Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (7)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལོཙྪ་ཆེན་པོས་བྱིན་གྱིས་རློབས། །ལས་འཕྲོ་དང་རྐྱེན་དུ་མ་འཛོམ་པའི། །སྡུག་བསྔལ་གྱི་བྱང་ཆུབ་འདི་མ་རེ་མཛོད། །རང་བློ་བླ་མ་ལ་མི་གཏོད་པའི། །ཚུར་ཐུགས་ལ་འདོག་པ་འདི་མ་རེ་མཛོད། །རང་རྒྱུད་སློབ་མར་མི་བཏུབ་པའི། །གཞན་གྱི་སློབ་དཔོན་འདི་མ་རེ་མཛོད། །རང་བློ་རང་གིས་མ་ཐུབ་པའི། །གཞན་བློ་གཏོད་པ་འདི་མ་རེ་མཛོད། །བརྒྱུད་པ་རྣལ་མས་མ་ཟིན་པའི། །གྲུབ་རྟགས་ཀྱི་དངོས་གྲུབ་འདི་མ་རེ་མཛོད། །སྒོམ་བསྒྲུབ་དྲག་པོས་མ་བཅུན་པའི། །ཡིད་སྨོན་གྱི་བྱང་ཆུབ་འདི་མ་རེ་མཛོད། །ཞེན་འཛིན་གྱི་འཆིང་བ་མ་བྲལ་བའི། །གྲུབ་རྟགས་དངོས་གྲུབ་འདི་མ་རེ་མཛོད། །ཚོགས་གཉིས་རྩེ་གཅིག་ཏུ་མ་སྤྲོད་པའི། །ཏོམ་ཆོལ་གྱི་བྱང་ཆུབ་འདི་མ་རེ་མཛོད། །རང་འཛིན་འཆིང་བ་དང་མ་བྲལ་བའི། །ཕྱོགས་མེད་ཀྱི་ཐུགས་རྗེ་འདི་མ་རེ་མཛོད། །དངོས་འཛིན་གྱི་འཆིང་བ་མ་གྲོལ་བའི། །མཐའ་བྲལ་གྱི་ལྟ་བ་འདི་མ་རེ་མཛོད། །ཅེར་མཐོང་གི་ངོ་སྤྲོད་མི་མངའ་བའི། །སེམས་ངོ་མཐོང་བ་འདི་མ་རེ་མཛོད། །དྲི་མ་སེལ་ཐབས་མི་ཤེས་པའི། །སྒོམ་རྒྱུན་ཆད་མེད་པ་འདི་མ་རེ་མཛོད། །འཁྲི་བ་ནང་ནས་མ་ཆོད་པའི། །ཚོགས་དྲུག་ལྷུག་པ་འདི་མ་རེ་མཛོད། །ཉམས་ཏིང་འཛིན་རྩད་གདར་མ་ཆོད་པའི། །ཡེ་ཤེས་ཆེན་པོ་འདི་མ་རེ་མཛོད། །རེ་དྭོགས་ཕྲ་མོ་རེ་མ་ཆོད་པའི། །འབྲས་བུ་སྐུ་གསུམ་འདི་མ་རེ་མཛོད། །རྒྱུ་འབྲས་རྣལ་མས་མ་ཟིན་པའི། །གནས་སྐབས་བདེ་འགྲོ་འདི་མ་རེ་མཛོད། །བསྒོ་བའི་བཀའ་བཞིན་མི་ཉན་པའི། །མཆེད་ལྕམ་མཉེས་པ་འདི་མ་རེ་མཛོད། །སྣང་བ་དབང་དུ་མ་འདུས་པའི། །ལྷ་མེད་འདྲེ་མེད་འདི་མ་རེ་མཛོད། །རང་སེམས་དབང་དུ་མ་འདུས་པས། །བག་མེད་སྨྱོ་སྤྱོད་འདི་མ་རེ་མཛོད། །རང་རྒྱུད་ཐ་མལ་ལས་མ་འཕགས་པའི། །ལས་དགེ་སྡིག་མེད་པ་འདི་མ་རེ་མཛོད། །དགོན་པ་འཛིན་ཅིང་བསྒྲུབ་པ་པོ། །ཆོས་བརྒྱད་ཀྱི་བསྙེན་བཀུར་འདི་མ་རེ་མཛོད། །རི་ཁྲོད་འཛིན་པའི་དམ་པ་ཀུན། །འཕྲལ་དགའི་སྐྱིད་ཆོས་འདི་མ་རེ་མཛོད། །བྱང་ཆུབ་སེམས་དང་མི་ལྡན་པའི། །རང་སེམས་དཀར་པོ་འདི་མ་རེ་མཛོད། །རང་སེམས་དཀར་པོར་མི་ལྟ་བར། །མི་ངོ་དཀར་ནག་སྲུང་བ་འདི་མ་རེ་མཛོད། །ཉམས་རྟོགས་དང་དྲོད་ཚད་མི་ལྡན་པའི། །བར་དོར་གྲོལ་བ་འདི་མ་རེ་མཛོད། །གདམས་ངག་དང་སྦྱངས་པ་མི་ལྡན་པའི། །སྐལ་ལྡན་གྱི་མགོ་སྐོར་འདི་མ་རེ་མཛོད། །བསླབ་སྡོམ་ཚུལ་བཞིན་མི་སྲུང་བའི། །གྱུར་ཤོག་སྨོན་ལམ་འདི་མ་རེ་མཛོད། །དམ་ཚིག་གཙང་མ་མི་སྲུང་བའི། །མཁའ་འགྲོ་འདུ་བ་འདི་མ་རེ་མཛོད། །ལུང་རིགས་གདམས་ངག་མི་ལྡན་པའི། །ཐ་སྙད་ཆུ་ལ་མ་བརྒལ་མཛོད། །མངོན་ཤེས་ལྔ་དང་མི་ལྡན་པའི། །ཁ་ཕྱིར་བལྟས་ཀྱི་ཞལ་ལྕེ་མ་གཅོད་མཛོད། །སྒོམ་ཡེངས་སུ་མེད་པར་མ་རྟོགས་པའི། །རང་རྒྱུད་ཡན་པ་འདི་མ་རེ་མཛོད། །ཅེས་གསུངས་ནས།
ཡང་ཨེན་ཙམ་ཞིག་ནས་མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་གསོན་དང་རྒྱུ་སྦྱོར་ཡོན་བདག་རྣམས། །རང་སེམས་རང་གིས་མ་དག་ན། །ཕྱི་རོལ་བཀྲུས་པས་ཅི་ལ་ཕན། །ཞེན་པ་རང་ལོག་མ་བྱུང་ན། །སྒོམ་ཉམས་བཟང་བས་ཅི་ལ་ཕན། །རང་འཛིན་དང་ངར་འཛིན་ཞེན་འཛིན་གསུམ། །འདི་གསུམ་འཆིང་བའི་འཆིང་ཐག་ལགས། །འཆིང་ཐག་བཅད་ན་མི་ལེགས་སམ། །རང་ཡངས་དང་བདག་ཡང་སེམས་ཡངས་གསུམ། །འདི་གསུམ་རི་ཁྲོད་དགོན་པ་ལགས། །དགོན་པ་དེ་བཟུང་ན་ལེགས་པར་མཆི། །ཞེས་གསུངས་སོ། །
དེ་ནས་ཡང་རང་སེམས་གྲོས་འདེབས་ཀྱི་མགུར་འདི་གསུངས་སོ། །
དབེན་པའི་རི་ཁྲོད་གཅིག་པུ་མི་འགྲིམ་ན། །ད་གྲོང་ཡུལ་གཡག་ཆགས་གཅིག་བྱེད་པ། །སྲན་མ་ཅན་ཁྱོད་ལ་དགོས་པ་ལགས་སོ། །ད་རུང་རྗེ་གོང་མའི་མཛད་སྤྱོད་མ་མཐོང་བར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་སྐྱེད་དང་། །རས་གོས་རྐྱང་པ་རེ་ཙམ་མི་གྱོན་པར་ནི། །ད་རུང་སྣལ་མའི་དུག་པོ་འཚེམ་པ། །ལེ་ལོ་ཁྱོད་ལ་དགོས་པ་གཅིག་ལགས་སོ། །ད་རུང་ལུས་ལ་གཏུམ་མོ་མ་སྦར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་སྐྱེད་དང་། །ཟས་སུ་ཏིང་འཛིན་མི་གསོལ་བར་ནི། །ད་རུང་ཞིམ་དགུ་མངར་བཅུ་འདོད་པ། །ཞིམ་ལྟོ་མཁན་ཁྱོད་ལ་དགོས་པ་ཅིག་ལགས་སོ། །ད་རུང་ཟས་ཀྱི་སྲེད་པ་མ་ཆོད་པར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་གཅིག་སྐྱེད་དང་། །སྤྲང་པོའི་དམན་ས་མི་འཛིན་པར་ནི། །ད་རུང་གཞན་གྱི་ཕྱེ་གཏོར་འགམ་པ། །ཚུལ་ཆོས་མཁན་ཁྱོད་ལ་དགོས་པ་ཅིག་ལགས་སོ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་སྐྱེད་དང་། །ཞེན་མེད་ཀྱི་ལྡོམ་བུ་མི་བྱེད་པར་ནི། །ད་རུང་རྙེད་པ་དང་བཀུར་སྟི་ཚོལ་བ། །འདོད་སྲེད་ཅན་ཁྱོད་ལ་དགོས་པ་གཅིག་ལགས་སོ། །ད་རུང་ཞེན་པ་ནང་ནས་མ་ལོག་པར་འདུག་པར། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་སྐྱེད་དང་། །སྐྱེ་མེད་ཉམས་སུ་མི་ལེན་པར་ནི། །ད་རུང་འཇུག་འཐུན་ངོར་ཕོ་ཟོ་ཞིག་སྐྱེད་པ། །སྒྲིག་ཀ་ཅན་ཁྱོད་ལ་དགོས་པ་གཅིག་ལགས་སོ། །ད་རུང་སྔར་གྱི་སྤྱོད་པ་མ་འདྲེས་པར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཞིག་སྐྱེད་དང་། །བཤེས་མེད་ཀྱི་ཡུལ་དུ་མི་འཁྱམ་པར་ནི། །ད་རུང་སྔར་འདྲིས་ཀྱི་ཡུལ་དུ་འདུག་པ། །གདུང་སེམས་ཅན་ཁྱོད་ལ་དགོས་པ་ཅིག་ལགས་སོ། །ད་རུང་དགྲ་གཉེན་མ་ཤེས་པར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་སྐྱེད་དང་། །བརྗོད་མེད་ཀྱི་དོན་ལ་མི་ལྟ་བར་ནི། །ད་རུང་ཡིག་ནག་གི་དཔེ་ཆ་ཞིག་བསོགས་པ། །ཟིན་བྲིས་མཁན་ཁྱོད་ལ་དགོས་པ་གཅིག་ལགས་སོ། །ད་རུང་སྣང་བ་དཔེ་ཆར་མ་ཤར་བར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་སྐྱེད་དང་། །ཞེས་གསུངས་སོ། །
དེ་ནས་རྗེ་བཙུན་མཆོག་དཀར་གྱི་བྲག་ལ་བྱོན་ནས་སྒོམ་ཞིང་བཞུགས་པའི་ཚེ། དྲུང་དུ་ཡོན་བདག་མོ་གཅིག་གསོལ་རྒྱགས་འབུལ་བ་ལ་སྐབས་འགའ་ལ་ཕྱིན་པས། རྗེ་བཙུན་གཟིམ་པ་རང་མཐོང་ནས་ཡོན་བདག་མོ་དེའི་བསམ་པ་ལ། རྗེ་བཙུན་འདི་རྟོགས་པ་མཐོ་ཡང་གཏོར་མ་ཙམ་རེ་ཡང་མི་གཏོང་། གཟིམ་པ་ཁོ་ན་མཛད་པ་འདི་ཅི་ཡིན་སྙམས་སོ། །ཡང་ཉིན་གཅིག་མོ་མཇལ་འོང་ཙ་ན་གཟིམ་མལ་དུ་མེ་ཆེན་པོ་གཅིག་དམར་འུ་རུ་རུ་འབར་ཞིང་སྣང་། གཤིན་སྒོམ་རས་པ་ལ་བླ་མ་གར་བྱོན་དྲིས་པས། གར་མ་བྱོན་ཟེར། གཉིས་པོ་ལྟར་ཕྱིན་པས་གཟིམ་མལ་དུ་བཞུགས་ནས་འདུག །དེ་ནས་ཚ་བ་འདྲེན་པའི་སྟ་གོན་བྱས་ནས་འདྲེན་པ་ལ་སོང་ཙ་ན། གཟིམ་མལ་ནམ་མཁའ་སྟོང་པར་སོང་ནས་མི་སྣང་། གཉིས་ཀས་བླ་མ་ལ་བོས་པས་གཟིམ་མལ་དུ་བཞུགས་ནས་འདུག །དེར་ཡོན་བདག་མོ་དད་པར་གྱུར་ཏེ། སྔར་ཐེ་ཙོམ་པས་བཟོད་པར་གསོལ་ནས་རྗེ་བཙུན་ཆེན་པོ་གཟིམ་མལ་དུ་ད་ཅི་མེ་འབར་བ་མཐོང་། དེ་རྟིང་གཟིམ་མལ་སྟོང་པར་སོང་ནས་ཅི་ཡང་མ་མཐོང་། དེ་དུས་གར་བཞུད་པ་ལགས་ཞུས་པས། ཁོ་བོ་དེ་དུས་གར་ཡང་མ་སོང་། ཟད་པར་མེའི་ཁམས་དང་ནམ་མཁའི་ཁམས་ལ་མཉམ་པར་བཞག་པ་ཡིན། ཁྱེད་རང་གཉིས་སྣང་བ་དག་པ་ཡིན། མི་ལ་མ་བརྗོད་གསུང་ནས་མགུར་འདི་གསུངས་སོ། །
བདག་འགྲོ་ན་སྣང་བ་ལམ་དུ་འཁྱེར། །ཚོགས་དྲུག་རང་གྲོལ་གྱི་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །ཉམས་སྙིང་པོ་དོན་གྱི་སྡོད་ལུགས་ཡིན། །ཉལ་ན་མཉམ་ཉིད་ཀྱི་ངང་དུ་ཉལ། །དུས་གསུམ་མཉམ་བཞག་གི་ཉལ་ལུགས་ཡིན། །ཟ་ན་སྟོང་ཉིད་ཀྱི་ངང་དུ་ཟ། །གཟུང་འཛིན་གཉིས་མེད་ཀྱི་ཟ་ལུགས་ཡིན། །འཐུང་ན་ཡེ་ཤེས་ཀྱི་ཆབ་ལ་འཐུང་། །ཉམས་ཚུན་རྒྱུན་ཆད་མེད་པའི་སྐྱོང་ལུགས་ཡིན། །འགྲོ་འཆག་ཉལ་འདུག་སེམས་ལ་ལྟ། །ཐུན་མཚམས་མེད་པའི་དགེ་སྦྱོར་ཡིན། །ཞེས་གསུངས་སོ། །
དེ་ནས་རྗེ་བཙུན་གྲུབ་པ་ཐོབ་པའི་གྲགས་པ་དམ་དུམ་བྱུང་བས། དགེ་སྦྱོར་མི་འཕེལ་དགོངས་ནས། གུང་ཐང་གི་བྲག་དམར་སྤོ་མཐོན་ལ་བྱོན་དུས་གནས་ལ་བྱིན་རླབས་ཆེ་ཆུང་ཡོད་ཟེར་བ་དེ་ཡང་བདེན་ནམ། སྔར་ཡང་ཉམས་ལ་འདི་ལྟར་ཤར་སྙམ་སྟེ་མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁོ་བོ་རྣལ་འབྱོར་མི་ལ་ང་། །རྗེ་བླ་མའི་སྤྱན་སྔར་འདུག་ཙམ་ན། །མཚོན་རྣོན་པོ་ལྟ་བུའི་ཉམས་ཞིག་ཤར། །ཐོགས་བརྡུག་མེད་པས་བློ་རེ་བདེ། །སེམས་མ་བཅོས་པ་འདི་སངས་རྒྱས་རང་དུ་གདའ། །མཆེད་གྲོགས་ཀྱི་ནང་དུ་འདུག་ཙ་ན། །ཞུན་མར་ལྟ་བུའི་ཉམས་ཞིག་ཤར། །གསལ་གྲིབ་མེད་པས་བློ་རེ་བདེ། །སེམས་མ་བཅོས་པ་འདི་སངས་རྒྱས་རང་དུ་གདའ། །མི་ནག་གི་གསེབ་ཏུ་འདུག་ཙམ་ན། །པདྨ་ལྟ་བུའི་ཉམས་ཞིག་ཤར། །སྐྱོན་གྱིས་མ་གོས་བློ་རེ་བདེ། །སེམས་མ་བཅོས་པ་འདི་སངས་རྒྱས་རང་དུ་གདའ། །ཞེས་ཉམས་མྱོང་ཤར་ཚུལ་གྱི་གླུ་དེ་བླངས་སོ། །
དེ་ནས་བྲག་དམར་སྤོ་མཐོན་རྡོ་རྗེ་རྫོང་དུ་བྱོན། ཉམས་དང་རྟོགས་པ་བསམ་ལས་འདས་པ་རྒྱུད་ལ་འཁྲུངས་པས་དེའི་དུས་སུ་ཐུགས་ཤིན་ཏུ་བདེ་སྟེ། སྒོ་གསུམ་གྱི་འཁྱེར་སོ་གཏན་ལ་འབེབས་པའི་གླུ་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁོ་བོ་རྣལ་འབྱོར་མི་ལ་ང་། །བྲག་དམར་སྤོ་མཐོན་ནམ་མཁའི་རྫོང་། །ནམ་མཁའ་རྫོང་གི་རྫོང་དཀྱིལ་ན། །སྟེང་ན་ལྷོ་སྤྲིན་སྨུག་པོ་འཐིབ། །འོག་ན་གཙང་ཆབ་རྒྱལ་པོ་འཕྱོ། །ལོག་ལ་ཐང་དམར་རྒོད་པོ་ལྡིང་། །བར་ན་གཅན་ཟན་མང་པོ་རྩེ། །དེ་ལྟ་བུ་ཡི་དབེན་གནས་བདེ། །འདུ་འཛི་མེད་པའི་དགོན་པ་བདེ། །ཉལ་བ་མེད་པའི་འདུག་ལུགས་བདེ། །གྲང་བ་མེད་པའི་རས་གོས་བདེ། །ན་ཚ་མེད་པའི་ལུས་འདི་བདེ། །འཛིན་ཆགས་མེད་པའི་འགྲོ་འདུག་བདེ། །ཞུམ་པ་མེད་པའི་བརྟུལ་ཞུགས་བདེ། །འདི་དྲུག་ལུས་ཀྱི་འཁྱེར་སོ་ལགས། །ཐབས་དང་ཤེས་རབ་བསྒོམ་པས་བདེ། །རྒྱུན་ཆད་མེད་པའི་བསམ་གཏན་བདེ། །རང་རིག་འོད་གསལ་རྟོགས་ཏེ་བདེ། །གཉིས་སུ་མེད་པའི་ལྟ་བ་བདེ། །དབུགས་འགྲོ་འོང་མེད་པའི་ངང་ཤེད་དུ། །རྣམ་རྟོག་ཐམས་ཅད་ནུབ་སྟེ་བདེ། །ལྷ་བསྐྱེད་རྫོགས་གཉིས་ཀྱི་ངང་ཤེད་དུ། །གྲུབ་མཐའ་ཐམས་ཅད་འདུས་ཏེ་བདེ། །འདི་དྲུག་སེམས་ཀྱི་འཁྱེར་སོ་ལགས། །གདམས་ངག་ཁ་རུ་བཏོན་ནས་བཞག །ཉམས་མྱོང་གླུ་རུ་བླངས་ནས་བཞག །ཆོས་ཉིད་གཏན་ལ་ཕབ་ནས་བཞག །ལྟ་སྤྱོད་ཟུང་དུ་སྡེབ་ནས་བཞག །མང་དུ་བཤད་པ་ཉུང་དུ་བསྡུས། །ཕྱི་རབས་རྟེན་གྱི་གང་ཟག་རྣམས། །ཉམས་སུ་ལེན་ན་འདི་བཞིན་ལོངས། །ཞེས་གསུངས་སོ། །
དུས་དེ་ནས་ལུས་ལ་དྲོད་སྐྱེས་པས་སྣལ་མའི་གོས་མ་གྱོན་པར་རས་གོས་རྐྱང་པ་རེ་གསོལ་བས་ཆོག་པ་བྱུང་། དེ་ནས་གུང་ཐང་ཆེ་ཡུལ་གྱི་ཕྱུགས་རྫི་ཞིག་ལ་རི་གསེབ་ན་ཡོད་པའི་སྤྲང་པོ་དེ་མ་ཤིའམ་བྱས་པས། ཁོ་ན་རེ། ཁོ་འཆི་ལ་ཡང་མི་ཁད་པར་ཁམས་བཟང་དུ་སོང་བྱས་པས། དེར་ཡུལ་མི་རྣམས་དད་པ་སྐྱེས་ནས་བསྙེན་བཀུར་དུམ་པ་རེ་ཕུལ་ཏེ། ཁྱེད་ཀྱིས་བསྒྲུབ་པ་བྱས་ནས་ལོ་ཙམ་སོང་། རྟོགས་པ་ག་ཚོད་བདོག །སྒོམ་པ་ལ་འཕེལ་འགྲིབ་ཡོད་དམ་མེད་བྱ་བ་ལ་སོགས་པ་ཞུས་པས་མགུར་འདི་གསུངས་སོ། །
བདག་རྟོགས་པའི་མཚོ་མོ་མེར་བ་ལ། །ཉམས་མྱོང་འཁྱག་དར་ཆག་པ་ཅིག་བྱུང་། །གདམས་ངག་གི་ཁ་སོར་ཚ་བས་ཕན་ནམ་ཨང་། །བདག་ལྟ་བའི་མཁར་བོ་མི་མཐོ་སྟེ། །ཉོན་མོངས་ཀྱི་གཡུལ་ལས་རྒྱལ་བ་ཅིག་བྱུང་། །ཡེངས་མེད་ཀྱི་མེལ་ཚེ་ཚུགས་པས་ཕན་ནམ་ཨང་། །བདག་དད་པའི་ཞིང་ས་མི་བཟང་ཡང་། །བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་པ་ཞིག་བྱུང་། །སྒོམ་སྒྲུབ་ཀྱི་ཆུ་ལུད་ཐེབ་པས་ཀྱང་ཕན་ནམ་ཨང་། །བདག་ཕོ་རྒོད་མཐོ་བ་མ་ལགས་ཏེ། །བླ་མས་ཐུགས་ལ་བཏག་པ་ཞིག་བྱུང་། །སྔོན་གྱི་ལས་འཕྲོ་སད་པས་ཀྱང་ཕན་ནམ་ཨང་། །
ཞེས་ཨང་བཞི་མ་དེ་གསུངས་པ་དང་། ཡང་ཁོང་རྣམས་ན་རེ། ངེད་རྣམས་ལ་ཡང་ཞལ་ཏ་འདི་ལྟར་གྱིས་གསུང་པའི་མགུར་ཅིག་གསུང་བར་ཞུ་ཞུས་པས་མགུར་འདི་གསུངས་སོ། །
མ་རིག་མུན་པ་ཤོག་ཙམ་ན། །ཤེས་རབ་སྒྲོན་མེ་ཐེག་ཅིག་ཨང་། །རང་ཉིད་གཅིག་པུར་འདུག་ཙམ་ན། །ཡེ་ཤེས་མངོན་དུ་སྒོམ་ཤིག་ཨང་། །ཞེ་སྡང་འཕྲང་ལ་ཤོག་ཙམ་ན། །ཆོས་ཉིད་གྲོགས་སུ་ཁྲིད་ཅིག་ཡང་། །འཁོར་བའི་ཆུ་བོ་བརྒལ་ཙམ་ན། །བྱམས་པའི་གླུ་རུ་ཞུགས་ཤིག་ཨང་། །ངན་སོང་གསུམ་གྱི་སེམས་ཅན་ལ། །ཐུགས་རྗེའི་ལྕགས་ཀྱུས་དྲོངས་ཤིག་ཨང་། །བདུད་བཞི་དགྲ་རུ་ལང་ཙམ་ན། །སྟོང་པའི་རྫོང་ལ་ཞེན་ཅིག་ཨང་། །རྣལ་འབྱོར་རས་པའི་ཨང་དྲུག་ལགས། །ཆོས་མཛད་ཡོད་ན་འདི་བཞིན་མཛོད། །ཞེས་གསུངས་སོ། །
དེ་ནས་བྲིན་གྱི་སྲོང་སྡེ་ཕུག་པར་རས་པ་རྣམས་བསོད་སྙོམས་ལ་སོང་ནས་རྗེ་བཙུན་གཅིག་པུ་བཞུགས་ཡོད་པ་ལ། ཡོན་བདག་རྡོར་སྨོན་གྱིས། ད་ཞག་རྗེ་བཙུན་ལ་འཁོར་རྣམས་མེད་པས་ཐུགས་སྐྱོ་བ་ཡང་སྲིད། སྟོན་འདིར་བསོད་སྙོམས་ལ་བཞུད་བཞེད་ཨེ་ཡོད། དེ་གོང་དུ་བསྙེན་བཀུར་ཅིག་བྱ་ལ་ངའི་སར་བཞུད་པར་ཞུ་ཞུས་པས། གདན་དྲངས་ནས་མགུར་ཅིག་གསུང་བར་ཞུ་ཞུས་པས་མགུར་འདི་གསུངས་སོ། །
འོ་སྐོལ་འགྲོ་བ་འཇིག་རྟེན་པ། །འཇིག་རྟེན་པ་ལ་ཕར་བལྟས་པས། །སྐྱེ་རྒ་ན་འཆིའི་ཆུ་བོ་བཞི། །ལན་གཅིག་རྒས་པའི་དུས་བྱུང་ན། །ཕུང་པོའི་ལོ་མ་སྐྲ་ཡང་དཀར། །དབང་པོའི་དྭངས་མ་མིག་མི་གསལ། །ཡན་ལག་གི་དང་པོ་མགོ་བོ་འཁོར། །རྣ་བ་སྒྲ་ཡི་རྒྱལ་པོ་འོན། །བྱད་ཀྱི་རྒྱང་ཤིང་སྣ་ཡང་ཞོམ། །མཁུར་ཚོས་ཁྲག་གི་རྒྱ་མཚོ་སྐེམ། །རུས་པའི་རྒྱལ་པོ་སོ་ཡང་བུད། །དྲང་པོར་སྐྱེས་པའི་ལུས་པོ་སྒུར། །བརྟན་པོར་བཞག་པའི་གོམ་པ་འཁྱོར། །ཤིག་དང་བུ་ལོན་བསད་ཀྱང་འདུ། །ཟས་དང་གཉེན་འདུན་འདུས་ཀྱང་འབྱེར། །རྒས་པའི་སྡུག་བསྔལ་དེ་ཙམ་མོ། །ལན་གཅིག་ན་བའི་དུས་བྱུང་ན། །འབོལ་འཐུག་པོ་བཏིང་ཡང་འོག་ནས་མཁྲེངས། །སྔས་མཐོན་པོ་བཞག་ཀྱང་འཇིང་པ་ན། །མགོ་བོ་མི་ཡི་པང་དུ་འཇོག །ཟས་ནི་ཐུར་མས་ཁ་ལ་བསྙོད། །སྐོམ་ནི་བལ་ནེའུ་ཁ་ལ་བརྡེག །མཛའ་བཤེས་གཉེན་གྱིས་མཐའ་བསྐོར་ཡང་། །དེ་ཡི་ནད་ལ་ཕན་ཐབས་མེད། །བརྒྱ་འགྲོ་སྟོང་འགྲོ་མཐོང་བ་མེད། །ཁྲི་འབོད་སྟོང་འབོད་ཐོས་པ་མེད། །ན་བའི་སྡུག་བསྔལ་དེ་ཙམ་སྟེ། །འཆི་བའི་སྡུག་བསྔལ་ཡི་རེ་མུག །ལན་གཅིག་འཆི་བའི་དུས་བྱུང་ཚེ། །ཕུང་པོ་རི་བོ་ནོན་པ་འདྲ། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །ཕྱུག་པོས་ནོར་གྱིས་བསླུ་ཐབས་མེད། །འཛངས་པས་ལོ་རྒྱུས་བཀྲོལ་ཐབས་མེད། །འཕོངས་པས་འོན་གསོལ་འདེབས་ཐབས་མེད། །ངན་པས་རྡོལ་བསྙོན་སྨྲ་ཐབས་མེད། །དཔའ་བོས་གོམ་གསུམ་བཏུད་ཐབས་མེད། །སྡར་མས་ཝ་བྲོས་བྱེད་ཐབས་མེད། །ཡན་ལག་རྩ་ནི་མཐའ་ནས་བསྡུས། །ཁུར་ཐག་མས་ཀྱི་འགྲམ་ནས་བྲོས། །དེ་ལྟ་བུ་ཡི་དུས་བྱུང་ན། །དམ་པའི་ལྷ་ཆོས་མ་གཏོགས་པ། །མགོན་སྐྱབས་གྱུར་པ་གཅིག་ཀྱང་མེད། །དེ་ལ་སོམ་ལ་ལྷ་ཆོས་མཛོད། །བྱ་བ་ཐོངས་ལ་ཉམས་སུ་ལོངས། །འཆི་ཁ་མི་འགྱོད་ཙམ་རེ་མཛོད། །ཅེས་གསུངས་པས་དེ་རྣམས་ཀྱིས་བསྙེན་བཀུར་བཟང་པོ་བྱས་སོ། །
དེ་ནས་ཡང་རྗེ་བཙུན་ཆེན་པོ་ལྡོམ་བུ་ལ་བྱོན་པའི་ཚེ། བུ་གཅིག་ན་རེ། རྣལ་འབྱོར་བ་ཁྱེད་ལ་ཕ་ཡུལ་ཨེ་ཡོད་ཟེར་བ་ལ། རྗེ་བཙུན་གྱིས་ཕ་ཡུལ་གཅིག་ཀྱང་ཡོད་གསུང་ནས་མགུར་འདི་གསུངས་སོ། །
སྟོང་ཉིད་ཀྱི་ལུང་པ་ཡང་དང་གཅིག །མཉམ་ཉིད་ཀྱི་རྩི་ཐོག་རྒྱས་དང་གཉིས། །གནད་ཀྱི་ས་འགག་དམ་དང་གསུམ། །འདི་གསུམ་འཛོམ་པའི་ཕ་ཡུལ་ལ། །འཁྲུལ་བའི་ཡུལ་ཤུགས་མ་བྱུང་ན། །ང་རྣལ་འབྱོར་གྱི་ཡུལ་སྐད་དེ་ལ་བྱ། །ཆགས་སྡང་གི་ཕ་ཡུལ་མེད་ཀྱང་ཉན། །མི་ཚེ་རྒྱལ་ཁམས་འགྲིམ་པས་ཆོག །
མོ་ན་རེ། རྣལ་འབྱོར་བ་ཁྱེད་ལ་ཕ་ཞིང་ཨེ་ཡོད་ཟེར་བ་ལ། ཕ་ཞིང་ཅིག་ཀྱང་ཡོད་གསུང་ནས་མགུར་འདི་གསུངས་སོ། །
ཀུན་གཞིའི་ཞིང་ས་བཟང་དང་གཅིག །གདམས་ངག་གི་ས་བོན་ཐེབས་དང་གཉིས། །དགེ་སྦྱོར་གྱི་རྨོ་རྐོ་ཡག་དང་གསུམ། །དེ་གསུམ་འཛོམ་པའི་ཞིང་ས་ལ། །རྣམ་རྟོག་གི་སད་སེར་མ་བྱུང་ན། །ང་རྣལ་འབྱོར་གྱི་ཞིང་སྐལ་དེ་ལ་བྱ། །སྲིབ་ཞིང་སློག་པ་མེད་ཀྱང་ཉན། །གཏན་དུ་ལྡོམ་བུ་བྱེད་པས་ཆོག །
མོ་ན་རེ། རྣལ་འབྱོར་བ་ཁྱོད་ལ་སྐུ་མཁར་ཨེ་ཡོད་ཟེར་བ་ལ། མཁར་གཅིག་ཡོད་གསུང་ནས་མགུར་འདི་གསུངས་སོ། །
དད་པའི་རྨིང་རྡོ་བརྟན་དང་གཅིག །ཐོས་བསམ་གྱི་སྒོ་མོ་མཁྲེགས་དང་གཉིས། །ལྟ་བའི་ཡང་ཐོག་མཐོ་དང་གསུམ། །དེ་གསུམ་འཛོམ་པའི་ས་མཁར་ལ། །འཁྲུལ་བའི་སྒྱོགས་ཀྱིས་མ་བཤིག་ན། །ང་རྣལ་འབྱོར་གྱི་མཁར་སྐལ་དེ་ལ་བྱ། །ས་མཁར་སྐྱ་མོ་མེད་ཀྱང་ཉན། །མལ་ས་བྲག་ལ་བྱས་པས་ཆོག །
མོ་ན་རེ། རྣལ་འབྱོར་བ་ཁྱོད་ལ་ཕྱམ་ཚེ་ཨེ་ཡོད་ཟེར་བ་ལ། ཕྱམ་ཚེ་ཅིག་ཀྱང་ཡོད་གསུང་ནས་མགུར་འདི་གསུངས་སོ། །
བྱིན་རླབས་ཀྱི་སོ་ས་བཟང་དང་གཅིག །གཏུམ་མོའི་རྡེའུ་རྣམ་ཆུ་སྨུག་དང་གཉིས། །དགེ་སྦྱོར་གྱི་ཚེམ་པོ་ཡགས་དང་གསུམ། །དེ་གསུམ་འཛོམ་པའི་བེར་ཕྱམ་ལ། །ཆོས་བརྒྱད་ཀྱི་ཟད་བྲལ་མ་བྱུང་ན། །ང་རྣལ་འབྱོར་གྱི་བེར་སྐལ་དེ་ལ་བྱ། །ཆོས་བརྒྱད་བེར་ཕྱམ་མེད་ཀྱང་ཉན། །མི་ཚེ་རས་ཀྱིས་བསྐྱལ་བས་ཆོག །
མ་ན་རེ། རྣལ་འབྱོར་བ་ཁྱོད་ལ་ཆུང་མ་ཨེ་ཡོད་ཟེར་བ་ལ། ཆུང་མ་གཅིག་ཀྱང་ཡོད་གསུང་ནས་མགུར་འདི་གསུངས་སོ། །
བཀའ་བརྒྱུད་ཀྱི་ཆོ་རིགས་བཙུན་དང་གཅིག །ཉམས་མྱོང་གི་སྐྱེ་གཟུགས་ཡགས་དང་གཉིས། །དམ་ཚིག་གི་བརྩེ་གདུང་ཆེ་དང་གསུམ། །དེ་གསུམ་འཛོམ་པའི་ཆུང་མ་ལ། །ཕྲག་དོག་གི་བོར་སྐྱུར་མ་བྱུང་ན། །ང་རྣལ་འབྱོར་གྱི་གྲོགས་སྐལ་དེ་ལ་བྱ། །ཁོང་ཁྲོའི་ཆུང་མ་མེད་ཀྱང་ཉན། །མི་ཚེ་གཅིག་པུས་བསྐྱལ་བས་ཆོག །
མོ་ན་རེ། འོ་ན་རྣལ་འབྱོར་པ་ཁྱོད་ལ་དེ་ཀུན་ཡོད་ན་རྟ་ཨེ་ཡོད་ཟེར་བ་ལ། རྟ་གཅིག་ཀྱང་ཡོད་གསུང་ནས་མགུར་འདི་གསུངས་སོ། །
བརྩོན་འགྲུས་ཀྱི་རྟ་ཕོ་བཟང་དང་གཅིག །མཉམ་བཞག་གི་སྒ་སྟན་བདེ་དང་གཉིས། །ཤེས་རབ་ཀྱི་བང་སྣ་རྣོ་དང་གསུམ། །དེ་གསུམ་འཛོམ་པའི་རྟ་ཕོ་ལ། །ལེ་ལོའི་སྒྲོག་ཏུ་མ་ཚུད་ན། །ང་རྣལ་འབྱོར་གྱི་རྟ་སྐལ་དེ་ལ་བྱ། །ཁྲག་ཆགས་ཀྱི་རྟ་ཕོ་མེད་ཀྱང་ཉན། །མི་ཚེ་ཀུན་རྐང་ཐང་གིས་བསྐྱལ་བས་ཆོག །ཅེས་གསུངས་པས་བུད་མེད་དེས་ཕྱག་དང་བསྐོར་བ་མང་དུ་བྱས་ནས་བསྙེན་བཀུར་བཟང་པོ་ཞུས་སོ། །
དེ་ནས་ཡང་རྗེ་བཙུན་བསོད་སྙོམས་ལ་བྱོན་པའི་ཚེ། ཡོན་བདག་མོ་འབུམ་མེ་བྱ་བས། རྗེ་བཙུན་ཆེན་པོ་ཁྱེད་རྒྱལ་ཁམས་ཕྱོགས་མེད་འགྲིམ་པ་ལ། འཕྲལ་གྱི་རེ་ས་སྐྱབས་གནས་དང་མཐར་ཐུག་གི་གཏུག་སྒོ་ཅི་ལྟ་བུ་ཞིག་ཡོད་ཞུས་པས་མགུར་འདི་གསུངས་སོ། །
བླ་མ་རྗེ་བཙུན་གྱི་རྩ་བ་ཅན། །ཡི་དམ་དངོས་གྲུབ་ཀྱི་རྩ་བ་ཅན། །མཁའ་འགྲོ་བྱིན་རླབས་ཀྱི་རྩ་བ་ཅན། །ཆོས་སྐྱོང་དཔལ་མགོན་གྱི་རྩ་བ་ཅན། །བདག་མོས་པའི་ཡིད་ཀྱིས་སྐྱབས་སུ་མཆི། །ཕྱི་ནས་བར་ཆོད་སོལ། ནང་ནས་དངོས་གྲུབ་སྩོལ། བར་དོའི་སྣ་དྲོངས། སེམས་འཁྲུལ་པ་ནི་འགག་པར་བྱེད་པ། མི་བདག་ལ་རེ་ས་སྐྱབས་གནས་དེ་ལས་མེད་དོ། །
ཡང་ཞུས་པ། ཁྱེད་ལ་རེ་ས་གཏུག་སྒོ་ཡགས་པ་དེ་འདྲ་ཅིག་ཡོད་པར་འདུག །འོ་ན་ཁྱེད་ལ་ཕ་ཡུལ་ཅི་ལྟ་བུ་ཡོད་ཞུས་པས་མགུར་འདི་གསུངས་སོ། །
གཞི་སྟོང་ཉིད་ཀྱི་ལུང་པ་ཡངས་དང་གཅིག །ཡེ་ཤེས་ཀྱི་ཆུ་རྒྱུན་འབྲུབ་དང་གཉིས། །མཐའ་བྲལ་གྱི་ཙི་ཐོག་རྒྱས་དང་གསུམ། །གདམས་ངག་གི་ས་ཕྲང་དོག་དང་བཞི། །དོན་དེ་བཞི་དང་ལྡན་པའི་ཕ་ཡུལ་ལ། །ངས་སྐྱེ་བ་གཏན་གྱི་ཕ་ཡུལ་མ་བྱས་ན། །ཁྱོད་འཇིག་རྟེན་ཕ་ཡུལ་འདིས་ཀྱང་བསླུ་བསླུ་འདྲ། །ཡོད་པས་འཚོ་སྐྱོང་མི་ཐུབ་པའི་སྡུག་བསྔལ། མེད་པས་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ། དགྲ་སྡང་བ་དང་འཕྲད་དྭོགས། གཉེན་བྱམས་པ་དང་བྲལ་དྭོགས། དེ་བས་བདག་རྣལ་འབྱོར་བ་ཐང་རང་བས་ཕ་ཡུལ་འདི་ལ་ཞེན་པ་ཆུང་བར་ཐལ་ལོ། །
ཡང་ཞུས་པ། ཁྱེད་ལ་ཕ་ཡུལ་ཡགས་པ་དེ་འདྲ་བ་ཅིག་ཡོད་པར་འདུག །སྲོག་མཁར་ཅི་འདྲ་བ་ཞིག་ཡོད་ཞུས་པས་མགུར་འདི་གསུངས་སོ། །
གཞི་དད་པའི་རྨིང་རྡོ་བརྟན་པ་དང་གཅིག །བསམ་གཏན་གྱི་གྱང་གཞི་ཆེ་དང་གཉིས། །བརྩོན་འགྲུས་ཀྱི་མགོ་འཕང་མཐོ་དང་གསུམ། །ཤེས་རབ་ཀྱི་བ་དན་བཏགས་དང་བཞི། །དོན་དེ་བཞི་དང་ལྡན་པའི་སྐུ་མཁར་ལ། །ངས་སྐྱེ་བ་གཏན་གྱི་སྐུ་མཁར་མ་བྱས་ན། །ཁྱེད་འཇིག་རྟེན་གྱི་སྐུ་མཁར་འདིས་བསླུ་བསླུ་འདྲ། །འཇིག་པ་ནི་སླ། རྩིག་པ་ནི་དཀའ། ཟས་ནོར་ཐམས་ཅད་ཀྱི་ཕུང་འདྲེ། ཕུང་མཁར་རི་བོ་འདིའི་བདེན་རྫུན་ལ་ལྟོས་དང་། དེ་བས་བདག་རྣལ་འབྱོར་བ་ཐང་རང་བས་སྐུ་མཁར་འདི་ལ་ཞེན་པ་ཆུང་བར་ཐལ་ལོ། །
ཡང་ཞུས་པ། ཁྱེད་ལ་སྐུ་མཁར་ཡགས་པ་དེ་འདྲ་བ་ཅིག་ཡོད་པར་འདུག །སྲིད་སྡེ་ཅི་འདྲ་བ་ཞིག་ཡོད་ཞུས་པས་མགུར་འདི་གསུངས་སོ། །
སངས་རྒྱས་ཀྱི་གཙོ་བོ་བཟང་དང་གཅིག །དམ་ཆོས་ཀྱི་ཞལ་ངོ་རགས་དང་གཉིས། །དགེ་འདུན་གྱི་ཚ་ཞང་དར་དང་གསུམ། །ཆོས་སྐྱོང་གི་སྟག་ཤར་དཔའ་དང་བཞི། །དོན་དེ་བཞི་དང་ལྡན་པའི་སྲིད་སྡེ་ལ། །ངས་སྐྱེ་བ་གཏན་གྱི་སྲིད་སྡེ་མ་བྱས་ན། །ཁྱེད་འཇིག་རྟེན་གྱི་སྲིད་སྡེ་འདིས་བསླུ་བསླུ་འདྲ། །གོང་མ་རྣམས་ལ་ནི་ཕྲག་དོག །བར་མ་རྣམས་ལ་འགྲན་ང་། ཐ་མ་ལ་ནི་ཁྱད་གསོད། གཉེན་ཉེ་དུ་ཁྱི་ཤིག་སྤར་གང་འདིའི་བདེན་རྫུན་ལ་ལྟོས་དང་། དེ་བས་བདག་རྣལ་འབྱོར་པ་ཐང་རང་བས་སྲིད་སྡེ་ལ་ཞེན་པ་ཆུང་བར་ཐལ་ལོ། །
ཡང་ཞུས་པ། ཁྱེད་ལ་སྲིད་སྡེ་ཡགས་པ་དེ་འདྲ་བ་ཅིག་འདུག །འོ་ན་ཞིང་ཅི་ལྟ་བུ་ཅིག་ཡོད་ཞུས་པས་མགུར་འདི་གསུངས་སོ། །
ཀུན་གཞིའི་ཞིང་ས་བཟང་དང་གཅིག །བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་དང་གཉིས། །དགེ་བཅུའི་ལོ་ཐོག་འབྲུབ་དང་གསུམ། །སྐུ་བཞིའི་འབྲས་བུ་སྨིན་དང་བཞི། །དོན་དེ་བཞི་དང་ལྡན་པའི་ཞིང་ས་ལ། །ངས་སྐྱེ་བ་གཏན་གྱི་ཞིང་ས་མ་བྱས་ན། །ཁྱེད་འཇིག་རྟེན་གྱི་ཞིང་ས་འདིས་བསླུ་བསླུ་འདྲ། །སོ་ནམ་ནི་དཀའ། འབྲས་བུ་ནི་ཆུང་། ཀོར་ཀོར་པོ་ཡོད་ཙ་ན་རང་འགྲོ་བའི་ཞིང་པ་འདིའི་བདེན་རྫུན་ལ་ལྟོས་དང་། དེ་བས་བདག་རྣལ་འབྱོར་བ་ཐང་རང་བས་ཞིང་འདི་ལ་ཞེན་པ་ཆུང་བར་ཐལ་ལོ། །
ཡང་ཞུས་པ། ཁྱེད་ཞིང་ས་ཡགས་པ་དེ་འདྲ་བ་ཅིག་ཡོད་པར་འདུག །ཆུང་མ་ཅི་ལྟ་བུ་ཅིག་ཡོད་ཞུས་པས་མགུར་འདི་གསུངས་སོ། །
གཞི་སྟོང་ཉིད་ཀྱི་ཆུང་མ་བཟང་དང་གཅིག །སྟོང་གསལ་གྱི་ཆོ་རིས་བཙུན་དང་གཉིས། །བདེ་སྟོང་གི་མཉམ་སྦྱོར་མཁས་དང་གསུམ། །དཀོན་མཆོག་གི་ཕ་མིང་བཟང་དང་བཞི། །དོན་དེ་བཞི་དང་ལྡན་པའི་ཆུང་མ་ལ། །ངས་སྐྱེ་བ་གཏན་གྱི་ཆུང་མ་མ་བྱས་ན། །ཁྱེད་འཇིག་རྟེན་གྱི་ཆུང་མ་འདིས་བསླུ་བསླུ་འདྲ། །ཁ་ནི་ཡར་ཟེ། སྙིང་ནི་ཕྱིར་སེམས། ལྐོག་སྙོག་ལ་ནི་སྐྱོན། བདུད་མོ་ལྕེ་བདེ་མ་འདིའི་བདེན་རྫུན་ལ་ལྟོས་དང་། དེ་བས་བདག་རྣལ་འབྱོར་བ་ཐང་རང་བས་ཆུང་མ་ལ་ཞེན་པ་ཆུང་བར་ཐལ་ལོ། །
ཡང་ཞུས་པ། ཁྱེད་ལ་ཆུང་མ་ཡགས་པ་དེ་འདྲ་བ་ཅིག་ཡོད་པར་འདུག །སྲས་བུ་ཅི་ལྟ་བུ་ཞིག་ཡོད་ཞུས་པས་མགུར་འདི་གསུངས་སོ། །
རིག་པ་རང་གྲོལ་གྱི་སྲས་བུ་འཁྲུངས་པ་དང་གཅིག །བྱིན་རླབས་རང་ཆས་ཀྱི་གཤོག་པ་རྒྱས་པ་དང་གཉིས། །ཉམས་རྣོ་མཉན་གྱི་སྨྲ་བླག་བདེ་བ་དང་གསུམ། །བདེ་གཤེགས་ཀྱི་གདུང་བརྒྱུད་འཛིན་པ་དང་བཞི། །དོན་དེ་བཞི་དང་ལྡན་པའི་སྲས་བུ་ལ། །ངས་སྐྱེ་བ་གཏན་གྱི་སྲས་བུ་མ་བྱས་ན། །ཁྱེད་འཇིག་རྟེན་གྱི་སྲས་བུས་བསླུ་བསླུ་འདྲ། །ཆུང་དུས་ནི་སོས་དཀའ། ཆེ་ཙ་ན་ཡར་རྒོལ་དུ་འོང་། འཆི་ཁ་འཕྲེང་རྡོ་བྱེད་པའི་སྡུག་ཕྲུག་ཁ་དམར་པོ་འདིའི་བདེན་རྫུན་ལ་ལྟོས་དང་། དེ་བས་བདག་རྣལ་འབྱོར་བ་ཐང་རང་བས་སྲས་བུ་ཞེན་པ་ཆུང་བར་ཐལ་ལོ། །
ཡང་ཞུས་པ། ཁྱེད་ལ་སྲས་ལེགས་པོ་དེ་འདྲ་བ་ཅིག་ཡོད་པར་འདུག །འོ་ན་ཁྱེད་ལ་མཐར་ཐུག་གི་གཏུགས་སྒོ་ཅི་ལྟ་བུ་ཞིག་ཡོད་ཞུས་པས་མགུར་འདི་གསུངས་སོ། །
སྣང་བ་ལ་ཞེན་པ་ལོག་པ་དང་གཅིག །འཁོར་བ་ལ་སྐྱོ་བ་སྐྱེས་པ་དང་གཉིས། །ཡིན་མིན་གྱི་སྒྲོ་འདོགས་ཆོད་པ་དང་གསུམ། །གདམས་ངག་གི་རང་ངོ་ཤེས་པ་དང་བཞི། །ང་རྣལ་འབྱོར་བའི་མཐར་ཐུག་གཏུགས་སྒོ་དེ་ལ་བྱེད། །ཁྱེད་འཇིག་རྟེན་གྱི་བྱ་བ་དེ་འཁོར་བའི་རྒྱུ། །བན་རབ་བྱུང་རྣམས་ཀྱིས་སྡེ་འཁྲུགས་བྱེད། །སྔགས་པ་རྣམས་ཀྱིས་ང་རྒྱལ་བྱེད། །ཉ་མ་རྣམས་ནི་ཤབ་ཤུབ་བྱེད། །འཇིག་རྟེན་གྱི་བྱ་བ་དེ་འཁོར་བའི་རྒྱུ། །ཞེས་གསུངས་སོ། །དེ་ཐམས་ཅད་དཔལ་གྲོ་སྟག་ཚང་སོགས་ཀྱི་སྐོར་རོ།། །།

༈ དེ་ནས་བདུན་པ་སྣང་བ་མཐུན་རྐྱེན་དུ་ཤར་བའི་ཡོན་ཏན་ནི། ལམ་མི་བདེ། ཆུ་སྒྲ་ཆེ་བ། མཐུན་འཇུག་དཀའ་བའི་གནས་བྲག་གསེབ་ཅིག་ཏུ་བྱོན་སོང་བ་ལ། འདིར་མི་བདེ་བར་འདུག་ཞུས་པས། འདིར་ཤིན་ཏུ་བདེ། བཙན། དྲོ། སྐྱིད་ཕུག་ཉི་མ་རྫོང་བྱ་བ་ཡིན་གསུང་ནས་གནས་ལ་བསྟོད་པའི་མགུར་འདི་གསུངས་སོ། །
ཨེ་མ་རི་ཁྲོད་ནགས་ཀྱི་གསེབ། །བྲག་དཀར་སྐྱིད་ཕུག་ཉི་མ་རྫོང་། །བཙན་ས་བག་ཡངས་ཤེས་པ་བདེ། །ཉམས་རྒྱུད་ལ་སྐྱེ་བའི་དབེན་པ་འདིར། །རིག་པ་དྭངས་ཤིང་ཤེས་པ་བདེ། །རྒྱུ་འགྲུལ་མེད་པས་སྣང་བ་བདེ། །མེ་ཤིང་འཛོམས་པས་ངང་གིས་བདེ། །ཁ་སྐད་མི་ཚོར་ཆགས་སྡང་ཟད། །རི་བྲག་དཔའ་བོ་མཁའ་འགྲོ་འདྲ། །རྒྱབ་རི་ལྷ་ཡི་ཕོ་བྲང་འདྲ། །མདུན་རི་མ་ཡི་པང་དང་འདྲ། །གཡས་རི་རྒྱལ་མཚན་འཕྱར་བ་འདྲ། །གཡོན་རི་པདྨ་ཕྱེས་པ་འདྲ། །ཤིང་ལོ་མཆོད་པའི་ལྷ་མོ་འདྲ། །ཤིང་ཐོག་རྩི་བཅུད་འབྲས་བུ་འདྲ། །ཆུ་དང་ཆུ་ཕྲན་ཁྲུས་བུམ་འདྲ། །སྟག་དང་གཅན་གཟན་སྒོ་ཁྱི་འདྲ། །བྱ་དང་རི་དྭགས་ནོར་ཕྱུགས་འདྲ། །སྤྲ་དང་སྤྲེའུ་ཁྱིམ་མཚེས་འདྲ། །ན་བུན་འཇའ་ཚོན་རྨ་གཡང་འདྲ། །སྦྲང་ཆར་ཟིམ་བུ་མཆོད་སྤྲིན་འདྲ། །སྤང་དང་མེ་ཏོག་མཎྜལ་འདྲ། །འདི་ལྟ་བུ་ཡི་དབེན་གནས་འདིར། །ལྷ་ཡིས་ཕོག་ཅིང་བླ་མས་བྱིན། །མཁའ་འགྲོ་མཉེས་ཤིང་ཡི་དམ་འཁོར། །ཆོས་རང་དབང་མེད་པར་ཤུགས་ལས་འབྱུང་། །སྡིག་རང་དབང་མེད་པར་ངང་གིས་འགག །སླད་ནས་བྱང་ཆུབ་སྒྲུབ་པ་རྣམས། །གནས་འདི་འདྲ་བརྟེན་ཅིང་ཡེངས་མེད་སྒོམ། །བུ་འདིར་བཞུགས་རས་པ་བུ་སློབ་རྣམས། །ཉམས་དགའ་བར་ཨེ་འདུག་ལྟོས་དང་གསལ། །ཞེས་གསུངས་པས། སྣང་བ་དགའ་ལྷག་ལྷག་པའི་ཉམས་བཟང་པོ་སློབ་མ་རྣམས་ལ་སྐྱེས་སོ། །
དེ་ནས་སྒོམ་བཞིན་ཡོད་པ་ལ་ཡོན་བདག་གཤིན་རྡོར་མོས་མགོས་བྱས་པའི་ཡོན་བདག་བན་སྐྱེ་མང་པོ་ཞིག་རྒྱགས་དུམ་པ་རེ་ཁུར་ནས་མཇལ་དུ་བྱུང་བས། ཁོང་རྣམས་ན་རེ། བླ་མ་ལགས། དགོན་པ་ཐག་རིང་ཞིང་མཐུན་རྐྱེན་ཡང་དཀོན་པས། སྙེ་ནམ་གྱི་རི་ཕུག་ལ་བཞུགས་ནས་ཉེ་གནས་རེ་ཡང་འཇོག་པ་དང་། རས་པ་དཔོན་སློབ་འཚོ་བས་མ་བཀྲེས་པ་མཛད་པར་ཞུ་ཞུས་པས་ཡང་མགུར་འདི་གསུངས་སོ། །
བླ་མ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་རི་ཁྲོད་ཟིན་པར་ཐུགས་རྗེས་བཟུང་། །འདིར་བཞུགས་ཀྱི་ཡོན་བདག་དད་པ་ཅན། །ཐག་རིང་པོ་ནས་ཡང་ཡང་བྱོན་པ་ལ། །གདབ་ལན་གླུ་ཡིས་འཇལ་བ་དེ། །ཁྲམ་གཏམ་གྱི་མགོ་གཡོག་མ་ལགས་ཏེ། །ཉམས་སྣང་བ་མཐུན་པའི་སྐྱིད་སྐྱིད་ཡིན། །ཚིག་སྙན་པའི་མན་ངག་བཤད་པ་དེ། །བཅོས་མའི་ཁ་རྒན་མ་ཡིན་ཏེ། །སེམས་ལ་ཨེ་ཕན་སྙིང་གཏམ་ཡིན། །གནས་ཆུ་ཤིང་འཛོམས་པའི་དགོན་པ་དེར། །འཁོར་ཉེ་གནས་ཟེར་བ་རྫུན་དུ་གདའ། །ཟ་རོགས་ངན་པ་དགོས་རྒྱུ་ཆུང་། །ཉེ་གནས་ཤེས་རབ་རས་ཁས་བྱེད། །གཅིག་པུར་རི་ལ་སྡོད་པ་ལ། །ནོར་ཟང་ཟིང་ཟེར་བ་རྫུན་དུ་གདའ། །དགྲ་བོའི་གཡབ་མོ་དགོས་རྒྱུ་ཆུང་། །ཆོག་ཤེས་ཀྱི་ཕྱུག་ལ་ཟད་པ་མེད། །ལྷུན་གྲུབ་གཏུམ་མོ་འབར་ཙམ་ན། །གོས་སློག་ཟེར་བ་རྫུན་དུ་གདའ། །ཁྲེས་ལོག་ཁུར་པོས་དགོས་རྒྱུ་ཆུང་། །བདེ་སྟོང་རང་འོད་ཤིན་ཏུ་དྲོ། །རིན་ཆེན་སེམས་ཀྱི་གཏེར་རྙེད་ན། །ལས་སོ་ནམ་ཟེར་བ་རྫུན་དུ་གདའ། །བྲེལ་བྲེལ་གཡེང་བས་དགོས་རྒྱུ་ཆུང་། །ཉམས་གསལ་སྟོང་རིག་པ་ཟད་རྒྱུ་མེད། །རང་རིག་འོད་གསལ་རྟོགས་ཙམ་ན། །ཁ་ལྟ་སྐམ་པོ་རྫུན་དུ་གདའ། །ཁས་ལེན་གྲུབ་མཐའ་དགོས་རྒྱུ་ཆུང་། །སྟོང་ཉིད་ཆོ་འཕྲུལ་རང་དབང་ཆེ། །རང་བྱུང་ཆོས་ཉིད་ཤར་ཙམ་ན། །དམིགས་བཅས་སྒོམ་པ་རྫུན་དུ་གདའ། །སྡུག་བཙིར་སེམས་འཛིན་དགོས་རྒྱུ་ཆུང་། །གསལ་སྟོང་རྟེན་འབྲེལ་རང་དབང་ཆེ། །རྩོལ་མེད་ཤུགས་འབྱུང་ཤར་ཙམ་ན། །བཅོས་མའི་ཚུལ་འཆོས་རྫུན་དུ་གདའ། །ལྷག་པའི་སྤྱོད་པ་དགོས་རྒྱུ་ཆུང་། །རང་བྱུང་རང་གྲོལ་རང་དབང་ཆེ། །སྐྱེས་མེད་སྤྲོས་བྲལ་གོ་ཙམ་ན། །སྒྲ་ཚད་སྒྲོག་གླེང་རྫུན་དུ་གདའ། །ཐ་སྙད་བསླབ་པ་དགོས་རྒྱུ་ཆུང་། །འགག་མེད་རང་རྩལ་རང་དབང་ཆེ། །གང་ཤར་ཆོས་ཉིད་དཀྱིལ་འཁོར་ལ། །འཁོར་འདས་བཟང་ངན་རྫུན་དུ་གདའ། །བློས་བྱས་འབྲས་བུ་དགོས་རྒྱུ་ཆུང་། །དབེན་པའི་རང་གྲུབ་རང་དབང་ཆེ། །མོས་གུས་སེམས་ལ་ཐོབ་ཙམ་ན། །ངོ་སྲུང་ཞབས་ཏོག་རྫུན་དུ་གདའ། །ངས་བྱས་འབུལ་བ་དགོས་རྒྱུ་ཆུང་། །སེམས་མཐུན་སྣང་བ་རང་དབང་ཆེ། །ལམ་ནོར་ས་མེད་པའི་རྣལ་འབྱོར་ལ། །སྐྱིད་ཇ་ཆང་གཉིས་ཀྱི་ཐབ་ཀ་མེད། །ཟས་ཤ་ཐུད་གཉིས་ཀྱི་མགྲོན་ཟས་མེད། །ཁྱེད་ཡོན་བདག་མཉེས་པའི་ནོར་རྫས་མེད། །མ་ཇོ་མོ་དགའ་བའི་སྐྱེ་གཟུགས་མེད། །འཁོར་སློབ་མ་དགའ་བའི་གཡེང་བ་མེད། །མི་ཐམས་ཅད་དགའ་བའི་ཕོ་རྒོད་མེད། །སྤྲང་བློ་ཕུགས་སུ་བཅུག་པའི་རྣལ་འབྱོར་ལ། །གཅིག་ཀྱང་མེད་པས་ཕུན་སུམ་ཚོགས། །གླུ་བདེན་རྫུན་སྤྲོ་དགའ་ལེན་པ་དེ། །ཉམས་སྣང་བ་སྐྱོ་ཤས་ཆེ་བའི་དོན། །ཁྱེད་འདིར་བཞུགས་ཡོན་བདག་བུ་སློབ་རྣམས། །ཉམས་སྐྱིད་པའི་སྨོན་ལམ་མང་དུ་ཐོབ། །ཅེས་གསུངས་པས། ཡོན་བདག་རྣམས་དད་དེ་སྲོག་གཅོད་པ་སྤང་བར་ཁས་བླངས་ཞིང་། ཁོང་རྣམས་དགེ་བསྙེན་བྱས་ཏེ་མ་ཎིའི་ལུང་ཞུས་ཤིང་། ཁ་མ་ཎི་དང་མ་བྲལ་བ། ལག་པ་ཕྲེང་བ་དང་མ་བྲལ་བར་བྱུང་ངོ་། །
དེར་ཁོང་རྣམས་ན་རེ། བླ་མ་གཅིག་པུ་རང་ལ་མཉེས་པར་འདུག །ངེད་གྲོང་པའི་ལས་དང་བྱ་བ་ཐོབ་རེ་ཐུགས་ལ་ཨེ་དྲན་ཞུས་པས། དེ་ཆེད་པོ་མི་དྲན། དྲན་ན་གར་ཟུག་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ངས་གནས་མི་མེད་གཅིག་པུར་བསྒོམ་བསྒོམ་ནས། །ཁྱོད་གྲོང་པའི་གཡེང་བ་བརྗེད་དེ་ཐལ། །ངས་ན་མེད་སྡུག་སྒུར་བྱས་བྱས་ནས། །སྐྱིད་འདོད་ཀྱི་དགའ་བ་བརྗེད་དེ་ཐལ། །དུག་པོ་རས་གོས་གྱོན་གྱོན་ནས། །འཆོར་རང་མཐོང་ངང་གིས་བརྗེད་དེ་ཐལ། །སྤྲང་བེར་གྱི་མགོ་བོ་བཟུང་བཟུང་ནས། །རིལ་ལུག་གི་སྐྱོང་བྲན་བརྗེད་དེ་ཐལ། །ངས་མེ་ལྕགས་རྣོན་པོ་བཟུང་བཟུང་ནས། །ཁྱིམ་མཚེས་ངང་གིས་བརྗེད་དེ་ཐལ། །སྙོམས་ཆུང་གི་འདུག་ཚུལ་མཁས་མཁས་ནས། །མི་ཆེན་གྱི་ངོ་སྲུང་བརྗེད་དེ་ཐལ། །ཚེ་ཕྱི་མའི་བདེ་སྐྱིད་བསམ་བསམ་ནས། །ཚེ་འདི་ཡི་བདེ་སྐྱིད་བརྗེད་དེ་ཐལ། །ནམ་འཆིའི་སྣང་བ་འཕྲོས་འཕྲོས་ནས། །ཞག་དང་ཟ་མ་བརྗེད་དེ་ཐལ། །ཨེ་འཆི་ལ་སྙིང་རུས་བྱས་བྱས་ནས། །ལོ་དང་ཟླ་བ་བརྗེད་དེ་ཐལ། །འཆི་དུས་ཅི་འོང་བསམ་བསམ་ནས། །མ་ཤི་གོང་དུ་ཅུག་འོང་བརྗེད་དེ་ཐལ། །ལར་ཚེ་བློ་ཡི་བཏང་བཞག་རླུང་ལ་འཕྱར། །དུས་གཏན་དུ་སྐྱིད་པ་ཞེ་ལ་འཕྲེང་། །འཆི་བ་མྱུར་དུ་ནམ་འོང་བསམ། །འཆི་བ་བཙན་ཐབས་སུ་འགྲོ་བ་ཨེ་འགྲུབ་བསམ། །ཁྱེད་འདིར་བཞུགས་ཀྱི་ཡོན་བདག་བུ་སློབ་རྣམས། །འཆི་བ་འདི་བཞིན་སོམ་ལ་ལྷ་ཆོས་མཛོད། །ཚེ་འདི་ལ་སྡོད་ལོང་མེད་པས་མྱུར་དུ་སྒྲུབ། །
ཅེས་གསུངས་པས། ཡོན་བདག་དེ་རྣམས་སྐྱོ་ཤས་ཆེན་པོ་སྐྱེས་ཏེ་ཆོས་དང་དགེ་བ་ལ་རང་གཞན་བསྐུལ་ནུས་པའི་དད་པ་ཅན་བྱུང་ནས་བྲིན་དང་སྙེ་ནམ་དུ་རྗེ་བཙུན་གྱི་སྙན་པ་བརྗོད་པས། ཡུལ་མི་ཚོ་ཡང་དགེ་བ་ལ་བརྩོན་ཞིང་། རྗེ་བཙུན་གྱི་མཛད་སྤྱོད་ལ་ཉན་པས། མི་ཐམས་ཅད་སྣང་བ་དགའ་བའི་བདེ་སྐྱིད་དཔག་ཏུ་མེད་པ་ལ་འཇུག་ནུས་པ་འབྱུང་ངོ་། །དེ་ཐམས་ཅད་སྐྱིད་ཕུག་ཉི་མ་རྫོང་གི་སྐོར་རོ།། །།

༈ དེ་ནས་རྗེ་བཙུན་གྱིས་སློབ་མ་རྣམས་ལ་གནས་གཅིག་ཏུ་རང་ལོ་བར་གནས་འབྱམས་པས་རྣལ་འབྱོར་བའི་རྒྱུ་བ་དང་བརྩོན་འགྲུས་ཀྱང་འབྱམས་ནས་འགྲོ་བས། ང་ལིང་བའི་བྲག་ལ་སྒོམ་དུ་འགྲོ་གསུང་པ་ལ། སློབ་མ་རྣམས་ཀྱིས་ངེད་ཚོ་ཡང་འགྲོ་ཞུས་པས། མི་མང་པོ་སོང་བས་མི་དགའ། ང་ལ་ཁམས་འདུས་ཐེངས་གསུམ་འོང་བ་ལ། ཁམས་འདུས་དང་པོ་ལ་ཕྱི་ཆུ་བཟང་དང་། བྲག་དམར་མཆོང་གླིང་དུ་སོང་བས། ད་ཡང་རི་ཁྲོད་གཉན་པོ་ཞིག་ཏུ་ཁམས་འདུས་འོང་བས་མི་དགའ་གསུང་ནས། སློབ་མ་རྣམས་ལིང་པའི་ལུང་པ་ཞིག་ཏུ་སྒོམ་བཅུག་ནས། ཁོ་རང་ལིང་བའི་བྲག་གསེབ་ཏུ་སྒོམ་ཞིང་བཞུགས་པ་ལ། ནུབ་གཅིག་ཡིད་ལ་མེད་པར་ནམ་སྲོད་ཡོལ་ཙམ་ལ་བྲག་གི་སེར་ཀ་ནས་བཤུགས་པ་ཙེ་རེ་རེ་བྱུང་བས། རྗེ་བཙུན་གྱིས་གཟིགས་པས་བྲག་གི་ལོགས་ལ་འོད་དམར་པོ་ཁྱུག་ཁྱུག་བྱུང་ནས། ལེགས་པར་གཟིགས་པ་ལ་འོད་དེའི་སྣ་ལ་མི་དམར་པོ་གཅིག་གླ་བ་ལ་ཞོན་ནས་བུད་མེད་གཅིག་གིས་སྣ་ཁྲིད་དེ། རྗེ་བཙུན་གྱི་གཡོན་སྐོར་དུ་ཀོ་རོ་རོ་ཐམས་ཅད་མགྱོགས་པར་ཤོག་ཟེར་ཞིང་མང་པོ་ཡོད་པའི་བརྡ་བྱེད་ཅིང་འདུག་པ་ལ། འདི་བྲག་སྲིན་མོའི་ཆོ་འཕྲུལ་རེད་དགོངས་ནས་མགུར་འདི་གསུངས་སོ། །
ཡང་མི་ང་བར་ཆོད་ཐོ་འཚམས་པ། །མི་སྡུག་སྤྲུལ་པའི་གཟུགས་བརྙན་ཅན། །ཁྱོད་ལིང་བ་བྲག་གི་བྲག་སྲིན་མོ། །ལས་ངན་གྱི་འདྲེ་མོ་མ་ཡིན་ནམ། །གླུ་སྙན་པའི་འགྱུར་ཁུག་ངས་མི་ཤེས། །ངག་བདེན་པའི་ཚིག་འདི་ཁྱོད་ཀྱང་ཉོན། །ཡ་ཀི་དགུང་སྔོན་གྱི་དཀྱིལ་ཤེད་ན། །ཉི་ཟླ་ཟུང་གཅིག་གཡང་ཆགས་པ། །དེ་ངོ་མཚར་ལྷ་ཡི་གཞལ་ཡས་ཁང་། །འོད་ཟེར་སྐྱེ་འགྲོ་ཡི་དཔལ་དུ་ཤར། །ལས་སུ་གླིང་བཞིའི་མུན་པ་སེལ། །གཟའ་ཁྱབ་འཇུག་དགྲ་རུ་མ་ལྡང་ཞིག །ཁྱབ་འཇུག་འདྲེ་རུ་མ་གནོད་ཅིག །ཤར་རྩེ་མཐོ་ཤེལ་གྱི་གངས་རི་ལ། །སེང་ལྕམ་དཀར་མོའི་གཡང་ཆགས་པ། །དེ་བྱོལ་སོང་ཀུན་གྱི་རྒྱལ་པོ་ཡིན། །ཆེ་རྟགས་སུ་གོད་ཀྱི་ཤ་མི་ཟ། །ཁོང་གངས་དཀར་གྱི་ཟུར་ཁ་འགྲིམ་པ་ལ། །བུ་ཡུག་དགྲ་རུ་མ་ལྡང་ཞིག །བུ་ཡུག་འདྲེ་རུ་མ་གནོད་ཅིག །ལྷོ་ནགས་མའི་གསེབ་ཀྱི་ལྡིང་ཁང་ན། །རྒྱ་སྟག་ཁྲ་བོའི་གཡང་ཆགས་པ། །དེ་གཅན་ཟན་རྣམས་ཀྱི་གྱད་པ་ཡིན། །དཔའ་རྟགས་སུ་རང་གི་སྲོག་མི་འཕོངས། །ཁོང་དོག་མོའི་ས་འཕྲང་འགྲིམ་པ་ལ། །ཁྱོད་ས་མདའ་དགྲ་རུ་མ་ལྡང་ཞིག །ས་མདའ་འདྲེ་རུ་མ་གནོད་ཅིག །ནུབ་མ་པང་གི་གཡུ་མཚོ་མེར་བ་ལ། །ཀྱུར་མོ་ཉ་ཡི་གཡང་ཆགས་པ། །དེ་འབྱུང་བ་ཆུ་ཡི་གར་མཁན་ཡིན། །ཡ་མཚན་གསེར་མིག་འཁྱིལ་བ་ཡོད། །ཁོང་འདོད་ཡོན་ཟས་ཀྱི་ཕྱིར་འབྲང་ལ། །ལྕགས་ཀྱུ་དགྲ་རུ་མ་ལྡང་ཞིག །ལྕགས་ཀྱུ་འདྲེ་རུ་མ་གནོད་ཅིག །བྱང་ལིང་བའི་བྲག་དམར་བསམ་ཡས་ན། །བྱ་རྒྱལ་རྒོད་པོའི་གཡང་ཆགས་པ། །དེ་འདབ་ཆགས་བྱ་ཡི་དྲང་སྲོང་ཡིན། །ངོ་མཚར་གཞན་གྱི་སྲོག་མི་གཅོད། །ཁོང་རི་གསུམ་རྩེ་ལ་གཟན་ཚོལ་བ། །མགུལ་རྙི་དགྲ་རུ་མ་ལྡང་ཞིག །མགུལ་རྙི་འདྲེ་རུ་མ་གནོད་ཅིག །བྲག་རྒོད་ཚང་ཅན་གྱི་ལིང་བ་འདིར། །ང་མི་ལ་རས་པའི་གཡང་ཆགས་པ། །རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཚེ་གཅིག་ལུས་གཅིག་འདི་ཉིད་ལ། །རྩེ་གཅིག་སངས་རྒྱས་བསྒྲུབ་པ་ལ། །ཁྱོད་བྲག་སྲིན་མོ་དགྲ་རུ་མ་ལྡང་ཞིག །བྲག་སྲིན་མོ་འདྲེ་རུ་མ་གནོད་ཅིག །གླུ་ངོ་མཚར་དཔེ་ལྔ་དོན་དང་དྲུག །ཚིག་སྙན་ངག་མདོ་ལུང་གསེར་ཐག་ཅན། །དོན་འཇལ་བར་གདའམ་བྲག་སྲིན་མོ། །ལས་བསགས་ཤིང་ལྗི་བ་སྡིག་པ་ཡིན། །ཁྱོད་སྡིག་ལ་ནན་ཏན་མ་ཆེ་བར། །ངན་སེམས་གདུབ་རྩུབ་ཞི་བར་མཛོད། །ལར་ཐམས་ཅད་སེམས་སུ་མ་ཤེས་ན། །རྣམ་རྟོག་འདྲེ་ལ་ཟད་པ་མེད། །སེམས་ཉིད་སྟོང་པར་མ་ཤེས་ན། །འདྲེ་བཟློག་པས་ལོག་པ་ཅང་གདའམ། །ཁྱོད་མ་གནོད་མ་གནོད་འདྲེ་མོ་ངན། །མི་ང་ལ་མ་གནོད་ཕར་ལོག་ཅིག །
ཅེས་གསུངས་པས་མི་དེས་རྗེ་བཙུན་ལ་གྲུ་སོག་གཅིག་བརྒྱབ་ནས་གར་སོང་ཡང་ཆ་མེད། བུད་མེད་དེ་ཁྱི་མོ་དམར་མོ་ཞིག་ཏུ་སྤྲུལ་ནས་རྗེ་བཙུན་གྱི་ཞབས་གཡས་པའི་མཐེའུ་ཆུང་ལ་འཇུས་ནས་བྱུང་བས། བྲག་སྲིན་མོ་ཁྱོད་སྙིང་རེ་རྗེ་ཨང་དགོངས་ནས་མགུར་ཚིགས་བཞི་མ་འདི་གསུངས་སོ། །
ཨ་ཙ་མ་འབྱུང་པོ་སྙིང་རེ་རྗེ། །ལས་རེ་ངན་གདུབ་རྩུབ་ཀྱི་བསམ་པ་ལ། །ཞེ་རེ་འགྱོད་སྡིག་པའི་རྣམ་སྨིན་ལ། །བསམ་ཞིང་སྙིང་རླུང་འཁྲུགས་པའི་རྒྱུ། །ང་སྟོང་ཉིད་འབྱོངས་པའི་རྣལ་འབྱོར་ལ། །འདྲེ་ཁྱོད་ཀྱིས་གནོད་པ་མི་སྲིད་དེ། །སེམས་ཅན་ལ་གནོད་པས་སྡིག་པ་ཆེ། །ལར་ཐམས་ཅད་སེམས་སུ་མ་ཤེས་ན། །རྣམ་རྟོག་གི་འདྲེ་ལ་ཟད་པ་མེད། །སེམས་འདི་སྟོང་པར་མ་ཤེས་ན། །འདྲེ་ལོགས་ན་ཡོད་སྙམ་འཁྲུལ་པ་ཡིན། །གདོན་གནོད་སྦྱིན་ཕ་མར་མ་ཤེས་ན། །རྒྱུད་ངན་པའི་འདྲེ་ལ་ཟད་མཐའ་མེད། །སེམས་སྟོང་ཉིད་བྱང་ཆུབ་ཏུ་མ་གྲོལ་ན། །འདྲེ་བརྡུང་ཞིང་བརྡུང་ཞིང་ཇེ་མང་འགྲོ། །འདྲེ་ཁྱོད་བས་སྣང་སྲིད་དགྲར་ལངས་ཀྱང་། །འཇིགས་སྣང་གི་ཁུ་འཁྲིག་དབྱིངས་སུ་ཡལ། །རྫུན་སྣང་གི་ཟོལ་ཟོག་རླུང་ལ་ཤོར། །ང་བྱང་ཆུབ་སེམས་ཀྱི་རྫོང་ནང་ན། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །བདག་གཞན་དོན་རྣམས་རྩོལ་མེད་འགྲུབ། །འདྲེ་བྱང་སེམས་བསྐྱེད་ཅིག་ལེགས་པར་སྦྱོང་། །སྐལ་པ་བཟང་པོའི་ཆོས་ཤིག་མཛོད། །ཚེ་འདི་བདེ་ཕྱི་མ་ཤིན་ཏུ་སྐྱིད། །དུས་རྒྱུན་དུ་བདེ་བ་གོ་བར་གྱིས། །
ཞེས་གསུངས་པས། ཞབས་ལ་བཟུང་བ་དེ་ནི་མ་བཏང་བར་གཟུགས་མེད་པའི་སྐད་ལྷང་ལྷང་བ་ཞིག་བར་སྣང་ནས་འདི་སྐད་ལན་བཏབ་བོ། །
ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །གཅིག་པུར་སྡོད་པའི་སྙིང་སྟོབས་ཅན། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་བ། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མི་ཁྱོད་ཀྱི་གླུ་དབྱངས་རྒྱལ་པོའི་བཀའ། །རྒྱལ་པོའི་བཀའ་དེ་གསེར་ལས་ལྗི། །གསེར་ལས་རག་ཤོག་མཚང་དུ་ཆེ། །མཚང་དེ་ལ་སླར་ལོག་མ་ཤེས་ན། །ཁྱོད་སྔོན་ཆད་བཟླས་པ་རྫུན་དུ་ཟད། །དེ་ཡན་ཆད་རྒྱལ་པོའི་ཁྲིམས་ཀྱི་གླུ། །ད་དཔེ་ལ་དྲངས་པའི་ཚིག་ལན་འཚལ། །ཐུགས་མ་ཡེངས་དར་ཅིག་སྙན་གསན་འཚལ། །ཡ་ཀི་དགུང་སྔོན་གྱི་དཀྱིལ་ཤེད་ན། །འོད་གསལ་ཉི་ཟླའི་གཡང་ཆགས་པ། །གླིང་བཞིའི་མུན་པ་སེལ་ལོ་སྐད། །ཁོང་སྣང་གསལ་བྱ་ར་མི་གཏོང་ཞིང་། །དཀྱིལ་འཁོར་འོད་ཀྱིས་མ་བསླུས་ན། །གཟའ་ཁྱབ་མཇུག་དགྲ་རུ་ཅི་ལ་ལྡང་། །ཁྱབ་མཇུག་འདྲེ་རུ་ཅི་ལ་གནོད། །ཤར་གངས་དཀར་ཤེལ་གྱི་ཟུར་ཤེད་ན། །སེང་ལྕམ་དཀར་མོ་གཡང་ཆགས་པ། །འབངས་བྱོལ་སོང་ཁྲིམས་ལ་གནོན་ནོ་སྐད། །ཁོང་ཁྲོ་གཏུམ་ང་རྒྱལ་མི་ཆེ་ཞིང་། །གཡུ་རལ་སྔོན་མོས་མ་བསླུས་ན། །བུ་ཡུག་དགྲ་རུ་ཅི་ལ་ལྡང་། །བུ་ཡུག་འདྲེ་རུ་ཅི་ལ་གནོད། །ལྷོ་ནགས་མ་གསེབ་ཀྱི་ལྡིང་ཁང་ན། །སྟག་གུ་རི་བཀྲའི་གཡང་ཆགས་པ། །སྤྱིར་སྡེར་ཆགས་ཟིལ་གྱིས་གནོན་ནོ་སྐད། །ཁོང་དཔའ་རྩལ་དྲེགས་པས་མི་རློམ་ཞིང་། །རི་མོ་འཛུམ་གྱིས་མ་བསླུས་ན། །ས་མདའ་དགྲ་རུ་ཅི་ལ་ལྡང་། །ས་མདའ་འདྲེ་རུ་ཅི་ལ་གནོད། །ནུབ་མ་པང་གཡུ་མཚོ་མེར་བ་ལ། །ཀྱུར་མོ་ལྟོ་དཀར་གཡང་ཆགས་པ། །ལྷ་དྲང་སྲོང་གཟིགས་མོ་ཆེའོ་སྐད། །ཁ་ཟས་དོན་དུ་མི་གཉེར་ཞིང་། །སྒྱུ་མའི་ལུས་ཀྱིས་མ་བསླུས་ན། །ལྕགས་ཀྱུ་དགྲ་རུ་ཅི་ལ་ལྡང་། །ལྕགས་ཀྱུ་འདྲེ་རུ་ཅི་ལ་གནོད། །བྱང་ལིང་པའི་བྲག་དམར་བསམ་ཡས་ལ། །བྱ་རྒྱལ་རྒོད་པོའི་གཡང་ཆགས་པ། །འདབ་ཆགས་ཟིལ་གྱིས་གནོན་ནོ་སྐད། །ཁོང་ཤ་ཁྲག་གཟན་དུ་མི་ཚོལ་ཞིང་། །གཤོག་དྲུག་ལྡེམ་གྱིས་མ་བསླུས་ན། །མགུལ་རྙི་དགྲ་རུ་ཅི་ལ་ལྡང་། །མགུལ་རྙི་འདྲེ་རུ་ཅི་ལ་གནོད། །བྲག་རྒོད་ཚང་ཅན་གྱི་ལིང་བ་ན། །ཁྱོད་མི་ལ་རས་པའི་གཡང་ཆགས་པ། །འགྲོ་དྲུག་ལམ་སྣ་འདྲེན་ནོ་སྐད། །ཁྱོད་རྣམ་རྟོག་གི་ཉེར་ལེན་མི་མང་ན། །རང་སྣང་བག་ཆགས་མི་འཁྲུལ་ཞིང་། །རང་སེམས་དགྲ་རུ་མ་ལྡང་ན། །ང་བྲག་སྲིན་མོ་དགྲ་རུ་ཅི་ལ་ལྡང་། །ང་བྲག་སྲིན་མོ་འདྲེ་རུ་ཅི་ལ་གནོད། །ཡང་གཅིག་གསོན་དང་མི་ལ་བ། །གདོད་ནས་ལྷུན་གྲུབ་མ་གོ་ན། །ཁ་ནས་ཟློ་བའི་གསོལ་བཏབ་པས། །ཆོས་ཉིད་བསྒོམ་དུ་ཅང་མི་འགྲོ། །རྣམ་རྟོག་རང་དུ་མི་གདའ་འམ། །ལར་བར་ཆད་བདུད་འདི་སེམས་ལས་བྱུང་། །སེམས་ཀྱི་དེ་ཉིད་མ་ཤེས་ན། །ཁྱོད་སོང་ཞིག་བྱས་ཀྱང་ང་མི་འགྲོ། །རང་སེམས་སྟོང་པར་མ་རྟོགས་ན། །འདྲེ་ང་ཡི་མི་ཚད་གཞན་ཡང་མང་། །རང་སེམས་རང་གིས་ངོ་ཤེས་ན། །མི་མཐུན་རྐྱེན་རྣམས་གྲོགས་སུ་འཆར། །ང་བྲག་སྲིན་མོ་ཡང་འབངས་སུ་མཆི། །ལར་ཁྱོད་ཀྱི་སེམས་ལ་ཁུ་འཁྲིག་ཡོད། །ད་རུང་ཁུ་འཁྲིག་བདེན་རྫུན་ལྟོས། །ད་རུང་འཁོར་བའི་རྫུན་ཕུབ་གཏིབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ད་རུང་འཁྲུལ་པའི་ཕུ་ཐག་ཆོད། །
ཅེས་བྲག་སྲིན་མོས་ནམ་མཁའ་ནས་དེ་སྐད་བརྗོད་པ་དང་། རྗེ་བཙུན་གྱིས་མོ་ཡི་ཚིག་དེ་ལ་བདེན་པའི་ངེས་ཤེས་དྲག་པོ་སྐྱེས་ཏེ། དེའི་ལན་དུ་མགུར་འདི་གསུངས་སོ། །
ཁྱོད་བདེན་ནོ་བདེན་ནོ་བྲག་སྲིན་མོ། །ཚིག་དེ་ལས་བདེན་པ་ཡོད་རེ་སྐན། །ངས་སྔོན་ཆད་རྒྱལ་ཁམས་འགྲིམ་འགྲིམ་ཡང། །གླུ་དེ་ལས་སྙན་པ་ཚོར་མ་མྱོང་། །མཁས་བཙུན་བརྒྱ་ཡིས་ཞལ་ཕྱེས་ཀྱང་། །དོན་དེ་ལས་ཟབ་པ་ཡོད་རེ་ཤི། །ཕ་བླ་མའི་བཀའ་དྲིན་དངོས་སུ་ཤར། །འདྲེ་ཁྱོད་ཀྱི་ཁ་ནས་ལེགས་བཤད་བྱུང་། །ལེགས་བཤད་གསེར་གྱི་ཐུར་མ་དེས། །མི་ང་ཡི་རྣམ་ཤེས་སྙིང་ལ་བརྒྱབ། །ནད་དངོས་པོར་འཛིན་པའི་སྙིང་རླུང་བཏོན། །མ་རིག་འཁྲུལ་པའི་མུན་པ་གསལ། །བློ་པདྨ་དཀར་པོ་ཁ་ཕྱེ་བས། །རང་རིག་གསལ་བའི་སྒྲོན་མེ་སྤར། །དྲན་པའི་ཡེ་ཤེས་ཏུ་རེ་སད། །དྲན་པ་སད་དང་མ་སད་པ། །དགུང་སྔོན་གྱི་དབྱིངས་སུ་ཡར་བལྟས་པས། །ཆོས་ཉིད་སྟོང་པ་ཏུ་རེ་དྲན། །ད་དངོས་པོའི་ཆོས་ལ་ཉམ་ང་མེད། །ཉི་ཟླ་གཉིས་ལ་ཡར་བལྟས་པས། །སེམས་ཉིད་འོད་གསལ་ཏུ་རེ་དྲན། །ད་བྱིང་རྒོད་གཉིས་ལ་ཉམ་མི་ང་། །རི་བོའི་རྩེ་ལ་ཕར་བལྟས་པས། །འགྱུར་མེད་ཏིང་འཛིན་ཏུར་གྱིས་དྲན། །ད་འཕོ་འགྱུར་གཉིས་ལ་ཉམ་མི་ང་། །ཆུ་བོའི་གཞུང་ལ་ཕར་བལྟས་པས། །ཉམས་རྒྱུན་ཆད་མེད་པ་ཏུར་གྱིས་དྲན། །ད་གློ་བུར་རྟོག་པ་ལ་ཉམ་མི་ང་། །འཇའ་ཚོན་རི་མོ་མཐོང་ཙ་ན། །གསལ་སྟོང་ཟུང་འཇུག་ཏུར་གྱིས་དྲན། །ད་རྟག་ཆད་གཉིས་ལ་ཉམ་ང་མེད། །གཟུགས་བརྙན་ཆུ་ཟླ་མཐོང་ཙམ་ན། །འཛིན་མེད་རང་གསལ་ཏུ་རེ་དྲན། །ད་གཟུང་འཛིན་གཉིས་ལ་ཉམ་མི་ང་། །རང་རིག་སེམས་ལ་ཚུར་བལྟས་ཙ། །བུམ་ནང་མར་མེ་ཏུར་གྱིས་དྲན། །ད་གཏི་མུག་མུན་པ་ལ་ཉམ་ང་མེད། །འདྲེ་ཁྱོད་ཀྱི་ཁ་ནས་དེ་ཐོས་པས། །ངོ་བོ་རང་སྟོང་ཏུར་གྱིས་དྲན། །ད་བར་ཆད་བགེགས་ལ་ཉམ་ང་མེད། །འདྲེ་མོའི་གླུ་དབྱངས་ཆོས་ཀྱི་སྒྲ། །ཐོས་པས་ཁོ་བོ་སྤྲོ་བ་སྐྱེས། །ད་འདྲེ་དང་བདུད་ལ་ཉམ་ང་མེད། །ཨ་མཚར་པོ་གཏམ་སྙན་དབྱིངས་ནས་ཐོས། །བསམ་ཞིང་ཁོ་བོ་ངོ་མཚར་སྐྱེས། །ད་ཐེ་ཚོམ་གཉིས་ལ་ཉམ་ང་མེད། །ཁྱོད་ལེགས་བཤད་དེ་འདྲ་ཤེས་ཤེས་ནས། །སེམས་ཀྱི་དེ་ཉིད་གོ་གོ་ན། །ལུས་ངན་འདྲེ་མོར་སྐྱེས་པ་ཅིས་ལན་ཨང་། །ལུས་ངག་སྡུག་བསྔལ་བསྒྲུབ་བསྒྲུབ་ནས། །ལས་ངན་གནོད་ཅིང་འཚེ་བར་བྱེད། །དེ་རྒྱུ་འབྲས་ཁྱད་དུ་བསད་པས་ལན། །ད་ནི་འཁོར་བའི་ཉེས་དམིགས་སྒོམ། །སྡིག་མི་དགེ་བཅུ་པོ་གཏན་སྤངས་ལ། །ཆོས་དགེ་བ་བཅུ་པོ་དང་དུ་ལོང་། །ང་སེང་གེ་ལྟ་བུར་ཉམ་ང་མེད། །འགྱུར་བ་མེད་པའི་རྣལ་འབྱོར་བ། །འདྲེ་ཁྱོད་ཀྱི་དོ་ནུབ་ཐོ་འཚམས་པ། །གནོད་སྦྱིན་ཤ་ཟ་སྤུན་ལྔ་དང་། །མིག་བསྒྱུར་སྤྲུལ་པའི་ལྷ་འདྲེ་རྣམས། །རྒྱལ་པོ་བྱམས་པའི་སྟོབས་བཞིན་དུ། །སྨོན་ལམ་འབྲེལ་བས་མཚམས་སྦྱར་ནས། །བྱང་ཆུབ་སེམས་དང་ལྡན་གྱུར་ཏེ། །དུས་ཕྱི་མ་ང་ཡི་གདུལ་བྱར་ཤོག །
ཅེས་གསུངས་པས། བྲག་སྲིན་མོ་དེས་ཞབས་ལ་འཇུས་པ་དེ་བཏང་ནས་རླུང་དམར་འཚུབ་མ་ཞིག་བྱས་ནས་སྙན་པའི་གླུ་འདི་སྐད་ཕུལ་ལོ། །
ཀྱེ་མ་སྐལ་ལྡན་རྣལ་འབྱོར་པ། །བསོད་ནམས་བསགས་པས་དམ་ཆོས་སྤྱོད། །ངོ་མཚར་གཅིག་པུར་རི་ལ་བཞུགས། །ཐུགས་རྗེའི་སྤྱན་རྒྱང་འགྲོ་ལ་གཟིགས། །ང་པདྨ་ཐོད་ཕྲེང་བརྒྱུད་པ་འཛིན། །དམ་ཆོས་ཚིག་གི་ཕྲེང་བ་ཉན། །ཚིག་ཐོས་བསམ་བྱས་པས་ཡིད་ལ་ཡོད། །ད་ལྟ་རྣལ་འབྱོར་ཚོགས་ཁང་འགྲིམ། །ལས་འཕྲོ་ཅན་རྣམས་དགེ་ལ་བཀོད། །སྐལ་བ་ཅན་རྣམས་དོན་དང་སྤྲད། །སེམས་བཟང་སྣང་བ་དཀར་ལགས་ཀྱང་། །ལུས་ངན་མ་སོས་ལྟོགས་ཚོར་ཆེ། །སྐལ་བ་དམན་པའི་གདོན་བུ་བབ། །ལས་སུ་འཛམ་གླིང་གྲོང་ཁྱེར་ཉུལ། །ཟས་སུ་ཤ་དང་ཁྲག་ལ་དགའ། །མི་ཙམ་པོ་ཕལ་པའི་སེམས་ལ་ཞུགས། །མོ་འཕྱོར་མོ་ཀུན་ལ་སྨྱོ་ཆུ་བླུད། །ཕོ་འཕྱོར་པོ་ཀུན་ལ་མཚལ་རིས་བཏབ། །མིག་གིས་ཀུན་ལ་ལྟད་མོ་ལྟ། །སེམས་ཀྱིས་རྒྱལ་ཁམས་ཞེ་ལ་མནན། །ལུས་ཀྱིས་ཀུན་ལ་ཡེངས་རྒྱག་བྱས། །གནས་ནི་ལིང་བའི་བྲག་ལ་གནས། །དེ་ཚོ་ང་ཡི་སྤྱོད་འགྲོས་ཡིན། །ཁྱེད་ཀྱི་སྤྱན་སྔར་ཞུ་བ་ལགས། །ལན་གཅིག་གླུ་རུ་བླངས་པ་ཡིན། །འོ་སྐོལ་མཇལ་བའི་སྤྲོ་དགའ་ཡིན། །ད་ལྟ་མཚར་བའི་ཞུ་དོན་ཡིན། །རྗེ་བཙུན་བཞུགས་པའི་ཞབས་ཏོག་ཡིན། །ང་རང་དད་པའི་གསལ་ཚིག་ཡིན། །གླུ་དྲང་གཏམ་ཕུལ་བས་མཉེས་པར་ཤོག །
ཅེས་ཟེར་བས། རྗེ་བཙུན་གྱིས་སྨན་མོའི་རིགས་འདི་རྣམས་ཁ་མཁས་ཀྱང་ལག་ལེན་ལ་རེ་བ་མེད་པས། ད་རུང་དྲི་བ་ཞིག་བྱེད་དགོས་དགོངས་ནས་མགུར་འདི་གསུངས་སོ། །
འོ་ན་ཉོན་ཅིག་སྨན་མོ་ཁྱོད། །སློབ་དཔོན་བཟང་སྟེ་སློབ་མ་ངན། །ལྷ་ཆོས་ཐོས་བསམ་མང་བྱས་ཀྱང་། །དོན་མ་གོ་ཚིག་གི་ཕྲེང་བ་བཟུང་། །ཁས་ཡག་ཡག་གཏམ་ཡང་ལག་ལེན་མེད། །ཁྲམ་གཏམ་ཁ་ཡི་སྟོང་བཤད་དེ། །རང་རྒྱུད་དྲི་མ་འདག་མི་སྲིད། །ཁྱོད་སྔོན་གྱི་བག་ཆགས་ངན་པ་དང་། །འཕྲལ་དུ་ལས་ངན་བསགས་པ་ཡི། །སྡོམ་པ་དམ་ཚིག་ཁས་བླངས་ཉམས། །དེ་ཡི་སྟོབས་ཀྱིས་སྨན་མོར་སྐྱེས། །ལུས་སྡུག་བསྔལ་ཤ་ཟའི་གྲོང་དུ་རྒྱུ། །ངག་མི་བདེན་ངོས་ལྐོག་རྫན་རྫུན་མང་། །སེམས་མི་དགེ་འགྲོ་བའི་སྲོག་ལ་གནོད། །ལུས་ངན་པའི་གཟུགས་སུ་སྐྱེས་པ་དེ། །ལས་རྒྱུ་འབྲས་ཁྱད་བསད་ཆེས་པས་ལན། །ད་འཁོར་བའི་ཉེས་དམིགས་བསམ་ཤེས་ན། །ལས་མི་དགེ་བྱས་ཚད་བཤགས་པ་གྱིས། །དགེ་བ་བསྒྲུབ་པར་ཁ་ཡིས་ལོངས། །ང་སེང་གེ་ལྟ་བུར་ཉམ་ང་མེད། །གླང་ཆེན་ལྟ་བུར་ཉམ་ང་མེད། །སྨྱོན་པ་ལྟ་བུར་གཟའ་གཏད་མེད། །ང་ཡིས་ཁྱོད་ལ་བདེན་ཚིག་བརྗོད། །ཁྱོད་ཀྱིས་ད་རུང་དྲང་གཏམ་སྨྲོས། །མི་ང་ལ་བར་ཆད་ཐོ་འཚམས་པས། །འདྲེ་ཁྱོད་ཀྱི་གཏན་གྱི་བསོད་ནམས་རེད། །ཉོན་ཅིག་ལུས་ངག་གུས་པས་ཉོན། །མི་ང་ཡིས་ཀུ་རེ་བྱས་པ་ལ། །ཁྱོད་བདེན་ནོ་མ་བསམ་འདྲེ་མོ་ངན། །སྔོན་གནོད་སྦྱིན་ཤ་ཟ་སྤུན་ལྔ་དང་། །རྒྱལ་པོ་བྱམས་པའི་སྟོབས་བཞིན་དུ། །སྨོན་ལམ་འབྲེལ་བའི་སྟོབས་བཞག་ནས། །མ་འོངས་དུས་ན་རྗེས་སུ་འཛིན། །དེ་རྟོག་དཔྱོད་མཛོད་ཅིག་སྨན་མོ་འཕྲུལ། །
ཞེས་གསུངས་པས། བྲག་སྲིན་མོས་དྲང་གཏམ་གྱི་གླུ་འདི་ཕུལ་ལོ། །
ཀྱེ་མ་དུས་གསུམ་རྒྱལ་བ་ཀུན་གྱི་གཙོ། །རྡོ་རྗེ་འཆང་ལ་དྲང་སྲོང་ལུས། །ངོ་མཚར་བསྟན་པའི་བདག་པོ་མཛད། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་བཟུང་། །ངེད་སྨན་མོ་མིང་སྲིང་བསོད་ནམས་ཆེ། །ཁྱེད་ཀྱི་གསུང་ཐོས་གོ་བ་སྐྱེས། །ང་དང་པོ་སློབ་དཔོན་གཉེན་གྱིས་བཀའ། །དམ་པའི་ལྷ་ཆོས་ཐོས་བསམ་བྱས། །བར་དུ་ལས་འཕྲོ་ངན་ལ་ཞུགས། །ཉོན་མོངས་གདུབ་རྩུབ་བསྲན་བཟོད་མེད། །ཐ་མར་ཆོས་འཁོར་སྨན་མོར་སྐྱེས། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཕན་ཡང་བཏགས་ཏེ་གནོད་ཀྱང་བསྐྱལ། །དུས་ན་ནིང་སོང་བའི་སྔོན་རོལ་ཏུ། །ལིང་པའི་བྲག་ལ་སྒོམ་ཆེན་ཁྱེད། །བྱོན་ནས་གཅིག་པུར་སྒྲུབ་པ་མཛད། །ང་ཡང་རེས་དགའ་རེས་མ་དགའ། །དགའ་བའི་ཕྱིར་ན་དོ་ནུབ་མཇལ། །མ་དགའི་ཕྱིར་ན་ཞབས་ལ་འཇུས། །དེ་གནོང་བའི་ཕྱིར་ན་རྗེ་ལ་བཤགས། །དུས་ད་ལྟ་སྨན་མོའི་གདུག་རྩུབ་ཡང་། །ཆོས་སྙིང་ནས་བྱེད་ལ་སྡོང་གྲོགས་བྱེད། །མ་འོངས་དུས་ན་བདག་ཅག་རྣམས། །སྐུ་བདེ་ཆེན་ལྗོན་པའི་བསིལ་གྲིབ་ཀྱིས། །དུག་ལྔས་ཉིན་མཚན་གདུང་བ་ལ། །ལས་ངན་འདྲེ་མོ་བསྐྱབ་ཏུ་གསོལ། །ཁྱོད་ཀྱི་བཀའ་ལ་བརྟེན་ནས་སུ། །འདི་ནས་བཟུང་སྟེ་བྱང་ཆུབ་བར། །གདུག་པའི་བསམ་པ་ཀུན་ཞི་སྟེ། །རྣལ་འབྱོར་སྐྱོང་བའི་སྲུང་མ་བྱེད། །བྱང་ཆུབ་བསྒྲུབ་པའི་སྡོང་གྲོགས་བྱེད། །སྒོམ་ཆེན་ཀུན་གྱི་འབངས་མོ་བྱེད། །ཆོས་མཛད་ཀུན་གྱི་ཁ་འཛིན་བྱེད། །དམ་ཚིག་ཅན་གྱི་ལས་གྲོགས་བྱེད། །བསྟན་པ་སྲུངས་ཤིང་ཞབས་ཏོག་བྱེད། །
ཅེས་སྨོན་ལམ་བཟང་པོ་བརྗོད་ཅིང་བསྒྲུབ་པ་བྱེད་པ་ཐམས་ཅད་ཀྱི་མགོན་བྱེད་ཅིང་། གནོད་པ་མི་སྐྱེལ་བར་དམ་བཅས་ཤིང་དད་པར་གྱུར་ཏོ། །དེ་ནས་ཡང་བྲག་སྲིན་མོ་རྗེས་སུ་འཛིན་པའི་མགུར་འདི་གསུངས་སོ། །
ང་འཁོར་བ་སྤངས་པའི་བན་དེ་ཡིན། །བླ་མ་དམ་པའི་སྲས་བུ་ཡིན། །གདམས་ངག་རིན་ཆེན་གཏེར་མཛོད་ཡིན། །དམ་ཆོས་སྙིང་ནས་སྒྲུབ་པ་ཡིན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་ཡིན། །སེམས་ཅན་རྣམས་ཀྱི་མ་རྒན་ཡིན། །སྙིང་སྟོབས་ཅན་གྱི་དཀའ་ཐུབ་ཡིན། །ཤཱཀྱ་ཐུབ་པའི་སྲོལ་འཛིན་ཡིན། །བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན། །བྱམས་པ་སྔོན་ནས་བསྒོམ་པ་ཡིན། །སྙིང་རྗེས་གདུག་པ་འདུལ་བ་ཡིན། །ལིང་བའི་བྲག་ལ་བྱོན་པ་ཡིན། །ཡེངས་པ་མེད་པར་སྒོམ་པ་ཡིན། །ཁྱོད་དགའ་བར་སེམས་སམ་སྨན་མོ་འཁྲུལ། །དགའ་བར་མ་ཚོར་ཁྱེད་ཅག་ངན། །འདྲེ་ཁྱོད་བས་ཆེ་བ་ངར་འཛིན་ཡིན། །འདྲེ་ཁྱོད་བས་མང་བ་འདུ་ཤེས་ཡིན། །འདྲེ་ཁྱོད་བས་མང་བ་བསམ་ངན་ཡིན། །འདྲེ་ཁྱོད་བས་རྒོད་པ་རྣམ་རྟོག་ཡིན། །རྣམ་རྟོག་གི་ངོ་བོ་ཆོས་ཉིད་ཡིན། །འདྲེ་ལང་ཤོར་བག་ཆགས་ངན་པ་ཡིན། །འདྲེ་འདྲེ་རུ་བཟུང་ན་སྡང་དགྲ་ཡིན། །འདྲེ་སྟོང་པར་ཤེས་ན་སོད་པ་ཡིན། །འདྲེ་ཆོས་ཉིད་དུ་གྲོལ་ན་རང་གྲོལ་ཡིན། །འདྲེ་ཕ་མར་ཤེས་ན་ཟིན་པ་ཡིན། །སེམས་བྱང་ཆུབ་ཏུ་རྟོགས་ན་འདྲེ་མིང་མེད། །དེ་ཡིན་ལུགས་ཤེས་པས་ཐམས་ཅད་གྲོལ། །འདྲེ་སྨན་མོས་ཞུ་ཚིག་བརྡ་རུ་བསྟན། །མི་ཁོ་བོས་གདུལ་བྱར་དམ་ལ་བཏགས། །དམ་དབབ་ཁྱེད་ཅག་ཚིག་བཞིན་ཉོན། །བདག་ཅག་རྡོ་རྗེ་འཛིན་པ་ཡི། །གདམས་ངག་གཉན་པོའི་གསུང་མ་བཀྲལ། །ཐུགས་རྗེ་དྲག་པོའི་སུན་མ་འབྱིན། །ལུས་ངག་བསམ་པའི་བར་མ་གཅོད། །གལ་ཏེ་བབ་བཅོལ་སྤྱད་གྱུར་ན། །རྡོ་རྗེ་དམྱལ་བར་འགྲོ་བར་ངེས། །དོ་གལ་ཆེ་བས་ལན་གསུམ་གདབ། །དེ་གོ་བར་གྱིས་ལ་ལག་ལེན་མཛོད། །འོ་སྐོལ་སྨོན་ལམ་བཟང་པོས་འཕྲད། །མ་འོངས་ཚེ་ན་བདེ་ཆེན་ཞིང་། །རབ་འབྱམས་བསམ་གྱིས་མི་ཁྱབ་པར། །ཁྱོད་བྱང་ཆུབ་སེམས་དང་ལྡན་པར་གྱིས། །བྱང་ཆུབ་སེམས་དང་ཁྱོད་ལྡན་ན། །གདུལ་བྱ་འཁོར་གྱི་དང་པོར་སྐྱེ། །རྡོ་རྗེ་སེམས་དཔའི་བུད་མེད་བྱ། །
ཞེས་གསུངས་ཏེ་དམ་ལ་བཏགས་པས། བྲག་སྲིན་མོས་ཀྱང་བདེན་པར་སྨྲ་ཞིང་སྨོན་ལམ་བཏབ། བླ་མས་ཀྱང་བཀའ་བཀྱོན་ཅིང་ཆོས་བཤད་པས་བྲག་སྲིན་མོ་ཡང་དད་པར་གྱུར་པས་ཕྱག་དང་སྐོར་བ་བྱེད་ཅིང་ཡོད་པ་ལ། བླ་མ་ཐང་ཆད་པ་འདྲ་བའི་སྣང་བ་གཅིག་བྱུང་བ་ལ། གཉིད་ཡིན་ནམ་མ་ཡིན་པའི་ཐུན་ཆུང་གཅིག་ལ་སོང་ཙ་ན་ནམ་ཡང་ལངས་ནས་བྱུང་། དེ་ནས་ཉི་མ་རྩེ་ཤར་ལ་བྲག་སྲིན་མོ་ནི་སྔར་གྱི་འདྲེ་གཟུགས་མེད་པར་ལྷ་མོ་ཡིད་དུ་འོང་བ། དཔོན་གཡོག་ལྔ་བྱས་ནས། འབྲས་དང་། ལ་ཕུག་དང་། ས་ལུ་དང་། གོར་བ་དང་། བུ་རམ། སྦྲང་། ཤིང་མངར། རྒུན་འབྲུམ། ཁ་འབུ་ལ་སོགས་པའི་དཀར་གསུམ་མངར་གསུམ་གྱི་ཟས་སྣ་བརྒྱ་རྩ་བརྒྱད་བཤམས་ནས། བར་སྣང་གི་དབྱིངས་ནས་སྨན་བཙུན་མ་ལྔས་མགྲིན་གཅིག་ཏུ་བསྡེབས་ནས། ཆོས་ངེས་པའི་དོན་ཞུ་བའི་མཆོད་དབྱངས་འདི་ཕུལ་ལོ། །
ཨེ་མ་ཡ་རབ་མཛངས་ཀྱི་བུ། །བསོད་ནམས་བསགས་པའི་སྐལ་པ་ཅན། །བླ་མ་བཟང་པོས་བྱིན་བརླབས་ཅན། །སྒྲུབ་པ་བྱེད་པའི་སྙིང་རུས་ཅན། །གཅིག་པུར་སྡོད་པའི་སྙིང་སྟོབས་ཅན། །ཟབ་མོ་གནད་ཀྱི་བསྒྲུབ་ལ་བརྩོན། །འདྲེ་བར་ཆོད་ཡོད་པར་མི་སྲིད་ཀྱང་། །ནང་རྩ་རླུང་རྟགས་ཀྱི་རྟེན་འབྲེལ་ལ། །སྒྱུ་མའི་གར་གྱི་དོན་སྟོན་པ། །ངེད་ཅག་ཁྱེད་ཀྱི་སེམས་དང་སྡང་། །སྔོན་ཆད་ཤ་ཟ་སྤུན་ལྔ་ལ། །དེང་སང་སྨན་མོ་སྤུན་ལྔ་བསྟན། །མ་འོངས་ཚེ་རིང་སྤུན་ལྔ་ལ། །སྨོན་ལམ་འབྲེལ་བའི་མངོན་ཤེས་ཤར། །སྔོན་ཆད་གྲུབ་ཐོབ་མང་མཇལ་ཡང་། །བཀའ་དྲིན་བྱིན་རླབས་རྗེ་ལས་ཐོབ། །ད་སྨན་བཙུན་ལྔ་ཡིས་ཞུ་འབུལ་བ། །ཆོས་དྲང་དོན་ཐེག་ཆུང་མགོ་བསྐོར་འདིས། །ལས་ཉོན་མོངས་ཅན་ཐུལ་བར་དཀའ་བར་མཆི། །ཁ་བཤད་སྟོང་པའི་མཆོར་མགྲོན་འདི། །རྐྱེན་སྡུག་བསྔལ་བྱུང་ན་འབྲོས་པར་ངེས། །མི་ཆོས་དྲེད་དུ་སོང་བའི་སློབ་དཔོན་དེས། །རང་འདོད་པ་མ་གྲུབ་ཁྲོ་བར་འདུག །རྗེ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །ངེས་པ་དོན་གྱི་དོན་རྟོགས་པས། །ཐུགས་ལས་འཁྲུངས་པའི་ཟབ་མོའི་དོན། །གནད་ལ་དྲིལ་བའི་མན་ངག་དབྱངས། །ངེས་དོན་མཐར་ཐུག་སྐྱེལ་སོ་དེ། །བདག་ཅག་མིང་སྲིང་བྱམས་པའི་སྤུན། །འཁོར་དང་སློབ་མར་མཆིས་པ་ལ། །རྡོ་རྗེའི་གསང་ཚིག་དམ་པའི་དོན། །ཡེ་ཤེས་ཆེན་པོ་འོད་གསལ་བ། །མཆོག་གི་དོན་གསལ་གནང་དུ་གསོལ། །ངེས་དོན་ཟབ་མོ་གསང་བའི་རྒྱ། །ཐོས་པས་ངན་སོང་ལྟུང་མི་སྲིད། །བསྒོམ་པས་འཁོར་བར་འཁྱམས་མི་སྲིད། །སྦ་སྲི་མེད་པར་གནང་དུ་གསོལ། །ཞེས་ཞུས་པས། ད་རུང་ཁྱེད་ཚོས་ངེས་དོན་སྒོམ་མི་ནུས། གལ་ཏེ་ནུས་ན་དམ་བཅའ་དྲག་པོ་དགོས་གསུང་པ་ལ། འགྱུར་བ་མེད་པའི་སྲོག་སྙིང་ཐམས་ཅད་ཕུལ་ནས། དེ་ཕྱིན་ཆད་ཆོས་མཛད་ཐམས་ཅད་ལ་སྡོང་གྲོགས་བྱེད་པར་དམ་བཅས་ཏེ། ཁྱེད་ཀྱིས་ཅི་གསུང་བའི་བཀའ་ཉན་ཅིང་འབངས་སུ་མཆི་བས། རྣལ་འབྱོར་བ་ཁྱེད་ཀྱི་ཐུགས་ལ་འཁྲུངས་པའི་རྟོགས་པ་ཞིག་མགུར་དུ་བཞེས་འཚལ་ཞུས་པས། ངེས་དོན་གྱི་ཉམས་དབྱངས་ཐེམ་པ་ཉི་ཤུ་རྩ་བརྒྱད་མགུར་དུ་གསུངས་སོ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact