི་ཡུལ་ལ་བརྟག་དཔྱད་མི་གཏོང་། ནང་འཛིན་པའི་སེམས་འདི་དང་པོ་སྐྱེ་མ་མྱོང་། ཐ་མ་འགགས་མི་སྲིད། སྐྱེ་འགག་མེད་པའི་ངོ་བོའི་ཉམས་དེ་དུས་གསུམ་གྱི་སངས་རྒྱས་ཀྱིས་གཅོད་པར་མི་ནུས། དེ་ལྟ་བུའི་ཉམས་མྱོང་ཡོད་པས་ང་ལྷག །འོ་ན་གསང་སྔགས་པ་རང་ལ་གཉིས་ཏེ། ཐབས་དང་ཤེས་རབ་བོ། །ཐབས་ནི་གཏུམ་མོ། །གཏུམ་༼༡༧ན༽མོའི་ཡོན་ཏན་ནི། རླུང་ཁོང་དུ་ཆུད་པས་རྟགས་ལྔ་དང་། ཡོན་ཏན་བརྒྱད་འབྱུང་སྟེ། རྟགས་ལྔ་ནི། དུ་བ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། མར་མེ་ལྟ་བུ་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །ཕན་ཡོན་བརྒྱད་ནི། ས་ཡིས་ལུས་གཟུང་ཐུབ། ཆུ་ཡིས་སྣུམ། མེ་ཡིས་དྲོད་སྐྱེ། རླུང་གིས་ཡང་ཞིང་གཡོ། ནམ་མཁས་ཡོད་པར་མི་ཚོར། ཟླ་བས་མདངས་གསལ། ཉི་མས་གཞན་གྱིས་མི་མཐོང་། ཐམས་ཅད་ཀུན་སོན་པོའི་ཕན་ཡོན་ཅི་ལ་ཡང་ཐོགས་རྡུགས་མེད་པའོ། །ཉོན་མོངས་པ་ནི། གཟུང་འཛིན་གཉིས་རླུང་ལ་འགྱུ་སྟེ། རླུང་དྷཱུ་ཏིར་ཚུད་ན་ཉོན་མོངས་པ་ངང་གིས་འགག །དེ་བཞིན་དུ། ཡི་དྭགས་ཀྱང་རླུང་གཉིས་ནས་འཇུག་སྟེ། རླུང་དྷཱུ་ཏིར་ཚུད་ན་ཡི་དྭགས་ཀྱིས་མི་ཚུགས། དེ་བཞིན་དུ་འབྱུང་བཞིའི་ནད་ཀྱིས་ཀྱང་མི་ཚུགས་སོ། །དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཤེས་རབ་ནི། སྐྱེ་བ་མེད་པའི་རིག་པ། འགག་པ་མེད་པའི་ལམ། གནས་པ་མེད་པའི་ཤེས་རབ་སྟེ། ཐོབ་པ་མེད་པའི་འབྲས་བུ་གསུམ་གྱིས་ཕུལ་ཏེ། སྐྱེ་བ་མེད་པའི་རིག་པ། ཆོས་གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཐག་ཆོད། སྐྱེ་མེད་གཅིག་པུར་བྱས་ན་ཆད་ལྟར་འགྲོ་སྟེ། སྐྱེ་མེད་ལ་རིག་པ་ཁོང་རྐྱལ་དུ་གནས་པ་ནི། དཔེར་ན། འོ་མ་ལ་མར་ཡོད་པ་དང་འདྲའོ། །འགག་པ་མེད་པའི་ལམ་ནི། གསལ་བའམ་ཉམས་སུ་མྱོང་རྒྱུ་ཅིག་མེད་ན་ལམ་དུ་མི་འགྲོ་སྟེ། རིག་པའི་ངོ་བོ་ནི། གསལ་ལ་གོ་མ་འགག་པ། དེ་ལ་གོམས་པར་བྱེད་པ་ལམ་མོ། །གནས་པ་མེད་པའི་ཤེས་རབ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་ཆད་པས་ན་ཤེས་རབ་ཅེས་བྱའོ། །མི་མཐུན་པ་ནི། དངོས་པོ་དང་མཚན་མ་ལ་སོགས་པ་ཡིན་༼༡༧བ༽ནོ། །རིག་པའི་ངོ་བོ་རྟོགས་ན། མར་མེ་བྱུང་བས་མུན་པ་འབྲོས་པ་བཞིན། མི་མཐུན་པ་ཤུགས་ཀྱིས་གཅོད་པས་ན་ཤེས་རབ་བོ། །ཐོབ་པ་མེད་པའི་འབྲས་བུ་ནི། མི་མཐུན་པ་རྣམས་ཆད་པར་གྱུར་བའི་ངོ་བོ་དེ་ལས་ཆོས་སྐུ་འབྱུང་། དེ་ལས་གཟུགས་སྐུ་འབྱུང་བ་ནི་ཐོབ་པ་མེད་པའི་འབྲས་བུའོ།། །།བླ་མ་དམ་པ་རྣམ་ལ་ཕྱག་འཚལ་ལོ། །སྒྲིབ་པ་ནི་གསུམ་སྟེ། ཤེས་བྱའི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། ལས་ཀྱི་སྒྲིབ་པའོ། །དེ་ངོས་འཛིན་ན། ཤེས་བྱའི་སྒྲིབ་པ་ནི་དོན་ལ་མ་རིག་པ་ཡིན། ཉོན་མོངས་པའི་སྒྲིབ་པ་ནི། ཡེ་ནས་རྒྱུད་ལ་ཡོད་པའི་འདོད་ཆགས་ལ་སོགས་པའོ། །དེའི་རྩ་བ་མ་རིག་པ་ལས་བྱུང་། ལས་ཀྱི་སྒྲིབ་པ་ནི། ཉོན་མོངས་པས་ཀུན་ནས་བསླངས་པའི་མི་དགེ་བ་བཅུ་སྤྱད་པས། འབྲས་བུ་སྡུག་བསྔལ་འབྱུང་བ་དེ་ཡིན་ཏེ། དེ་གསུམ་སྤོང་བ་ནི། བཀའ་གདམས་ལ་སོགས་པ་དགེ་བཤེས་ཀུན་ནི། སྔོན་ལ་གཉིས་པོ་སྦྱངས་ལ། ཤེས་བྱ་ཞོར་ལ་སྦྱང་གསུང་། བླ་མ་མི་ལའི་ཞལ་ནས། སྔོན་ལ་ཤེས་བྱ་སྦྱང་། ཤེས་བྱ་འབྱོངས་ནས་ལས་ཉོན་གཉིས་པོ་སྒྲོག་རང་བརྡལ། ཤེས་བྱ་མ་འབྱོངས་ན་ལས་ཉོན་གཉིས་པོ་ལན་ཅིག་འབྱོངས་ཀྱང་། ཡང་སྐྱེ། དཔེར་ན། སྡོང་པོའི་ཡལ་ག་བཅད་པ་དང་འདྲ། ཤེས་བྱ་ལ་འབྱོངས་ན། སྡོང་པོའི་རྩ་བ་ནས་བཅད་པ་དང་འདྲ། སྐྱེ་རྒྱུ་མེད་དེ་སྒྲོག་རང་བརྡལ་སོང་བ་ཡིན་གསུང་། དེ་གཉིས་ཀ་བདེན། དགེ་བཤེས་པ་བདེན་ཏེ། ལས་དང་ཉོན་མོངས་པ་གཉིས་དང་མ་བྲལ་ན་སངས་རྒྱ་བའི་ཐབས་མེད། བླ་མ་བདེན་ཏེ། ཤེས་བྱ་ལ་ཀོ་ལོང་མ་གསོལ་ན། ལས་ཉོན་གཉིས་ཟད་ཀྱང་མ་ཕན། ཤེས་སྒྲིབ་ལ། སོ་སོའི་སྐྱེ་བོའི་དུས་བག་ལ་ཉལ་ཞེས་བྱ་སྟེ། ཆུ་དང་འོ་མ་བཞིན་དུ་རྒྱུད་དང་འདྲེས་པས། ཡུལ་དང་ཕྲད་ན་སྣང་གིས། རྣམ་༼༡༨ན༽སྨིན་འཕྲལ་དུ་མི་འབྱིན། བག་ཆགས་དེ་ལ། རྣམ་ཤེས་ཞེས་བྱ་སྟེ། མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པའི་སྐྱེ་བོ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པས། ཟབ་པ་ནི། གཏིང་མ་རྙེད་པ་ལ་བྱ། ཕྲ་བ་ནི་མི་མཐོང་བའོ། །དེ་ལ། བག་ཆགས་ཀྱི་ས་བོན་འདེབས་པ་ནི་དཔེར་ན། རང་གི་བྱད་བཞིན་ལ་ཚོན་རྩི་དཀར་ནག་གཉིས་བྱུགས་ནས། མེ་ལོང་ལ་བལྟས་པས་གཟུགས་བརྙན་ཕ་གིར་ཤར་བ་དེ། བྱད་བཞིན་གྱི་དེ་ཕར་འཕོས་སམ་ཞེ་ན་མ་འཕོས། དེ་མེད་པ་ཡང་མ་བྱུང་། དེ་བཞིན་དུ། རྣམ་ཤེས་ལ་བག་ཆགས་ཀྱི་ས་བོན་བཏབ་པས། ཡུལ་དང་ཕྲད་པའི་དུས་སུ། འབྲས་བུ་ཕ་གིར་སྣང་བ་དེ། རྣམ་ཤེས་དེ་ཕར་འཕོས་སམ་ཞེ་ན། མ་འཕོས། རྣམ་ཤེས་ལས་གཡོས་པ་མེད་དེ། དེ་མེད་པར་ཡང་མ་བྱུང་། རྣམ་ཤེས་དེ་མ་འགགས་ཤིང་གསལ་བས་ན་རྣམ་ཤེས་ཞེས་བྱའོ། །དེའི་ངོ་བོ་ནི་སེམས་ཡིན་ཏེ། ཡེ་ཤེས་ཡིན། རྒྱུད་དག་པའི་རང་བཞིན་ཡིན་པས། ཅིར་སྣང་རང་གི་ངོ་བོར་ཤར་བས་ས་བོན་གདབ་བྱ་འདེབས་བྱེད་མེད་མོད། ས་དང་པོའི་བདེན་པ་མཐོང་ནས་མིང་དུ་ཤེས་བྱའི་སྒྲིབ་པར་བཏགས། དེ་སྤོང་བ་ནི། བསྒོམས་པས་སྤོང་བ་ལས་གཞན་གྱིས་མི་སྤོང་། དེ་སྤོང་བའི་དཔེ་ནི། གསེར་འགྱུར་གྱི་རྩི་དང་འདྲ་སྟེ། ལྕགས་ལ་ཡེ་ནས་གསེར་གྱི་རང་བཞིན་ཡོད་པ་ལ། བཟོ་བོས་རྩི་བྱུགས་པས། ལྕགས་ཇེ་ཆུང་དུ་འགྲོ། གསེར་ཇེ་ཆེ་ལ་མཐར་གསེར་གྱི་རང་བཞིན་དུ་འགྱུར། དེ་བཞིན་དུ། ཤེས་པ་ལ་ཡེ་ཤེས་ཀྱི་རང་བཞིན་ཡེ་ནས་ཡོད་པ་ལ། བླ་མའི་མན་ངག་གིས་མཚོན་ནས། ཤེས་བྱ་ཇེ་འགགས་ལ། ༼༡༨བ༽ཡེ་ཤེས་ཇེ་གསལ་ལ་སོང་ནས། མཐར་རྒྱུད་དགེ་བའི་རང་བཞིན་དུ་འགྱུར། དེ་ཡང་། ཕ་རོལ་ཏུ་ཕྱིན་པའི་འདོད་པས་ནི། མཐོང་ལམ་གྱིས་ཇི་ལྟར་མཐོང་བའི་དོན་དེ། ས་བཅུའི་བར་དུ་གོམས་པར་བྱས་པ་ལས། ས་བཅུ་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ལས་ཀྱི་སྒྲིབ་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས། སྐད་ཅིག་མ་གཉིས་པ་ལ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ། དུས་ཐམས་ཅད་དུ་ཆད་པ་མེད་པ་མངོན་དུ་གྱུར་པ་ཡིན་གསུང་། སྔགས་ནི། བསམ་གཏན་གྱི་འོད་གསལ་ལ་གོམས་པར་བྱས་པས། བར་དོ་དང་པོའི་དུས་སུ་ཤེས་བྱ་འགགས། རང་བཞིན་འོད་གསལ་ལ་གནས་སོ། །དེར་གནས་མ་ནུས་ན་ད་རུང་ཤེས་བྱ་མ་འབྱོངས་པ་ཡིན་གསུང་། ཉོན་མོངས་པའི་སྒྲིབ་པ་ནི། བསླབ་པ་གསུམ་གྱིས་རྩད་ནས་གཅོད། ལས་ཀྱི་སྒྲིབ་པ་ནི། སྟོབས་བཞིས་འདག་པར་བྱེད་དེ། རྟེན་གྱི་སྟོབས་བླ་མ་དང་དཀོན་མཆོག་ལ་གསོལ་བ་འདེབས། སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པའི་སྒོ་ནས་ལུས་ངག་གི་དགེ་བ་གང་བྱེད་པ་དེ་ཡིན། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྔར་བྱས་པ་ལ་འགྱོད་ནས། ཕྱིས་སྤོང་བའི་སྒོ་ནས་ལུས་ངག་གི་དགེ་བ་གང་བྱེད་པ་དེ་ཡིན། སོར་ཆུད་པའི་སྟོབས་ནི། སྔར་བྱས་ལ་འགྱོད། ཕྱིས་མི་བྱེད་པར་ཁས་བླངས་ནས། མི་དགེ་བ་བཅུ་སྤོང་ཞིང་། དགེ་བ་བཅུ་དང་དུ་ལེན་པ་དེ་ཡིན་ནོ།། །།བླ་མ་རིན་པོ་ཆེའི་ཞལ་ནས། ཚེ་འདི་བློས་བཏང་ནས་ཆོས་གཤའ་མ་བྱེད་པ་ལ། བླ་མ་མ་ནོར་བ་གཅིག་དང་ཕྲད་དགོས། ཆོས་མ་ནོར་བ་གཅིག་དང་ཕྲད་དགོས། བླ་མ་ནོར་བ་དང་ཕྲད། ཆོས་མ་ནོར་བ་དང་ཕྲད་ན། ལམ་མ་ནོར་བ་རྒྱུད་ལ་མི་སྐྱེ། དེ་མ་སྐྱེས་ན་འབྲས་བུ་མ་ནོར་བ་རྒྱུད་ལ་མི་འཆར། དེ་མ་ཤར་༼༡༩ན༽ན་སངས་མི་རྒྱ། དེ་བས་ན། བླ་མ་མ་ནོར་བ་གཅིག་དང་ཕྲད་ན། ཆོས་མ་ནོར་བ་གཅིག་དང་ཡང་ཕྲད་པས། ལམ་མ་ནོར་བ་རྒྱུད་ལ་སྐྱེ། དེ་སྐྱེས་ན་འབྲས་བུ་མ་ནོར་བ་རྒྱུད་ལ་འཆར་གསུང་། ཆོས་གཤའ་མ་ཞིག་བྱེད་ན། དང་པོ་མི་རྟག་པ་བསྒོམས་པའི་སྟོབས་ཀྱིས། ཚེ་འདི་ལ་བློ་ལོག་པ་ཞིག་དགོས། དེ་ནས། འཁོར་བའི་ཉེས་དམིགས་བསྒོམས་པས། འཁོར་བ་མཐའ་དག་ལ་བློ་ལྡོག་དགོས། དེ་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། འཁོར་བ་ན་གནས་པའི་མ་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློ་སྐྱེ་དགོས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་ན་སངས་རྒྱ། དེ་གཉིས་མ་སྐྱེས་ན་སངས་མི་རྒྱ། བསོད་ནམས་ཀྱི་ཚོགས་གསོག་པ་དང་། བསྐྱེད་རིམ་སྒོམ་པ་དང་། བཟླས་པ་བྱེད་པ་ལ་སོགས་པ་ཡང་། དེ་གཉིས་ཀྱིས་ཞབས་ཏོག་གི་ཚུལ་དུ་བྱེད་པ་ཡིན། ཡང་ན། བསོད་ནམས་ཀྱི་ཚོགས་མ་གྲུབ་ཀྱང་། དེ་གཉིས་རང་བསོད་ནམས་ཀྱི་ཚོགས་ཡིན། ཀུན་རྫོབ་སྒྱུ་མ་ཙམ་དུ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་གསུང་།། །།བསྒོམ་པར་བྱ་བ་ནི། ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་གཟུང་བའི་ཡུལ་འདི་དག་ནི། སེམས་ལས་བྱུང་བ་ཡིན། སེམས་ཀྱིས་མ་བསྐྱེད་པའི་དངོས་པོ་གང་ཡང་མེད། གཉིས་ཡིན་ཏེ། ཕྱི་གཟུང་བའི་ཡུལ་ནི། རླུང་གི་དཀྱིལ་འཁོར་ནས། སྲིད་པའི་རྩེ་མོའི་བར་འདི་དག་ནི་བརྫུན་པ་ཡིན་ཏེ། དང་པོ་ནས་ཡོད་མ་མྱོང་བ་ཡིན། དཔེར་ན། རྨི་ལམ་རྨིས་པའི་དུས་སུ་ཟས་སྐོམ་ལ་ལོངས་སྤྱད་པ་ལ་སོགས་པ་རྨི་སྟེ། གཉིས་སད་པའི་དུས་སུ་གང་ལ་ཡང་མ་གྲུབ། དཔེ་དེ་བཞིན་དུ། ད་ལྟ་འཁོར་བའི་ཆོས་སྣ་ཚོགས་སུ་སྣང་ཡང་། བདེན་པ་མཐོང་བའི་དུས་སུ་གང་༼༡༩བ༽ཡང་མ་གྲུབ་སྟེ། དེ་ལྟར་བདེན་པར་མཐོང་ཡང་བརྫུན་པ་ཡིན། བརྫུན་པའི་ངོས་ནས་བདེན་པ་ཡིན་ཏེ། སྣང་བ་སྒྱུ་མ་རྨི་ལམ་ཙམ་དུ་ཤེས་པར་བྱའོ། །ནང་འཛིན་པའི་སེམས་འདི་བདེན་པ་ཡིན་ཏེ། དང་པོ་མ་སྐྱེས། ཐ་མར་མི་འགག །རྒྱུ་རྐྱེན་གྱིས་མ་སྐྱེད། གང་དུ་ཡང་འགྱུར་བ་མེད། སངས་རྒྱས་ཀྱི་ཐུགས་ལ་མངའ་བ་དང་། སེམས་ཅན་གྱི་སེམས་ཉིད་ལ་བཟང་ངན་མེད། རྟོགས་མ་རྟོགས་ཀྱི་ཁྱད་པར་ཡིན། བློས་བྱས་ཀྱི་སྟོང་པས་ཡང་དང་ཡང་དུ་བསྒོམས་མི་རྟོགས་ཏེ། སེམས་ཀྱི་ངོ་བོ་དེ་མཐོང་ཡེ་མ་མྱོང་བ་ཡིན། སེམས་ཀྱི་མཚན་ཉིད་ནི། རྟོག་པ་སྣ་ཚོགས་སུ་འཕྲོ་ཞིང་སྣ་ཚོགས་སུ་འཆར་བ་ཡིན། སྐྱེས་བུ་ཤེས་རབ་ཆུང་བ་ནི། སེམས་དང་རྟོག་པ་གཉིས་ཐ་དད་དུ་རྟོགས། ཤེས་རབ་ཅན་ནི་གཉིས་མེད་དུ་རྟོགས་ཏེ། རྟོག་པ་སེམས་ལས་བྱུང་ཞིང་སེམས་ལ་ཐིམ། ཆུ་དང་ཆུའི་རླབས་བཞིན། སེམས་ཀྱི་རང་བཞིན་ནི་འོད་གསལ་བ། ཅིའི་ངོ་བོར་ཡང་མ་གྲུབ་པ་ཡིན། དང་པོ་བློ་གསར་པའི་དུས་སུ། དང་པོ་གང་ནས་སྐྱེས། གར་འགགས། ཇི་ལྟར་གནས་བསམ་པས་བློ་ངེས་པར་བྱེད་པ་ཡིན། དེ་ཉིད་བློ་ཆེར་སོང་ནས། མ་བཅོས་པའི་ཤེས་པ་རང་གསལ་ལ་འཇོག་པ་ཡིན། ཡུལ་དེ་ཉིད་ལ་དད་པ། བརྩོན་པ། གུས་པས་ནན་ཏན་གྱིས་རྒྱུན་རིང་བསྒོམ་པར་བྱ་སྟེ། ཆུ་བོའི་རྒྱུན་བཞིན་རྒྱུན་ཆད་མེད་པ་དང་། །མར་མེའི་རྩེ་མོ་རླུང་གིས་མ་བསྐྱོད་དང་། །བུ་ནི་ཡིད་འོང་བྲལ་བའི་མ་བཞིན་དུ། །ཉིན་དང་མཚན་དུ་འབད་དེ་བསྒྲུབ་པ་ན། །ལོ་ཟླ་འགའ་ན་དོན་ཀུན་ཐམས་ཅད་འགྲུབ། །ཅེས་གསུང་ངོ་།། །།ཡང་རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། ང་ལ་བལྟ་རྒྱུ་སེམས་ཉིད་གཅིག་པུ་ལས་མེད། སེམས་ཉིད་ནམ་མཁའ་ལྟ་བུ་ལ་བློ་ངེས་ཤེས་སྐྱེས་པ་དེ་ལྟ་༼༢༠ན༽བ་ཡིན། དེ་ཉིད་གསལ་བར་ཉམས་སུ་མྱོང་བ་དེ་སྒོམ་པ་ཡིན། བྱ་བ་ཅི་བྱེད་ཀྱང་དེ་དང་མ་བྲལ་བར་སྤྱོད་པ་དེ་སྤྱོད་པ་ཡིན། གོམས་པར་གྱུར་རྩ་ན་འབྲས་བུ་ལགས་སོ། །ཞེས་ལེགས་པར་གསུངས་སོ། །ཕྱོགས་བཅུའི་རྒྱལ་བ་ཀུན་ཀྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཀུན་གྱི་སྲས་གཅིག་པུ། །ཁམས་གསུམ་འགྲོ་བའི་དཔལ་མགོན་སྒམ་པོ་པའི། །བཀའ་འབུམ་དཔག་བསམ་ལྗོན་ཤིང་ལེགས་པར་རྫོགས།། ༈ །།ཨོཾ་སྭསྟི། དེ་ལྟར་མཚན་ཡོངས་སུ་གྲགས་པའི་ཆོས་ཀྱི་རྗེ་མགོན་པོ་ཟླ་འོད་གཞོན་ནུའི་བཀའ་འབུམ་དཔག་བསམ་ལྗོན་ཤིང་འགྲོ་བ་ཀུན་གྱི་རེ་འདོད་སྐོང་བར་བྱེད་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་འདི་ཡི་བླ་མ་བརྒྱུད་པའི་རིམ་པ་ནི་གསུམ་ལས། གསང་སྔགས་རྡོ་རྗེ་ཐེག་པའི་རིམ་པ་གཉིས་ཀྱི་སྐོར་མང་དུ་གསུངས་པའི་བརྒྱུད་པ་ནི། རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་ཀྱིས། སྤྲུལ་པའི་སྐྱེས་མཆོག་ཆེན་པོ་ཇོ་བོ་ཏཻ་ལོ་པ་ལ་གནང་། དེས་མཁས་པ་ཆེན་པོ་ནཱ་རོ་པ་ལ་གནང་། དེས་རྗེས་བཙུན་ལྷོ་བྲག་པ་ཆེན་པོ་ལ། དེས་བླ་མ་ཆེན་པོ་མི་ལ་རས་པ་ལ་གནང་། དེས་མགོན་པོ་ཟླ་འོད་གཞོན་ནུ་ལ་གནང་། དེས་སངས་རྒྱས་སྒོམ་པ་ལ་གནང་། ཁུ་དབོན་གཉིས་ཀྱིས། དཔལ་ལྡན་དུས་གསུམ་མཁྱེན་པ་ལ་གནང་། དེས་རིམ་པ་ལྟར་གསུངས་པ་ནི། འགྲོ་མགོན་རས་ཆེན་ལ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། གྲུབ་ཐོབ་ཨུ་རྒྱན་པ། བླ་མ་སྙན་རས། དེ་གཉིས་ཀས། ཆོས་རྗེ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན། རྟོགས་ལྡན་མགོན་པོ་རྒྱལ་མཚན། དེ་གཉིས་ཀས། ཆོས་རྗེ་རོལ་པའི་རྡོ་རྗེ། རྟོགས་ལྡན་མཁའ་སྤྱོད་དབང་པོ། ༼༢༠བ༽བླ་མ་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན། སྒམ་པོ་པ་བླ་མ་རིན་པོ་ཆེ་དྷརྨ་རཏྣ། དེ་ཉིད་ཀྱི་ཞལ་སྔ་ནས་དགྱེས་པས་གནང་བའོ།། །།ཡང་ལུགས་གཅིག་ལ། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ཤ་བ་རི་དབང་ཕྱུག །མཻ་ཏྲཱི་པ། མར་པ་ཆེན་པོ། མི་ལ་རས་པ། དྭགས་པོ་ལྷ་རྗེ།། །།ཡང་ལུགས་གཅིག་ལ། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། སློབ་དཔོན་ཀླུ་སྒྲུབ། མ་ཏང་གི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། སྙི་སྒོམ།། །།ཡང་ལུགས་གཅིག་ལ། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། བྲམ་ཟེ་ཆེན་པོ་ས་ར་ཧ་པ། ལཱུ་ཧི་པ། ཌིངྒི་པ། ཏཻ་ལོ་པ། མར་པ། མི་ལ། ཆོས་ཀྱི་རྗེ་རིན་པོ་ཆེ་པ།། །།ཡང་ལུགས་གཅིག་ལ། ཌོཾ་བྷི་ཧེ་རུ་ཀ །བིར་བ་པ། ལ་ཝ་པ། ཨིནྡྲ་བོ་དྷི་ཆུང་བ་སྟེ། བཀའ་བབས་བཞིའི་བརྒྱུད་པའོ།། །།ཡང་ལུགས་གཅིག་ལ། རྡོ་རྗེ་འཆང་། སུ་མ་ཏི་ཀུན་ཏུ་བཟང་མོ། ཐང་ལོ་པ། ཀརྞ་རི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། ཆོས་ཀྱི་རྗེ་བསོད་ནམས་རིན་ཆེན་པ། ཚུལ་ཁྲིམས་སྙིང་པོ། ཁམས་པ་དབུ་སེ། འགྲོ་མགོན་རས་པ་ཆེན་པོ། སྤོམ་བྲག་པ། ཀརྨ་པ། ཨུ་རྒྱན་པ། སྙན་རས། རང་བྱུང་པ། རྒྱལ་བ་གཡུང་། མགོན་རྒྱལ་བ། རོལ་པའི་རྡོ་རྗེ། ཞྭ་དམར་པ། དེ་བཞིན་གཤེགས་པ། ལ་ཕྱི་བ། བླ་མ་ཆོས་རིན་པ།། །།
