Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (9)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

ཕ་བླ་མའི་ཞབས་ལ་སྤྱི་བོས་འདུད། །དུས་སྙིགས་མའི་སེམས་ཅན་ཕྲག་དོག་ཆེ། །ཁྱོད་ལོ་སྟོན་དར་ལོ་ཚུར་ཉོན་དང་། །ང་མ་ཡི་མངལ་ནས་མ་སྐྱེས་ན། །ནུ་ཞོ་མངར་མོ་ཅི་ལ་འཐུང་། །ནུ་ཞོ་མངར་མོ་མ་འཐུང་ན། །ཕྱེ་མར་ཁམ་གསུམ་ཅི་ལ་ཟ། །ཕྱེ་མར་ཁམ་གསུམ་མ་ཟོས་ན། །བྱིན་པས་ལུས་པོ་ཅི་ལ་ཐེག །བྱིན་པས་ལུས་པོ་མ་ཐེག་ན། །ཐེམ་པའི་ལམ་སྒོ་ཅི་ལ་བརྒལ། །ཐེམ་པའི་ལམ་སྒོ་མ་བརྒལ་ན། །རྒྱལ་ཁམས་ཕྱོགས་མེད་ཅི་ལ་འགྲིམས། །རྒྱལ་ཁམས་ཕྱོགས་མེད་མ་འགྲིམས་ན། །བླ་མ་རྗེ་དང་ཅི་ལ་མཇལ། །བླ་མ་རྗེ་དང་མ་མཇལ་ན། །གྲུབ་ཐོབ་སྙན་བརྒྱུད་ཅི་ལ་ཞུ། །གྲུབ་ཐོབ་སྙན་བརྒྱུད་མ་ཞུས་ན། །རི་ཁྲོད་དགོན་པ་ཅི་ལ་འགྲིམ། །རི་ཁྲོད་དགོན་པ་མ་འགྲིམ་ན། །ཉམས་དང་རྟགས་པ་ཅི་ལ་སྐྱེ། །ཉམས་དང་རྟོགས་པ་མ་ཤར་ན། །རས་གོས་རྐྱང་པས་ཅི་ལ་དྲོས། །རས་གོས་རྐྱང་པས་མ་དྲོས་ན། །ཡོན་བདག་ཕོ་མོ་ཅི་ལ་དད། །ཡོན་བདག་ཕོ་མོ་མ་དད་ན། །ཁྱེད་སྟོན་པས་ཕྲག་དོག་ཅི་ལ་སྐྱེ། །སྟོན་པས་ཕྲག་དོག་མ་སྐྱེ་ན། །སྟོན་པ་དམྱལ་བར་ཅི་ལ་འགྲོ། །སྤོ་རི་སྤོ་མཐོན་རྩེ་མོ་ན། །ཤེལ་ཆུང་རྒོལ་ཆུང་རྩྭ་ཟ་བ། །སྤྱང་རི་ཁྱི་སྔོན་མོ་ཟུག་རྔུ་སྐྱེ། །དེ་རང་རི་ཁྱི་ཨེ་མ་འཁྲུལ། །སྙེ་ནམ་རི་ཡི་དགོན་པ་ན། །མི་ལ་རས་པ་བསྒོམ་པ་ལ། །སྟོན་པ་ལོ་སྟོན་ཟུག་རྔུ་སྐྱེས། །དེ་རང་སྟོན་པ་ཨེ་མ་འཁྲུལ། །ཡོན་བདག་ཕོ་མོའི་དད་ཟས་ལ། །ཁྱེད་མཁས་བཙུན་བཟང་པོས་སེར་སྣ་སྐྱེས། །དེ་རང་མཁས་བཙུན་ཨེ་མ་འཁྲུལ། །དོན་མེད་ཚིག་གི་སྟོང་སྒྲ་ལ། །དོན་བདེན་པར་མ་འཛིན་སྟོན་པ་བ། །ཁྱོད་རང་སེམས་ཆོས་སྐུར་མ་རྟོགས་པས། །ཚིག་ཐ་སྙད་མུ་གེའི་རྟོགས་པ་ལ། །ཚེ་སུམ་གཉིས་ཟད་པ་མ་ཚོར་རམ། །རྟོག་གེའི་ངན་ཚིག་སྣ་ཚོགས་ལ། །ཚེ་སྟོང་པར་མ་ཟད་སྟོན་པ་བ། །ངས་ཚིག་ངན་ཡ་བོ་ལབ་མི་ཁོམ། །མུ་སྟེགས་རྟོག་པ་བགྲང་མི་ལང་། །ཚོད་མའི་ཚད་མ་འཐུང་མ་མྱོང་། །ཤོ་མེད་ཀྱང་བྲེ་མོ་བགྱིས་པ་ལགས། །ད་རེས་རྩོད་པ་སྟོན་པ་རྒྱལ། །ལར་མི་ཚེ་དམ་པའི་ཆོས་ལ་སྐྱོལ། །
ཞེས་གསུངས་པས། དེར་ཡོན་བདག་བྲིན་པ་རྣམས་ན་རེ། རྗེ་བཙུན་གྱིས་ཁོའི་ཡ་བོ་མི་མཛད་པ་ཡིན་ཏེ། ཁོ་ཁ་བསོད་ཅན། ཁ་རྒོད་པོ། གཤིས་ངན་པོ། ཁོ་རང་གི་ཆོས་མིན་པ་གཞན་སུ་ལ་མི་མགུ་བ་ཅིག་ཡོད་ཞུས་པས། བུ་ཚོ་མི་སྐྱོན་མི་སྟོ། ང་ཁོ་ལ་མི་དགའ་བའི་རྟོག་པ་རྡུལ་ཙམ་ཡང་མེད། སྤྱིར་ཆོས་བྱ་བ་ལམ་དུ་འགྲོ་དགོས་པ་ཡིན། ཆོས་དང་གང་ཟག་མ་འཛོལ་བ་ཅིག་དགོས་པ་ཡིན་པས། ངས་དེའི་ཤན་ཅུང་ཟད་ཕྱེས་པ་ལ་སྟོན་པ་མ་མཉེས་པ་ཡིན། ཆོས་ཀྱི་དགོས་པ་དེ་འདི་འདྲ་ཞིག་དགོས་པ་ཡིན་པས་ཉོན་ཅིག་གསུང་ནས་མགུར་འདི་གསུངས་སོ། །
བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སེར་སྣའི་མདུད་པ་མ་གྲོལ་བའི། །སྦྱིན་པ་བཏང་བས་ཅི་ལ་ཕན། །རང་སེམས་གཡོ་སྒྱུ་མ་སྤངས་པའི། །ཚུལ་ཁྲིམས་བསྲུང་བས་ཅི་ལ་ཕན། །ཚིག་གི་ཐེ་ཙོམ་མི་ཐུབ་པའི། །བཟོད་པའི་ཕུབ་ཆུང་ཅི་ལ་ཕན། །འཁོར་བའི་འཕྲང་ལས་མི་སྒྲོལ་བའི། །བརྩོན་འགྲུས་རྟ་བོས་ཅི་ལ་ཕན། །གང་སྣང་ཆོས་སྐུར་མི་འགྱུར་བའི། །བསམ་གཏན་བསྒོམ་པས་ཅི་ལ་ཕན། །རང་འཛིན་སྡོང་པོ་མི་ཆོད་པའི། །ཤེས་རབ་རལ་གྲིས་ཅི་ཞིག་བྱ། །རང་སེམས་དུག་སྦྲུལ་མི་འཛིན་པའི། །ཐབས་ཀྱི་ཞགས་པས་ཅི་ཞིག་བྱ། །ཅི་བྱེད་ཆོས་སྐུར་མི་འགྱུར་བའི། །སྨོན་ལམ་བཏབ་པས་ཅི་ལ་ཕན། །རང་སེམས་རྡོ་རྒྱུས་མ་སྤྲད་པའི། །ཡེ་ཤེས་སྐྱེས་པས་ཅི་ལ་ཕན། །ངར་འཛིན་འགོང་པོ་མི་འདུལ་བའི། །སྟོབས་ཀྱི་ཐོ་བས་ཅི་ཞིག་རུང་། །རང་སེམས་སངས་རྒྱས་མི་ཚོལ་བའི། །ཐོས་པ་ཆེ་བས་ཅི་ལ་ཕན། །ཆ་ལ་མ་བསྒོམ་གྱི་ནར་འཁྱམ། །ཞེས་གསུངས་པས། ལོ་སྟོན་ན་རེ། དྲིས་པའི་ཆོས་སྐད་ཀྱི་ལན་མེད་པར་རྦད་མི་ཤེས་པའི་ཁ་རྦད་ཆེན་པོ་བྱེད་པའི་ཟོག་པོ་ལོག་ཆོས་མཁན་གཅིག་གིས་ཡུལ་གྱི་བཅུད་ཚོ་ཡང་ཁོས་བསྡུས་ཟེར་ནས་ཐལ་བ་བླ་མའི་ཞལ་དུ་བཏབ་པས། བླ་མའི་ཞལ་ནས་འོ་ཁྱོད་མཚན་ཉིད་པ་ལ་འདི་འདྲ་བའི་ཆོས་ལུགས་ཤིག་ཡོད་གསུང་ནས། ཐུགས་སྐྱོ་བ་ཆད་དོ། །རས་ཆུང་བས། ང་ཡི་བླ་མའི་བ་སྤུ་ཡང་མི་རི་བ་ལ་འདི་འདྲ་བྱས་བསམ་ནས་བེར་གཅིག་ཁྱེར་ནས་རྒྱག་ཏུ་ཕྱིན་པ་ལ། རྗེ་བཙུན་ཞལ་འཛུམ་པ་མཛད་ནས། ཞལ་གྱི་ཐལ་བ་ཡང་མ་སྤྲུགས་པར་རས་ཆུང་པའི་ལག་པ་ལ་བཟུང་ནས། རས་ཆུང་བ། ཆོས་བྱ་བ་ཉོན་མོངས་པའི་རྐྱེན་དྲག་པོ་དང་ཐུག་པའི་དུས་སུ་གལ་ཆེ་བ་ཡིན། ཁ་ངོམས་ལྟོ་འགྲང་བོས་དལ་ལ་ཡོད་པའི་དུས་སུ་ལྟ་བ་མཐོན་པོ་དང་སྒོམ་བཟང་པོ་ཡང་འོང་བར་འདུག་སྟེ། ཉོན་མོངས་པའི་རྐྱེན་དྲག་པོ་དང་ཐུག་པའི་དུས་སུ་འབུའི་མགོ་ལ་མཛུབ་མོས་རེག་པ་བཞིན་བློ་ཐུང་ཀུ་མི་འགྲོ་བར་འདུག །སྟོན་པ་ལ་བརྡེག་ལན་མི་འཚལ། རས་ཆུང་བ་ལ་བཀའ་ཡི་མནན་པའི་མགུར་འདི་གསུངས་སོ། །
རྗེ་སྤྱི་གཙུག་ནོར་བུ་འགྲོ་བའི་མགོན། །བླ་མ་སྐུ་དྲིན་ཅན་གྱི་ཞབས་ལ་འདུད། །རྐྱེན་ངན་བྱང་ཆུབ་ཏུ་འགྱུར་བར་བྱིན་གྱིས་རློབས། །བུ་རས་ཆུང་མ་ཡེངས་དར་ཅིག་ང་ལ་ཉོན། །ཁ་ངོམས་ལྟོ་སྐྱིད་ཀྱི་ཆོས་པ་ལ། །རྐྱེན་ངན་པ་བྱུང་དུས་ཐ་མལ་པ། །དེ་རྒྱུད་ངན་དུ་སོང་ན་བར་ཆད་ཆེ། །འཁྲུག་པ་བྱས་ན་རང་ཉིད་ཕམ། །བུ་དར་ཅིག་བླ་མའི་བཀའ་ལ་ཉོན། །ཆོས་ལྟ་བའི་རྒྱལ་པོ་ནམ་མཁའ་ལ། །བུ་རིག་པའི་ཁྱུང་ཕྲུག་ཡངས་རྩལ་སྦྱངས། །ཁྱུང་ཕྲུག་གཤོག་རྩལ་མ་ཞན་ཅིག །བརྒྱ་ལ་གཤོག་རྩལ་ཞན་པ་ན། །ཕྱོགས་རིས་ཀྱི་གཡང་དུ་ལྟུང་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་སྒོམ་པའི་རྒྱལ་པོ་མཚོ་མོ་ལ། །བུ་རིག་པའི་ཉེའུ་ཆུང་ཡངས་རྩལ་སྦྱངས། །ཉེའུ་ཆུང་ཡངས་རྩལ་མ་ཞན་ཅིག །བརྒྱ་ལ་ཡངས་རྩལ་ཞན་པ་ན། །འཁྲུལ་པའི་དོང་དུ་ཚུད་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་སྤྱོད་པའི་རྒྱལ་པོ་གངས་རི་ལ། །བུ་རིག་པའི་སེང་ཕྲུག་ཡངས་རྩལ་སྦྱངས། །སེང་ཕྲུག་ཡངས་རྩལ་མ་ཞན་ཅིག །བརྒྱ་ལ་ཡངས་རྩལ་ཞན་པ་ན། །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་འབྲས་བུའི་རྒྱལ་པོ་རིན་ཆེན་གླིང་། །བུ་རིག་པའི་ཚོང་ཕྲུག་ཚང་ཅིག་འདོན། །ཚོང་ཕྲུག་མེལ་ཙེ་མ་ཞན་ཅིག །བརྒྱ་ལ་མེལ་ཙེ་ཞན་པ་ན། །སེམས་ཆོས་ཉིད་ནོར་བུ་འཆོར་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །བུ་ཞེ་སྡང་མ་ཆེ་རང་རྒྱུད་སྲེག །སྡུག་བསྔལ་མ་བྱེད་ལུས་སེམས་བརླག །
ཅེས་གསུངས་པས་རས་ཆུང་པ་ང་རྒྱལ་ཞི་ནས་བཟོད་པ་བསྒོམ་མོ། །རྗེ་བཙུན་གྱི་ཞལ་དུ་ཐལ་བ་བཏབ་པའི་གཏམ་ངན་གྱིས་རྒྱལ་ཁམས་ཐམས་ཅད་ཁྱབ་སྟེ། ལོ་སྟོན་ལ་མི་ཁ་ཕོག་པས་བསོད་ནམས་ཆུ་བཅད་པ་བཞིན་དུ་སོང་། ཕྱིས་ཤི་བའི་དུས་སུ་སྒྲོམ་རྨ་བྱ་མ་བྱ་བའི་བུད་མེད་གཅིག་ལ་ཆགས་པས། ཡུལ་དེའི་དཀོར་བདག་ཅིག་ཏུ་སྐྱེས་ནས་མི་རྣམས་ཀྱིས་མནའ་སྐྱེལ་བའི་དཔང་པོ་བྱེད་པ་ཞིག་བྱུང་སྐད་དོ། །
དེ་ནས་དར་ལོའི་བསམ་པ་ལ་རྣལ་འབྱོར་པ་གཉན་པོ་ཞིག་འདུག་བསམ་ནས། ཁྱེད་ལ་སྒོམ་ཉམས་བཟང་པོ་ཡོད་ལས་ཆེ་ཟེར་བས། བླ་མས་ངའི་ཉམས་ཁྱོད་ལ་བཤད་པས་འཕངས་གསུང་ནས་འཕངས་པ་དྲུག་གི་མགུར་འདི་གསུངས་སོ། །
ཆོས་གསང་སྔགས་ཀྱི་ལྟ་བ་ཁ་སོ་ཆེ། །ཁྱོད་ཕྱོགས་འཛིན་ཅན་གྱི་སྟོན་པ་ལ། །ཐ་སྙད་རྒོལ་བ་བྱེད་པ་འཕངས། །སྒོམ་པ་ཡེངས་སུ་མེད་པ་ལ། །བླ་བོ་ལོང་གཏམ་འཆལ་ཚིག་ལ། །རྣལ་འབྱོར་ཤེས་པ་ཡེངས་སུ་འཕངས། །གསང་སྤྱོད་བརྟུལ་ཤུགས་བརླབས་པོ་ཆེ། །གསང་བའི་གནས་སུ་སྤྱོད་རྒྱུ་ལ། །བརྟུལ་ཞུགས་ཁྲོམ་དུ་སྟོན་པ་འཕངས། །བསྒོམ་པས་བྱང་ཆུབ་འཐོབ་པ་ལ། །སྒོམ་པ་བཞག་ནས་ཆོས་བཤད་བྱེད། །སྒོམ་ཆེན་སྟོན་པ་བྱེད་པ་འཕངས། །བླ་མའི་གདམས་ངག་སེང་གེའི་ཞོ། །སྣོད་བཟང་ནང་དུ་བླུག་རྒྱུ་ལ། །སྣོད་ངན་གདམས་ངག་སྟེར་བ་འཕངས། །དབེན་གནས་ཡིད་དུ་འོང་བ་དེ། །དང་པོ་དང་དུ་བླང་ནས་ཀྱང་། །བར་དུ་སྟོང་པར་བཞག་པ་འཕངས། །རྣལ་འབྱོར་ཉམས་སུ་ལེན་པའི་གླུ། །རི་ཁྲོད་དགོན་པར་སྐྱོང་རྒྱུ་ལ། །མང་སར་ཉམས་མྱོང་གླུ་ལེན་འཕངས། །
ཞེས་གསུངས་པས། དར་ལོ་ན་རེ། ཁྱེད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་ཤེས་སམ་ཟེར་བས། ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མགུར་འདི་གསུངས་སོ། །
སྐྱབས་ཆེན་རྒྱལ་བ་དཀོན་མཆོག་གསུམ། །བདེ་ཆེན་སྤྱི་གཙུག་རྒྱན་དུ་བཞུགས། ། འབྲལ་མེད་དུས་གསུམ་བླ་མ་དེ། །མི་བརྗེད་སྙིང་གི་དཀྱིལ་དུ་བཞུགས། །འགྲོ་དྲུག་སེམས་ཅན་མ་རྒན་རྣམས། །བདེ་ལྡན་བློ་ཡི་ཕུགས་སུ་ཞུགས། །ང་ཐེག་ཆེན་ཆོས་ལ་ཐོན་པ་མེད། །ཐད་ཀའི་སྟོང་ཉིད་ལ་བསམ་པ་མེད། །སྐྱེ་མེད་གནས་ལུགས་ལ་སྒོམ་པ་མེད། །མི་དགེ་བཅུ་ལ་ལོག་པའི་ལོག་ཆོས་ཡིན། །ལར་སེར་སྣའི་རྒྱ་མདུད་མ་གྲོལ་བའི། །ཆོས་བརྒྱད་སྦྱིན་པས་ཅི་ལ་ཕན། །གཡོ་སྒྱུ་ཟོལ་ཟོག་མ་སྤངས་པའི། །ཚུལ་ཁྲིམས་བསྲུང་བས་ཅི་ལ་ཕན། །ཚིག་རྩུབ་ཀྱི་གོ་ཆ་མི་ཐུབ་པའི། །སེམས་འཁྲུག་གི་བཟོད་པས་ཅི་ལ་ཕན། །ལེ་ལོ་སྙོམས་ལས་མ་སྤངས་པའི། །ཁྲལ་འཇལ་གྱི་བརྩོན་འགྲུས་ཀྱིས་ཅི་ལ་ཕན། །རང་སེམས་གཡེང་བ་མ་ཞི་བའི། །ནན་བསྒོམ་བསམ་གཏན་གྱིས་ཅི་ལ་ཕན། །སྣང་བ་གྲོགས་སུ་མ་ཤར་བའི། །ཡིན་ལུགས་ཤེས་ཙམ་གྱིས་ཅི་ལ་ཕན། །འགག་དང་ཉ་ག་མི་ཤེས་པའི། །ཐོས་པ་ཆེ་བས་ཅི་ལ་ཕན། །སྤངས་བླང་ལག་ལེན་མི་བཏུབ་པའི། །རྒྱུ་འབྲས་ཁ་རྩིས་ཀྱིས་ཅི་ལ་ཕན། །རང་རྒྱུད་ཆོས་དང་མི་ལྡན་པའི། །བདག་ལྟའི་འདོད་པས་ཅི་ལ་ཕན། །ལར་ཉོན་མོངས་དུག་སྦྲུལ་མི་གསོད་པར། །ཡེ་ཤེས་འདོད་པ་ལོག་ལྟ་ཡིན། །ཕྲག་དོག་གི་འཚུབ་མ་མ་ཞི་བའི། །བྱམས་སེམས་འདོད་པ་ལོག་ལྟ་ཡིན། །སེམས་ཅན་ལ་འཚེ་བ་མ་སྤངས་པའི། །ཆོས་ལ་འདོད་པ་ལོག་ལྟ་ཡིན། །ངར་འཛིན་གྱི་ཕྱོགས་རིས་མ་སྤངས་པའི། །མཉམ་ཉིད་འདོད་པ་ལོག་ལྟ་ཡིན། །རང་ཞེ་འདོད་འགོང་པོ་མི་བརྡུང་བར། །ཉོན་མོངས་ཐོ་བས་རྣལ་འབྱོར་བརྡུང་། །བྱེད་སྤྱོད་ཚོགས་སུ་མི་བསྒྱུར་བར། །གཞན་གྱི་དགེ་ལ་བར་དུ་གཅོད། །སེམས་དང་ཆོས་སུ་མི་བསྲེ་བའི། །དོན་མེད་སྡིག་པས་རང་རྒྱུད་དཀྲུག །ཆ་ལ་མ་བསྒོམ་གྱི་ནར་གདའ། །འཆི་ཁ་མི་འགྱོད་ཙམ་རེ་མཛོད། །
ཅེས་གསུངས་པས་སྟོན་པ་དེ་སེམས་སླུས་ནས། མི་ཀུན་གྱིས་ཟེར་བ་ཙམ་མི་འདུག །ཁྱེད་ལ་ཡང་ཆོས་ཟབ་མོ་འདུག །ད་ཁྱེད་ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་ལེན་ཤེས་སམ་ཟེར་བས། ཡང་ཕ་རོལ་ཏུ་ཕྱིན་པ་བཅུའི་མགུར་འདི་གསུངས་སོ། །
ཁྱེད་ལོ་འདོད་སྟོན་པ་དར་ལོ་ཉོན། །ལར་ཚེ་ཡོད་དུ་རེ་ལ་མི་ཚེ་ཟད། །འགལ་འབྲེལ་གྱི་ཚིག་ལ་སེམས་སེམས་ནས། །ཚེ་སུམ་གཉིས་ཟད་པ་མ་ཚོར་ཟིན། །ལར་ནི་དམ་ཆོས་མཛད་ན་ལེགས། །དུས་སྙིགས་མའི་སེམས་ཅན་ཉོན་མོངས་རགས། །མི་སྡིག་ཆེན་གྱི་ཁ་ལ་བཟོད་གླག་མེད། །རྗེ་སྒྲ་བསྒྱུར་མར་པ་སྐུ་དྲིན་ཅན། །དུས་སྙིགས་མའི་སེམས་ཅན་བསྐྱབ་ཏུ་གསོལ། །དྲན་པ་སྣ་ཚོགས་ཕ་རོལ་ན། །སྦྱིན་པ་བཏང་བ་ལོགས་ན་མེད། །དྲན་མེད་སྟོང་པའི་ཕ་རོལ་ན། །ཚུལ་ཁྲིམས་སྲུང་བ་ལོགས་ན་མེད། །ཟབ་མོ་མཐོང་བའི་ཕ་རོལ་ན། །བཟོད་པ་བསྒོམ་པ་ལོགས་ན་མེད། །དེ་གསུམ་དབྱེར་མེད་ཕ་རོལ་ན། །བརྩོན་འགྲུས་བརྩམས་པ་ལོགས་ན་མེད། །སྟོང་ཉིད་རྟོགས་པའི་ཕ་རོལ་ན། །བསམ་གཏན་བསྒོམ་པ་ལོགས་ན་མེད། །ཤེས་པ་སྣ་ཚོགས་ཕ་རོལ་ན། །ཤེས་རབ་སྤྱད་པ་ལོགས་ན་མེད། །བྱམས་སེམས་རྒྱས་པའི་ཕ་རོལ་ན། །འགྲོ་དོན་བྱ་བ་ལོགས་ན་མེད། །ཡེ་ཤེས་རྒྱས་པའི་ཕ་རོལ་ན། །ཐབས་ཞེས་བྱ་བ་ལོགས་ན་མེད། །བདུད་བཞི་འཇོམས་པའི་ཕ་རོལ་ན། །སྟོབས་ཞེས་བྱ་བ་ལོགས་ན་མེད། །བདག་གཞན་དབྱེར་མེད་ཕ་རོལ་ན། །སྨོན་ལམ་འདེབས་པ་ལོགས་ན་མེད། །
ཅེས་གསུངས་པས། ཡང་སྟོན་པ་དར་ལོས། འོ་ན་ཁྱེད་ལ་ལྟ་སྒོམ་སྤྱོད་པ་འབྲས་བུ་ཇི་ལྟ་བུ་བདོག །བླ་མ་སུ་ཡིན་ཟེར་བ་ལ་མགུར་འདི་གསུངས་སོ། །
སེམས་ཉིད་ནམ་མཁའ་ལྟ་བུ་ལ། །ཕྱི་ནང་ཆོས་ཀུན་གསལ་ལ་དག །ཤེལ་སྒོང་ལག་མཐིལ་བཞག་པ་འདྲ། །དེ་རྣམས་ཀུན་མཁྱེན་སྟོང་པ་ཉིད། །དེ་ལྟ་བ་ཙམ་ཞིག་དཔེར་བཞག་ན། །བློ་འདས་ཟུར་ཁ་འགྲིམ་ཞིང་འགྲོ། །རྟག་ཆད་ཀུན་འཆམ་ལ་འབེབས་ཤིང་འགྲོ། །འགྱུར་མེད་ལམ་དུ་སློང་ཞིང་འགྲོ། །ལྟ་བ་ངན་ཏེ་ང་མི་འགྱོད། །སླད་ཀྱི་སྒོམ་པ་བཞེད་པ་ན། །སེམས་ཉིད་མ་བཅོས་ལྷུག་པར་ཞོག །འདི་ལ་བཅས་བཅོས་མི་བྱ་སྟེ། །བཅོས་པའི་སྐྱོན་གྱིས་མཐོང་མི་འགྱུར། །སེམས་ཉིད་མ་བཅོས་ཆོས་ཀྱི་སྐུ། །སྒོམ་པ་ཙམ་ཞིག་དཔེར་བཞག་ན། །འོད་གསལ་གྱི་ཟུར་ཁ་འགྲིམ་ཞིང་འགྲོ། །བྱིང་རྒོད་ཆམ་ལ་འབེབས་ཤིང་འགྲོ། །རང་བྱུང་ལམ་ལ་སློང་ཞིང་འགྲོ། །སྒོམ་པ་ངན་ཏེ་ང་མི་འགྱོད། །ཡང་ཅིག་སྤྱོད་པ་བཞེད་པ་ན། །འགྲོ་འཆག་ཉལ་འདུག་ལྷུག་པར་ཞོག །ཤེས་པ་མ་དགུག་ལྷུག་པར་ཐོང་། །བྱ་བ་ཐོང་ལ་སེམས་ཀྱི་རྟེན་མ་བཅའ། །བྱིང་རྒོད་བྱུང་ན་དེ་ཀ་རང་ལ་ལྟོས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །སྤྱོད་པ་ཙམ་ཞིག་དཔེར་བཞག་ན། །ངེས་མེད་ཀྱི་ཟུར་ཁ་འགྲིམ་ཞིང་འགྲོ། །ཕྱོགས་མེད་ཆམ་ལ་འབེབས་ཤིང་འགྲོ། །ཞེན་མེད་ལམ་དུ་སློང་ཞིང་འགྲོ། །སྤྱོད་པ་དམན་ཏེ་ང་མི་འགྱོད། །སྒྲུབ་པའི་དམ་ཚིག་བཞེད་པ་ན། །སེམས་ཉིད་ངང་དུ་བསྲུང་བྱ་དག །མི་དགེ་བཅུ་ལས་རྣམ་པར་གྲོལ། །གཡོ་སྒྱུ་ངོ་ལྐོག་མ་མཆིས་པས། །དམ་ཚིག་ལྷུན་གྲུབ་དཔེར་བཞག་ན། །རྣམ་དག་ཟུར་ཁ་འགྲིམ་ཞིང་འགྲོ། །གཡོ་སྒྱུ་ཆམ་ལ་འབེབས་ཤིང་འགྲོ། །རང་སེམས་དཔང་པོར་འཇོག་ཅིང་འགྲོ། །དམ་ཚིག་འཆལ་ཏེ་ང་མི་འགྱོད། །ལན་གཅིག་འབྲས་བུ་བཞེད་པ་ན། །བློ་འདས་མཚན་མ་རང་གྲོལ་བས། །འཁོར་འདས་གཉིས་ལ་སྤངས་བླང་མེད། །རྟོག་པའི་དབང་གིས་འཁོར་བ་ལ། །སྐྱེ་འགག་མེད་པར་མྱ་ངན་འདས། །གཉུག་མ་ཙམ་ཞིག་དཔེར་བཞག་ན། །ཚེ་གཅིག་གི་ཟུར་ཁ་འགྲིམ་ཞིང་འགྲོ། །རེ་དྭོགས་ཆམ་ལ་འབེབས་ཤིང་འགྲོ། །འབད་མེད་ལམ་དུ་སློང་ཞིང་འགྲོ། །ཐོབ་རྒྱུ་མེད་དེ་ང་མི་འགྱོད། །དེ་འདྲའི་བླ་མ་བཞེད་པ་ན། །རྡོ་རྗེ་འཆང་གིས་བྱིན་བརླབས་པའི། །རྣལ་འབྱོར་ཆེན་པོ་ཏེ་ལོ་དང་། །གྲུབ་པ་བརྙེས་པའི་ན་རོ་པ། །དཀའ་བ་སྤྱད་པའི་ལོཙྪ་བ། །སངས་རྒྱས་ཉིད་ཀྱི་བརྒྱུད་པ་བཞི། །རྗེ་རས་པ་ཙམ་ཞིག་དཔེར་བཞག་ནས། །མན་ངག་ཟུར་ཁ་འགྲིམ་ཞིང་འགྲོ། །ཐ་སྙད་ཀུན་ཆམ་ལ་འབེབས་ཤིང་འགྲོ། །སྙན་བརྒྱུད་ལམ་དུ་སློང་ཞིང་འགྲོ། །བརྒྱུད་པ་ངན་ཏེ་ང་མི་འགྱོད། །
ཅེས་གསུངས་པས། སྟོན་པ་དར་ལོ་དད་ནས་དངོས་སུ་ཆོས་བརྒྱད་སྤངས་ནས་སློབ་མ་བྱེད་མ་ནུས་ཀྱང་། ལྐོག་ཏུ་གདམས་ངག་ཞུས་ནས་བསྒོམ་པས་རྗེ་བཙུན་གྱི་ཐུགས་ཟིན་ཏེ། སྟོན་སྒོམ་རབ་བྱུང་གི་ཡ་བར་གྱུར་པ་ཞིག་བྱུང་སྐད་དོ། །དེ་ཐམས་ཅད་སྟོན་པ་དར་ལོའི་སྐོར་རོ།། །།

དེ་ནས་རས་ཆུང་པས་བླ་མ་ཞུས་པས། ཚེ་གཅིག་ལ་སངས་རྒྱས་པའི་གདམས་ངག་བསྒྲུབ་ན་བླ་མའི་གདམས་ངག་ཟབ་སྟེ། སྟོན་པ་རྣམས་ཀྱི་ཆོས་སྐད་ལ་ལན་མ་ཐེབས་ན། མི་མང་དུ་ངོ་ཚ་བར་འདུག་པས། ང་རྒྱ་གར་དུ་ཆོས་ཤིག་ཞུར་འགྲོ་ཟེར་བས། ཁྱོད་ཚེ་གཅིག་ལ་སངས་རྒྱས་འགྲུབ་ན་ནོར་མི་ཉན་ནམ། ཚིག་ངན་གྱིས་ལན་འདེབས་འདོད་པ་བདུད་ལངས་པ་ཡིན། ད་རུང་ཁྱོད་རང་བསམ་བློ་ལེགས་པོར་ཐོང་གསུངས་པ་ལ། རས་ཆུང་བས་ཞུས་པ། ངས་བསམ་བློ་བཏང་ཡང་འགྱོད་པ་མེད། སྐྱིད་པ་ཡིན་ཞུས་ནས་མགུར་འདི་ཕུལ་ལོ། །
སྔོན་ཚེ་ཕ་ཡུལ་རང་ས་བས། །ད་ལྟ་སྙེ་ནམ་དྲོད་ཕུག་བདེ། །སྔོན་ཚེ་ཕ་ཡུལ་འཕྲུ་རྐོ་བས། །ད་ལྟ་སྤྱིལ་པོའི་ག་དར་བདེ། །སྔོན་ཚེ་ཕ་ཁུའི་གདན་ས་བས། །ད་ལྟ་བླ་མའི་ཞབས་དྲུང་བདེ། །སྔོན་ཚེ་དྭ་ཕྲུག་ཁ་སེར་བས། །ད་ལྟ་རས་ཆུང་རྡོར་གྲགས་བདེ། །སྔོན་ཚེ་མཐོང་ཐོས་སྡུག་བསྔལ་བས། །ད་ལྟ་ཀུན་གྱིས་མཆོད་གནས་བདེ། །སྔོན་ཚེ་བཀྲེས་སྐོམ་འབྲལ་མེད་བས། །ད་ལྟ་ཏིང་འཛིན་འཚོ་བས་བདེ། །ཆོས་ལ་མི་ཚེ་བསྐྱལ་བ་ལ། །བདེ་སྐྱིད་ཐམས་ཅད་འགྲུབ་པའི་ཐབས། །རྗེ་རི་ཁྲོད་རས་པའི་བྱིན་རླབས་ཀྱིས། །བདག་བསམ་པ་འགྲུབ་པར་བྱིན་གྱིས་རློབས། །
ཞེས་ཞུས་པས། བླ་མའི་ཞལ་ནས། འོ་བུ་བདེ་བ་ངོ་ཤེས་པ་དེ་ཡོན་ཏན་སྐྱེས་པའི་རྟགས་ཡིན། ཁྱོད་ཀྱི་མིང་ཡང་བདེ་བ་ཡོན་ཏན་དུ་ཐོགས་གསུངས་སོ། །
དེ་ནས་དགའ་ལོས་རྗེ་བཙུན་བརྡུང་། ལོ་སྟོན་གྱིས་རྗེ་བཙུན་གྱི་ཞལ་དུ་ཐལ་བ་བཏབ་པས། རས་ཆུང་བ་སྙིང་ན་ནས་རྒྱ་གར་དུ་མཐུ་སློབ་པ་ལ་འགྲོ་ཟེར་ནས་ཆས་པའི་དུས་སུ། རྗེ་བཙུན་ལ་ཡོན་བདག་འགས་གསེར་ཕུལ་བ་རྣམས་དང་། ཁོ་རང་ལ་གསེར་མང་རབ་ཅིག་ཡོད་པ་དང་། ཡབ་སྲས་གཉིས་ཀྱིས་སྙེ་ནམ་དུ་གསེར་གྱི་བསོད་སྙོམས་མཛད་པ་རྣམས་ཁྱེར་ནས་རྒྱ་གར་དུ་ཆས་པའི་ཚེ། བླ་མ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
བུ་ཐོས་ཆུང་རྩོད་པ་ཕམ་པ་དང་། །ཉམས་མྱོང་ཞན་ཅིང་ཐེ་ཙོམ་ཟད། །སློབ་གཉེར་འདོད་ཅིང་ས་མཐའ་སྐོར། །དེ་རྣལ་འབྱོར་ལྡོག་པའི་འཕྲང་གཅིག་ཡིན། །ཁྱེད་རྒྱ་གར་ཡུལ་དུ་འགྲོ་འདོད་ན། །ལུས་མེད་མཁའ་འགྲོའི་དམ་ཆོས་ཞུས། །རྩོད་པའི་ཚིག་ངན་བྱ་རྒྱུ་མེད། །ང་དང་པོ་གཏུགས་ས་མ་ནོར་བས། །ན་རོ་ཆེན་པོའི་བརྒྱུད་ལ་གཏུགས། །བར་དུ་བསྒོམ་ས་མ་ནོར་བས། །བྲག་དཀར་སྤོ་མཐོན་རྩེ་ལ་བསྒོམ། །ཐ་མ་ལྡོམ་ས་མ་ནོར་བས། །བཤེས་མེད་འདྲིས་མེད་ཡུལ་དུ་ལྡོམ། །དེས་ན་རྣལ་འབྱོར་ལྡོག་མི་སྲིད། །ངས་ལྷོ་བྲག་མར་པའི་ཞབས་དྲུང་དུ། །སྐལ་བ་བཟང་མོའི་དམ་ཆོས་ཞུས། །རྗེ་བླ་མ་སངས་རྒྱས་འདི་སྐད་གསུང་། །འཁོར་ལོས་བསྒྱུར་རྒྱལ་རིན་ཆེན་གླིང་། །ལམ་ལྔ་བྱ་འཕུར་ཆོས་ཉིད་ཀློང་། །དེ་ལྟར་གནས་པའི་རྣལ་འབྱོར་ང་། །བུ་རས་ཆུང་བ་ལ་དྲིན་ཡོད་པས། །སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས། །མི་ཁོ་བོའི་བཀའ་ལུང་བསྒྲུབ་པར་རིགས། །རིག་པ་ཡེ་ཤེས་སྒྲོན་མེ་གཅིག །རྩ་རླུང་དྲ་མིག་འཁོར་ལོ་གཉིས། །བདེ་ཆེན་གསུང་གི་རིན་ཆེན་གསུམ། །རོ་སྙོམས་ཕྱི་ཡི་མེ་ལོང་བཞི། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལྔ། །དམ་ཆོས་འདི་ལྔ་ཡོད་གསུངས་པས། །ཁྱོད་མཐུ་ཆེན་སོང་ལ་འདི་ཚོ་ལོངས། །ཡང་ན་རྩེ་གཅིག་སྒྲུབ་པ་མཛོད། །གསུང་པས་བདག་ལ་གསེར་མེད་པས། །རྒྱ་གར་འགྲོ་བའི་རྔོ་མ་ཐོགས། །སྒྲུབ་པ་བྱེད་པ་གདམ་ནས་སྒྲུབ། །གདམ་ངོ་མ་ནོར་ལེགས་པར་བྱུང་། །ང་ན་སོ་རྒས་ནས་མ་ཐོན་པས། །རྗེ་ན་རོའི་སློབ་མ་ཡོད་སྲིད་ཀྱི། །བུ་རས་ཆུང་རྒྱ་གར་ཡུལ་དུ་སོང་། །རྡོ་རྗེ་འཆང་ནས་ལོཙྪའི་བར། །སངས་རྒྱས་ཀྱི་བརྒྱུད་པ་ཟམ་མ་ཆད། །གདམས་ངག་གི་གནད་ལ་མ་འཆུག་པས། །བྱིན་རླབས་ཀྱི་བརྒྱུད་པ་ངོ་ཚར་ཅན། །སྒྲུབ་བརྒྱུད་རང་བས་ལྷག་མེད་ཀྱང་། །ཁྱེད་ཕྱི་ཡི་སྒྲོ་འདོགས་བཅད་སྙམ་པས། རྒྱ་གར་ཏེ་པུ་ལ་སོགས་པའི། །ན་རོའི་སློབ་མ་བཞུགས་པ་ལ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་དང་། །གཞན་ཡང་གདམས་པ་གང་གནང་རྣམས། །ཐུགས་ཀྱི་དཀྱིལ་དུ་ཆོངས་ལ་ཤོག །རང་དོན་གཞན་དོན་མཐར་ཕྱིན་པའི། །ཚེ་གཅིག་གིས་འགྲུབ་པ་རང་ལ་བདོག །ནང་གི་སྒྲོ་འདོགས་ཆོད་པར་འོང་། །ཁྱོད་ན་རོའི་བུ་བརྒྱུད་འཛིན་པའི་བུ། །རྒྱ་གར་ཡུལ་ནས་ལོངས་ལ་ཤོག །
ཅེས་གསུངས་པས་རས་ཆུང་བ་དགའ་ནས། མཎྜལ་ཕུལ། གསེར་ཚོའི་ནང་ནས་གསེར་ཐིག་ཐིག་པོ་གཅིག་བླ་མའི་དབུ་ཐོག་ཏུ་འཕངས་ནས་འདི་སྐད་ཞུས་སོ། །
བླ་མའི་བཀའ་ལུང་དགོངས་པ་རྣམས། །སྲོག་འདོར་ཕྱིར་ཡང་བསྒྲུབ་པར་ཞུ། །གདམས་ངག་མཁའ་འགྲོའི་བདུད་རྩི་ལ། །ལུང་བསྟན་བཞིན་དུ་ལེན་པར་ཞུ། །བྱིན་རླབས་བཀའ་དྲིན་ཐུགས་རྗེ་ལ། །ཡེངས་བ་མེད་པར་འཇུག་པར་ཞུ། །བཀའ་ཚིག་རྡོ་རྗེའི་ཕྲེང་བ་ལ། །བརྗེད་པ་མེད་པར་དྲན་པར་ཞུ། །རས་ཆུང་རྗེ་མེད་བཤེས་མེད་ལ། །ལས་ཅི་ལ་ཐུག་ཀྱང་སྐྱོབས་པར་ཞུ། །རྒྱ་གར་གཅན་འཕྲང་འཇིགས་པ་ལ། །བདག་གང་དུ་འགྲོ་ཡང་གཟིགས་པར་ཞུ། །བཤེས་མེད་མི་ཡི་གདོང་དམར་ལ། །ལས་འཕྲོ་བཟང་དང་སྤྲོད་པར་ཞུ། །སྣང་བ་ལམ་གྱི་བར་ཆད་ལ། །ནོར་བ་ཐལ་ན་བསྒྱུར་བར་ཞུ། །འདི་ནས་བཟུང་སྟེ་བདག་ཉིད་ལ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །དུས་དང་རྣམ་པ་ཐམས་ཅད་དུ། །ཐུགས་རྗེས་ཅིས་ཀྱང་འཛིན་པར་ཞུ། །
ཞེས་ཞུས་པས། བླ་མའི་ཞལ་ནས། རས་ཆུང་པ་ཁྱོད་ཀྱིས་སྟོན་པ་ལ་ལན་མ་ཐེབ་བསམ་ནས། ཚིག་ངན་རྟོག་གེའི་སྒུམ་བུ་རྣམས་བསླབས་ན་རང་རྒྱུད་གྱོང་ཧྲང་ངེ་འགྲོ་ནས་དྲང་བ་མིས་མི་ཐུབ་པ་ཞིག་རེད་ནས་དགེ་སྦྱོར་འཁྲུག་པས་ཚིག་ངན་མ་སློབ་ཅིག །ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡོད་པ་ལས། བཞི་ལྷོ་བྲག་མར་པས་བླངས་ཟིན། ད་ལྔ་ཡོད་པ་ང་ལ་ལོང་གསུངས་པའི་ལུང་བསྟན་ཡོད་དོ། །ང་ན་སོ་རྒས་ནས་མི་ཐོན་པས་ཁྱོད་ཀྱིས་ལོང་དང་སེམས་ཅན་ལ་ཕན་ཐོགས་པ་ཡིན་གསུངས་ནས། རས་ཆུང་བ་ལ་རྫོང་དུ་བཏབ་པའི་མགུར་འདི་གསུངས་སོ། །
བུ་གཅིག་ཏུ་གསང་སྔགས་ཐབས་ལམ་ཆེ། །གཉིས་སུ་བླ་མའི་གདམས་ངག་ཆེ། །གསུམ་དུ་རང་གི་ཤེས་རབ་ཆེ། །དེ་ལ་ཆེ་བ་རྣམ་གསུམ་མཛོད། །གཅིག་ཏུ་མཁས་པའི་ཞབས་ཏོག་དགོས། །གཉིས་སུ་བླ་མ་ལ་དད་པ་དགོས། །གསུམ་དུ་རང་ལ་སྙིང་རུས་དགོས། །དེ་ལ་དགོས་པ་རྣམ་གསུམ་མཛོད། །གཅིག་ཏུ་སྲོག་རྩོལ་གནད་དུ་ཚུད། །གཉིས་སུ་ཆོས་ཉིད་ཀློང་དུ་ཚུད། །གསུམ་དུ་ཆོས་ལ་ནང་བྱན་ཚུད། །དེ་ལ་ཚུད་པ་རྣམ་གསུམ་མཛོད། །གཅིག་ཏུ་བདེ་བའི་འོད་གསལ་མཐོང་། །གཉིས་སུ་སྣང་བ་སྣ་ཚོགས་མཐོང་། །གསུམ་དུ་ལུང་རིགས་མན་ངག་མཐོང་། །དེ་ལ་མཐོང་བ་རྣམ་གསུམ་མཛོད། །བུ་ཕྱག་རྒྱ་མཚན་ལྡན་གྲོགས་སུ་གཅེས། །ཉམས་མྱོང་བདེ་བ་སེམས་ལ་གཅེས། །སྤྱོད་པ་གླང་ཆེན་ལྟ་བུ་གཅེས། །དེ་ལ་གཅེས་པ་རྣམ་གསུམ་མཛོད། །སྣོད་ངན་གདམས་ངག་སྟེར་བ་འཕངས། །ཉམས་མྱོང་གླུ་རུ་ལེན་པ་འཕངས། །རྣལ་འབྱོར་གྲོང་དུ་འཁྱམས་པ་འཕངས། །དེ་ལ་འཕངས་པ་རྣམ་གསུམ་མཛོད། །གཅིག་ཏུ་མཆེད་གྲོགས་ཚོགས་སུ་འདུས། །གཉིས་སུ་མཁའ་འགྲོ་ཚོགས་སུ་འདུས། །གསུམ་དུ་ལོངས་སྤྱོད་ཚོགས་སུ་འདུས། །དེ་ལ་འདུས་པ་རྣམ་གསུམ་མཛོད། །ཅེས་གསུངས་ནས་ཡང་བརྒྱུད་པ་དྲུག་སྡེའི་བཀྲ་ཤིས་ཀྱི་མགུར་གསུངས་སོ། །
བརྒྱུད་པ་གང་ཡིན་ཟེར་ཙམ་ན། །བརྒྱུད་པ་མི་ངན་བརྒྱུད་པ་བཟང་། །བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །བརྒྱུད་པ་བཟང་པོའི་བཀྲ་ཤིས་ཤོག །སྤྱིར་ཆོས་མཛད་ཡོངས་ལ་བཀྲ་ཤིས་ཤོག །སྒོས་རས་ཆུང་བ་ལ་བཀྲ་ཤིས་ཤོག །མེས་པོ་གང་ཡིན་ཟེར་ཙམ་ན། །མྱེས་པོ་མི་ངན་མྱེས་པོ་བཟང་། །མྱེས་པོ་ཏེ་ལོ་ན་རོ་ཡིན། །མྱེས་པོ་བཟང་པོའི་བཀྲ་ཤིས་ཤོག །སྤྱིར་ཆོས་མཛད་ཡོངས་ལ་བཀྲ་ཤིས་ཤོག །སྒོས་རས་ཆུང་བ་ལ་བཀྲ་ཤིས་ཤོག །ཕ་རྒན་གང་ཡིན་ཟེར་ཙམ་ན། །ཕ་རྒན་མི་ངན་ཕ་རྒན་བཟང་། །ཕ་རྒན་མར་པ་ལོཙྪ་ཡིན། །ཕ་རྒན་བཟང་པོའི་བཀྲ་ཤིས་ཤོག །སྤྱིར་ཆོས་མཛད་ཡོངས་ལ་བཀྲ་ཤིས་ཤོག །སྒོས་རས་ཆུང་བ་ལ་བཀྲ་ཤིས་ཤོག །བླ་མ་གང་ཡིན་ཟེར་ཙམ་ན། །བླ་མ་མི་ངན་བླ་མ་བཟང་། །བླ་མ་མི་ལ་རས་པ་ཡིན། །བླ་མ་བཟང་པོའི་བཀྲ་ཤིས་ཤོག །སྤྱིར་ཆོས་མཛད་ཡོངས་ལ་བཀྲ་ཤིས་ཤོག །སྒོས་རས་ཆུང་བ་ལ་བཀྲ་ཤིས་ཤོག །ཡི་དམ་གང་ཡིན་ཟེར་ཙམ་ན། །ཡི་དམ་མི་ངན་ཡི་དམ་བཟང་། །ཡི་དམ་འཁོར་ལོ་བདེ་མཆོག་ཡིན། །ཡི་དམ་བཟང་པོའི་བཀྲ་ཤིས་ཤོག །སྤྱིར་ཆོས་མཛད་ཡོངས་ལ་བཀྲ་ཤིས་ཤོག །སྒོས་རས་ཆུང་བ་ལ་བཀྲ་ཤིས་ཤོག །ཆོས་སྐྱོང་གང་ཡིན་ཟེར་ཙམ་ན། །ཆོས་སྐྱོང་མི་ངན་ཆོས་སྐྱོང་བཟང་། །ཆོས་སྐྱོང་ཡེ་ཤེས་མགོན་པོ་ཡིན། །ཆོས་སྐྱོང་བཟང་པོའི་བཀྲ་ཤིས་ཤོག །སྤྱིར་ཆོས་མཛད་ཡོངས་ལ་བཀྲ་ཤིས་ཤོག །སྒོས་རས་ཆུང་བ་ལ་བཀྲ་ཤིས་ཤོག །ནོར་ལྷ་གང་ཡིན་ཟེར་ཙམ་ན། །ནོར་ལྷ་མི་ངན་ནོར་ལྷ་བཟང་། །ནོར་ལྷ་བཱཻ་ཤ་ཝ་ཎ་ཡིན། །ནོར་ལྷ་བཟང་པོའི་བཀྲ་ཤིས་ཤོག །སྤྱིར་ཆོས་མཛད་ཡོངས་ལ་བཀྲ་ཤིས་ཤོག །སྒོས་རས་ཆུང་བ་ལ་བཀྲ་ཤིས་ཤོག །ཅེས་གསུངས་ནས་བཀྲ་ཤིས་བརྗོད་དོ། །
དེ་ནས་རས་ཆུང་བ་རྒྱ་གར་དུ་འགྲོ་བ་ལ། ཀྱི་སྟོན་ཟེར་བའི་རྫོགས་ཆེན་པ་གཅིག་གིས་དབུས་མཛད་དཔོན་སློབ་བཅོ་ལྔ་སོང་བ་ལ། བལ་པོར་སླེབ་ཙ། བལ་པོའི་འབའ་རི་མ་ཐམས་ཅད་བོད་ཀྱི་འཛོ་ཀི་བཟང་པོ་ལ་ཆོས་ཞུ་ཟེར་ནས་འོང་བ་ལ། བ་རི་མ་ཞིག་གིས་ཕྲེང་བ་སྐེ་ལ་བསྐོན། ལག་པ་ཐལ་མོ་སྦྱར་ནས་དད་པ་ཆེན་པོ་བྱས་པ་ལ། ཀྱི་སྟོན་གྱིས་རྫོགས་ཆེན་བཤད་པ་ལ། བ་རི་མ་དེས་རྣ་བ་མི་གཏད་པར་མི་དད་པའི་ཚུལ་བྱས་པས། རས་ཆུང་བས་ཁྱོད་དང་པོ་དད་ནས་ཕྱིས་མི་དད་པ་ཅི་ཡིན་བྱས་པས། མོ་ན་རེ། འཛོ་ཀིའི་ཆོས་ལ་དད་རྒྱུ་རང་མ་བྱུང་། སངས་རྒྱས་པའི་ཆོས་ཤིག་བསྒྲུབས་པ་ལ། བྱིན་གྱིས་རློབས་པའི་བླ་མ། དངོས་གྲུབ་སྟེར་བའི་ཡི་དམ། བར་ཆད་སེལ་བའི་ཆོས་སྐྱོང་དགོས་པ་ལ། ལྷ་མེད་འདྲེ་མེད་ཟེར་བས་གང་ལ་དད། གཏོར་མ་གཏོང་བའི་ཡི་དམ་མི་འདུག །དངོས་གྲུབ་སུ་ལ་སློང་། བགྲང་རྒྱུའི་སྔགས་མི་འདུག །བར་ཆད་གང་གིས་སེལ། སེམས་ཀྱི་གཏད་སོ་མི་འདུག །བྱང་ཆུབ་ཅིས་ཚོལ་ཟེར་བས། རས་ཆུང་བས་འོ་ན་ཁྱོད་ཀྱི་གདམས་ངག་གཅིག་ཞུ་བྱས་པས། བོད་ཕྲུག་སྒྲོན་ཆུང་དང་འདྲ་བ་ཞིག །ངས་གདམས་ངག་མི་ཤེས་ཟེར་ནས་བུད་སོང་ངོ་། །དེར་དེའི་གཡོག་མོ་ཞིག་འདུག་པ་ལ་ཁྱོད་ཀྱི་ཇོ་མོ་དེས་ཆོས་ཅི་བྱེད་བྱས་པས། ང་ལ་བརྔན་ཞིག་སྟེར་ན་བཤད་ཟེར། དེར་གསེར་དུམ་པ་ཞིག་བྱིན་པས། དབྱུག་པ་གཅིག་བསྒྲེང་། ཕོར་པ་གཅིག་ལག་ཏུ་བཟུང་ནས་རྣལ་འབྱོར་མའི་བཞུགས་ལུགས་ཞིག་བྱས་ནས་སོང་ངོ་། །རྣལ་འབྱོར་མའི་ཆོས་ལུགས་གཅིག་ཡོད་པར་གོའོ། །དེ་ནས་བལ་པོ་དང་རྒྱ་གར་གྱི་བར་དུ་འགྲུལ་མ་བྱུང་བས། དགུན་བལ་པོར་བཞུགས་པས་བལ་པོ་ཧ་དུ་དཀར་པོ་ལ་ཕག་མོ་ཡང་ཞུས། དཔྱིད་ཀར་སོང་བ་དང་། བལ་པོའི་རྒྱལ་པོ་ལ་ལམ་རྟགས་ཤིག་བླངས་ནས་རྒྱ་གར་དུ་ཨེ་མ་ཕྱིན་བསམ་ནས། རྔ་ཡབ་དཀར་པོ་གཅིག་དང་། གླ་རྩེ་འོག་རོ་གཅིག་དང་། གསེར་ཞོ་གང་དང་གསུམ་ཁྱེར་ནས་མཇལ་ཞུས་ཙ། བོད་གླེན་པ་ཁྱོད་དང་རྒྱལ་པོ་མཇལ་ས་མེད་ཟེར་བས། འོ་ན་སྐུ་མཁར་རྩེ་ལ་བྱོན་ན་ང་ལ་ཞུ་རྒྱུ་གལ་ཆེན་གཅིག་ཡོད་བྱས་པས། རྒྱལ་པོ་སྐུ་མཁར་རྩེ་མོ་ལ་བྱོན་པ་ལ། ཕྱག་རྟེན་གསུམ་པོ་དེ་ཕུལ་ནས་བསྟོད་རའི་དབྱངས་འདི་ཕུལ་ལོ། །
རྒྱལ་པོའི་ལྟ་བའི་སྐུ་མཁར་མཐོ་མི་མཐོ། །ཕྱོགས་རིས་དམག་གིས་བསྐོར་ན་མངོན། །སྒོམ་པའི་རི་རྒྱལ་བརྟན་མི་བརྟན། །དགོན་པར་ཡུན་རིང་བསྡད་ན་མངོན། །སྤྱོད་པའི་རྒྱལ་པོ་བཟང་མི་བཟང་། །ཆོས་བརྒྱད་ཆབ་ལ་བརྒལ་ན་མངོན། །བརྩོན་འགྲུས་རྟ་ཕོ་མགྱོགས་མི་མགྱོགས། །ལེ་ལོའི་ཐང་ལ་བརྒྱུགས་ན་མངོན། །སེར་སྣའི་མདུད་པ་གྲོལ་མི་གྲོལ། །ཟང་ཟིང་ནོར་དང་འཕྲད་ན་མངོན། །ཤེས་རབ་རལ་གྲི་རྣོ་མི་རྣོ། །ལུང་དང་གྲུབ་མཐའ་གཤགས་ན་མངོན། །རྒྱལ་པོའི་བཀའ་ཁྲིམས་དམ་མི་དམ། །རས་ཆུང་རྒྱ་གར་དུ་ཕྱིན་ན་མངོན། །
ཞེས་ཞུས་པས། རྒྱལ་པོའི་ཞལ་ནས། ཁྱོད་མི་ལ་རས་པའི་སློབ་མ་རས་ཆུང་བ་བྱ་བ་ཅིག་ཡོད་ཟེར་བ་དེ་ཨེ་ཡིན་གསུངས་པས། ཡིན་ལགས་ཞུས་པས། ཡི་གེ་བྲིས་ནས་འགན་འདྲའི་རྟགས་ཤིག་གནང་། ཕྱག་རྟེན་རྣམས་ཕྱིར་གཏད། ལམ་ཆས་གང་དགོས་པ་ཁྱེར། ད་རེས་ཁྱེད་ཀྱིས་རྒྱ་གར་དུ་འགྲོ་ཚད་ཁྲིད་དང་། ཅང་ཡང་མི་སྟོ་ཨང་གསུངས་ནས་རས་ཆུང་བས་བརྒྱད་ཙམ་ཁྲིད་ནས་སོང་བས། རྒྱ་གར་དུ་ཕྱིན་ཏེ། ཤིང་སྤང་གསེར་གྱི་མཎྜལ་གྱི་རྩ་ན། གསང་སྔགས་ཀྱི་རྒྱལ་པོ་ཏེ་པུ་པ་དང་མཇལ་ནས་གསེར་སྲང་གང་ཕྱག་རྟེན་ཕུལ་ནས་མགུར་འདི་ཞུས་སོ། །
རྗེ་བླ་མའི་སྐུ་མཐོང་སྣང་བ་འགྱུར། །གསུང་ཐོས་པས་ལས་ངན་སྒྲིབ་པ་འདག །ཕྱག་དབང་རྐྱེན་ངན་བར་ཆད་སེལ། །ལྟ་ཞིང་ལྟ་འདོད་གསོལ་བ་འདེབས། །བདག་ཆགས་པའི་རྒྱལ་པོ་ཕ་ཡུལ་སྤངས། །འཛིན་པའི་རྒྱལ་པོ་ནོར་རྫས་སྤངས། །ཞེན་པའི་རྒྱལ་པོ་གཉེན་འབྲེལ་སྤངས། །ལ་བརྒལ་བར་དཀའ་བའི་ཐེམ་པ་བརྒལ། །བགྲོད་པར་དཀའ་བའི་ལམ་རིང་བགྲོད། །ང་སིང་ག་ལ་ཡི་ནགས་སུ་ཕྱིན་ཙ་ན། །ནགས་ཁྲོད་མུན་ནག་འཐིབ་པ་འདྲ། །མི་རྐུན་སྦྲང་ཆར་ཟིམ་བུ་འདྲ། །ཚེ་སྲོག་ན་བུན་བས་ཀྱང་ཡལ། །ལྗང་ལ་ཀ་ཡི་ནགས་སུ་ཕྱིན་ཙ་ན། །སྦ་ཟམ་ལྕམ་པ་རླུང་བསྐྱོད་འདྲ། །ཚེ་སྲོག་མེ་ཏོག་བས་ཀྱང་ཡལ། །བལ་པོའི་མཐིལ་དུ་ཕྱིན་ཙ་ན། །མི་ནད་བུ་ཡུག་བས་ཀྱང་འཚུབས། །མི་རོ་ལུད་ཕུང་བས་ཀྱང་མང་། །ཚེ་སྲོག་ཟིལ་པ་བས་ཀྱང་ཡལ། །ལམ་རིང་པོའི་དཀའ་བ་སྣ་ཚོགས་སྤྱད། །ལུས་སྡུག་བསྔལ་རྐྱེན་སྣང་མང་ལགས་ཀྱང་། །རྗེ་ཡིད་ལ་བྱས་པས་སྐྱོན་མ་བྱུང་། །རྗེ་བླ་མའི་ཆོས་ནི་རྒྱ་མཚོ་འདྲ། །རྒྱ་མཚོའི་གཏིང་ལ་ཐུག་མཐའ་མེད། །ཐུག་མཐའ་མེད་པའི་ཆོས་ཤིག་ཞུ། །བླ་མའི་ཆོས་ནི་ཉི་ཟླ་འདྲ། །ཉི་ཟླའི་འོད་ཀྱིས་འགྲོ་ལ་ཁྱབ། །དོན་ཀུན་ལ་ཁྱབ་པའི་ཆོས་ཤིག་ཞུ། །བླ་མའི་ཆོས་ནི་ནོར་བུ་འདྲ། །ནོར་བུས་དགོས་འདོད་ཆར་དུ་འབབ། །དོན་དགོས་འདོད་འབྱུང་བའི་ཆོས་ཤིག་ཞུ། །བླ་མའི་ཆོས་ནི་སྨན་མཆོག་འདྲ། །སྨན་མཆོག་འདུ་བའི་ནད་རྣམས་སེལ། །ནད་ཉོན་མོངས་སེལ་བའི་ཆོས་ཤིག་ཞུ། །རྗེ་ཡིད་བཞིན་ནོར་བུ་འགྲོ་བའི་སྨན། །ཡེ་ཤེས་རྒྱ་མཚོའི་འོད་ཟེར་གྱིས། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །དགོས་འདོད་ཉི་ཟླ་འཆར་དུ་གསོལ། །
ཞེས་ཞུས་པས། ཏེ་པུ་བའི་ཞལ་ནས་བོད་ཕྲུག་ཤེས་རབ་ཅན་ཞིག་འདུག་གསུངས་པས། རྨ་ལོཙྪ་བ་ན་རེ། ཤེས་རབ་ཆེ་རྒྱུ་མེད། དང་པོ་ནས་བསམ་བསམ་པ་ཡིན་ཟེར་བས། ངས་བོད་སྐད་མི་ཤེས་ཏེ། ཐམས་ཅད་ཤེས་རབ་ཀྱི་གཤིས་ལ་འོང་བ་ཅིག་འདུག །གོང་ནས་བསམ་པ་ཨེ་ཡིན་འཕྲལ་ལ་བརྒྱུད་པ་དང་། བླ་མ་དང་གདམས་ངག་གང་འདོད་རྣམས་དྲིས་དང་འཕྲལ་ལ་ལན་ཐེབ་ན་ཤེས་རབ་ཆེ་བའི་རྟགས་ཡིན་གསུང་པས། གསུང་བ་བཞིན་དྲིས་པས་མགུར་འདི་ཕུལ་ལོ། །
ང་ཡི་བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །དཀའ་བབས་ཏེ་ལོ་པ་ནས་བབས། །བཅུད་ཀྱི་བདུད་རྩི་ན་རོས་གསོལ། །ཡོན་ཏན་རྒྱ་མཚོ་མར་པས་བླངས། །སྙན་བརྒྱུད་དྲོད་རྟགས་མི་ལས་བཏོན། །ང་མི་ལ་རས་ཆེན་བརྒྱུད་པ་འཛིན། །གདམས་ངག་མཁའ་འགྲོའི་སྙན་བརྒྱུད་ཡིན། །ང་རང་རས་ཆུང་རྡོར་གྲགས་ཡིན། །ངས་རོ་སྙོམས་ཕྱི་ཡི་མེ་ལོང་འདོད། །རྩ་རླུང་དྲྭ་མིག་འཁོར་ལོ་འདོད། །བདེ་ཆེན་གསུང་གི་རིན་ཆེན་འདོད། །རང་གྲོལ་ཕྱག་རྒྱ་ཆེན་པོ་འདོད། །རིག་པ་ཡེ་ཤེས་སྒྲོན་མེ་འདོད། །གཞན་ཡང་གསང་སྔགས་དམ་པའི་ཆོས། །གདམས་ངག་རིན་ཆེན་དམ་པའི་ནོར། །ནོར་འཁྲུལ་མེད་པར་གནང་བར་ཞུ། །ཞེས་ཞུས་པས། བླ་མ་ཏེ་པུ་བའི་ཞལ་ནས་མགུར་འདི་གསུངས་སོ། །
ཁྱོད་བརྒྱུད་པ་མ་ནོར་རྡོ་རྗེ་འཆང་། །གདམས་ངག་མ་ནོར་མཁའ་འགྲོའི་གསུངས། །བཀའ་བབ་མ་ནོར་ཏེ་ལོ་པ། །བཅུད་ཀྱི་བདུད་རྩི་ན་རོས་གསོལ། །ཡོན་ཏན་རྒྱ་མཚོ་མར་པས་བླངས། །མི་ལ་རས་ཆེན་རྟོགས་པ་ཆེ། །བཀའ་བརྒྱུད་བླ་མའི་བརྒྱུད་པ་འཛིན། །བུ་ཁྱོད་ཀྱང་སྣོད་ལྡན་ཡིན་པར་མཆི། །རོ་སྙོམས་ཕྱི་ཡི་མེ་ལོང་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་སྦྱིན། །རྩ་རླུང་དྲྭ་མིག་འཁོར་ལོ་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་སྦྱིན། །བདེ་ཆེན་གསུང་གི་རིན་ཆེན་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །རིག་པ་ཡེ་ཤེས་སྒྲོན་མེ་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །གཞན་ཡང་དགོས་པའི་ཆོས་དྲུག་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །བརྡ་དོན་གསུང་གི་འོད་འཚེར་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་སྦྱིན། །འཆི་མེད་བདུད་རྩིའི་བཅུད་ལེན་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །ངོ་སྤྲོད་གནད་ཀྱི་བར་དོ་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་སྦྱིན། །བསམ་གྱིས་མི་ཁྱབ་གཏེར་མཛོད་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །བསམ་གཏན་ཐུན་འཇོག་གདམས་ངག་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །
ཞེས་གསུངས་ཏེ་ཞུས་པའི་ལྔ། མ་ཞུས་པའི་དྲུག་དང་། བཅུ་གཅིག་བྱུང་བས་ཡིད་དུམ་པ་མ་ཆེས་པས། ལོཙྪ་བ་འདི་རྣམས་ཀྱིས་ཕྲག་དོག་བྱེད་པ་ཨེ་སྲིད་བསམ་ནས། རྨ་ལོཙྪ་བ་དང་། འགོས་ལོཙྪ་བ་གཉིས་ལ་གསེར་དུམ་པ་རེ་ཕུལ་ནས་མགུར་འདི་ཞུས་སོ། །
ཁྱོད་སངས་རྒྱས་བསྟན་འཛིན་ལོཙྪ་བ། །སྤྱིར་ཁམས་གསུམ་འཁོར་བའི་ཕ་ཡུལ་དུ། །གཏི་མུག་མུན་པའི་སྨག་རུམ་འཐིབ། །དཔལ་མགོན་ཆགས་སྡང་གི་འདམ་དུ་བྱིང་། །གནས་ཐར་མེད་ངན་སོང་གི་ཁང་པར་ཆུད། །ཁྱེད་དུས་གསུམ་མཁྱེན་པའི་ལོཙྪ་བ། །བདག་མ་རིག་མུན་པ་བསལ་དུ་གསོལ། །སེམས་ཐེ་ཚོམ་གྱི་དྲྭ་བ་བཅད་དུ་གསོལ། །ངག་མི་ཤེས་རྒྱ་མདུད་བཀྲོལ་དུ་གསོལ། །ལུས་ཆགས་སྡང་ཉོན་མོངས་འཇོམ་དུ་གསོལ། །
ཞེས་ཞུས་པས། ལོཙྪ་བས་གསེར་བསྡུས་ནས་སོང་། བླ་མ་དང་ལོཙྪ་བ་སྐུ་བསོད་ལ་ཡོངས་ནས་ལོ་མ་འཁོར་བར་དུ་ཆོས་མ་བྱུང་བས། ཡང་རས་ཆུང་བས་གསེར་མང་བ་ཅིག་ལ་མཎྜལ་བྱས་ཏེ་ཕུལ་ནས་འདི་ཞུས་སོ། །
བདག་ལུས་ཚ་གྲང་ཡིད་ལ་མ་བགྱིས་ཏེ། །སྡུག་ཁུ་རུའི་འོག་ནས་ས་ལམ་བཅད། །ཡུལ་བཟང་པོ་ལ་ཕྱི་ཆགས་མ་བྱས་ནས། །དྲིན་ཆེན་ཕ་མ་གསོན་བསྐྱུར་བྱས། །ཟས་ཞིམ་པོའི་རོ་ལ་མ་ཆགས་པར། །ཚོང་ཁེ་སྤོགས་ཁྲམ་ཟས་བསྒྲུབ་སྟེ་བཤོལ། །ཚེ་འདི་ལ་ཆགས་སེམས་མ་སྐྱེས་པས། །སྲོག་ཤིང་འགོར་ཟད་ཟད་བླ་མ་བཙལ། །ལོ་ན་ནིང་ལོ་ལ་དཀའ་བ་སྤྱད། །ད་ལོའི་ལོ་ལ་རྗེ་དང་མཇལ། །ངོ་མཚར་ལྟད་མོ་མཚར་དགུ་མཐོང་། །ཤིང་སྤང་གསེར་གྱི་མཎྜལ་མཐོང་། །ཏེ་པུ་གསང་སྔགས་སྡོང་པོ་མཐོང་། །མ་གཅིག་གྲུབ་པའི་རྒྱལ་མོ་མཐོང་། །བ་ག་ལ་ཡི་ཕག་མོ་མཐོང་། །བལ་པོ་ཤི་ལ་བྷ་རོ་མཐོང་། །བྷ་རོ་གྲ་མའི་སྤྱོད་ཡུལ་མཐོང་། །ཆུ་སྲིན་ཁ་ན་ཆུ་འབབ་མཐོང་། །གསེར་གྱི་ཝ་ཏི་སོར་བཞི་མཐོང་། །མི་རྟག་མྱ་ངན་འདས་ཆེན་མཐོང་། །ལྷ་དང་ལྷ་མོའི་ཞིང་ཁམས་མཐོང་། །མཁའ་འགྲོ་སྡེ་བཞིའི་མཆོད་རྫས་མཐོང་། །བླ་མའི་དམ་ཆོས་སེང་གེའི་ཞོ། །སྣོད་ལྡན་བུ་ལ་གནང་བར་ཞུ། །ལོཙྪའི་ཐུགས་བསྐྱེད་བྱམས་པའི་ཆང་། །འགྲོ་དྲུག་གི་མགྲོན་ལ་གནང་བར་ཞུ། །སངས་རྒྱས་ཀྱི་བཀའ་ལུང་མཁའ་འགྲོའི་ཟས། །རིགས་ལྡན་བུ་ལ་གནང་བར་ཞུ། །བཀའ་བརྒྱུད་ཀྱི་རྣམ་ཐར་རིན་ཆེན་གྱི་ནོར། །བརྒྱུད་ལྡན་གྱི་བུ་ལ་འབོགས་པར་ཞུ། །གསང་ཚིག་གི་ཉམས་དབྱངས་རྡོ་རྗེའི་རྒྱ། །ཆོས་མཐུན་གྱི་བུ་ལ་འབོགས་པར་ཞུ། །དད་ལྡན་གྱི་སྐྱེས་བུ་ལོཙྪ་བ། །བཀའ་དྲིན་གསུང་ངག་གསལ་བར་ཞུ། །
ཞེས་ཞུས་པས། བླ་མ་ཏེ་པུ་བའི་ཞལ་ནས། གདམས་ངག་རྣམས་གནང་ཟིན་པ་དང་། རས་ཆུང་པ་ད་ཁྱེད་ཡིད་ཨེ་ཆེས་གསུང་པས། གདམས་ངག་དེའི་མང་ལུགས་དེ་ལ་ཅུང་ཡིད་མ་ཆེས་ཞུས་པས། བླ་མ་ཏེ་པུ་པས། འགོས་ལོཙྪ་ལ་ལྐོག་ཏུ་ལོཙྪ་བསྒྱུར་དུ་བཅུག་ཙ། ལོཙྪ་བ་བྱིན་པོས་ཆོས་ཀྱི་ཕྱེད་བཅད་འདུག་པས། ཏེ་པུ་བའི་ཞལ་ནས། ལོཙྪ་བ་གཅིག་གིས་ཀྱང་ཆོས་ཚད་མར་མ་བསྒྱུར་ཟིན་ཏེ། ལམ་དུ་མཁའ་འགྲོ་མ་གཅིག་གིས་ལྷག་ཆད་སེལ་བར་འདུག་གསུངས་སོ། །
དེ་ནས་རས་ཆུང་བ་ལ་བླ་མས་ལུང་བསྟན་ཏེ། མ་གཅིག་གྲུབ་པའི་རྒྱལ་མོ་ལ་ཚེ་དབང་ཞུས་པས། མ་ཡི་ཞལ་ནས་ཁྱོད་ཚེ་ཅི་ཙམ་ཐུབ་པ་ཞིག་འདོད་གསུངས་པས། བདག་ད་ཀུན་ཤི་ནའང་བཟང་བསམ་པ་ཞིག་གི་བར་དུ་ཐུབ་པ་ཞིག་འདོད་ཞུས་པས། མ་ཡི་ཞལ་ནས། བསམ་པ་མཐོན་པོ་ལ་ཅི་བསམ་ལ་ངེས་པ་མེད། བུ་ཕ་ཡི་ཚེ་ཚད་དང་མཉམ་པ་ཅིག་བྱེད་དགོས་གསུང་ནས། རས་ཆུང་བའི་ཚེ་ཚད་བཞི་བཅུ་རྩ་བཞི་ཡིན་པ་ལ། བརྒྱད་ཅུ་རྩ་བརྒྱད་ཐུབ་པ་ཡིན།
དེ་ནས་དེ་ནུབ་པཎྜི་ཏ་ཟླ་བ་སྙིང་པོ་དེ་ནགས་གསེབ་ཏུ་ཕར་ཚོགས་འཁོར་ཚོགས་པ་དང་བཞུད་པ་མཐོང་བས། རས་ཆུང་བ་ཡང་ཕྱི་ལ་འབྲངས་ནས་ཡོད་ཙ། ཤིང་ཙནྡན་སྡོང་པོ་ཞིག་གི་རྩ་ན། འོད་དཀར་པོ་ཕུབ་ཙམ་གཅིག་ཀྱི་ལི་ལི་འདུག །དེའི་རྩ་ན་འདོད་འཇོའི་བ་ཞིག་ཉལ་ནས་འདུག་པ་ལ། པནྜི་ཏས་བ་དེ་ལ་ཕྱག་བྱེད་ཅིང་འདུག་པས། རས་ཆུང་བས་ཀྱང་ཕྱག་མང་པོ་རྩོལ་མེད་ལ་འཚལ་འདོད་པ་བྱུང་བས་མང་དུ་འཚལ་ཙ། པནྜི་ཏས་ནམ་མཁའ་ནས་གར་མང་པོ་མཛད། མེ་ཏོག་གི་ཆར་པ་བོལ་ནུབ་པ་ཙམ་བབས་ནས་འཇའ་འོད་ཀྱི་གུར་ཕུབ་པའི་ནང་ནས་མཁའ་འགྲོ་མ་མང་པོ་འདུག་པས་མགུར་འདི་གསུངས་སོ། །
བླ་མ་གསང་སྔགས་ཆེ་བའི་སྐུ། །འདོད་དགུ་སེམས་ལ་ཆར་དུ་བབས། །ལྷོ་སྤྲིན་ནགས་ཀྱི་ཤིང་གསེབ་ན། །རང་བྱུང་འོད་ཀྱི་གཞལ་ཡས་ནས། །ཨ་མ་རྒན་མོའི་བྱིན་རླབས་ལས། །མ་དང་མཁའ་འགྲོའི་མེ་ཏོག་བབས། །ཤིང་སྤང་གསེར་གྱི་མཎྜལ་ལ། །འདོད་འཇོ་བ་མོའི་སྐུར་ཡང་བསྟན། །བ་ག་ལ་ཡི་ཕག་མོར་འཁྲུངས། །ཏེ་པུ་དུར་ཁྲོད་ཆས་ཀྱིས་བརྒྱན། །བྱིན་རླབས་ནུས་པའི་ཆར་པ་བབས། །རྩ་རླུང་དྲ་མིག་འཁོར་ལོ་བསྐོར། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །བདེ་ཆེན་གསུང་གི་རིན་ཆེན་འཆང་། །དམ་ཚིག་རང་སེམས་མེ་ལོང་སྲུང་། །རྨི་ལམ་སེམས་ཀྱི་རྒྱ་མདུད་གྲོལ། །འོད་གསལ་མ་རིག་མུན་པ་སེལ། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །དམ་རྫས་རྟོགས་པའི་ཉི་མ་འདེབས། །རང་གྲོལ་ཕྱག་རྒྱ་ཆེན་པོ་བསྒོམ། །ལུས་མེད་མཁའ་འགྲོའི་བརྡ་ཡི་ཆོས། །བུ་རས་ཆུང་གི་སྙིང་ལ་གནས་པར་ཤོག །
ཅེས་གསུང་ཏེ། དབྱངས་ལ་ཆགས་ནས་ཚིག་མ་ཟིན་པ་ལ། རས་ཆུང་པ་གཉིད་དུ་སོང་འདུག །གཉིད་སད་ཙ་དེ་རྣམས་གར་སོང་མ་ཤེས་འདུག །དེར་ཚིག་མ་ཟིན་པས་རས་ཆུང་བ་བློ་མ་བདེ་ཙ། ཏེ་པུ་བའི་གཟིམ་ཁང་ཡ་ཐེམ་ལ་ཤིང་ཏ་ལའི་ལོ་མ་གཅིག་ལ་ལྷག་ཆད་མེད་པར་བྲིས་ནས་འདུག་སྐད་དོ། །
གཞན་ཡང་གདམས་ངག་མང་དུ་ཞུས་ནས་ཕྱག་རྒྱ་ཆེན་པོ་ལ་སུ་མཁས་དྲིས་པས། རྒྱ་གར་བ་རྣམས་ན་རེ། བླ་མ་བལ་པོ་རང་མཁས་པ་མི་ཤེས་པ་ཨེ་ཡིན། བླ་མ་བལ་པོ་བོད་དུ་སོང་ནས་ཁྱོད་འདི་རུ་ཕྱག་རྒྱ་ཆེན་པོ་རྩད་གཅོད་པའི་བོད་གླེན་པ་ཟེར་རོ། །
དེ་ནས་གསེར་ཡོད་པ་དེ་ལ་ཚུར་འབྱོན་ཁར་བླ་མ་ལ་ཕྱི་ཕྱག་གི་ཚོགས་འཁོར་བཟང་པོ་ཞིག་མཛད། གསེར་དུམ་པ་ཅིག་བཟུང་ཤུལ་དེ་རྗེ་ཏེ་པུ་བ་ལ་ཕུལ་ནས་མགུར་འདི་ཞུས་སོ། །
བདག་དཀའ་བ་སྤྱད་པས་དོན་ཆེན་འགྲུབ། །དཀོན་པའི་ལྟད་མོ་མཚར་དགུ་མཐོང་། ། རོ་སྙོམས་ཕྱི་ཡི་མེ་ལོང་ལ། །སྒྱུ་མ་འཁྲུལ་པའི་སྤྲུལ་པ་མཐོང་། །བདེ་ཆེན་གསུང་གི་རིན་ཆེན་ལ། །བདེན་པ་མེད་པའི་མཆོད་དབྱངས་ཚོར། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལ། །དངོས་པོ་མེད་པའི་ལྟད་མོ་ཤར། །རིག་པ་ཡེ་ཤེས་སྒྲོན་མེ་ལ། །སྣ་ཚོགས་རིགས་པའི་ཆོ་འཕྲུལ་སྐྱེས། །རྩ་རླུང་དྲྭ་མིག་འཁོར་ལོ་ལ། །ཚེ་སྔ་ཕྱི་རྟེན་འབྲེལ་མདངས་གསལ་གྲུབ། །གཞན་ཡང་དགོས་པའི་ཆོས་དྲུག་ལ། །རྒྱུད་ཟབ་མོ་ལུང་རིགས་འཁོར་དུ་འདུས། །ཏེ་པུ་གསང་སྔགས་སྡོང་པོ་ལ། །ཡི་དམ་ལྷ་ཡི་དཀྱིལ་འཁོར་རྫོགས། །མ་གཅིག་གྲུབ་པའི་རྒྱལ་མོ་ལ། །གསང་བ་མཁའ་འགྲོའི་འཁོར་གྱིས་བསྐོར། །ཤིང་སྤང་གསེར་གྱི་མཎྜལ་ལ། །དཔའ་བོ་དཔའ་མོའི་མཆོད་སྤྲིན་འདུག །འདོད་འཇོ་ལྷ་ཡི་བ་མོ་ལ། །དངོས་གྲུབ་གཏེར་གྱི་ཆར་པ་འབབ། །བདག་ལ་ཡི་དམ་ཕག་མོ་ལ། །དུས་གསུམ་སངས་རྒྱས་བཞུགས་གནས་བཅས། །པཎྜིཏ་ཟླ་བའི་སྙིང་པོ་ལ། །ཐར་པར་འགྲོ་བའི་ལྡེ་མིག་འདུག །འདིར་ཚོགས་སྐལ་ལྡན་ཕོ་མོ་ལ། །གསང་སྔགས་ཆོས་ཀྱི་ཉི་མ་ཤར། །འགྲོ་དྲུག་སེམས་ཅན་ཕ་མ་ལ། །མཐོ་རིས་ལམ་གྱི་ནམ་མཁའ་ལངས། །ཕ་ཡི་བཀའ་དྲིན་རས་ཆུང་ལ། །ངེས་ཤེས་ཟབ་མོའི་མེ་ཏོག་འཁྲུངས། །མཆེད་གྲོགས་རྡོ་རྗེའི་སྤུན་ཚོ་ལ། །དམ་ཚིག་ལྷ་ཡི་ཕ་བབས་གནང་། །བོད་ཀྱི་མགོ་ནག་མི་རྣམས་ལ། །མུན་པ་སེལ་བའི་སྒྲོན་མེ་གཏད། །བདག་རེ་དགའ་རེ་སྐྱིད་སྐྱིད་པར་བྱུང་། །ཅི་དགའ་བསམ་ཤིང་དེ་བས་སྐྱིད། །ད་དགའ་ཡུལ་དུ་འགྲོ་སྙིང་འདོད། །
ཅེས་ཞུས་པས། ཏེ་པུ་བའི་ཞལ་ནས། ད་ཁྱེད་རང་འགྲོ་ན་སོང་དང་། ཁྱོད་ཀྱི་བླ་མ་རྗེ་བཙུན་ཡང་སྐུ་ཁམས་བཟང་ནས་མཇལ་བར་འདུག་གསུང་། དབང་དང་བྱིན་བརླབ་གདམས་པ་རྣམས་རྫོགས་པར་གནང་ནས་ཁྱོད་བོད་ལ་འགྲོ་དུས། ཁྱོད་ག་པུར་དང་། གུ་གུམ་དང་། སིནྡྷུ་ར་ལ་སོགས་པ་རྣམས་བོད་དུ་ཁྱེར་དང་། ཁྱོད་ཀྱི་བླ་མ་དེ་མཉེས་པ་ཡིན། ཨ་ག་རུ་ནག་པོ་འབའ་ཞིག་གི་ཕྱག་འཁར་འདི་ཁྱོད་ཀྱི་བླ་མ་དེ་ལ་ངེད་ཀྱིས་བསྐུར་བས། ལམ་དུ་མ་སྟོར་བ་གྱིས་ལ་ཕྱག་ཏུ་ཐོངས་དང་། ཁོང་སྤྲང་ལ་མཉེས་པས་རྟ་དོད་ཡིན། རྒྱ་བོད་གཉིས་ཀྱི་ཆོས་ལ་ཁོང་བཟང་བས། ཁྱེད་ཀྱང་གུས་པའི་སྒོ་ནས་ཞབས་ཏོག་ལ་འབུངས་གསུངས་ནས་མགུར་འདི་གསུངས་སོ། །
བཀའ་དྲིན་ཆེ་བའི་བླ་མ་ལ། །གསོལ་བ་འདེབས་ཤིང་བཞུད་པར་ཞུ། །ཡི་དམ་དཔའ་བོ་མཁའ་འགྲོ་ལ། །ཚོགས་འཁོར་འབུལ་ཞིང་བཞུད་པར་ཞུ། །བཀའ་དང་སྲུང་མའི་ཆོས་སྐྱོང་ལ། །གཏོར་མ་འབུལ་ཞིང་བཞུད་པར་ཞུ། །བར་ཆད་རྐྱེན་ངན་འབྱུང་པོ་ལ། །སྙིང་རྗེ་བསྒོམ་ཞིང་བཞུད་པར་ཞུ། །ལམ་འཕྲང་འཇིགས་པའི་གཡང་ས་ལ། །ཐེ་ཚོམ་མེད་པར་བཞུད་པར་ཞུ། །བླ་མ་རྗེ་བཙུན་སངས་རྒྱས་ལ། །དད་གུས་བསྐྱེད་ཅིང་བཞུད་པར་ཞུ། །རྣམ་ཐར་བཟང་པོའི་བྱ་བཏང་ལ། །དག་སྣང་བསྐྱེད་ཅིང་བཞུད་པར་ཞུ། །མི་མེད་ལུང་སྟོང་གཅིག་པུ་ལ། །ངོ་མཚར་བསྐྱེད་ཅིང་བཞུད་པར་ཞུ། །ལུང་བསྟན་ཟབ་མོའི་མངོན་ཤེས་ལ། །ཡིད་རང་བསྐྱེད་ཅིང་བཞུད་པར་ཞུ། །བླ་མའི་བཀའ་དྲིན་ཡོན་ཏན་ལ། །དྲིན་དུ་གཟོ་ཞིང་བཞུད་པར་ཞུ། །འདིར་འཚོགས་དཔོན་སློབ་གྲོགས་མཆེད་ལ། །སྨོན་ལམ་འདེབས་ཤིང་བཞུད་པར་ཞུ། །
ཞེས་གསུངས་པས། རས་ཆུང་བ་དགའ་དྲག་བས་གསེར་ལྷག་མ་ཡོད་པ་ལ་དུམ་པ་ཅིག་བཟུང་ཤུལ་ཕྱག་ཏུ་ཕུལ་ནས་རྩོལ་མེད་ཀྱི་ཕྱག་མང་པོ་འཚལ་ཏེ། སྐུ་ཁམས་བདེ་བར་བཞུགས་པའི་མགུར་འདི་ཕུལ་ལོ། །
ང་སོང་བའི་དུས་ན་རིན་པོ་ཆེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུར་གྱུར་བླ་མ་བདེ་བར་བཞུགས། །ཆོས་ཀྱི་སྤྱན་ཅན་ཆོས་ཀྱི་སྐུ། །བྱང་ཆུབ་ལམ་མཁན་བདེ་བར་བཞུགས། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །གསང་སྔགས་སྡོང་པོ་བདེ་བར་བཞུགས། །ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ། །འགྲོ་བའི་སྒྲོན་མེ་བདེ་བར་བཞུགས། །སྐལ་ལྡན་བུ་ཡི་སྐྱབས་གནས་མཆོག །བཀའ་དྲིན་དྲན་པས་བདེ་བར་བཞུགས། །ད་རུང་འགྲོ་བའི་དཔལ་མགོན་ལ། །མྱ་ངན་མི་འདའ་བདེ་བར་བཞུགས། །ཡེ་ཤེས་འཕྲིན་ལས་སྣ་ཚོགས་ཀྱི། །བུ་ཡི་ལམ་སྣ་འདྲེན་དུ་གསོལ། །ལམ་དང་ཆུ་འཕྲང་སྣ་ཚོགས་ལ། །འོད་གསལ་དབྱིངས་ཀྱིས་སྒྲོན་མེ་ཁྱོགས། །རྐྱེན་དང་བར་ཆད་ཐམས་ཅད་ལ། །བྱང་ཆུབ་རྡོ་རྗེའི་ཟློག་པ་མཛོད། །མདུན་རྒྱབ་གཡས་གཡོན་ཐམས་ཅད་དུ། །ཡེ་ཤེས་དཔའ་བོའི་སྐྱེལ་མ་ཞུ། །གར་སྡོད་བྱ་བའི་ལས་རྣམས་ལ། །མཁའ་འགྲོ་ཆོས་སྐྱོང་སྡོང་གྲོགས་མཛོད། །དུས་དང་རྣམ་པ་ཐམས་ཅད་དུ། །བཀྲ་ཤིས་རྟེན་འབྲེལ་མཛད་དུ་གསོལ། །
ཞེས་ཞུས་པས་བླ་མ་ཤིན་ཏུ་མཉེས་ཏེ་སྨོན་ལམ་བཟང་པོ་མཛད། ཕྱི་ཕྱག་འཚལ་ནས་ཚུར་བྱོན་པས་བལ་པོར་སླེབས་པ་ལ། སྔར་ཕྲད་པའི་བ་རི་མ་གཙོ་མོ་དེ་སླེབས་བྱུང་བས་ཁོང་དང་ཕྲད་མ་ཕྲད་ལ་མགུར་འདི་གསུངས་སོ། །
ཁྱོད་སྤྱན་འཕང་འདི་ཡི་མཐོ་ལུགས་ཀྱི། །རྡོ་རྗེ་འཆང་ནས་བརྒྱུད་ལས་ཆེ། །སྤྱན་རྩ་འདི་ཡི་དམར་ལུགས་ཀྱི། །ཡི་དམ་ཕག་མོ་བསྒོམ་ལས་ཆེ། །གསང་ཚིག་འདི་ཡི་དམ་ལུགས་ཀྱི། །ཏེ་ལོའི་བརྒྱུད་པ་འཛིན་ལས་ཆེ། །སྐུ་མདངས་འདི་ཡི་ཆེ་ལུགས་ཀྱི། །མཁའ་འགྲོའི་གསུང་ཚིག་བསྒོམ་ལས་ཆེ། །དད་གུས་འདི་ཡི་ཆེ་ལུགས་ཀྱི། །ཏེ་པུའི་སློབ་མ་ཡིན་ལས་ཆེ། །ང་དང་དང་པོར་འཕྲད་ལུགས་ཀྱི། །ཨ་ནེའི་གདམས་ངག་ཐོབ་ལས་ཆེ། །ཐུགས་རིང་འདི་ཡི་ཆེ་ལུགས་ཀྱི། །སྣ་གཏད་བཟང་པོ་ཡོད་ལས་ཆེ། །ངང་རྒྱུད་འདི་ཡི་འཇམ་ལུགས་ཀྱི། །བྱང་སེམས་སྟོང་ཉིད་རྟོགས་ལས་ཆེ། །ཐུགས་ཁུར་བརྩོན་འགྲུས་ཆེ་ལུགས་ཀྱི། །དམ་ཚིག་སྡོམ་པ་གཙང་ལས་ཆེ། །
ཞེས་གསུངས་ནས། ཁྱོད་རྒྱ་གར་ཡུལ་དུ་ཨེ་ཕྱིན། བླ་མ་དང་ཨ་ནེ་སྐུ་ཁམས་ཨེ་བཟང་ཟེར་བས། ཨ་ནེ་སུ་ལ་ཟེར་བྱས་པས། ཨ་ནེ་གྲུབ་པའི་རྒྱལ་མོ་ཆེ་ཚེ་ལོ་ལྔ་བརྒྱ་ལོན་པ་གཅིག་ཡོད་པ་དང་མ་མཇལ་བ་ཨེ་ཡིན་གསུང་བས། དེ་ལ་ངས་ཚེ་དབང་དང་གདམས་ངག་ཞུས། ཕག་མོ་དང་འདོད་འཇོའི་བ་ལ་སོགས་པ་ངོ་མཚར་བ་མང་པོ་མཐོང་ཞུས་པས། བ་རི་མ་ན་རེ། དེ་ཤིན་ཏུ་བཟང་། འོ་སྐོལ་གཉིས་གསུང་ཚིག་མཐུན་པར་འདུག་པས། ཁྱོད་ཀྱི་དཔེ་ཆ་འདི་རྣམས་ང་ལ་སྟོན་དང་གསུངས་པས། རས་ཆུང་བས་དཔེ་ཆ་ཕྱག་ཏུ་བཞག་ནས་མགུར་འདི་ཕུལ་ལོ། །
ང་བཀའ་བརྒྱུད་བླ་མ་རས་ཆེན་བུ། །ཕ་དང་ཕྲད་པའི་སྨོན་ལམ་ཞུ། །མཁའ་འགྲོའི་གསུང་ཚིག་བསྒོམ་པ་ལ། །ཉམས་དང་རྟོགས་པའི་བྱིན་རླབས་ཞུ། །ཏེ་པུའི་སློབ་མ་ཡིན་པ་ལ། །དམ་ཚིག་བླ་མའི་དངོས་གྲུབ་ཞུ། །ཨ་ནེ་གྲུབ་པའི་རྒྱལ་མོ་ལ། །དེ་དང་འབྲེལ་པའི་ངོ་སྤྲོད་ཞུ། །ལྟ་སྒོམ་ཟབ་མོའི་ཉམས་ཁྲིད་ལ། །ཡེངས་མེད་བསྒོམ་པའི་སྨོན་ལམ་ཞུ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ལྷག་ཆད་མེད་པའི་ཞུས་དག་ཞུ། །ལམ་དང་མདུན་གྱི་འགྲོ་འདུག་ལ། །བར་ཆད་མེད་པའི་སྨོན་ལམ་ཞུ། །
ཞེས་ཞུས་ནས། དཔེ་ཆ་རྣམས་ལ་ལེགས་པར་གཟིགས་ནས་ལ་ལས་ན་དད་དད་དང་གུས་གུས་བྱེད་ཅིང་མཆི་མ་སི་ལི་ལི་འོང་ཞིང་འདུག །ལ་ལས་ན་མི་དད་པ་དང་ཁྲོ་སྡང་བྱེད་ཅིང་འདུག་པས། རས་ཆུང་བས། ཁྱོད་ལ་ལའི་སར་དད། ལ་ལའི་སར་མི་དད་པ་བྱེད་ཅིང་འདུག་པ་ཅི་ཡིན་ཞུས་པས། ཁྱོད་ཀྱིས་སྒྲ་མི་ཤེས་པའི་སྐྱོན་ཆེན་པོ་བྱུང་འདུག །ང་ཡི་བླ་མ་དེས་འདི་འདྲ་གར་གསུང་། ལོཙྪ་བས་ཁྱོད་བོད་ལ་ཕྲག་དོག་བྱས་ནས། གལ་ཆེ་བའི་གདམས་ངག་རྣམས་གཅིག་ཀྱང་མེད་པར་མི་དགོས་པའི་ཚིག་མང་པོ་བསྟན་ནས་འདུག་གསུང་ནས་ལྷག་ཆད་མེད་པར་བསྒྲིགས་ནས་གཏད་པས། བླ་མས་ལུང་བསྟན་པའི་མཁའ་འགྲོ་མ་ཡིན་པར་ཤེས་ནས། རས་ཆུང་བ་ཡང་དད་པ་དང་ངེས་ཤེས་བཟང་པོ་སྐྱེས་པས་གདམས་ངག་ལྷག་མ་རྣམས་ཞུས། གཞན་ཡང་གསང་སྔགས་ཀྱི་གདམས་ངག་མང་དུ་ཐོས་པ་རྣམས་པོ་ཏི་བཞི་བྱས་པ་དང་སྨན་བཟང་དྲུག་མང་བ་ཅིག་ཁུར་ནས་སློང་ཞིང་ཡོད་ཙ། ལམ་ཁར་མུ་སྟེགས་པའི་སྟོན་པ་ཞིག་དང་འཕྲད་པས། དེ་ན་རེ། རས་ཆུང་པ་ཁྱོད་བོད་དུ་འགྲོ་བ་ལ་བསྟན་པ་སྤེལ་བ་དང་། འཛིན་པ་དང་། སྲུང་བ་དང་གསུམ་ཡོད་པ་ཡིན་པས། སྲུང་བ་ལ་ངའི་གདམས་ངག་འདི་མེད་ཐབས་མེད་པས། ཁྱོད་ལ་གསེར་དུམ་པ་ཅིག་ཡོད་ན་ང་ལ་སྟེར་ཟེར་བས། རས་ཆུང་བས་གསེར་དུམ་པ་ཞིག་ཡོད་པ་བྱིན་ནས་མཐུ་ཞག་བདུན་མ་དང་། གཏད་སྐྱེལ་མ་དང་། སེར་བ་འབེབས་པ་དང་། སྲིའུ་གསོ་བ་དང་། གག་ལྷོག་གཟེར་གསུམ་ལ་སོགས་པའི་གདམས་ངག་མང་པོ་ཅིག་ཞུས་སོ། །དེ་ནས་དོན་ཐམས་ཅད་གྲུབ་པ་དང་། འདི་སྙམ་དུ། ད་རྗེ་བཙུན་མི་ལ་བས་ཀྱང་གསང་སྔགས་ཀྱི་གདམས་ངག་ལ་ང་རང་མཁས་སྙམ་དུ་ང་རྒྱལ་དང་བཅས་ཏེ་ལམ་བདེ་བར་འོངས་སོ། །དེ་ཐམས་ཅད་ཏེ་པུ་པའི་སྐོར་རོ།། །།

དེ་ནས་རྗེ་བཙུན་ཆེན་པོ་དེ་བྲག་དམར་མཆོང་གླིང་གི་བྲག་ལ་བསྒོམ་ཞིང་བཞུགས་པ་ལ། རས་ཆུང་བ་ཤེལ་གྱི་མཆོད་རྟེན་འོད་ལྷག་གེ་བ་ཞིག་ཏུ་གཟིགས་ཤིང་ཡོད་ཙ་འགྱུར་ནས། སྟོན་པའི་ངན་སྔགས་ཞུས་པས་དེ་ཕྱིན་ཆད་ནས་རླུང་དམར་འཚུབ་མ་གཅིག་ཏུ་ཀྱི་ལི་ལིར་གྱུར་ནས་སོང་བས་ཐུགས་མ་བདེ་ནས། རྗེ་བཙུན་གྱིས་མཁྱེན་ཏེ། སློབ་མ་འགའ་བསུ་བ་ལ་གཏད་ཙ་ལམ་འཛོལ་ནས་མ་འཕྲད་པ་དང་། རྗེ་བཙུན་ཉིད་མཚམས་བཏོན་ཏེ་བྱོན་འོང་བ་ལ། ཐང་དཔལ་མོ་དཔལ་ཐང་ན་སླེབས་པ་དང་། དཔོན་སློབ་གཉིས་གཅིག་གིས་གཅིག་འབྱོན་པ་གཟིགས་ཏེ། རྗེ་བཙུན་གྱི་ཐུགས་དགོངས་ལ། རས་ཆུང་པ་ཁོང་གདམས་ངག་མང་ཡང་ང་རང་གི་སློབ་བུ་ཡིན་པས་ཕྱག་བྱེད་དུ་འོང་བས་ཕྱག་ལན་བྱེད་མི་དགོས་དགོངས། རས་ཆུང་བའི་བསམ་པ་ལ། ཁོང་བླ་མ་ཡིན་ཀྱང་ང་རྒྱ་གར་ན་ལན་གཉིས་ཕྱིན་གདམས་ངག་མཁས་པས་ཚུར་ཕྱག་འཚལ་འོང་སྙམ་པའི་སྐབས་སུ་དཔལ་མོ་དཔལ་ཐང་གི་འགོར་དཔོན་སློབ་གཉིས་མཇལ་ནས་ཕྱག་ཕར་ཡང་མ་འཚལ་ཚུར་ཡང་མ་འཚལ་བ་ལ་རས་ཆུང་བས་གུར་གུམ་ལག་སྡོག་གཅིག་དང་། སིན་དྷུ་ར་ཐུན་གཅིག་ཕྱག་རྟེན་ཕུལ་ནས། རྒྱ་གར་དུ་སོང་བའི་བཤུལ་དུ་རྗེ་བཙུན་སྐུ་ཁམས་བཟང་ལགས་སམ་ཐུགས་དམ་འཕེལ་པོ་བྱུང་ལགས་སམ་ཞུས་པས། ཁོ་བོ་སྐུ་ཁམས་བདེ་མོ་འོང་བ་ལས་འོས་ཅི་ཡོད་གསུང་ནས་བདེ་བ་ཉེར་ལྔ་མའི་མགུར་འདི་གསུངས་སོ། །
རྗེ་གངས་དཀར་འགྲིམ་པའི་རྣལ་འབྱོར་པ། །ཁམས་བདེ་བ་དབྱིངས་ཀྱི་དཀྱིལ་འཁོར་རྒྱས། །དུག་ལྔ་དྲེགས་པའི་ནད་སངས་པས། །མི་བདེ་མ་མཆིས་བདེ་མོར་མཆིས། །འདུ་འཛི་ཞེན་པའི་གཡེང་བ་སྤངས། །གཅིག་པུར་རང་དབང་ཐོབ་པས་བདེ། །སྣ་ཚོགས་འབྲེལ་པའི་ལས་སྤངས་པས། །མི་མེད་ལུང་པ་དབེན་པར་བདེ། །འཇིག་རྟེན་སྡུག་གི་ཁྱིམ་ཐབས་སྤངས། །འཕྲལ་དུ་གསོག་འཇོག་མེད་པས་བདེ། །མཁས་འདོད་དཔེ་ཆ་མ་བསྒྲུབ་པས། །སེམས་ཕྲལ་མེད་པའི་སེམས་ཉིད་བདེ། །སྨྲ་འདོད་ང་རྒྱལ་མི་ཆེ་བས། །ཁ་མཆུ་ཁ་སྨྲས་མེད་པས་བདེ། །གཡོ་སྒྱུ་ཟོལ་ཟོག་མི་ཤེས་པས། །དེ་བྱུང་འདི་བྱེད་མེད་པས་བདེ། །གྲགས་འདོད་དྲེགས་འདོད་མེད་པ་ཡི། །གཏམ་ངན་མི་ཁ་ཟད་པས་བདེ། །རི་ཁྲོད་འདུ་འཛིས་དབེན་ཏེ་བདེ། །འཕྲལ་གྱི་གསོག་འཇོག་མི་དགོས་བདེ། །དབྱར་གནས་གཡའ་དང་གངས་ལ་བདེ། །དགུན་གནས་ནགས་མའི་གསེབ་ཏུ་བདེ། །དཔྱིད་གནས་གཡའ་སྤང་མཚམས་སུ་བདེ། །སྟོན་གནས་གྲོང་ཡུལ་གསེབ་ཏུ་བདེ། །སྟེང་ན་བལ་པོའི་ཤིང་རས་བདེ། །འོག་ན་སྤྲ་བའི་འབོལ་སྟན་བདེ། །འཕུར་ཤེས་བྱ་ལ་ནམ་མཁའ་བདེ། །རྐྱལ་ཤེས་ཉ་ལ་རྒྱ་མཚོ་བདེ། །ཉམས་མྱོང་དབྱངས་སུ་བླངས་པས་བདེ། །ལྟ་སྤྱོད་ཟུང་དུ་བསྡེབ་པས་བདེ། །གནས་གང་བྱུང་ཆོག་པས་གར་ཡང་བདེ། །གོས་གང་གྱོན་ཆོག་པས་ཅི་ཡང་བདེ། །ཟས་གང་ཟོས་ཆོག་པས་གང་བྱུང་བདེ། །མི་ང་ནི་དུས་རྣམས་རྟག་ཏུ་བདེ། །བུ་རས་ཆུང་བདེའམ་དོན་གྲུབ་བམ།།
ཞེས་གསུང་པས། རས་ཆུང་པས་ཞུས་པ། རྒྱ་གར་ནས་ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་ངས་གདན་དྲངས་པ་ལ། ཁྱེད་ཀྱི་ཕྱག་དང་མཆོད་བསྟོད་པ་མ་བྱས་ན། བོད་བླུན་པོའི་གྲོང་ཁྱེར་མི་དད་ལགས་ཞུས་ནས་མགུར་འདི་ཕུལ་ལོ། །
རྗེ་བླ་མའི་བཀའ་བཞིན་དཀའ་བ་སྤྱད། །ལམ་འཕྲང་འཇིགས་པས་སྡུག་བསྔལ་བྱུང་། །དཀའ་སྤྱད་སྡུག་བསྔལ་རིན་ཐང་ཆེ། །རིན་ཐང་བླ་མ་རྗེ་དང་མཇལ། །མ་དང་མཁའ་འགྲོ་སྤྲིན་བཞིན་འདུས། །ངོ་མཚར་ལྟད་མོ་ཐམས་ཅད་མཐོང་། །གདམས་ངག་མཁའ་འགྲོའི་སྲོག་སྙིང་ཞུས། །ལྷ་དང་བླ་མས་མཉེས་མཉེས་མཛད། །བདག་དང་བྱིན་བརླབས་ཅིག་ཏུ་འདྲེས། །དངོས་གྲུབ་མེ་ཏོག་ཆར་པ་བབས། །རང་དབང་རྗེས་གནང་གོས་སུ་བཀོན། །ལྟས་དང་རྟེན་འབྲེལ་མགུལ་དུ་བཏགས། །ལྷ་ཡི་ཕ་འབབ་ཁ་ན་བཅུག །མན་ངག་དམར་ཁྲིད་ལག་ཏུ་གཏད། །བཀྲ་ཤིས་སྨོན་ལམ་སྐྱེལ་མ་མཛད། །རྟག་ཏུ་ལུང་བསྟན་སུན་མས་བསུས། །དོན་ཆེན་བསམ་པ་དགུང་དུ་འགྲུབ། །སྤྲོ་དགའ་སྐྱིད་པའི་ཉི་མ་ཤར། །ཡང་དགའ་བླ་མ་ཁྱེད་དང་མཇལ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །མཆོད་བསྟོད་ཞབས་ཏོག་ཁྱེད་རང་ཤེས། །
ཞེས་ཞུས་ནས། བླ་མ་གང་དུ་བཞུགས། སྐུ་ཁམས་བདེ་བའི་ཉམས་རྟོགས་གང་དུ་འཕེལ། བུ་སློབ་རས་པ་མཆེད་གྲོགས་མཚམས་པར་ཨེ་བཞུགས་ཞུས་པས་མགུར་འདི་གསུངས་སོ། །
བུ་རས་ཆུང་བླ་མའི་མགུར་ལ་ཉོན། །བཀའ་དྲི་མེད་བདུད་རྩི་ཡིད་ལ་ཟུངས། །ང་གར་བསྡད་བདེ་བའི་ཞིང་ཁམས་ཡིན། །ཆོས་གར་བྱས་ལྷ་ཡི་ཕོ་བྲང་ཡིན། །དོན་གང་ཕན་མཁའ་འགྲོའི་གདམས་ངག་ཡིན། །ཆོས་རྒྱུད་ལ་བསྲེ་ན་དམ་པ་ཡིན། །ཚིག་གང་ཕན་བཤད་ན་བླ་མ་ཡིན། །ཕན་ཡིད་ལ་འཇོག་ན་སློབ་མ་ཡིན། །སེམས་སྣང་བ་མཐུན་པ་འབྲེལ་བ་ཡིན། །བུ་མི་བདེ་མ་མཆིས་བདེ་མོར་མཆིས། །དབྱར་གནས་རྫ་དང་གངས་ལ་བདེ། །བསིལ་ངད་རྫ་མོའི་གསེབ་ཏུ་བདེ། །དགུན་གནས་ནགས་མའི་གསེབ་ཏུ་བདེ། །ཆུ་ཤིང་འཛོམས་པའི་ཕུག་པ་བདེ། །དཔྱིད་གནས་གཡའ་སྤང་མཚམས་སུ་བདེ། །ན་སྤང་མེ་ཏོག་ཚོམ་བུ་བདེ། །སྟོན་གནས་གྲོང་ཡུལ་གསེབ་ཏུ་བདེ། །རིན་ཆེན་ལོ་ཏོག་སྣ་ཚོགས་བདེ། །ན་སྤང་མཚམས་ཀྱི་ཁམས་སིང་བདེ། །ལུས་ལ་གཏུམ་མོ་འབར་བས་བདེ། །ངག་ལ་གསང་བའི་རྒྱ་མདུད་བདེ། །སེམས་ལ་རང་སོ་ཟིན་པས་བདེ། །སྟེང་ན་བལ་པོའི་ཤིང་རས་བདེ། །འོག་ན་སྤྲ་བའི་འབོལ་ཆུང་བདེ། །ང་འཕུར་ཤེས་ཀྱི་བྱ་ལ་ནམ་མཁའ་བདེ། །རྐྱལ་ཤེས་ཀྱི་ཉ་ལ་ཆུ་བོ་བདེ། །བསྒོམ་ཤེས་ཀྱི་མི་ལ་སེམས་ཉིད་བདེ། །ང་ཉམས་མྱོང་དབྱངས་སུ་ལེན་པས་བདེ། །ལྟ་སྤྱོད་ཟུང་དུ་འབྲེལ་བས་བདེ། །ང་ན་ཡང་བདེ་ལ་ཤི་ཡང་བདེ། །གཏུམ་མོ་བདེ་དྲོད་རང་འབར་བདེ། །སྒྱུ་ལུས་ཆོས་བརྒྱད་རང་གྲོལ་བདེ། །རྨི་ལམ་འཁྲུལ་བ་རང་སངས་བདེ། །འོད་གསལ་མ་རིག་མུན་སེལ་བདེ། །འཕོ་བ་གསེར་འགྱུར་རྩི་ལེགས་བདེ། །གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་བདེ། །བར་དོ་ཆོས་ཉིད་ཀློང་དུ་བདེ། །བདེ་ཆེན་ཟག་མེད་དབྱིངས་སུ་བདེ། །ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བདེ། །དེ་རྣམས་ང་ཡི་བདེ་ལུགས་ལགས། །རས་པ་མཆེད་གྲོགས་སྐུ་ཁམས་བཟང་། །བུ་རས་ཆུང་བདེའམ་དོན་གྲུབ་བམ། །ཞེས་གསུངས་པས། རས་ཆུང་བས་གསུང་ལན་འདི་མགུར་དུ་ཕུལ་ལོ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact