Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (21.1)

༄༅། །རྗེ་བཙུན་ཏིལླི་པས་ནཱ་རོ་པ་ལ་གདམས་པའི་ཕྱག་ཆེན་གངྒ་མ་ཞེས་བྱ་བ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲཱ་ཨུ་པ་དེ་ཤཾ། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག །དཔལ་ལྡན་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་གྱུར་ཀྱང་། །དཀའ་བ་སྤྱད་ཅིང་བླ་མ་ལ་གུས་པས། །སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །སྐལ་ལྡན་ཁྱོད་ཀྱི་སྙིང་ལ་འདི་ལྟར་བྱོས། །ཀྱེ་ཧོ་འཇིག་རྟེན་ཆོས་ལ་ལེགས་ལྟོས་དང་། །རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །དེས་ན་སྐྱོ་བསྐྱེད་འཇིག་རྟེན་བྱ་བ་ཐོངས། །འཁོར་གཡོག་ཆགས་སྡང་ཉེ་འབྲེལ་ཀུན་སྤངས་ལ། །གཅིག་པུ་ནགས་འདབ་རི་ཁྲོད་དགོན་པར་བསྒོམ། །བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོབ། །འཁོར་བའི་ཆོས་འདི་དོན་མེད་ཆགས་སྡང་རྒྱུ། །བྱས་ཆོས་སྙིང་པོ་མེད་པས་དོན་དམ་ལྟོས། །བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྙེད། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་གཅོད་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སོར་ཞོག །སྤང་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། །དཔེར་ན་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས། །རྩ་བཅད་ཡལ་ག་ལོ་མ་ཁྲི་འབུམ་སྐམ། །དཔེར་ན་བསྐལ་སྟོང་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་སྡིག་སྒྲིབ་མ་ལུས་སེལ། །བློ་དམན་སྐྱེ་བོས་དོན་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། །ལྟ་སྟངས་དང་ནི་སེམས་འཛིན་དུ་མ་ཡིས། །རིག་པ་ངང་ལ་མི་གནས་ནང་དུ་གཅུན། །དཔེར་ན་ནམ་མཁའི་དཀྱིལ་ནི་བརྟག་བྱས་ན། །མཐའ་དང་དབུས་སུ་འཛིན་པ་འགགས་པར་གྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བརྟག་བྱས་ན། །རྣམ་རྟོག་ཚོར་འགགས་རྟོག་མེད་གནས་གྱུར་ནས། །བླ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཐོང་། །དཔེར་ན་ས་རླངས་སྤྲིན་ནི་ནམ་མཁར་དེངས། །གར་ཡང་སོང་མེད་གར་ཡང་གནས་པ་མེད། །དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང་། །རང་སེམས་མཐོང་བས་རྟོག་པའི་དབའ་རླབས་དེངས། །དཔེར་ན་ནམ་མཁའ་ཁ་དོག་དབྱིབས་ལས་འདས། །དཀར་ནག་དག་གིས་གོས་མེད་འགྱུར་བ་མེད། །དེ་བཞིན་རང་སེམས་ཁ་དོག་དབྱིབས་ལས་འདས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །དཔེར་ན་དག་གསལ་ཉི་མའི་སྙིང་པོ་དེ། །བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་ནུས། །དེ་བཞིན་རང་སེམས་སྙིང་པོ་འོད་གསལ་དེ། །བསྐལ་པའི་འཁོར་བས་བསྒྲིབ་པར་མི་ནུས་སོ། །དཔེར་ན་ནམ་མཁའ་སྟོང་པར་རང་བརྟགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །བརྗོད་པ་འདི་འདྲ་གྲུབ་ཅེས་བརྟགས་གཞི་མེད། །དཔེར་ན་ནམ་མཁའ་གང་ལ་གང་གིས་བརྟེན། །དེ་བཞིན་རང་སེམས་ཕྱག་ཆེན་རྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །བཅིང་བ་གློད་གྱུར་གྲོལ་བ་ཐེ་ཚོམ་མེད། །དེ་ལྟར་སེམས་གྱི་རང་བཞིན་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་མར་ཞོག །ངག་གི་སྨྲ་བརྗོད་མ་མང་བྲག་ཅ་འདྲ། །ཡིད་ལ་མི་སེམས་ལ་བཟླའི་ཆོས་ལ་ལྟོས། །ལུས་ལ་སྙིང་པོ་མེད་པ་སྨྱུག་སྡོང་འདྲ། །སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་ཡུལ་འདས། །དེ་ངང་བཏང་བཞག་མེད་པ་གློད་ལ་ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་ཆེན་ཡིན། །དེ་ལ་གོམས་པས་བླ་མེད་བྱང་ཆུབ་ཐོབ། །དམིགས་པའི་ཡུལ་མེད་སེམས་ཀྱི་རང་བཞིན་གསལ། །བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན། །བསྒོམ་མེད་གོམ་པས་བླ་མེད་བྱང་ཆུབ་འཐོབ། །གཟུང་འཛིན་ཀུན་འདས་ལྟ་བའི་རྒྱལ་པོ་ཡིན། །ཡེངས་པ་མེད་ན་བསྒོམ་པའི་རྒྱལ་པོ་ཡིན། །བྱ་རྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །རེ་དོགས་མེད་ན་འབྲས་བུ་མངོན་དུ་གྱུར། །ཀུན་གཞི་སྐྱེ་མེད་བག་ཆགས་སྒྲིབ་གཡོགས་བྲལ། །མཉམ་རྗེས་མི་བྱ་སྐྱེ་མེད་སྙིང་པོར་ཞོག །སྣང་བ་རང་སྣང་བློ་ཡི་ཆོས་རྣམས་ཟད། །མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་ཡིན། །མུ་མེད་གཏིང་ཡངས་བསྒོམ་པའི་རྒྱལ་པོ་མཆོག །བྱར་མེད་རང་གནས་སྤྱོད་པའི་རྒྱལ་པོ་མཆོག །རེ་མེད་རང་གནས་འབྲས་བུའི་རྒྱལ་པོ་མཆོག །ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །བར་དུ་ཆུ་བོ་གངྒ་དལ་བུས་འབབ། །ཐ་མ་ཆུ་ཕྲན་མ་བུ་འཕྲད་པ་འདྲ། །སྔགས་སུ་སྨྲས་དང་ཕ་རོལ་ཕྱིན་པ་དང་། །འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ཀྱང་། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །རང་བྱུང་རང་ཞི་ཆུ་ཡི་དབའ་རླབས་འདྲ། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་སྒྲིབ། །རྟོགས་པ་བསྲུང་སྡོམ་དམ་ཚིག་དོན་ལ་ཉམས། །མི་གནས་མི་དམིགས་དོན་ལས་མི་འདའ་ན། །དམ་པ་ཉམས་ལེན་མུན་པའི་སྒྲོན་མེ་ཡིན། །ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །དོན་འདིར་མཉམ་བཞག་མ་ལུས་སྡིག་སྒྲིབ་བསྲེགས། །བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། །དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །འཁོར་བའི་ཆུ་བོས་རྟག་ཏུ་འཁྱེར་བར་ཟད། །ངན་སོང་སྡུག་བསྔལ་མི་བཟོད་སྙིང་རེ་རྗེ། །སྡུག་བསྔལ་ཐར་འདོད་བླ་མ་མཁས་པར་བསྟེན། །བྱིན་རླབས་ཞུགས་པས་རང་སེམས་གྲོལ་བར་འགྱུར། །ལས་རྒྱ་བརྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཐབས་དང་ཤེས་རབ་བྱིན་རློབས་སྙོམས་པར་ཞུགས། །དལ་བར་དབབ་ཅིང་དཀྱིལ་འཁོར་དྲངས་པ་དང་། །གནས་སུ་བསྐྱལ་དང་ལུས་ལ་ཁྱབ་པར་བྱ། །དེ་ལ་ཞེན་མེད་བདེ་སྟོང་ཡེ་ཤེས་འཆར། །ཚེ་རིང་སྐྲ་དཀར་མེད་ཅིང་ཟླ་ལྟར་རྒྱས། །བཀྲག་མདངས་གསལ་ཞིང་སྟོབས་ཀྱང་སེངྒེ་འདྲ། །ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ། །ཕྱག་རྒྱ་ཆེན་པོ་གནད་ཀྱི་གདམས་པ་འདི། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །དཔལ་ཏིལླི་པས་ནཱ་རོ་པ་ལ་ཆུ་བོ་གངྒའི་འགྲམ་དུ་གསུངས་པ་རྫོགས་སོ།། །།དགེའོ།།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact