Only Dharma. Since 1992
Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (10.25)

༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས། ལམ་མཆོག་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

༄༅། །གོལ་ས་ཐམས་ཅད་གཅོད་མཛད་ལ། །ཡང་དག་དོན་ནི་སྟོན་མཛད་ཅིང་། །ཆོས་ཉིད་ངང་དུ་རྟོགས་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱུའི་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་ཏེ་བཞིའོ། །ལོག་པའི་བཤེས་གཉེན་འཁྲུལ་པ་དང་རེ་དོགས་ལ་ཞེན་པ། ཡང་དག་པའི་བཤེས་གཉེན་མ་འཁྲུལ་བ། རེ་དོགས་མེད་པ། གསོལ་འདེབས་ནུས་པ། འགལ་སྒྱུར་ནུས་པ། གོ་འབྱེད་ནུས་པའོ། །ཤེས་པའི་མཚན་ཉིད། ཁྱད་པར་གྱི་མཚན་ཉིད། བྱེད་པའི་མཚན་ཉིད། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཤེས་པའི་མཚན་ཉིད་ནི། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ངོ་ཤེས་པར་བྱ་སྟེ། སྐྱེ་བ་མེད་པ་ཆོས་སྐུ༑ འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། སྐུ་གསུམ་བརྟགས་པའི་བློ་ལ་སྣང་བ། ཚིག་ཏུ་བརྗོད་འདོད་ཀྱང་། ངོ་བོ་ལ་ངོས་བཟུང་དང་བྲལ་བ་བློའི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་སྐུ། སེམས་ཀྱི་མཚན་ཉིད་སྐུ་བཞིར་ཤེས་པར་བྱའོ། །ཁྱད་པར་གྱི་མཚན་ཉིད་ནི། རྣམ་རྟོག་གང་བྱུང་སེམས་ཉིད་ཡིན་པས། མི་སྤོང་བར་སྐུ་བཞིར་འཁྱེར་བའོ། །བྱེད་པའི་མཚན་ཉིད་ནི། རྟོག་པ་སྐུ་བཞི་ཡིན་ཡང་བྱེད་པ་པོ་མེད། ཆོས་ཉིད་ཀྱི་སྒྱུ་མ་ལྟ་བུར་འགྲོ །ངོ་བོ་ཉིད་ཀྱི་མཚན་ཉིད་ནི། གདོད་མ་ནས་སྐུ་བཞིར་ལྷུན་གྱིས་གྲུབ་པ་ཡིན། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་བཞི་ལས་མ་འདས་པར་ཤེས་ཙ་ན། ལྟ་བའི་གོ་ཆ་སྟེ། ཐམས་ཅད་ཤེས་རབ་ཀྱི་ཡུལ་དུ་ཤེས་ནས་མཐའ་ཁེགས་ཏེ། དཔེར་ན་བྱ་ཐག་པས་བཏགས་པ་དང་འདྲའོ། །ཤེས་རབ་ཀྱི་གོ་ཆ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་བཞག ལུས་བསྲང་། མིག་སྣ་རྩེར་ཕབ་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་བལྟས་ལ། ཚིག་ཏུ་ལན་གསུམ་བརྗོད་པ་ནི་ཐོས་པའི་ཤེས་རབ་བོ། །ཚིག་ལ་བརྟེན་ནས་དོན་གོ་བ་ནི། བསམ་པའི་ཤེས་རབ་བོ། །རྟོག་པ་དོན་དུ་ཤེས་པ་ནི་སྒོམ་པའི་ཤེས་རབ་བོ། །ཤེས་རབ་ཀྱིས་དེ་ལྟར་ལག་ཏུ་ལོན་ནས༑ རྟོགས་པ་མངོན་དུ་གྱུར་བའི་སངས་རྒྱས་ཞེས་དེ་ལ་བྱའོ། །སྐྱབས་སུ་འགྲོ་བའི་དབང་དུ་བྱས་ན། དེ་ལྟ་བུའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན། སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན༑ ཆོས་ཐམས་ཅད་དེ་ཉིད་ཡིན་པས། རྟོགས་པ་ལམ་དུ་བྱེད་ན། ཆོས་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟར་རྟོགས་པ་ལམ་དུ་བྱེད་པའི་མཁན་པོ་རྟེན་མེད་པའི་རིག་པ་ལས་བྱུང་བས༑ ཐོགས་པ་མེད་པའི་ཤེས་རབ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟ་བུའི་ཁྱད་པར་ཅན་གྱི་ལམ་དེ་ལ་རྟོགས་པ་ཅི་སྐྱེས་ཐམས་ཅད་ཕ་རོལ་དུ་ཕྱིན་པའི་ལམ་དུ་འགྲོ། ཐབས་སུ་འགྲོ །རྟོག་པ་ཉིད་ཀྱིས་བསྐུལ་མ་བཏབ་ནས་གྲོགས་སུ་འགྲོ་སྟེ། རྟོག་པ་གང་གི་མཚན་ཉིད་ཤེས་པ་ནི་ཤེས་རབ། རྟོག་པ་ཐམས་ཅད་ལམ་དུ་བྱུང་བས་བསམ་གཏན༑ རྟོག་པ་སྐྱེས་ཚད་ལམ་ཉིད་དུ་སྐྱེས་པས། ཡོངས་སུ་སྦྱོང་བའི་བརྩོན་འགྲུས། ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པས་བཟོད་པ། དེ་ལྟ་བུའི་བསམ་གཏན་དེ་ལ། ཉོན་མོངས་པའི་ས་བོན་མེད་པས། ཟག་པ་མེད་པའི་ཚུལ་ཁྲིམས། དེ་ལྟ་བུའི་ཐབས་ཤེས་ཀྱི་རྟེན་འབྲེལ་ལག་ཏུ་བླངས་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས༑ ཅི་བྱེད་སེམས་ཅན་གྱི་དོན་དུ་འགྲོ་བས་སྦྱིན་པའོ། །དེ་ལྟ་བུ་དང་ལྡན་པའི་ལམ་འདི་ལ་སྐབས་བརྒྱད། དེ་ལྟར་སྒྲུབ་པ་པོའི་ལག་ཆར་ཁྱེར་བས་ཕྱིར་མི་ལྡོག་པ་ཐོབ་སྟེ། སེམས་དང་རྟོག་པ་ཐ་མི་དད་ཅིང་སྐུ་བཞིར་ཁྱེར་བས། རྣམ་པ་ཐམས་ཅད་མཁྱེན་པ། ཐམས་ཅད་ལམ་དུ་ཤེས་པས། ལམ་ཤེས། སྒྲུབ་པ་པོ་ཐབས་ལ་མཁས་ནས་བྱས་པ་མ་ཡིན་ཏེ། གདོད་མ་ནས་རྟོག་པ་རང་གི་མཚན་ཉིད་དེ་ལྟར་ཡིན་པར་ཤེས་པས། གཞི་ཤེས། རྒྱུ་ལམ་འབྲས་བུ་ངོ་བོ་གཅིག་ཏུ་སྦྱོང་བས། རྣམ་ཀུན་མངོན་རྫོགས། དེ་ལྟར་ཤེས་པས་ཤེས་རབ་རྣོ། །ཤེས་རབ་ཀྱི་རྩལ་སྦྱོང་བ་ལ་ཚེགས་མེད་པས། རྩེ་མོ། དེ་ལྟར་རྟོག་པ་མི་སྤོང་བར་མཐར་གྱིས་སྒྲུབ་པས། མཐར་གྱིས་པ། ཤེས་རབ་ཀྱི་གནས་སྐབས་སུ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཤེས་པས༑ སྐད་ཅིག་མ་ལ་བྱང་ཆུབ་པ། ཐམས་ཅད་ཆོས་ཀྱི་སྐུའི་འཕྲིན་ལས་སུ་ལོངས་སྤྱོད་པས། སྐུ་ཡོངས་སུ་རྫོགས་སོ། །ཁྱད་པར་གྱི་ལམ་འདི་ལ། ལམ་རྣམ་པ་ལྔའི་དབང་དུ་བྱས་ནས༑ རྟོག་པ་དགེ་སྦྱོར་གྱི་གྲོགས་སུ་འགྲོ་བས་ཚོགས་ལམ། རྟོག་པ་ཉིད་ལ་བརྟེན་ནས་ལམ་ཁྱད་པར་ཅན་སྐྱེ་བས་སྦྱོར་ལམ། རྟོག་པ་ཉིད་སྐུ་བཞིར་མྱོང་བས་མཐོང་ལམ། རྟོག་པ་གང་སྐྱེས་ཀྱང་སྐུ་བཞི་དང་མི་འབྲལ་བས་སྒོམ་ལམ། དེ་ཉིད་ལ་ངེས་ཤེས་སྐྱེས་ན། དེ་ལས་ཕུལ་དུ་ཕྱིན་པའི་ལམ་གཞན་བསླབ་རྒྱུ་མེད་པས། མཐར་ཕྱིན་པའི་ལམ་མོ། །ལམ་དེ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་འགྲོ་སྟེ། དྲན་པ་བྱུང་ཚད་ལམ་དུ་འགྲོ་བས། དྲན་པ་ཉེར་བཞག རྟོག་པ་མི་སྤོང་བར། ཤེས་རབ་ཀྱིས་རྟོགས་པའི་མཚན་ཉིད་ཤེས་པ་དེ་ཉིད། ཡང་དག་པར་སྤོང་བ་ལམ་དེ་ལ་རྫུ་འཕྲུལ་ཐམས་ཅད་འབྱུང་བས་རྫུ་འཕྲུལ་གྱི་རྐང་པ་བཞི། དད་པས་རྒྱུ་བྱས། དྲན་པས་ལམ་བྱས། བརྩོན་འགྲུས་ཀྱིས་གྲོགས་བྱས༑ དེ་གསུམ་ནི་ཐབས་ཡིན་ཏེ། དེ་གསུམ་དེ་ལྟར་ཤེས་པས་ཤེས་རབ། ཐབས་ཤེས་ཀྱི་རྟེན་འབྲེལ་སྐྲུན་པས། ཐམས་ཅད་ཏིང་ངེ་འཛིན་དུ་བྱུང་བས་འབྲས་བུ། དེ་ལྟར་དབང་པོ་ལྔ་ལག་ཏུ་བླངས་པས་ཤེས་རབ་ཀྱི་རྩལ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པ་ལ་ཚེགས་མེད་པས། སྟོབས་ལྔ། དེ་ལྟར་ཐབས་ཤེས་ཀྱི་རྟེན་འབྲེལ་བསྐུལ་བས་ཤེས་རབ་ཀྱི་རྩལ་འབྱོངས༑ དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས། དྲན་རིག་ཐམས་ཅད་བྱང་ཆུབ་ཀྱི་གྲོགས་སུ་འགྲོ་བས། བྱང་ཆུབ་ཀྱི་ཡན་ལག་གོ །ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་ཏུ་ཤེས་པས། རྣམ་རྟོག་ལ་ལོངས་སྤྱོད་ཀྱང་། རྣམ་རྟོག་གིས་མི་གོས་པར་དེ་ཉིད་ལམ་དུ་འགྲོ་བས། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལྟར་ལྟ་བའི་གོ་ཆས་ཆོས་ཀྱི་བརྡར་ཤ་བཅད་ནས། གོལ་ས་ཐམས་ཅད་ཀྱི་མཐའ་ཁེགས་ནས། ཤེས་རབ་ཀྱི་གོ་ཆས་རྟོག་པ་ལམ་དུ་འཁྱེར་བའི་དུས་སུ། གོང་དུ་བསྟན་པའི་ལམ་ལ་ཤེས་རབ་ཀྱིས་བསྔོ་བགྲང་བྱེད་དམ་ཞེ་ན། སྐྱོན་མེད་དེ། ལམ་ནི་སྒོམ་པའི་ཤེས་རབ་འབའ་ཞིག་ལ་བྱེད་པ་ཡིན་ལ། སྒོམ་པའི་ཤེས་རབ་ནི་ཚིག་དང་བློ་ལས་འདས་པ་ཡིན། འོ་ན་ལམ་དུ་ཅི་ལྟར་འཁྱེར། གང་ལ་བརྟེན་ནས་འཁྱེར་ན། རྟོགས་པ་ལ་བརྟེན་ནས༑ ཤེས་རབ་ཀྱིས་དྲན་པ་ལ་དབང་བསྒྱུར་ཅིང་འགྲོ། རྟོག་པ་ལ་ཅི་ཙུག་བལྟ་ན། རྟོག་པ་དེ་ཉིད་བློས་མི་སྤོང་བར་སྙིང་དུ་སྡུག་པར་བལྟ། དགོས་པར་བལྟ། སྐུ་དྲིན་ཆེ་བར་བལྟའོ༑ །དེ་ལྟར་བལྟ་བ་ཅི་སྟེ་ཞེ་ན། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་ལ། ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས་སོ། །དེ་ལྟར་བལྟས་པས་རྟོག་པ་རང་གི་མཚན་ཉིད་ངོ་ཤེས་ནས༑ སྐུ་བཞི་ངོ་བོ་ཉིད་ཀྱིས་འབྱུང་སྟེ། དེ་ལྟར་རྟོག་པ་ལམ་དུ་ཁྱེར་བས་མ་ཞི་ནས། ཆགས་སྡང་གི་རྟོག་པ་སྐྱེས་ན་མྱུར་དུ་མི་སྤང་བར་གོང་གི་ལྟ་བའི་གོ་ཆས་གཏན་ལ་དབབ། དེ་ལྟར་བྱས་པས་རྟོག་པ་རང་ཞི་རང་དག་ཏུ་འགྲོ་སྟེ། དཔེར་ན། མཚོ་ལ་འཁྱག་པ་ཞུ་བའམ། ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སོང་ནས། ཡོན་ཏན་གྱིས་ཆོས་སུ་གྱུར་པ་ཐམས་ཅད་འགག་མེད་དུ་ཤུགས་ཀྱིས་འབྱུང་སྟེ། ཡོན་ཏན་དེ་ལ་ཞེན་ནས་འགག་ནས་འདུག་ན། དེ་ལ་མི་གནས་པར། གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱས་པ། གོང་ནས་གོང་དུ་ཤེས་རབ་ཀྱི་རྩལ་སྦྱང་ངོ་༑ །དེ་ལྟར་ཤེས་རབ་ཀྱི་རྩལ་གྱིས་རྣམ་རྟོག་སྐུ་བཞིར་ཐུལ་བས་ན། འདུལ་བ་ཞེས་ཀྱང་བྱ། ཤེས་རབ་ཀྱིས་རྟོག་པ་ཆོས་ཉིད་དུ་མཐོང་བས་ན་ཚད་མ་ཞེས་ཀྱང་བྱ། ཤེས་རབ་ཀྱི་རྟོག་པའི་རྩ་བ་ངོ་ཤེས་ཏེ་མཐའ་ཐམས་ཅད་དང་བྲལ་བས། དབུ་མ་ཞེས་ཀྱང་བྱའོ། །གཉུག་མ་ངོས་འཛིན་གྱི་མན་ངག་ཡང་དག་པ་གསང་བར་བྱའོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact