Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (11.19)

༄༅། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བཞུགས་སོ། །

ན་མོ་ཨཱརྻ་ལོ་ཀེ་ཤྭ་ར་ཡ། ཁམས་གསུམ་གྱི་སེམས་ཅན་ཀུན་གྱི་ཕྱིར། །དཔལ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། །དོན་དེ་ཕྱིར་རང་ལུས་སྤྱན་རས་གཟིགས། །སྐུ་མདོག་དཀར་ཞིང་མཛེས་པ་ཅན། །ཕྱག་དང་པོ་ཐུགས་ཀར་ཐལ་མོ་སྦྱར། །འོག་མ་གཉིས་ཤེལ་འཕྲེང་པད་དཀར་བཟུང་། །དྲང་སྲོང་གི་ཆ་ལུགས་སྐྱིལ་ཀྲུང་བཅས། །སྤྱིར་སེམས་ཅན་གྱི་ཁར་རྗེར་ཡི་དམ་ཁྱོད། །དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་བསྐྲུན། །བོད་འབངས་ཀྱི་ལྷ་སྐལ་ཉིད་དུ་གཏད། །སྒོས་རྒན་པོ་ང་ཡི་བློ་ལྟོས་ཅེས། །ཚེ་འདི་ཕྱི་བར་དོའི་སྐྱབས་གནས་ཞུ། །སྙིང་ཐག་པའི་འོ་དོད་འབོད་ལགས་ཀྱིས། །མི་སྡིག་ཅན་བདག་ལ་ཐུགས་རྗེས་གཟིགས། །སྙིང་གར་ཟླ་དབུས་སྲཱིཿཡིག་མཐར། །ཨོཾ་མ་ཎི་པདྨེ་ཧཱུྃ་གིས་བསྐོར། །སྔགས་ཉུང་ལ་འཐུས་པའི་ཡི་གེ་དྲུག །འདི་བགྲངས་པའི་ཕན་ཡོན་བསམ་མི་ཁྱབ། །དུས་གཏན་གྱི་དོན་ཀུན་སྒྲུབ་པ་ལ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། །རྐྱེན་བར་ཆད་བཟློག་པའི་རྒྱལ་པོ་ཡིན། །སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ། །བྱིན་རླབས་ཀྱི་ཚན་ཀ་བསམ་མི་ཁྱབ། །ཨོཾ་མ་ཎི་པདྨེ་ཧཱུྃ། སྔགས་འཕྲེང་ལས་ཐུགས་ཀའི་འོད་ཟེར་འཕྲོས། །གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུས། །སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། །མགོན་སངས་རྒྱས་སྲས་བཅས་ཐམས་ཅད་མཆོད། །སླར་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །ཡུལ་སྣང་ཚད་སྐུ་ལ་གྲགས་ཚད་གསུང་། །ཡིད་དྲན་ཚད་ཐུགས་ཀྱི་རོལ་པ་ལ། །བློ་རྩེ་གཅིག་མོས་པས་གསོལ་བ་འདེབས། །ལྷ་ཁྱེད་དང་མཉམ་པའི་དངོས་གྲུབ་སྩོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། བྱ་རིགས་ཀྱི་ནང་སོ་བཀྲས་ཡེས་ཀྱི། ཆོས་སྐལ་དུ་པདྨ་དཀར་པོས་གཏད།། །། ན་མོ་ལོ་ཀེ་ཤྭ་ར་ཡ། སྲིད་པ་འདི་ནས་རིང་འཕགས་ནས། །ས་ནས་ས་ལ་དབང་བསྒྱུར་བའི། །འཁོར་ལོ་རིན་ཆེན་སྤྱན་རས་གཟིགས། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ། །བློ་མུན་ནག་འཇོམས་ཉི་མའི་འོད། །སྤྲིན་བཞིན་བསམ་དོན་ཆར་འབེབས་པ། །ནོར་བུ་རིན་ཆེན་སྤྱན་རས་གཟིགས། །ཕུན་ཚོགས་ཀུན་གྱི་དངོས་གྲུབ་སྩོལ། །སྲིད་དང་ཞི་བ་གཉིས་འཐུང་ཞིང་། །མཁའ་མཉམ་འགྲོ་བའི་ཁུར་ཁྱེར་བ། །གླང་པོ་རིན་ཆེན་སྤྱན་རས་གཟིགས། །བདག་ཅག་སྒྲོལ་བའི་དངོས་གྲུབ་སྩོལ། །སླུ་འདྲིད་སྲིན་པོའི་དོ་ར་ནས། །དམ་ཆོས་བདེ་བའི་གླིང་སྐྱེལ་བའི། །རྟ་མཆོག་རིན་ཆེན་སྤྱན་རས་གཟིགས། །བདེ་ནས་བདེར་བགྲོད་དངོས་གྲུབ་སྩོལ། །མཐོང་ཐོས་དྲན་པའི་དཔལ་གཅིག་པུ། །ཞབས་སྐྱེས་པདྨོ་མཉྫྱུ་ཅན། །བཙུན་མོ་རིན་ཆེན་སྤྱན་རས་གཟིགས། །འཆི་མེད་བདེ་རེག་དངོས་གྲུབ་སྩོལ། །བཞེད་པའི་མོད་ལ་འགྲོ་བ་ཡི། །ཕན་པའི་གཏེར་རྣམས་ཀུན་འབྱིན་པའི། །བློན་པོ་རིན་ཆེན་སྤྱན་རས་གཟིགས། །འཕགས་ནོར་བདུན་གྱི་དངོས་གྲུབ་སྩོལ། །བདུད་བཞིའི་དཔུང་རྣམས་ཚར་གཅོད་པའི། །བྱམས་པའི་སྙིང་རྗེའི་རལ་གྲིའི་གཉེན། །དམག་དཔོན་རིན་ཆེན་སྤྱན་རས་གཟིགས། །རྫོགས་སངས་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། མ་ཎི་སྨོན་ལམ་བཟང་པོ་ལ་དགོས་ཟེར་བ་ལྟར་པདྨ་དཀར་པོས་སྦྱིན་པའོ། །མངྒལཾ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact