Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (19.7)

༄༅། །དཔལ་ལྷ་མོའི་ལས་མཐའ་རིམས་ནད་བཟློག་པའི་ཆོ་ག་བཞུགས་སོ། །

༄༅། །བཅོམ་ལྡན་འདས་མ་དུད་སོལ་མར། །ཕྱག་བྱས་ནད་ཡམས་ཟློག་པ་བཤད།། ངར་གྱི་ནད་བདག་དྲེད་པའི་གཟུགས། །རི་རབ་ཟོམ་ལ་སྟེགས་བཅས་ནས། །བཟློག་པའི་ཕྱག་རྒྱ་བྱས་པ་ཅིག །བང་རིམ་འོག་མར་རྩང་དམར་དྲུག་ཅུ་བཞི་སྲིན་མོ་འགྲོས་སུ་བཙུགས །མཐའ་མར་མཐེབ་ཀྱུ་མང་པོས་བསྐོར།། འགོ་བའི་ལྷ་བདུད་གནོད་བྱེད་ཤྭ་རྡེལ་སྤུང་བ་དང་། །རང་ངམ་ཡོན་བདག་གླུད་ཆེན་ཅིག །གཏོར་མ་དྲུག་ཅུ་རྩ་ལྔ་དང་། །གླུད་ཆང་སྲོག་ཆགས་གཟུགས་སྲིད་དགུ། །ཇི་སྙེད་བཀོད་ཅིང་འབྲུ་སྨན་དར། །རིན་ཆེན་བཟའ་བཏུང་ཚོགས་ཚད་གཞུག །ཁྲམ་ཤིང་གཟེར་ཞིང་སྐྱེས་པ་ལ་ཕོ་ཤིང་བུད་མེད་ལ་མོ་ཤིང་གཡས་གཡོན་དུ་གཟེར་མདའ་འཕང་བཤམ། །མར་མེ་གསུམ་དང་ཤ་ཁྲག་ཞག །རུས་པ་དུག་དང་གསུར་གྱི་དུད། །དྲི་ཆུ་ཕག་བྱ་སྦྲུལ་གླང་མིའི། །སྙིང་གི་མཆོད་རྫས་འཕྲེང་བར་སྤེལ། །འཇིགས་ཤིང་སྐྱི་གཡའི་རོལ་མོ་བརྡུང་།། བདག་ཉིད་ལྷར་གསལ་མདུན་གྱི་གཟུགས། །དུད་སོལ་ཁྲོས་པ་རྩང་དམར་རྣམས། །ཞིང་སྐྱོང་ཕོ་ཉ་དྲུག་ཅུ་བཞི། །མཐེབ་ཀྱུ་ནད་ཀྱི་བདག་མོའི་ཁྲོམ། །མི་སྡུག་གཟུགས་ཅན་ནད་རྐྱལ་འབྱེད༑ །སྟོང་གསུམ་ཁྱབ་པ་ཙམ་དུ་བལྟ། །སྙིང་གའི་འོད་ཀྱིས་ནད་བདག་རྣམས། །བཀུག་ནས་དེ་ལ་ཐིམ་པར་བསམ། །ཧཱུྃ ཀུན་བཟང་དབྱིངས་ནས་ཁྱོད་བཞེངས་ནས། །ཁྲག་འཐུང་ཆེན་པོའི་ཚོགས་དང་རོལ། །དུས་གསུམ་རྒྱལ་བའི་ཡུམ་གཅིག་མ། །ཆེ་ཞེ་ཆེན་མོ་དུད་སོལ་མ། །ལན་ཆགས་ཤ་འཁོན་གཉེར་མཛད་མ། །དོ་ནུབ་བསྐང་ཞིང་གཤགས་པའི་ཕྱིར། །འབོད་ཀྱིས་འཁོར་དང་བཅས་པ་རྣམས། །མཐུན་རྫས་ཚོགས་པའི་གནས་འདིར་སྤྱོན། །འདོད་པའི་ལྕགས་ཀྱུ་མི་བཟད་པ༑ །དབང་ཕྱུག་ཆེན་པོའི་སྙིང་གར་བཏབ། །ལུས་ཕྱེད་དབང་དུ་བསྡུས་མཛད་པའི། །དཀའ་བཟློག་ཆེན་མོ་རི་ཡི་སྲས། །ལན་ཆགས་ཤ་འཁོན་གཉེར་མཛད་མ། །དོ་ནུབྎ འབོད་ཀྱིསྎ མཐུན་རྫསྎ ཚངས་པ་བདུད་དང་བརྒྱ་བྱིན་དང་། །རྒྱལ་པོ་སྡེ་བཞི་ལྷ་མིན་ཀླུ། །གཤིན་རྗེ་མི་དབང་ཐམས་ཅད་ཀྱིས། །མཆོད་ཅིང་བསྟོད་པའི་སྲིད་རྒྱལ་མ། །ལན་ཆགས་ཤ་འཁོན་གཉེར་མཛད་མ། །དོ་ནུབྎ འབོད་ཀྱིསྎ མཐུན་རྫསྎ དཀར་པོ་ལྷ་ཡི་དམག་ཚོགས་ཀྱིས། །ཁྱོད་ཀྱི་ལྟེ་བར་རྫོངས་བཅས་ནས། །ནག་པོ་ལྷ་མིན་ཐལ་བར་བཏགས༑ །རྫོངས་མོ་ཆེན་མོ་འདོད་དབང་མ། །ལན་ཆགས་ཤ་འཁོན་གཉེར་མཛད་མ། །དོ་ནུབྎ འབོད་ཀྱིསྎ མཐུན་རྫསྎ རྒྱ་མཚོའི་གཏིང་ནས་སྐུ་བསྐྱོད་ཅིང་། །རི་རབ་ཟོམ་ལ་སྟེགས་བཅས་ནས། །བར་སྣང་ཁམས་སུ་ཐལ་མོ་རྡེབ། །སྲིད་པའི་ནད་བདག་ཆེན་མོ་མ། །ལན་ཆགས་ཤ་འཁོན་གཉེར་མཛད་མ། །དོ་ནུབྎ འབོདྎ མཐུན་རྫསྎ དུར་ཁྲོད་ཆེན་པོ་བརྒྱད་དང་ནི། །ཉི་ཤུ་རྩ་བཞིའི་ཡུལ་སྐྱོང་བའི། །ཕོ་ཉ་དྲུག་ཅུ་རྩ་བཞིས་བསྐོར། །ཡང་བྲན་ནད་ཀྱི་བདག་མོའི་ཚོགས། །ལན་ཆགས་ཤ་འཁོན་གཉེར་མཛད་མ། །དོ་ནུབྎ འབོད་ཀྱིསྎ མཐུན་རྫསྎ འཁོར་བཅས་ཁྱོད་རྣམས་རྒྱབ་ནས་མེ། །སྲེག་པའི་བསྐལ་པ་བས་ཀྱང་འཚེར། །མདུན་ནི་མི་བཟད་ཁྲོས་པའི་གཟུགས༑ །མཐོང་ཚད་སྙིང་ཁྲག་ཁ་ནས་འབོ། །ལན་ཆགསྎ དོ་ནུབྎ འབོད་ཀྱིསྎ མཐུན་རྫསྎ རལ་པ་མཚན་མོའི་མུན་ལྟར་གཏིབས། །ཞལ་གདངས་མཆེ་བ་རི་ལྟར་གཉེར༑ །ནད་ཀྱི་ཁ་རླངས་སྤྲིན་ལྟར་འཚུབས། །ཧཱུྃ་སྒྲ་འབྲུག་གི་སྐད་ལྟར་ལྡིར། །ལན་ཆགསྎ དོ་ནུབྎ འབོད་ཀྱིསྎ མཐུན་རྫསྎ སྲིད་གསུམ་ཤ་ཡིས་མ་འགྲངས་པར༑ །འགྲམ་པ་གཉིས་ནི་གདུབ་ལྟར་འཁྲོལ། །ཁམས་གསུམ་ཁྲག་གིས་མ་ངོམས་པར། །ལྗགས་ནི་ཞགས་པ་ལྟ་བུར་བསྐྱོད། །ལན་ཆགསྎ དོ་ནུབྎ འབོད་ཀྱིསྎ མཐུན་རྫསྎ སྤྱན་ནི་དམར་པོ་གློག་ལྟར་འཁྱོམ། །ཤངས་ཀྱི་ཁྲོ་གཉེར་གྲོགས་མཁར་འདྲ། །སྙན་ཆ་སྦྲུལ་དང་རོ་ཉེས་བརྗིད། །སྨིན་མ་མེ་ཕུང་འུ་རུ་རུ། །ལན་ཆགསྎ དོ་ནུབྎ འབོད་ཀྱིསྎ མཐུནྎ ནུ་མ་གཡས་པ་ཕྲག་ལ་གཟར། །གཡོན་པ་རྟིང་པའི་ཕྱོགས་སུ་དྲུད། །བ་སྤུ་དུག་གི་ཚེར་མ་སྟེ། །ཁོང་ནས་སྤུ་གྲིའི་ཆར་ཆེན་འབེབས། །ལན་ཆགསྎ དོ་ནུབྎ འབོད་ཀྱིསྎ མཐུན་རྫསྎ ཞབས་བརྡེབས་གནམ་ས་གཡོ་ཞིང་འཕར། །འུར་འུར་ཆེམ་ཆེམ་ལྡེག་ཅིང་ཁོལ། །སྡེ་བརྒྱད་ཐམས་ཅད་དམག་ཏུ་བསྡུ། །འཇིག་རྟེན་ཕུང་བྱེད་དྲག་ཤུལ་ཅན། །ལན་ཆགས་ཤ་འཁོན་གཉེར་མཛད་མ། །དོ་ནུབ་བསྐང་ཞིང་གཤགས་པའི་ཕྱིར། །འབོད་ཀྱིས་འཁོར་དང་བཅས་པ་རྣམས། །མཐུན་རྫས་ཚོགས་པའི་གནས་འདིར་སྤྱོན།། རྫས་རྣམས་ཆོས་ཉིད་སྔགས་རྒྱས་སྦྱངས། །འདོད་དགུ་ནམ་མཁའི་མཛོད་དུ་སྤེལ། །ཁ་འབར་མ་ཡི་སྔགས་ཀྱི་མཐར། །བདེ་གཤེགས་བཞི་མཚན་བརྗོད་པས་བསྔོ།།ཆེ་བའི་གླུད་གཏོར་ཆང་བུ་རེ་རེ། གཙོ་མོ། འཁོར་དྲུག་ཅུ་རྩ་བཞི་ལ་རེ་རེ་ནས་བསྔོ། ཕོ་ཉ་མ་འཁོར་བཅས་ལ་བསྔོ། གླུད་རྫས་གཞན་རྣམས་ཐུན་མོང་དུ་བསྔོ། །འཁོར་རང་བཅས་པ་ཚིམ་པར་བསམ། །བྷྱོ དེ་རིང་སྲིད་པའི་རྒྱལ་མོ་གསོན། །འདོད་པ་ཁམས་ཀྱི་མ་མོའི་གཙོ༑ །ནད་བདག་ཆེན་མོའི་འཁོར་གྱིས་བསྐོར། །སྡེ་བརྒྱད་ཐམས་ཅད་ཕོ་ཉར་འགྱེད། །ཁྱོད་ལ་རྒྱུ་སྦྱོར་འཁོར་བཅས་ཀྱི། །ལན་ཆགས་ཐམས་ཅད་བསྐང་བའི་ཕྱིར། །གླུད་གཏོར་འདོད་དགུ་མཆོད་པ་འབུལ། །ཤ་འཁོན་ཉེས་པ་མཐོལ་ཞིང་བཤགས། །ཧཱུྃ གླུད་ཆེན་ངར་གྱི་མི་བོ་ཆེ། །རྒྱུ་ནི་རིན་ཆེན་བརྒྱད་ལ་བྱས། །ཞོ་ཤའི་སྙིང་ལ་ལུང་ཐང་མིག །མགྲོན་བུའི་སོ་ལ་མུ་ཏིག་ཀླད། །ཟེར་མོའི་སྒྲོ་ཡི་ཕོན་བཟང་སྐྲ། །རྐང་པ་གཡས་པ་ཐབས་ཆེན་ལྕགས། །རྐང་གཡོན་ཤེས་རབ་ཟངས་ལས་བྱས། །རྣམ་ཤེས་ལྔ་ལ་འབྲུ་སྣ་ལྔ། །སྐུ་གསུང་ཐུགས་ལ་མར་མེ་གསུམ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །འབྲས་བུ་སྐུ་གསུང་ཐུགས་དང་ལྡན། །རྟེན་འབྲེལ་རྣམ་ཤེས་ལྔ་པོ་འཛོམ། །དབང་པོ་ལྔ་པོ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་དོད་པར་ཡོད། །ཕུང་པོ་ལྔས་ནི་ཤིན་ཏུ་བརྗིད། །ཁམས་ཆེན་བཅོ་བརྒྱད་མཛེས་པར་བདར། །ཡོན་ཏན་ཐམས་ཅད་འདུས་པ་འདིའི༑ །ལག་པ་གཡས་སུ་གསེར་ཁུར་ཏེ། །གསེར་འོད་རྟག་ཏུ་ལམས་སེ་ལམ། །ལག་པ་གཡོན་དུ་གཡུ་ཁུར་ཏེ། །གཡུ་འོད་རྟག་ཏུ་ཁྲོ་ལོ་ལོ། །ཡོན་བདག་ལུས་ལས་གོས་ཕུད་དེ༑ །གོས་དེ་ངར་གྱི་མི་ལ་བསྐོན། །གོས་བཟང་པོ་ཅིག་ལྷུབས་སེ་ལྷུབ། །ཡོན་བདག་སྐེ་ནས་རྒྱན་བཀྲོལ་ཏེ། །རྒྱན་དེ་ངར་གྱི་སྐེ་ལ་བཏགས། །རྒྱན་བཟང་པོ་ཅིག་བཀྲག་ཅིང་མཚར༑ །སྨྲ་མཁས་པོ་ཅིག་ངག་རེ་འཇམ། །ཚངས་པ་ཡི་ནི་གསུང་དང་ལྡན། །འགྲོ་མཁས་པོ་ཅིག་ཁྱུང་ཆེན་འགྲོས། །གླང་ཆེན་སྟབས་སུ་ལྡེགས་སེ་ལྡེག །མི་ཡི་གླུད་དུ་ང་བཟང་ཟེར༑ །ཁ་ནས་སུ་འདོད་ང་ལོངས་ཟེར། །མི་བས་གླུད་བཟང་ཡ་ལ་ལ། །རྫ་བས་ཁ་བྲོ་ཆི་ལི་ལི། །གླུད་འདི་མ་མོ་འཁོར་བཅས་བཞེས། །སྣང་སྲིད་ལྷ་འདྲེའི་ཚོགས་ལ་བགོས། །བདུད་མདའ་དེ་ནི་མཐིང་ནག་ལ། །སྒྲོ་བཟང་མདེའུས་རབ་བརྒྱན་ཏེ། །ཡས་བཞུད་ནག་པོ་དགུང་སྔོན་ནས། །མདའ་ནག་གི་ནི་ལྟོང་ལ་བརྒྱན། །ཕོ་བདུད་རྒྱལ་པོ་འཁོར་བཅས་ཀྱི། །གནས་སུ་འབུལ་ལོ་དཀོར་དུ་བསྔོ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །གཡུ་ཡི་དེ་ནི་མོ་འཕང་ལ། །གསེར་གྱི་མེ་ལོང་འོད་དུ་གསལ། །སྣ་ཚོགས་ཚོན་དང་རྒྱན་གྱིས་བཀྲག །མོ་བདུད་རྒྱལ་མོ་འཁོར་བཅས་ལ། །གནས་སུ་འབུལ་ལོ་དཀོར་དུ་བསྔོ། །ཟ་མ་མོ་ཡི་གླུད་དུ་འབུལ། །གཞན་ཡང་འབྲུ་ལ་ཁྲག་གིས་སྦྲུས། །འབྲང་རྒྱས་ཟུར་གསུམ་རུ་ཏྲའི་སྙིང་། །རོ་བཅུད་ཕུན་སུམ་ཚོགས་པར་ལྡན། །རི་རབ་ཆེན་པོའི་དཔངས་དང་ལྡན། །གཟུགས་མཛེས་མེ་ཏོག་སྤོས་ཆེན་དུད། །དྲི་བཟང་སྨན་དང་འབྲུ་སྣ་དང་། །ལ་རྫས་ཀླུང་རྫས་རིན་ཆེན་ནོར། །སྟག་གཟིག་ལྤགས་པ་གོས་དར་དང་། །གནམ་ལ་འཕུར་དགུ་ས་ལ་རྒྱུ། །ཆུ་ལ་འཕྱོ་བའི་སྲོག་ཆགས་རྣམས། །ནམ་མཁའི་མཛོད་ལས་ཆར་དུ་ཕབ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་སྲོག་དབུགས་གླུད་དུ་འབུལ། །མཐུན་པ་ཡི་ནི་གླུད་བཞེས་ཤིག །འཁོར་འདིར་ད་ནས་གནོད་མ་མཛད།། དེ་ནས་རྒྱན་གཞི་བཏིང་ལྷ་བདུད་གཉིས། །ཤྭ་བརྒྱབ་ལྷ་རྒྱལ་ལག་ཏུ་དར་འཕྱར་བསམ་ནས་སུ།བདུད་གཟུགས་མ་མོའི་མདུན་དུ་བཞག །ཤྭ་རྡེ་ནག་པོ་གཏོར། དཀར་པོ་སྤུངས་ཏེ་ལྷ་གཟུགས་རང་གི་ཁང་སྟེངས་སུའོ། ཀྱེ སྣང་ཞིང་སྲིད་པའི་ཁམས་འདི་ན། །ཅི་ལས་དབང་ཆེ་མ་མོའི་རྒྱལ༑ །དེ་རིང་རྣལ་འབྱོར་བདག་ལ་གསོན། །བདག་གིས་ཉེས་ན་ཤྭ་འདི་ཕམ། །མ་ཉེས་རྒྱལ་བ་འདི་གཟིགས་ནས། །རྒྱན་གཞི་བཏིང་བ་སླར་ལ་བསྡུས། །ཁྲམ་ཁ་བཏབ་པའི་རི་མོ་སུབས༑ །ནག་པོའི་རྡེའུ་སྤུངས་གནམ་ལ་འཐོར། །བཟུང་བ་ཐོང་ལ་ཆད་པ་འཐུད། །བཅིངས་པ་ཁྲོལ་ལ་མནན་པ་ཐེག །ཡོ་བ་སྲོངས་ལ་བུབ་པ་སློངས། །ཀྱེ ལྷ་ཆེན་དབང་ཕྱུག་མན་ཆད་ནས། །ལག་ན་གཞོང་ཐོགས་ཡན་ཆད་ཀྱི། །སྟེང་གི་ལྷ་ཚོགས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་སྟེར་ཁྲོ་ཚུལ་སྟོན། །སྟེང་གདོན་ལག་ནས་བླ་ཁུག་ཅིག །བདག་ཅག་རྣམས་ལ་གནོད་བྱེད་དེ། །ནམ་མཁའི་དབྱིངས་སུ་ཅི་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་སྙབས་ཐེབས་གཅིག །ཀྱེ ས་བདག་ལྷོ་འཕྱེ་མན་ཆད་ནས། །ཐེ་རང་ཚེ་ལ་བརྐུ་ཡན་གྱི། །བར་གྱི་འདྲེ་སྲིན་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་སྟེར་ཁྲོ་ཚུལ་སྟོན། །བར་གདོན་ལག་ནས་བླ་ཁུག་ཅིག །བདག་ཅག་རྣམས་ལ་གནོད་བྱེད་དེ། །བར་སྣང་སྟོང་པར་ཅི་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་སྙབས་ཐེབས་གཅིག །ཀྱཻ༑ གཤིན་རྗེའི་རྒྱལ་པོ་མན་ཆད་ནས། །དམྱལ་སྲུང་བཤན་པ་གཏུམ་པོ་ཡན། །འོག་གི་འཆི་བདག་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས༑ །ཕྱག་ལན་མི་སྟེར་ཁྲོ་ཚུལ་སྟོན། །འོག་གདོན་ལག་ནས་བླ་ཁུག་ཅིག །བདག་ཅག་རྣམས་ལ་གནོད་བྱེད་དེ། །ས་འོག་རིམ་དགུར་ཅི་བྲོས་ཀྱང་། །ཁྱོད་ཀྱི་ཕྱག་གིས་སྙབས་ཐེབས་གཅིག །བདག་ཅག་དཔོན་སློབ་འཁོར་བཅས་ལ། །སྔོན་གྱི་ལས་ཀྱི་རྣམ་སྨིན་གྱིས། །དུས་ལ་བབ་ནས་ཚེ་ཟད་ཀྱང་། །ལོ་བརྒྱའི་བར་དུ་བཤོལ་ཐོབ་ལ། །ཚེ་རིང་བར་ཆད་མེད་པ་དང་། །སྟོབས་དང་མངའ་ཐང་རྒྱས་པར་མཛོད། །ས་ཕྱོགས་འདི་ཡི་ནད་སོལ་ལ། །ནད་བདག་ཁྲོམ་ཁ་དགྲ་ལ་བསྒྱུར། །རིམས་ནད་གནོད་པ་དེ་རུ་ཐོང་།། དེ་ནས་མ་མོའི་ཁྲོམ་དེ་དག ཞལ་བསྒྱུར་སྡང་དགྲའི་ཡུལ་སོང་བསམ། །ངར་གྱི་བུད་མེད་ཁ་བསྒྱུར་ལ། །ཐུན་གྱིས་བྲབ་ཅིང་འདི་སྐད་བརྗོད། ཧཱུྃ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །གསང་སྔགས་དར་ཀྱང་དམ་ལས་གཡེལ། །ཕལ་ཆེར་ནག་པོའི་ལས་ལ་སྤྱོད། །དེ་ལ་སྲིད་པའི་རྒྱལ་མོ་འཁྲུགས། །མ་མོ་ཁྲོས་པའི་རྟགས་བསྟན་པ། །ཁ་རླངས་དཀར་པོ་བཏང་བ་ཡིས། །མཁའ་ལ་ནད་སྤྲིན་དཀར་པོ་ཆགས། །བུད་མེད་དཀར་མོས་སྟོང་གསུམ་ཁེངས། །དེ་ཚེ་ནད་ཀྱི་རྐྱལ་པ་ཕྱེ། །འདོད་ཆགས་ཀྱིས་བསྐྱེད་ནད་རིགས་ནི། །ཉི་ཁྲི་ཆིག་སྟོང་དེ་ནས་བྱུང་། །ནད་ཀྱང་ལྷ་མོ་ཁྱོད་ཀྱི་འཕྲུལ། །དལ་ཀྱང་མ་མོ་ཁྱོད་ཀྱི་རྫུ། །དེ་རིང་རྣལ་འབྱོར་བདག་ཅག་གི །རིམས་ཁ་ཆོད་ལ་དལ་ཁ་སྒྱུར། །མི་མཐུན་གནོད་པའི་རྐྱེན་རྣམས་དང་། །རླུང་ནད་ཉི་ཁྲི་ཆིག་སྟོང་བཟློག །ཀྱེ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །གསང་སྔགས་དར་ཀྱང་དམ་ལས་གཡེལ། །ཕལ་ཆེར་ནག་པོའི་ལས་ལ་སྤྱོད། །དེ་ལ་སྲིད་པའི་རྒྱལ་མོ་འཁྲུགས། །མ་མོ་ཁྲོས་པའི་རྟགས་བསྟན་པ། །ཁ་རླངས་དམར་སེར་བཏང་བ་ཡིས། །མཁའ་ལ་ནད་སྤྲིན་དམར་སེར་ཆགས། །བུད་མེད་དམར་སེར་སྟོང་གསུམ་ཁེངས། །དེ་ཚེ་ནད་ཀྱི་རྐྱལ་པ་ཕྱེ། །ཞེ་སྡང་གིས་བསྐྱེད་ནད་རིགས་ནི། །ཉི་ཁྲི་ཆིག་སྟོང་དེ་ནས་བྱུང་། །ནད་ཀྱང་ལྷ་མོ་ཁྱོད་ཀྱི་འཕྲུལ། །དལ་ཀྱང་མ་མོ་ཁྱོད་ཀྱི་རྫུ། །དེ་རིང་རྣལ་འབྱོར་བདག་ཅག་གི །རིམས་ཁ་ཆོད་ལ་དལ་ཁ་བསྒྱུར༑ །མི་མཐུན་གནོད་པའི་རྐྱེན་རྣམས་དང་། །ཚད་ནད་ཉི་ཁྲི་ཆིག་སྟོང་བཟློག །ཀྱེ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །གསང་སྔགས་དར་ཀྱང་དམ་ལས་གཡེལ། །ཕལ་ཆེར་ནག་པོའི་ལས་ལ་སྤྱོད། །དེ་ལ་སྲིད་པའི་རྒྱལ་མོ་འཁྲུགས། །མ་མོ་ཁྲོས་པའི་རྟགས་བསྟན་པ། །ཁ་རླངས་སྔོན་པོ་བཏང་བ་ཡིས། །མཁའ་ལ་ནད་སྤྲིན་སྔོན་པོ་ཆགས། །བུད་མེད་སྔོན་མོས་སྟོང་གསུམ་ཁེངས། །དེ་ཚེ་ནད་ཀྱི་རྐྱལ་པ་ཕྱེ། །གཏི་མུག་གིས་བསྐྱེད་ནད་རིགས་ནི། །ཉི་ཁྲི་ཆིག་སྟོང་དེ་ནས་བྱུང་། །ནད་ཀྱང་ལྷ་མོ་ཁྱོད་ཀྱི་འཕྲུལ། །དལ་ཀྱང་མ་མོ་ཁྱོད་ཀྱི་རྫུ། །དེ་རིང་རྣལ་འབྱོར་བདག་ཅག་གི །རིམས་ཁ་ཆོད་ལ་དལ་ཁ་བསྒྱུར། །མི་མཐུན་གནོད་པའི་རྐྱེན་རྣམས་དང་། །བད་ཀན་ཉི་ཁྲི་ཆིག་སྟོང་བཟློག །ཀྱེ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །གསང་སྔགས་དར་ཀྱང་དམ་ལས་གཡེལ། །ཕལ་ཆེར་ནག་པོའི་ལས་ལ་སྤྱོད། །དེ་ལ་སྲིད་པའི་རྒྱལ་མོ་འཁྲུགས། །མ་མོ་ཁྲོས་པའི་རྟགས་བསྟན་པ༑ །ཁ་རླངས་རྣམ་ལྔ་བཏང་བ་ཡིས། །མཁའ་ལ་ནད་སྤྲིན་འཇའ་ལྟར་ཆགས། །བུད་མེད་ཁྲ་མོས་སྟོང་གསུམ་ཁེངས། །དེ་ཚེ་ནད་ཀྱི་རྐྱལ་པ་ཕྱེ། །དུག་གསུམ་ཆ་མཉམ་གྱིས་བསྐྱེད་ནད༑ །ཉི་ཁྲི་ཆིག་སྟོང་དེ་ནས་བྱུང་། །ནད་ཀྱང་ལྷ་མོ་ཁྱོད་ཀྱི་འཕྲུལ། །དལ་ཀྱང་མ་མོ་ཁྱོད་ཀྱི་རྫུ། །དེ་རིང་རྣལ་འབྱོར་བདག་ཅག་གི །རིམས་ཁ་ཆོད་ལ་དལ་ཁ་བསྒྱུར། །མི་མཐུན་གནོད་པའི་རྐྱེན་རྣམས་དང་། །འདུས་ནད་ཉི་ཁྲི་ཆིག་སྟོང་བཟློག །མ་མོའི་གནོད་པ་ཐམས་ཅད་བཟློག །དྲེགས་པ་བཅོ་བརྒྱད་གནོད་པ་བཟློག །ཁྱད་པར་འགོང་པོའི་གནོད་པ་རྣམས། །སྡང་བ་དགྲ་ཡི་སྟེང་དུ་བསྒྱུར། །མི་མཐུན་རྐྱེན་རྣམས་ཐམས་ཅད་བསྒྱུར།། བུད་མེད་ནག་མོ་བཞི་ཡིས་བཏེག །སྡང་བ་དགྲ་ཡི་ཡུལ་ཕྱོགས་བསྐྱལ། །དེ་ནི་པད་དཀར་ཞེས་བྱ་བའི། །རིགས་སྔགས་འཆང་གིས་སྦྱར་བ་ཡིན༑ །གཅེས་པ་སྙིང་དང་འདྲ་བར་བྱོས།། །།མདྒལཾ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact