Only Dharma. Since 1992
Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (21.6)

༄༅། །རྣལ་འབྱོར་བཞིའི་ངེས་པ་རབ་ཏུ་དབྱེ་བ་ཕྱག་རྒྱ་ཆེན་པོའི་བཤད་པ་ཐམས་ཅད་ཀྱི་བླ་མ་བཞུགས་སོ། །

༄༅། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཨེ་ཡི་མཁའ་དབྱིངས་དབུས་སུ་ཝཾ། །ངེས་གནས་གསང་བ་མཆོག་གང་ན། །རྟག་ཏུ་དགྱེས་པར་རོལ་མཛད་པའི། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །གཞི་དང་ཉམས་ལེན་ཉམས་མྱོང་དང་། །དྲོད་རྟགས་འབྱེད་དང་འབྲས་བུ་ནི། །མངོན་གྱུར་རྣལ་འབྱོར་བཞི་པོ་འདིར། །ལམ་ནི་ངེས་པའི་མདོར་བསྡུས་སོ། །གཞི་ནི་གཏན་ལ་དབབ་དེ་བཞིན། །ལམ་དུ་ཉམས་ལེན་དེ་ཉིད་ལས། །བྱུང་བའི་ཉམས་མྱོང་དེ་ཡི་ལམ། །ཇི་ལྟར་བགྲོད་དང་མངོན་གྱུར་འབྲེལ། །མ་བསླད་ཕྱིར་དང་མི་གནས་ཕྱིར། །མི་འགལ་ཕྱིར་དང་མི་དམིགས་ཕྱིར། །གཞི་ནི་རྩེ་གཅིག་སྤྲོས་བྲལ་དང་། །རོ་གཅིག་སྒོམ་མེད་བཞིར་བཤད་དོ། །ཀུན་ནས་ཉོན་མོངས་ཉིད་དང་གཞན། །རྣམ་པར་བྱང་བ་ཞེས་བྱའི་ཆོས། །བསལ་དང་བཞག་པར་བྱ་བ་ནི། །ཅུང་ཟད་མེད་ཕྱིར་མ་བསླད་པ། །ཡོད་དང་མེད་སོགས་ཇི་སྙེད་པའི། །ཕུང་པོ་གཉིས་ནི་ཡོད་མིན་ལ། །དབུ་མར་ཡང་ནི་མི་དམིགས་པས། །མི་གནས་པ་ཞེས་བྱ་བར་བརྗོད། །ཇི་སྙེད་པ་ཡི་ཆོས་ཐམས་ཅད། །དེ་ལས་གཞན་མིན་དེ་ཉིད་ཀྱང་། །དེ་སྙེད་པ་ཡི་རྣམ་པ་ལ། །འཇུག་ཕྱིར་དེ་ནི་མི་འགལ་བ། །གང་ཞིག་ཉེ་བར་བརྗོད་པ་ལ། །ཀུན་མཁྱེན་ཚིག་གིས་དབུལ་གྱུར་ཅིང་། །བློ་ཡི་ཡུལ་མིན་དཔེ་གཞན་གྱིས། །བསྙད་བྱ་མིན་པས་མི་དམིགས་པའོ། །མི་རྟོག་པ་དང་སྐྱེ་མེད་དང་། །གཉིས་སུ་མེད་དང་བསམ་མི་ཁྱབ། །གང་གིས་ངང་ལ་འཇོག་ཕྱིར་ལམ། །ཉམས་སུ་ལེན་ཚུལ་དེ་ཡང་བཞི། །ཇི་སྲིད་དངོས་པོར་འཛིན་ཡོད་པ། །དེ་སྲིད་སྲིད་པའི་བརྩོན་རར་འཆིང་། །དེ་བས་དངོས་འཛིན་ཡོངས་བཏང་སྟེ། །དངོས་མེད་ཉིད་དུ་མི་རྟོག་གོ །གང་ལས་སྐྱེས་ཤིང་གང་དུ་གནས། །གང་དུ་འགག་པ་མ་རྙེད་ནས། །རྩ་བ་བྲལ་བའི་དེ་ཉིད་དང་། །མཉམ་པར་འཇོག་པ་སྐྱེ་མེད་དོ། །ཇི་སྲིད་རྣམ་པར་འཕྲོས་དེ་སྲིད། །སེམས་ཀྱི་རང་བཞིན་ཉིད་ཡིན་ཕྱིར། །དངོས་པོ་དང་ནི་སྟོང་པ་ཉིད། །གཉིས་སུ་མེད་པར་མཉམ་པར་གཞོག །སྒོམ་པ་ཅུང་ཟད་ཡོད་མིན་པས། །བསྒོམ་པར་བྱ་བ་ཉིད་ཀྱང་མེད། །སྒོམ་དང་བསྒོམ་བྱ་ལས་འདས་པ། །དེ་ནི་བསམ་མི་ཁྱབ་ཀྱིས་རིག །ཇི་ལྟར་རྩེ་གཅིག་སྤྲོས་བྲལ་དང་། །རོ་གཅིག་དེ་བཞིན་སྒོམ་མེད་ཀྱི། །རྣལ་འབྱོར་བཞི་པོ་ཉམས་མྱོང་གི །སྤུ་རིས་ཕྱེ་བ་ཉིད་དུ་འདོད། །གནས་ཐོག་འགྱུ་བའི་རང་ངོ་ཤེས། །འགྱུ་ཐོག་གནས་པའི་རང་ས་ཟིན། །གནས་འགྱུའི་བར་ལག་འགྱེལ་བ་ན། །རྩེ་གཅིག་རང་ངོ་འཕྲོད་པ་ཡིན། །གང་ཞིག་སྐྱེ་འགག་རྟག་ཆད་དང་། །འགྲོ་འོང་གཅིག་དང་དུ་མ་ཡི། །སྤྲོས་པ་ཉེར་ཞི་སྤྲོས་མེད་ལས། །གྲོལ་བར་རྟོགས་པ་སྤྲོས་བྲལ་ལོ། །དངོས་ཀུན་གཙོ་བོ་རང་སེམས་ཀྱི། །ངོ་བོ་ཉིད་དེ་ལེགས་རྟོགས་པས། །ཐམས་ཅད་དེ་ཡིན་དེ་ལས་གཞན། །ནམ་ཡང་རྙེད་མིན་རོ་གཅིག་ལོ། །ཇི་ལྟར་མེ་དང་བུད་ཤིང་བཞིན། །ཅིག་ཅར་སྤང་གཉེན་ཟད་གྱུར་པའི། །དབྱིངས་སུ་ཆོས་ཀུན་རྫོགས་པ་གང་། །བསྒོམ་དུ་མེད་པའི་རྣལ་འབྱོར་རོ། །གང་ཟག་དབང་པོའི་བྱེ་བྲག་ནི། །ཅིག་ཅར་ཐོད་བརྒལ་རིམ་སྐྱེས་པ། །རྣམ་པ་གསུམ་དུ་ངེས་གནས་པས། །རྟོགས་ཚུལ་རྣམ་པ་གསུམ་བཤད་དོ། །དེ་དག་བརྟན་པ་མ་ཐོབ་དང་། །ཐོབ་དང་ཤིན་ཏུ་ཐོབ་རིམ་བཞིན། །ཆུང་ངུ་འབྲིང་དང་ཆེན་པོ་སྟེ། །དབྱེ་བ་རྣམ་པ་བཅུ་གཉིས་བཤད། །ཇི་ལྟར་བཤད་པའི་རྣལ་འབྱོར་བཞི། །ཡོན་ཏན་ཉིད་ཀྱི་རྗེས་འགྲོ་བས། །རྣམ་བཞི་རེ་རེར་དབྱེ་བ་ཡང་། །བཞི་བཞི་བཅུ་དྲུག་དག་ཏུ་གནས། །ངོ་མཐོང་རྣམ་རྟོག་སྒོམ་དུ་ཤར། །རྩལ་རྫོགས་ཡོན་ཏན་སྐྱེས་པ་དང་། །ཀུན་རྫོབ་བྱན་ཚུད་གཟུགས་ཀྱི་སྐུའི། །ས་བོན་ཐེབས་དང་མ་ཐེབས་དབྱེ། །རྩེ་གཅིག་སྦྱོར་ལམ་སྤྲོས་བྲལ་གང་། །མཐོང་ལམ་རོ་གཅིག་སྒོམ་ལམ་སྟེ། །མི་སློབ་ལམ་ནི་སྒོམ་མེད་དུ། །དོན་དམ་གཟིགས་པ་རྣམས་ཀྱིས་གསུངས། །ཇི་ལྟར་ངེས་འབྱེད་ཡན་ལག་ནི། །བཅུ་གཉིས་དེ་བཞིན་རྩེ་གཅིག་གོ །ཐུན་མོང་མིན་པའི་ངེས་འབྱེད་བཞིས། །རྣལ་འབྱོར་བཞི་ཀ་བསྡུས་པ་ཡིན། །མ་གྲུབ་པ་དང་གྲུབ་པ་དང་། །གྲུབ་པའང་ཆུང་འབྲིང་ཆེན་པོ་ཡིས། །ས་མཚམས་རྣམ་པ་བཞིར་ཕྱེ་བ། །རྫོགས་སངས་རྒྱས་ཀྱིས་རྒྱ་ཆེར་བཤད། །རྟག་ཏུ་ཆོས་ཀྱི་སྐུ་ཉིད་ལས། །མི་གཡོ་རྩེ་གཅིག་དེ་ཉིད་ཀྱང་། །སྒྲིབ་པ་ཀུན་ལས་རྣམ་གྲོལ་བ། །སྤྲོས་བྲལ་དེ་ལས་གཞན་གྱི་དོན། །མཛད་པར་སྣང་བ་རོ་གཅིག་སྟེ། །དེ་ཡང་ཐོག་མ་མཐའ་མེད་པས། །སྒོམ་མེད་ཉིད་དུ་བཤད་པ་གང་། །འབྲས་བུ་མངོན་དུ་གྱུར་པ་ཡི། །རྣལ་འབྱོར་རྣམ་པ་བཞིར་བརྗོད་དོ། །དེ་ལྟར་ཤིན་ཏུ་ཟབ་མོའི་དོན། །བླ་མ་དམ་པའི་དྲིན་ཐོབ་པས། །ཆ་ཙམ་བདག་གིས་འདིར་བརྗོད་ལ། །ཉེས་པ་མཆིས་ན་བཟོད་པར་མཛོད། །འདི་ནི་གྲུབ་པའི་ཁྱུ་མཆོག་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས་ཆེན། །མོག་པ་ལྷ་རྩེའི་དགོན་པར་པདྨ་དཀར་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །མངྒལཾ།།

རྩེ་གཅིགདྲོད་
ཞི་གནས་རྩེ་གཅིག་མཉམ་བཞག་ཡེ་ཤེས་
མཐོང་ལམ་རྩེ་གཅིག་
ཆུང་རྩེ་གཅིག་
ཆུང་
སྤྲོས་བྲལ་རྩེ་མོ་
ཆུང་སྤྲོས་བྲལ་རྗེས་ཐོབ་ཡེ་ཤེས་
ཆུང་སྤྲོས་བྲལ་
འབྲིང་སྤྲོས་བྲལ་
རོ་གཅིགབཟོད་པ་
འབྲིང་རོ་གཅིག་
འབྲིང་རོ་གཅིག་རོ་གཅིག་དག་པ་ས་གསུམ་མོ་
འབྲིང་སྒོམ་མེད་ཆོས་མཆོག་
ཆེན་པོ་སྒོམ་མེད་
ཆེན་པོ་སྒོམ་མེད་མ་དག་ས་བདུན་ནོ་
ཆེན་པོ་སྒོམ་མེད་སངས་རྒྱས་ས་
ཆེན་པོ་རྩེ་གཅིག་
སྤྲོས་བྲལ་
རོ་གཅིག་
སྒོམ་མེད་
སྦྱོར་ལམ་
མཐོང་ལམ་
སྒོམ་ལམ་
མི་སློབ་ལམ་
སྔོན་འགྲོ་ཚོགས་ལམ་རྩེ་གཅིག་ནི། །སྦྱོར་བའི་ལམ་སྟེ་འཇིག་རྟེན་པ། །སྤྲོས་བྲལ་ཆུང་དུ་མཐོང་བའི་ལམ། །འབྲིང་ནས་རོ་གཅིག་ཆེན་པོའི་བར། །མ་དག་ས་བདུན་སྒོམ་མེད་ཀྱི། །དང་པོ་གསུམ་པོ་དག་པའི་ས། །ཐ་མ་ཉག་གཅིག་སངས་རྒྱས་ཏེ། །རྣལ་འབྱོར་བཞིར་དབྱེའི་དང་པོ་དང་། །བཞི་པ་ཡན་གཅིག་སྤྲོས་བྲལ་ནི། །ལྔ་དྲུག་ཁོ་ན་ལྷག་མ་ལས། །ཐ་མ་མ་གཏོགས་རོ་གཅིག་གོ །བཅུ་གཉིས་དབྱེ་ན་དང་པོ་གཉིས། །ཆུང་ངུ་འབྲིང་དང་ཆེན་པོ་དང་། །ལྔ་དྲུག་ཆུང་དུ་བདུན་པ་ནི། །འབྲིང་པོ་བརྒྱད་པ་ཆེན་པོ་དང་། །དགུ་པ་ཆུང་ངུ་བཅུ་པ་འབྲིང་། །བཅུ་གཅིག་བཅུ་གཉིས་ཆེན་པོ་དང་། །བཅུ་གསུམ་ཆུང་ངུ་བཅུ་བཞི་དང་། །བཅོ་ལྔ་འབྲིང་སྟེ་ཐ་མ་ནི། །ཆེན་པོ་གསལ་བར་ཤོག་ཁྲ་ལྟོས། །ཤུ་བྷཾ། །གོང་མའི་གསུང་དང་མཐུན་ན་ལོང་། །མི་མཐུན་རིང་དུ་དོར་བྱའོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact