Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (19.3)

༄༅། །དཔལ་ལྡན་ལྷ་མོའི་དྲག་པོའི་འཕྲིན་ལས་བསྐུལ་བ་བཞུགས་སོ། །

༼༡བ༢༽༄༅། །འདིར་དཔལ་ལྷ་མོའི་ལས་སྦྱོར་ལས་དྲག་པོའི་གཏོར་མ་འཕང་བར་བཤད་པ་ནི། ལྕགས་ལ་སོགས་པའི་སྣོད་དུ་བཤོས་བུ་ཟུར་གསུམ་འཁོར་གསུམ་གྱིས་བསྐོར་བ་བསད་པའི་ཤ་དང་ཁྲག་དང་སྙིང་གིས་བརྒྱན་པ་ནད་དང་མཚོན་ཆར་བྱིན་གྱིས་བརླབས་ཏེ་སྲུང་མ་བསྐུལ་བ་ནི། བྷྱོཿམ་གཡེལ་མ་གཡེལ་དམ་ཅན་ཚོགས། །བོས་པའི་དུས་ན་སྙན་མ་སྲ། །གཡབས་པའི་དུས་ན་རྒྱང་མ་རིང་། །བསྒྲུབ་པའི་དུས་ན་གོང་མ་གཡེལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །ཤ་ཁྲག་གཟན་དུ་བོར་ནས་ཁྱོད་སྒྲུབས་སོ། །ལུས་སྲོག་འབེན་དུ་བཙུགས་ནས་ཁྱོད་སྒྲུབས་སོ། །དམ་རྫས་རྟེན་དུ་བཙུགས་ནས་ཁྱོད་སྒྲུབས་སོ། །ཕུག་པ་ཞྭ་ལྟར་གྱོན་ནས་ཁྱོད་སྒྲུབས་སོ། །རྣལ་འབྱོར་པ་ནི་གཙང་ཤས་ཉ་བཞིན་མྱུལ། །དམ་ཉམས་དགྲ་ནི་གངས་ཁོང་སེང་ལྟར་རྒྱུ། །ས་སྟེང་འདི་ན་བདག་ལ་མགོན་མེད་པས། །མ་ཅིག་དམ་ཅན་ཐུགས་རྗེས་མི་དགོངས་སམ། །འཁོར་གྱི་ཚོགས་ལ་བཀའ་ནན་མི་མཛད་དམ། །དམ་ཉམས་དགྲ་ལ་འཕྲིན་ལས་མི་མཛད་དམ། །ལྷ་མོ་མི་ཕམ་ཡི་དམ་སྲོག་གི་ལྷ། །རྣལ་འབྱོར་ཀུན་གྱི་དགྲ་ལྷ་མོ། །ནག་མོ་ཆེན་མོ་ཆར་སྤྲིན་མདོག །དཔལ་ལྡན་ལྷ་མོ་ཐུགས་དམ་ཅན། །རྡོ་རྗེ་ལྕམ་ཅིག་ལས་མཁན་མ། །སྲོག་གཅོད་ནད་གཏོང་བོང་བུ་བཞོན། །རྣལ་འབྱོར་བདག་གི་སྟོངས་གྲོགས་མཛོད། །དམ་ཉམས་ཀུན་གྱི་བདུད་གཅོད་མ། །༼༢ན༣༽དམ་ཚིག་ཅན་གྱི་ཚེ་འཛིན་མ། །ལེགས་ཉེས་ཀུན་གྱི་སྟངས་གཅོད་མ། །འཁོར་རྣམས་ཕོ་ཉར་ད་ཐོང་ལ། །བསྟན་པ་འཇིག་པའི་དམ་ཉམས་ཀྱི། །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བྷྱོཿསངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །ཁྱོད་ཀྱིས་དེང་ནས་འཁོར་བ་ཇི་སྲིད་བར། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་ཀུན། །ཞི་བར་བྱ་ཕྱིར་ཚེ་དང་བསོད་ནམས་སྤེལ། །ནག་པོའི་ཕྱོགས་ནི་དགུག་ཅིང་དབང་དུ་བསྡུས། །སྨྱོ་འབོག་བསད་ལ་སོགས་པའི་ལས་འདི་དག །བསྟན་པ་བསྲུང་ཕྱིར་ལས་འདི་བསྒྲུབ་པར་བགྱིས། །འདི་ལས་འདས་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་རྡོ་རྗེས་མགོ་འགེམས་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་ཁས་བླངས་ཤིང་། །དམ་བཅས་བཞིན་དུ་འཕྲིན་ལས་བསྒྲུབ་པར་མཛོད། །རྣལ་འབྱོར་བདག་དང་བདག་གི་འཁོར་བཅས་ལ། །ཞལ་ནས་བདུད་རྩིའི་ཆར་བའི་རྒྱུན་ཕོབ་ལ། །ནད་སོགས་སྡུག་བསྔལ་ཚོགས་རྣམས་ཞི་བར་མཛོད། །ཚེ་དང་དབང་ཐང་ལོངས་སྤྱོད་རྒྱས་པར་མཛོད། །ཟང་ཟིང་ལོ་ཏོག་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོ་ཕྱུགས་རྣམས་འཕེལ་བར་མཛོད། །༼༢བ༤༽གཞན་ཡང་ཁྱོད་ལ་འཕྲིན་ལས་བཅོལ་བ་ནི། །བླ་མ་ལ་སྨོད་དཀོན་མཆོག་དབུ་འཕང་སྨོད། །བདག་གི་དགེ་བའི་བར་ཆད་བྱེད་པའི་དགྲ། །དམ་ཉམས་དགྲ་བོ་ལས་ངན་སྡིག་ཅན་འདི། །ཁྱོད་ཀྱི་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་རྣམས་ཁོང་ནས་སློང་། །བག་བཞི་ས་ལ་ལྷུངས་ནས་རྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔའི་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་བརྡུང་དུ་ཆུག །སྨྲེ་སྔགས་ཆོ་ངེས་གནམ་དུ་འབོད་དུ་ཆུག །འཆི་བའི་དུས་མཐར་སྨྱོ་འབོག་ནད་ལ་སོགས། གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཕོབ། བསྟན་པ་བསྲུང་བའི་ལས་རྣམས་བསྒྲུབ་པར་མཛོད། དེ་ནས་གཏོར་མ་དགྲ་ཕྱོགས་སུ་འཕངས་པས་དགྲ་བོ་འཁོར་བཅས་བརླག་པར་འགྱུར་རོ།། །།འདིར་དྲག་པོའི་གཏོར་མ་ནི་སྒྲུབ་པ་དང་མ་འབྲེལ་བར་འཕངས་པས་ཀྱང་རུང་པའི་ཕྱིར་བསྟན་པ་ཡིན་གྱི། གཞན་ལས་སྦྱོར་རྣམས་རྗེ་གོང་མ་རྣམས་ཀྱི་ཕྱག་བཞེས་ལས་འབྱུང་བ་བཞིན་ལས་འདིར་རྒྱས་པར་མ་བཤད། འདིར་ཡང་གོང་དུ་མི་སྟོན་པ་ལས་སྦྱོར་གྱི་ཆ་ལག་ཡིན་པས་སྐབས་འདིར་བཤད་པ་ཡིན་ནོ།། །།མངྒ་ལཾ།།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact