Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (11.13)

༄༅། །འཕགས་པ་སེང་གེ་སྒྲའི་ལོ་རྒྱུས་བཞུགས་སོ། །

སྔོན་འཇིག་རྟེན་གྱི་ཁམས་ན་འཇམ་དཔལ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཞེས་བྱ་བ་དང་། སྤྱན་རས་གཟིགས་དབང་ཕྱུག་ནི་སྙིང་རྗེའི་མཆོག་ཅེས་བྱ་བར་གྱུར་པ་དེ་གཉིས་སྟོང་གསུམ་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ལ་སེང་གེ་དཀར་མོ་ཅིག་དབང་དུ་བསྡུས་ཏེ་ཆིབས་བྱས། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན། མདུང་རྩེ་གསུམ་པ་དང་། རལ་གྲི་དང་། པདྨ་དང་ཨུཏྤལ་ཐོགས་ནས་ཕྱིན་པ་ལ། རྒྱ་མཚོ་ཆེན་པོ་བརྒལ་བའི་དུས་སུ་སེང་གེ་བཞག་ནས་ཁུར་རེས་བྱས་ཤིང་བྱོན་པ་ལ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དེ་ཉིད་ནི་གྲོགས་ལ་ཕན་པའི་སེམས་ཀྱིས་རང་གི་རལ་གྲིས་རང་བཀུམ་མོ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་གི་བསམ་པ་ལ། སྟེང་འོག་བར་སྣང་གི་ཀླུ་དང་ལྷ་ལ་སོགས་པས་བསད་དམ་སྙམ་ནས་བཏུང་པའི་སྣོད་བྲམ་ཟེའི་ཐོད་པ་ལག་ན་ཐོགས། ཏྲི་ཤུ་ལ་རྩེ་གསུམ་པ་ལག་ན་ཐོགས། སེང་གེ་དཀར་པོ་ལ་ཞོན། མྱ་ངན་དུ་རལ་པ་ཐོད་དུ་བཅིངས་ནས་སྟེང་གི་ལྷ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། །རང་གི་གྲོགས་པོས་སྤངས་ནས་གཅིག་པུར་ལུས། །ལྷ་རྣམས་ཀུན་གྱིས་ཉེས་ན་ཆད་པའི་ལས། །གྲོང་ཁྱེར་འཇོམས་ཤིང་ལྷ་རྣམས་འགུམ་པར་བགྱིད། །ཅེས་སྨྲས་ཏེ་ལྷ་རྣམས་ལ་ཏྲི་ཤུ་ལ་གདེངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཁམས་གསུམ་གྱི་ལྷས་དགའ་བའི་མདངས་ཕྱུངས་ཏེ། ལྷའི་མེ་ཏོག་པདྨ་དང་། ཀུ་མུ་ཏ་དང་། པུཎྜྻ་རཱི་ཀ་དང་། ཙམ་པ་ཀ་ལ་སོགས་པ་ཕུལ་ཏེ་ཐོད་པ་བཀང་ངོ་། །དེ་བཞིན་དུ་བར་གྱི་སྡེ་བརྒྱད་ལ་གཟིར་བས། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ལ་སོགས་པ་འཁོར་མང་པོ་དང་བཅས་པ་དགའ་བའི་མདངས་ཕྱུང་སྟེ། སེང་གེ་ལ་རིན་པོ་ཆེའི་རྒྱན་ཕུལ་ལོ། །དེ་ནས་སའི་འོག་ན་གནས་པའི་ཀླུ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། །རང་གི་གྲོགས་ཀྱིས་སྤངས་ནས་གཅིག་པུར་ལུས། །ཀླུ་ཚོགས་རྣམས་ཀྱིས་ཉེས་ན་ཆད་པའི་ལས། །གྲོང་ཁྱེར་འཇོམས་ཤིང་ཀླུ་རྣམས་འགུམ་པར་བགྱིད། །ཅེས་སྨྲས་ཏེ་རྒྱ་མཚོ་ཆེན་པོ་ཏྲི་ཤཱུ་ལས་དཀྲུགས་ཏེ། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་ཝ་རུ་ཎ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། དེ་དག་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་པ། ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་གཡོག་དང་འཁོར་དུ་བཅས་པ་འདུས་ཏེ། དགའ་བའི་མདངས་ཕྱུངས་ནས་ཀླུའི་རྒྱལ་པོ་ཝ་རུ་ཎ་སྦྲུལ་དཀར་པོ་ཅིག་ཏུ་བྱས་ནས་ཕྱག་འཚལ། སྐོར་བ་ལན་གསུམ་བྱས་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །ཀླུ་རྣམས་ཀུན་གྱི་མགོན་མཛོད་ཅིག །ཉམས་ན་ཀླུ་ཡི་གཤེད་མ་མཛོད། །ཅེས་སྨྲས་ནས་ཏྲི་ཤཱུ་ལ་ལན་གསུམ་དཀྲིས་ཁ་བྱང་ཆུབ་སེམས་དཔའ་ལ་བསྒྱུར། ཕུཿཕུཿཞེས་བརྗོད་ཅིག་ཁ་ནས་ཁྲག་འབྱིན་ཞིང་གནས་སོ། །ཀླུའི་རྒྱལ་པོ་གཞན་རྣམས་ཀྱང་ཐལ་མོ་སྦྱར་ནས། སྐོར་བ་ལན་གསུམ་གསུམ་བྱས་ནས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །ཁྱོད་ལ་བདག་ཅག་སྐྱབས་སུ་མཆིའོ། །ཀླུ་རྣམས་ཐམས་ཅད་སྐྱབས་སུ་གཟུང་། །ཉམས་ན་ཀླུ་ཡི་གཤེད་མ་མཛོད། །ཅེས་སྨྲས་ནས་ཀླུ་ཆེན་པོ་བརྒྱད་སྦྲུལ་དཀར་པོ་ཅིག་ཏུ་བྱས་ནས་ཚངས་སྐུད་ལ་འཁྲིས་སོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱང་བདག་ཅག་ནི་བྲན་བགྱིད་དོ། །ཅི་བཀའ་སྩལ་པ་ཉན་ནོ་ཞེས་སྨྲས་ནས་ཀླུ་རྣམས་སོ་སོའི་གནས་སུ་དེངས་སོ། །དེ་ནི་སྙིང་རྗེ་ཀླུ་འདུལ་ཞེས་བྱའོ། །དེ་ལྟར་གཟུངས་འདི་ཡུལ་མ་ག་དྷ་ན་རྒྱལ་པོ་དབང་ཕྱུག་འོད་ཅེས་བགྱི་བ་འཁོར་དང་བཙུན་མོ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་རྒྱལ་པོ་དེ་མཛེ་དང་ཕོལ་མིག་དང་། དབུགས་མི་བདེ་བ་སྙིང་ནད་འབར་བ་བྱུང་སྟེ་དེ་ཇི་ལྟར་བསལ་བར་བགྱི་ཞེས་འཇམ་དཔལ་གྱིས་ཞུས་པ་ལ་བཅོམ་ལྡན་འདས་ཀྱིས་གསུངས་སོ།། འཕགས་པ་སེངྒེ་སྒྲའི་བསྟོད་པ་གཟུངས་ནས་ཕྱུངས་པ་བཞུགས་སོ།། ཨོཾ་བྱ་བ་བྱས་ཤིང་བྱེད་པ་བྱས། །ཁུར་བོར་བདག་དོན་རྗེས་སུ་བརྙེས། །སྲིད་པར་སྦྱོར་བ་ཡོངས་སུ་ཟད། །ཡང་དག་བཀའ་ལས་རྣམ་པར་གྲོལ། །སེམས་དཔའ་དབང་བསྒྱུར་ཐབས་ཅད་ཀྱི། །མཆོག་ཏུ་ཕ་རོལ་ཕྱིན་ཐོབ་པ། །སྲིད་ལས་བརྒལ་ཞིང་ཚོགས་གཉིས་རྫོགས། །ཨཱཿགཞན་ལ་ཕན་བརྩོན་ཐུགས་རྗེ་ཅན། །སེམས་ཅན་ཀུན་ལ་མཆོག་ཏུ་བྱམས། །ཁམས་གསུམ་ཀུན་གྱི་གཉེན་གཅིག་པུ། །མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། །སྲཱིཿའགྲོ་བ་ཉམ་ཐག་ཀུན་ལ་སྐྱོབ། །དྲི་མ་གསུམ་སྤངས་ཕ་རོལ་ཕྱིན། །མངོན་ཤེས་དྲུག་བརྙེས་ནྱ་གྲོལ་བུ། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །སུམ་ཅུ་རྩ་གཉིས་དག་དང་ལྡན། །དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས། །སྐུ་མདོག་ཤེལ་གྱི་ཁ་དོག་འདྲ། །གངས་རི་ཉི་ཤར་ལྟ་བུས་མཚོན། །སྐུ་ཚད་ཆེ་ལ་འོད་ཟེར་འབར། །རིགས་ལྔའི་སངས་རྒྱས་སྐུ་ལས་འཕྲོ། །དབུ་སྐྲ་ཐོར་ཚུགས་གྱེན་ལ་བརྫེས། །དབུ་ལ་འོད་དཔག་མེད་པ་བཞུགས། །ཀླུ་རྣམས་ཐམས་ཅད་འདུལ་མཛད་པ། །རྩེ་གསུམ་སྦྲུལ་གྱིས་རབ་ཏུ་དཀྲིས། །རིགས་གསུམ་མགོན་པོའི་བྱིན་རླབས་འཛིན། །དུག་གསུམ་རྩད་ནས་གཅོད་ལ་བསྟོད། །སིདྷ། སྐྱོན་གྱིས་མ་གོས་པདྨ་བསྣམས། །ཤེས་རབ་ཕུན་ཚོགས་རལ་གྲི་འབར། །ཉོན་མོངས་དག་པ་བྲམ་ཟེའི་མགོ །མེ་ཏོག་དྲི་ཞིམ་ཚོགས་ཀྱིས་བཀང་། །ཀླུ་རྣམས་ཀུན་ནས་དབང་བསྡུས་པས། །སྦྲུལ་གྱི་ཚངས་སྐུད་མཛེས་ལ་བསྟོད། ནཱ། པདྨ་དག་གི་གདན་ལ་བཞུགས། །བདུད་བཞི་ཟིལ་གྱིས་གནོན་མཛད་པ། །སེང་གེ་དཀར་པོའི་གདན་ལ་བཞུགས། །འདོད་པའི་དོན་རྣམས་བསྒྲུབ་པའི་ཕྱིར། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །བ་སྤུ་ཉག་མ་རེ་རེ་ཡང་། །སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར། །ཕྱག་འཚལ་ཐུགས་རྗེ་ཅན་ལ་བསྟོད། ད། དམ་ཆོས་རྒྱལ་ཚབ་དབང་བསྐུར་བ། །ལྷ་མོ་སྒྲོལ་མ་རྗེས་སུ་འབྲང་། །འཇིགས་པ་བརྒྱད་སྐྱོབ་སྐུ་མདོག་ལྗང་། །གནོད་པ་སེལ་བ་མི་འཇིགས་སྦྱིན། །ཨུཏྤལ་ཐུགས་རྗེའི་བདག་ཉིད་ཅན། །བཏུད་དེ་སྤྲུལ་པ་མང་པོ་འགྱེད། ཧཱུྃ། གོས་དཀར་མ་ནི་བཀའ་བཞིན་བྱེད། །ཡིད་བཞིན་འཁོར་ལོ་བདེ་བར་བསྐོར། །འདོད་པའི་དོན་ཡོད་སྡུག་བསྔལ་ཞི། །འཇིགས་པ་བརྒྱད་པོ་སེལ་ལ་བསྟོད། །ཕཊ྄། ཧ་ཡ་གྲཱི་བ་ཁྲོ་བོའི་སྐུ། །འཕགས་པ་རྟ་མགྲིན་བདུད་བཞི་འཇོམས། །ཀྲོ་དྷ་མགྲིན་སྔོན་གདུག་པ་འདུལ། །ཀླུ་བདུད་འདུལ་མཛད་ཧཱུྃ་གིས་བསྟོད། །ནཱ་ག་ཀླུ་རྒྱལ་ཝ་རུ་ཎ། །ཆུ་ལྷ་སྟོན་པའི་ཞལ་མཐོང་ཞིང་། །བསྟན་ལ་རབ་དགའི་ཀླུ་རྣམས་འདུལ། །ས་དང་པོ་ཡི་བདེན་པ་མཐོང་། །བདེ་བར་གཤེགས་པའི་རིང་བསྲེལ་འཛིན། །ཀླུ་རྒྱལ་བྱང་ཆུབ་སེམས་ལ་བསྟོད། །མངྒལཾ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact