Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (9.7)

༼༡ན༡༽༄༅། །གནས་ཆེན་མཁར་ཆུའི་བསྟོད་པ་དབེན་པའི་གནས་ལ་དགའ་བའི་དང་པ་རྣམས་དགའ་བ་བསྐྱེད་པའི་པདྨ་ཅན་ཞེས་བྱའོ། །

༼༡བ༢༽དཔལ་འབྲུག་པ་ཡབ་སྲས་ལ་ཕྱག་འཚལ་ལོ། །གྲུབ་པ་མཆོག་རྣམས་དགྱེས་པར་རོལ་པའི་ཞིང་། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་འདུན་སའི་མཆོག །ས་དང་ས་འོག་མཐོ་རིས་གནས་རྣམས་ཀྱི། །མཆོད་སྡོང་དམ་པ་དེ་ལ་ཕྱག་འཚལ་ལོ། །རྩེ་མོ་ཀཻ་ལ་ཤ་ཡིས་རྣམ་བརྒྱན་ཅིང་། །སྐེད་པ་སྔོ་བསངས་སྤྲིན་གྱིས་འཁྱུད་བྱས་པའི། །རི་བོའི་ངོས་ཡངས་འདིར་ནི་བག་ཕབ་ནས། །སེམས་ཀྱི་གླང་པོ་བཏུལ་ནི་མི་ལེགས་སམ། །ཟླ་བ་ཆུ་ཤེལ་བརྩེགས་པའི་བྲག་རི་ནི། །མཁའ་ཡང་ཕུག་ནས་འཆི་མེད་གྲོང་ཁྱེར་དུ། །རིངས་པར་བསྙེགས་སྙམ་གང་གི་རྩེར་སོན་ནས། །སྒྲུབ་པའི་མཐོ་རིས་བསྟེན་ན་མི་རུང་ངམ། །ས་གཞིའི་མཛེས་མ་རི་བོའི་ནུ་རྒྱས་ཅན། །ལྷག་མ་དཀར་ཞིང་ཨིནྡྲ་ནཱི་ལ་ཡི། །འཕྲེང་བ་སྔོན་པོས་མཛེས་པའི་ཕང་པ་ན། །བསམ་གཏན་སྙོམས་འཇུག་བསྟེན་ན་མི་ལེགས་སམ། །མཱ་ལ་ཡར་སྐྱེས་ཆུ་ཡི་དངས་ཤིང་འཐོར། །སྐབས་གསུམ་བདུད་རྩིའི་ཆབ་ཀྱིས་དཀར་བ་ཅན། །རི་བོའི་སྤོ་འདིར་དི་རིང་ཉིད་ནས་སུ། །ཡང་དག་འཇོག་ལ་བཞག་ན་མི་ལེགས་སམ། །རིན་ཆེན་སྡོང་པོ་སྣ་ཚོགས་ནོར་བུ་ཡི། །ཡལ་འདབ་ཕུན་ཚོགས་ལྡན་པའི་ལྗོན་ཤིང་ནི། །ཡ་རབས་ལྟ་བུར་མཐོ་བའི་ནགས་ཁྲོད་ན། །ཚེ་དང་སྒྲུབ་པ་བསྙམས་ན་མི་ལེགས་སམ། །འདི་ན་མཐོན་མཐིང་དུ་བའང་འཁྲིགས་གྱུར་ཅིང་། གསང་སྔགས་ཟློས་པའི་སྐྱེ་བོ་མང་བས་ན། །འདི་ནི་ངེས་པར་ལྷ་ཆེན་དཀའ་ཐུབ་པའི། །བསྟི་གནས་གངས་ཅན་དེ་དང་མཚུངས་མིན་ནམ། །བསིར་བུས་བསྐུལ་བའི་རྐང་འཐུང་གཞོན་ནུ་དག །དག་པའི་ལུས་བསྒྱུར་སྙན་པའི་གཤུགས་གླུ་ཡིས། །དྲི་ཟའི་བུ་མོ་སྟོང་གི་ཟློས་གར་དང་། རྒྱུད་མངས་སྙན་པའི་སྒྲ་དབྱངས་མཚོན་པ་བཞིན། །ལུས་ཕྲ་ལྦུ་བའི་མུ་ཏིག་དོ་ཤལ་ཅན། །ཆུ་རྒྱུན་བུ་མོ་རྦ་རླབས་འཛུམ་དཀར་གྱིས། །བདག་ལ་བདེ་འམ་ཞེས་པ་སྙུན་དྲིའི་ཚིག །ལྷུང་ལྷུང་སྙན་པར་སྒྲོག་པའང་འདི་ན་ཡོད། །ཟླ་བའི་འོད་ཀྱིས་ཡང་དང་ཡང་བྱུགས་ཤིང་། །ངོགས་གཙང་༼༢ན༣༽མཐིལ་སྙོམས་བྲག་སྐྱིབས་ཉམས་དགྱེས་པ། །འདི་འདྲར་བསམ་གཏན་སྐྱོང་བ་དགར་གྱུར་ནས། །སྤྱོད་ཡུལ་ཉིད་དུ་བྱེད་པོས་བཟོས་པ་བཞིན། །རྨ་བྱའི་མགྲིན་པ་ལྟར་མཛེས་འདབ་ཤོག་ཅན། །དུས་སུ་སྙན་པར་སྨྲ་བའི་སྐད་གསང་ནི། །མཐོན་པོས་ཡིད་ལ་ངལ་བསོའི་དཔྱིད་སྟེར་བའི། །གྲོགས་པོའི་མཆོག་དེ་འདི་ན་ལྷག་པར་མང་། །མགྲིན་པ་འཁྱོག་པོར་བྱས་ནས་ཡངས་པའི་མིག །ཟུར་གྱིས་བལྟ་བའི་རི་སྐྱེས་སྣ་ཚོགས་ཀྱིས། །གང་བར་བྱས་པའི་ནགས་འདིའི་ཕུན་ཚོགས་ལ། །ལྷ་རྣམས་དགའ་བའི་ཚལ་གྱིས་འགྲན་མི་ནུས། །དཔྱིད་དུས་འཁྲི་ཤིང་གདོང་གི་ཆུ་སྐྱེས་རྣམས། འཛུམ་ཞིང་མཛེས་པའི་གེ་སར་རྒྱས་པ་དག །དལ་བུ་དལ་བུས་བསྐྱོད་པའི་དྲི་བཞོན་གྱིས། །དཀའ་ཐུབ་པ་རྣམས་མགན་དུ་འབོད་པར་བྱེད། །དབྱར་དུས་ཆེ་བའི་ཆུ་འཛིན་གློག་འཕྲེང་ཅན། །རྟག་ཏུ་ཡན་ལག་བརྒྱད་ལྡན་ཆར་སྐྱུགས་པའི། །དོ་ཟླ་མིན་པར་བསམས་ནས་ཛ་་དེ། །སྐབས་གསུམ་གྲོང་གི་ཁྲོད་དུ་བྲོས་པ་བཞིན། །རིན་ཆེན་སྣང་བ་བཞིན་མཛེས་དབང་པོའི་གཞུ། །ཆེ་བའི་གྲོག་མཁར་རྩེ་ནས་འདིར་འོངས་ནས། །མདུན་དུ་མཛེས་འགྱིང་ཁྱབ་འཇུག་གླང་རྫིའི་ཚུལ། །གཟུང་ནས་རྨ་བྱའི་སྒྲོ་ཡིས་བརྒྱན་པ་བཞིན། །སྟོན་ཀའི་དུས་ན་ནགས་ཀྱི་འབྲས་བུ་རྣམས། །སྣ་ཚོགས་སྨིན་མའི་འོད་ཟེར་འབར་བ་ཡིས། །ཕྱོགས་ཀུན་ཁྱབ་པར་བཀྲམ་པ་དགའ་མའི་གདོང་། །རྣམ་མཛེས་ལན་བུ་དག་དང་མཚུངས་པ་བཞིན། །སྔོན་དུས་དྲང་སྲོང་མཆོག་གི་སྲས་རྣམས་ཀྱང་། །འདི་ན་དགྱེས་མཛད་ད་ལྟ་དཔའ་བོ་དང་། །དཔའ་བོ་ཐམས་ཅད་འདུན་ས་འདིར་མཛད་པས། །སྒྲུབ་པའི་རྒྱལ་མཚན་འཛུགས་ན་མཆོག་ཡིན་ནོ། །དཔལ་ལྷོ་བྲག་མཁར་ཆུའི་གནས་ལ་བསྟོད་པ་ཅུང་ཟད་ཙམ་བརྗོད་པའི་གཏམ་དབེན་པའི་གནས་ལ་དགའ་བའི་ངང་པ་རྣམས་དགའ་བ་བསྐྱེད་པའི་པདྨ་ཅན་ཞེས་བྱའོ། །སརྦ་མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact