| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (5)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
བླ་མའི་བྱིན་བརླབས་སེམས་ལ་ཞུགས། །སེམས་སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས། །ཡོན་བདག་དད་པའི་ཕྱག་རྟེན་ལ། །ལྷ་ཡི་དམ་མཉེས་པའི་གླུ་ཞིག་ལེན། །སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་ལྟ་བའི་མདོར་བསྡུས་ཡིན། །གསལ་དང་མི་རྟོག་མ་ཡེངས་གསུམ། །འདི་གསུམ་སྒོམ་པའི་མདོར་བསྡུས་ཡིན། །མ་ཆགས་མ་ཞེན་མ་འཁྲུལ་གསུམ། །འདི་གསུམ་སྤྱོད་པའི་མདོར་བསྡུས་ཡིན། །རེ་མེད་དོགས་མེད་མཐར་སྐྱོལ་གསུམ། །འདི་གསུམ་འབྲས་བུའི་མདོར་བསྡུས་ཡིན། །ངོས་མེད་ལྐོག་མེད་ཟོལ་མེད་གསུམ། །འདི་གསུམ་དམ་ཚིག་མདོར་བསྡུས་ཡིན། །ཞེས་གསུངས་པས། ཡོན་བདག་མཉེས་ཏེ་ཁྱིམ་དུ་སོང་ངོ་། །
ལར་སྙེ་ནམ་གྱིས་མི་སྡེ་རྣམས་དད་པ་ཆེ་ཡང་མཁོས་ཆུང་བས། ཞབས་ཏོག་ཆེན་པོ་མ་བྱུང་བས་དཀོར་གྱི་དགེ་སྦྱོར་མ་འཕྲོག །ཟླ་བ་ལྔ་དྲུག་ནས་ལྟོགས་དྲིར་རླུང་ལ་མ་བསྐུར་ཞེས་གསུངས་སོ། །དེ་ཐམས་ཅད་སྤོ་རི་སྤོ་མཐོན་གྱི་སྐོར་རོ།། །།
༈ དེ་ནས་སྤོ་རི་སྤོ་མཐོན་ན་ལོ་དྲུག་སོང་བ་དང་། བྲག་དམར་མཆོང་གླིང་ཁྱུང་གི་རྫོང་དུ་སོང་ནས། ལོ་བཅུ་གཉིས། ཟླ་བ་བཅུ་གཉིས། ཟ་མ་བཅུ་གཉིས། བཅུ་གཉིས་པ་ཆ་བཞིའི་དམ་བཅའ་བྱས་པའི་འོག་ཏུ་ཤི་བ་ཅིག་ཨེ་ནུས་བསམ་ནས་བསྒྲུབས་པས། ཡུལ་གྱི་མིས་ཀྱང་གར་ཡོད་མ་ཚོར་བར་བསྒོམ་པས། ཨེ་འཆི་ཨེ་འཆི་བསམ་པ་ལ་འཆི་རྒྱུ་མ་བྱུང་ཞིང་དབང་པོ་ངན་པོར་བྱུང་། ད་རུང་མ་ཤི་ཡང་ཆོས་རང་བྱེད་བསམ་པ་སྐྱེས་ཏེ། ཟྭ་ཞིག་འཚོད་ནས་གསོལ་དགོངས་ནས་ཤིང་ཐུ་བ་ལ་བྱོན་པས། ཚེ་ལས་བྲེལ་བ་བས་དེ་རིང་ཤིང་འགའ་ཐུ་དགོངས་ནས་ཤིང་བཏུས་ནས་ཁུར་གཅིག་བྲག་ནང་དུ་བསྐྱལ། ཡང་གཅིག་འདབས་ནས་ཐུར་སོང་བས། དུམ་པ་ཅིག་རྡོ་ལེབ་ཅིག་གི་སྟེང་དུ་བཞག་ནས་བསྙེལ་བསོས་པ་ལ། རླུང་ཅིག་གིས་གཏོར་བས་ཐམས་ཅད་མི་རྟག་པ་འདི་ཡིན་ཨང་། བདག་ལ་ཡང་མི་རྟག་པ་ནམ་ཡོང་ཨང་། འདུས་བྱས་ཐམས་ཅད་མི་རྟག་པ་འདི་དང་འདྲ་ཞིང་། ནོར་ལ་ཡང་ཆོག་ཤེས་མེད་པའི་མི་ཚོ་ཡང་བདག་གིས་ཤིང་བཏུས་པ་དང་འདྲ་དགོངས་ནས་ཡོད་པ་ལ། ད་རུང་ཤིང་ཞིག་ཅིས་ཀྱང་ཐུ་དགོངས་པས། ཤིང་སྐམ་པོ་གཅིག་བཅག་པ་དང་མཉམ་དུ་འགྱེལ་བའི་ངང་ལ་དབང་པོ་མ་བྱུང་སྟེ། ཉི་མ་ཟེ་རེ་བ་ལ་སེར་བུ་བ་ཤི་རི་རི་བྱུང་བས། མནལ་སད་པ་འདྲ་བ་ཅིག་ལ་དབང་པོ་རྙེད་དེ། སྐྱོ་བའི་སྙིང་རླུང་དྲག་པོ་ཅིག་ལང་ནས་ཉི་ཤར་ཕྱོགས་སུ་གཟིགས་པས། བླ་མའི་སྐུ་མཁར་ཡོད་པའི་ཕྱོགས་སུ། སྤྲིན་དཀར་པོ་གཅིག་ལིང་ངེ་འདུག་པ་དང་། དེ་རུ་བླ་མ་ཏུར་གྱིས་དྲན་ནས་བླ་མ་དྲན་པའི་མགུར་འདི་གསུངས་སོ། །
རྗེ་བླ་མ་དེ་ལ་ཕྱག་འཚལ་གསོལ་བ་འདེབས། །སྤྲང་པོའི་སྙིང་རླུང་སངས་པར་ཐུགས་རྗེས་བཟུང་། །ཉི་མ་ཤར་ན་སྤྲིན་དཀར་ལང་མ་ལིང་། །ཤར་སྤྲིན་དཀར་པོ་ལྡིང་བའི་འོག་རོལ་ན། །བྲག་སེང་ཆེན་བསྣོལ་བའི་གདན་སྟེང་ན། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །མི་བདག་གི་བླ་མ་བཞུགས་པ་དེ། །མཚན་གསོལ་ན་མར་པ་ལོཙྪ་ཟེར། །དུས་ད་ལྟ་མཇལ་ན་དགའ་བ་ལ། །ད་ལྟ་མཇལ་ན་སྐྱིད་པ་ལ། །ས་སྐོར་ཐག་རིང་ཡང་མཇལ་སྙིང་འདོད། །ལམ་བགྲོད་པར་དཀའ་ཡང་མཇལ་སྙིང་འདོད། །ཤོ་མོ་ལར་ཡང་བླ་མ་དྲན་པར་བྱུང་། །བསམ་ཞིང་རྗེ་བཙུན་དྲན་པར་བྱུང་། །ཡུམ་སངས་རྒྱས་སྐྱེད་བྱེད་བདག་མེད་མ། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ད་ལྟ་བཞུགས་ན་སྐྱིད་པ་ལ། །མི་ལ་ཕྱག་རྟེན་མེད་ཀྱང་མཇལ་སྙིང་འདོད། །འབུལ་རྒྱུ་མེད་ཀྱང་མཇལ་སྙིང་འདོད། །ཤོ་མོ་ལར་ཡང་བླ་མ་དྲན་པར་བྱུང་། །བསམ་ཞིང་རྗེ་བཙུན་དྲན་པ་ཅིག་བྱུང་། །དབང་ཟབ་མོ་བརྡའི་དབང་བཞི་དེ། །དུས་ད་ལྟ་བསྐུར་ན་དགའ་བ་ལ། །ད་ལྟ་བསྐུར་ན་སྐྱིད་པ་ལ། །ང་འབུ་ཡོ་བྱད་ཆུང་ཡང་ཞུ་སྙིང་འདོད། །འཚོ་བ་དཀའ་ཡང་ཞུ་བ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པར་བྱུང་། །བསམ་ཞིང་རྗེ་བཙུན་དྲན་པ་ཅིག་བྱུང་། །རྒྱུད་ཟབ་མོ་ཀྱཻའི་རྡོ་རྗེ་དེ། །དུས་ད་ལྟ་བཤད་ན་དགའ་བ་ལ། །ད་ལྟ་གསུང་ན་སྐྱིད་པ་ལ། །ང་འབུ་ཤེས་རབ་ཆུང་ཡང་ཉན་སྙིང་འདོད། །བློ་རྩེ་རྟུལ་ཡང་ཉན་པ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པར་བྱུང་། །བསམ་ཞིང་རྗེ་བཙུན་དྲན་པ་ཅིག་བྱུང་། །ཁྲིད་ཟབ་མོ་ན་རོ་ཆོས་དྲུག་དེ། །དུས་ད་ལྟ་གསུང་ན་དགའ་བ་ལ། །ད་ལྟ་གསུང་ན་སྐྱིད་པ་ལ། །ང་འབུ་སྒོམ་སྲན་ཆུང་ཡང་བསྒོམ་སྙིང་འདོད། །འབྱུང་བཞི་རྒུད་ཀྱང་ཉན་པ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པར་བྱུང་། །བསམ་ཞིང་རྗེ་བཙུན་དྲན་པ་ཅིག་བྱུང་། །དབུས་གཙང་གི་གྲོགས་པོ་དད་འདུས་དེ། །དུས་ད་ལྟ་འཚོགས་ན་དགའ་བ་ལ། །ད་ལྟ་འཚོགས་ན་སྐྱིད་པ་ལ། །བགྲོ་གླེང་གོ་བསྡུར་བྱེད་སྙིང་འདོད། །ཉམས་བསྡུར་བླ་བོ་བྱེད་པ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པར་བྱུང་། །བསམ་ཞིང་རྗེ་བཙུན་དྲན་པ་ཅིག་བྱུང་། །བླ་མ་མཉེས་པའི་སྐུ་མཁར་དེ། །དུས་ད་ལྟ་བརྩིགས་ན་དགའ་བ་ལ། །ད་ལྟ་བརྩིགས་ན་སྐྱིད་པ་ལ། །ན་སོ་རྒས་ཀྱང་བརྩིག་སྙིང་འདོད། །སྒྱུ་ལུས་ངན་ཡང་རྩིག་པ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པར་བྱུང་། །བསམ་ཞིང་རྗེ་བཙུན་དྲན་པ་ཅིག་བྱུང་། །དྲིན་ཅན་གྱི་ཕ་མ་ཡབ་ཡུམ་དེ། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ད་ལྟ་བཞུགས་ན་སྐྱིད་པ་ལ། །ཕ་མའི་དྲིན་ལན་མཇལ་སྙིང་འདོད། །ཞབས་ཏོག་ཅི་ནུས་བྱེད་པ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པར་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །སྲིང་མོ་པྲེ་ཏ་དང་ཏེབ་ཆུང་དེ། །དུས་ད་ལྟ་ཡོད་ན་དགའ་བ་ལ། །ད་ལྟ་ཡོད་ན་སྐྱིད་པ་ལ། །མོ་རང་གི་ཟས་ལན་མཇལ་སྙིང་འདོད། །ཤོ་མོ་ལར་ཡང་བླ་མ་དྲན་པར་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །རྡོ་རྗེ་འཆང་ཆེན་བྱིན་རླབས་ཅན། །སྤྲང་པོའི་སྐྱོ་བ་སངས་པར་བྱིན་གྱིས་རློབས། །
ཞེས་གསུངས་པས། སྤྲིན་དེ་ཇེ་ཆེ་ཇེ་ཆེ་ལ་སོང་ནས་ཁོང་གིས་དབུ་ཐོད་དུ་སྣམ་བུ་དཔྱང་བ་བཞིན་དུ་འོང་ནས། སྤྲིན་དེའི་ནང་དུ་བླ་མ་མར་པ་དེ་ཉིད་སེངྒེ་བཅིབས་ནས་འདུག་པ་གཟིགས་པས། མི་ལ་རས་པ་ཁྱོད་དེ་རིང་འོ་དོད་ཆེན་པོ་བྱེད་པ་ཅི་བྱུང་། བླ་མ་ལ་དད་པ་སྐྱེས་སམ། རྐྱེན་ངན་རྟོག་པ་ཡུལ་ཕྱི་ལ་འབྲང་ངམ། ནང་སྒྲུབ་པའི་ཁང་པར་སྐྱིད་འདོད་ཀྱི་བར་ཆད་ཞུགས་སམ། བློ་འགོང་རེ་དྭོགས་བཅེར་བས་ཁོང་དུ་སྤུན་ནམ་ཅི་བྱུང་། ང་དང་ཁྱེད་གཉིས་འདུ་འབྲལ་མེད་པ་ཡིན་གསུངས་པའི་སྒྲ་ཐོས་པས། དགའ་དྲགས་པ་དང་འདི་བཟླས་མ་རྙེད་པ་ལ། དཔེ་དང་བྲལ་བའི་རྟོགས་པ་ཤར། བརྗོད་དུ་མེད་པའི་ཉམས་སྐྱེས་ནས། གསོལ་འདེབས་མོས་གུས་ཀྱི་མགུར་འདི་གསུངས་སོ། །
རྗེ་བླ་མའི་ཞལ་མཐོང་གསུང་ཐོས་པས། །སྤྲང་པོའི་སྙིང་རླུང་ཉམས་ལ་ཤར། །ཐུགས་རྗེས་ཡིད་ལ་བསམ་པ་ཡི། །རྟོགས་པ་མོས་གུས་གཏིང་ནས་སྐྱེས། །བཀའ་དྲིན་བྱིན་བརླབས་དངོས་ཞུགས་པས། །ཆོས་མིན་གྱི་སྣང་བ་ཁྲིགས་སེ་ཆད། །མི་མེད་ལུང་སྟོང་གི་འོ་དོད་འདི། །བླ་མའི་སྙན་ལ་གཟན་ལགས་ཀྱང་། །སྤྲང་འདི་མིན་གྱིས་སྣང་བ་ཚིམ་མ་ནུས། །སྙིང་རུས་སྡུག་བསྲན་གྱི་བསྒྲུབ་པ་འདི། །ཕ་བླ་མ་མཉེས་པའི་ཞབས་ཏོག་ལགས། །ན་མེད་གཅིག་པུའི་རི་ཁྲོད་འདི། །མ་མཁའ་འགྲོ་མཉེས་པའི་ཞབས་ཏོག་ཡིན། །ཤིར་ཆུག་ལྟོགས་སྒུར་གྱི་སྡུག་བསྲན་འདི། །མགོན་མེད་སེམས་ཅན་གྱི་སྦྱིན་པ་ཡིན། །གྲོགས་མེད་གཅིག་པུའི་སྙིང་རུས་འདི། །ལས་རྣམ་སྨིན་སྦྱོང་བའི་བྱབ་ཤིང་ཡིན། །ཟས་མེད་ཟྭ་ཡི་ཆོས་རྒྱགས་འདི། །ཉམས་རྟོགས་སྐྱེ་བའི་མཐུན་རྐྱེན་ཡིན། །ཕ་བླ་མའི་དྲིན་ལན་སྒྲུབ་པས་འཇལ། །དྲིན་ཐུགས་ལ་ཐོགས་ཤིག་གུ་རུ་རྗེ། །སྤྲང་རི་ཁྲོད་ནོན་པར་བྱིན་གྱིས་རློབས། །
ཞེས་གསུངས་ནས་སྣང་བ་བདེ་ཏིང་ངེ་ཤིང་དུམ་པ་ཅིག་ཁྱེར་ནས་ཡར་སོང་ཙ། ཕུག་པ་ན་ལྕགས་ཀྱི་ཨ་ཙ་ར་གཟུགས་མཐེ་བོང་ཙམ་མིག་ཕོར་པ་ཙམ་ཡོད་པ་བདུན་གྱིས། ལ་ལས་མེ་འབུད། ལ་ལས་ཆུ་ལེན། ལ་ལས་རྩམ་པ་བཏག་སྟངས་དང་། ལས་སྣ་ཚོགས་པའི་ཆོ་འཕྲུལ་སྟོན་ཅིང་འདུག་པ་དང་། གཟིགས་མ་གཟིགས་ལ་ཡ་ང་བ་ཅིག་བྱུང་བས། ལྷ་སྒོམ་ནས་དྲག་སྔགས་བཟླས་པས་ཀྱང་ལྟ་སྟངས་རོལ་པ་ཆེར་བྱས། བྱམས་སྙིང་རྗེ་བསྒོམ་པས་ཀྱང་ཞི་མ་ནུས་པས། འདི་རྣམས་གནས་འདིའི་གཞི་བདག་ཨེ་ཡིན། ང་ལ་བར་ཆད་རྩོམ་པར་འདུག་སྟེ། ང་འདི་འདྲ་བའི་བར་ཆད་ལ་མི་འཇིགས། འོན་ཀྱང་གནས་འདི་ལ་བསྟོད་པ་བྱ་དགོངས་ནས་མགུར་འདི་གསུངས་སོ། །
ཕ་སྒྲ་བསྒྱུར་རྒྱལ་པོ་རིན་པོ་ཆེ། །ཐུགས་རྗེའི་ལྕགས་ཀྱུས་ཙིར་གྱིས་བཟུང་། །ཨེ་མ་རི་ཁྲོད་དབེན་པའི་གནས། །རྒྱལ་བས་བྱང་ཆུབ་རྙེད་པའི་ས། །འཕགས་པ་རྣམས་ཀྱང་གཤེགས་པའི་ཤུལ། །མ་དང་མཁའ་འགྲོ་འདུ་བའི་གནས། །གྲུབ་ཐོབ་རྣམས་ཀྱང་འབྱོན་པའི་ས། །མི་རང་ཉིད་གཅིག་པུར་གནས་པའི་ཡུལ། །གནས་བྲག་དམར་མཆོང་གླིང་ཁྱུང་གི་རྫོང་། །སྟེང་ན་ལྷོ་སྤྲིན་སྨུག་པོ་འཁྲིགས། །བར་ན་རྒོད་པོ་ལང་མ་ལིང་། །མདའ་ན་གཙང་ཆབ་མེ་རེ་རེ། །དེ་ལ་ཉ་སྲམ་གྱ་མ་གྱུ། །རྒྱབ་ཏུ་རི་རྒྱལ་རྩེ་མཐོ་བ། །དེ་ལ་རྩི་ཤིང་སྣ་ཚོགས་རྒྱས། །མདུན་དུ་འབྲས་ཕུང་རང་ལ་འཁོར། །དེ་ལ་ཆུ་མིག་མེ་ཏོག་རྒྱས། །རྩ་ན་ན་སྤང་ཆོ་ལོ་རིས། །དེ་ལ་ཤ་རྐྱང་མ་བུ་རྩེ། །ཤིང་ལོ་མེ་ཏོག་པདྨ་རིས། །དེ་ལ་འཇོལ་མོ་གསུང་སྙན་སྒྲོག །རྫ་དང་གཡའ་མ་གངས་རི་མང་། །དེ་ལ་གོང་མོས་སྐད་སྙན་འགྱུར། །འབྲོག་དང་ལུང་པའི་ཕུ་མདའ་དམ། །དེ་ལ་བར་ཆོད་མི་རྗེས་ཆད། །ང་དང་གནས་བཟང་བྱང་ཆུབ་མཐུན། །དེ་ལྟ་བུ་ཡི་དབེན་གནས་འདིར། །ང་མི་ལ་རས་པའི་ཉམས་མྱོང་སྐྱོང་། །ཉམས་མྱོང་རྩ་བ་བྱང་ཆུབ་སེམས། །འདྲེ་འདིར་ཚོགས་བར་བཅད་མི་མ་ཡིན། །བྱམས་སྙིང་རྗེའི་བདུད་རྩི་འཐུང་ལ་དེངས། །
ཞེས་གསུངས་པས། ཆོ་འཕྲུལ་གཏོང་བའི་ཨ་ཙ་ར་གསུམ་དེངས་ནས་སོང་། བཞི་པོ་དེ་འགྲོ་མ་ཉན་པས། འདྲེའི་ཆོ་འཕྲུལ་བར་ཆད་ཡིན་པར་དགོངས་ནས། ལྟ་བ་གདེངས་དང་ལྡན་པའི་མགུར་འདི་གསུངས་སོ། །
ང་སེང་གེ་དཀར་མོའི་བུ་རྒྱུད་འདི། །སེང་ཕྲུག་གི་རིང་ལ་ཁྱུ་སྣ་དྲོངས། །སེང་ཆེན་གྱི་རིང་ལ་གངས་ཁྲོད་འགྲིམ། །དགྲ་བུ་ཡུག་འཚུབ་ཀྱང་ཉམས་མི་ང་། །ང་བྱ་རྒྱལ་ཁྱུང་གི་བུ་རྒྱུད་འདི། །བྱ་བྲན་གྱི་རིང་ལ་ཁྱུ་སྣ་དྲོངས། །ཁྱུང་ཆེན་གྱི་རིང་ལ་ནམ་འཕང་གཅོད། །མཐོ་གཡང་ས་ཆེ་ཡང་ཉམས་མི་ང། །ང་ཡོ་ཆེན་ཉ་མོའི་བུ་རྒྱུད་འདི། །ཉ་བྲན་གྱི་རིང་ལ་མཚོ་མཐའ་བསྐོར། །ཉ་ཆེན་གྱི་རིང་ལ་གཙང་ཆབ་འགྲིམས། །ཆབ་གཙང་པོ་གཡོས་ཀྱང་ཉམས་མི་ང་། །ང་ན་རོ་མཱཻ་ཏྲིའི་བུ་བརྒྱུད་འདི། །སྒོམ་སྒྲུབ་གི་རིང་ལ་བླ་མ་བརྟེན། །སྒོམ་ཆེན་གྱི་རིང་ལ་རི་ཁྲོད་འགྲིམ། །ཁྱོད་བར་ཆད་ཀྱི་གདོན་ལ་ཉམས་ང་མེད། །འདྲེ་དེ་རིང་བྱོན་པ་ངོ་མཚར་ཆེ། །སང་ཉིན་ཅིས་ཀྱང་འབྱོན་པར་ཞུ། །སྐབས་སྐབས་སུ་གླེང་སློང་ཡང་ཡང་བྱེད། །
ཅེས་གསུངས་པས། ཨ་ཙ་ར་གསུམ་ནི་འཇའ་ཡལ་བ་བཞིན་དུ་སོང་། གཅིག་ནི་ལྟ་སྟངས་དང་རོལ་བ་ཆེར་བྱས་པས་འདི་མ་རུང་བའི་མཐུ་བོ་ཆེ་ཞིག་རེད་དགོངས་ནས་རྟོགས་ཚད་ལྟ་བའི་མགུར་འདི་གསུངས་སོ། །
ང་སེང་གེ་གངས་ལ་འགྱིང་བ་སྦར་མི་ཁྱགས། །སེང་གེ་གངས་ལ་འགྱིང་བ་སྦར་ཁྱགས་ན། །སེང་རྩལ་གསུམ་རྫོགས་པ་དོན་གོ་ཆུང་། །ང་མཁའ་ལ་བྱ་འཕུར་ལྷུང་མི་སྲིད། །མཁའ་ལ་བྱ་འཕུར་བ་ལྷུང་སྲིད་ན། །བྱ་གཤོག་དྲུག་རྒྱས་པ་དོན་འགོ་ཆུང་། །ང་ཉ་ཆབ་ལ་གནས་པ་འཚུབ་མི་སྲིད། །ཉ་ཆབ་ལ་གནས་པ་འཚུབ་སྲིད་ན། །ཉ་གསེར་མིག་འཁྱིལ་བ་དོན་འགོ་ཆུང་། །ང་ལྕགས་ཀྱི་ཕ་བོང་རྡོས་མི་ཆོགས། །ལྕགས་ཀྱི་ཕ་བོང་རྡོས་ཆོགས་ན། །ལྕགས་ཞུན་ཐར་ལེགས་པ་དོན་འགོ་ཆུང་། །ང་སེམས་སྟོང་ཉིད་རྟོགས་པ་འདྲེར་མི་འཇིགས། །སེམས་སྟོང་ཉིད་རྟོགས་པ་འདྲེར་འཇིགས་ན། །མཐོ་བྲག་ལ་སྒོམ་པ་དོན་འགོ་ཆུང་། །ཁྱོད་འདྲའི་འདྲེ་ལ་ཉམས་ང་མེད། །ཁྱོད་འདྲའི་འདྲེ་ལ་ཉམས་ང་ན། །སེམས་སྟོང་ཉིད་ཤར་བ་དོན་འགོ་ཆུང་། །འདྲེ་ད་རུང་བཞུགས་ན་ཐུགས་ལ་བཏགས། །ཁྱོད་རོགས་པ་ཡོད་ན་སྐད་ལ་ཤོག །ངེད་རང་གསུང་གླེང་ཁོ་ཐག་ཆོད། །ཨ་ཙ་མ་ན་འབྱུང་པོ་སྙིང་རེ་རྗེ། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་སྙིང་པོ་འབྱོངས་པར་བྱིན་གྱིས་རློབས། །ཞེས་གསུངས་ནས་བྱམས་སྙིང་རྗེས་ལུས་ལ་ལྟོས་པ་མེད་པར་བྱིན་པས། ཟ་རྒྱུ་མ་བྱུང་བར་འཇའ་ཡལ་བ་བཞིན་དུ་སོང་ངོ་། །
དེ་ནས་རྗེ་བཙུན་སྐྱིད་པ་ཉི་མ་རྫོང་ལ་བཞུགས་པའི་སྐབས་སུ། བྲག་སྲིན་གྱིས་ཨ་ཙ་ར་རྣ་བ་ཤ་ལེ་བ་ཕྲུ་གུ་གསུམ་དུ་བྱས་ནས་བར་ཆད་བརྩམས་པས་མགུར་འདི་གསུངས་སོ། །
འཇིག་གི་དྭོགས་ནས་མཁར་ཅིག་བརྩིགས། །མཁར་ནི་ཆོས་ཉིད་སྟོང་པའི་མཁར། །ད་ཡང་འཇིག་སྙམ་མི་བགྱིད་དོ། །སྐྱོ་ཡི་དྭོགས་ནས་གྲོགས་ཅིག་བཙལ། །གྲོགས་ནི་བདེ་སྟོང་སྒྱུ་མའི་གྲོགས། །ད་ཡང་སྐྱོ་སྙམ་མི་བགྱིད་དོ། །ཁྱག་གི་དྭོགས་ནས་གོས་ཞིག་བཙལ། །གོས་ནི་གཏུམ་མོ་ལྷུན་གྲུབ་གོས། །ད་ཡང་ཁྱགས་སྙམ་མི་བགྱིད་དོ། །ལྟོག་གི་དྭོགས་ནས་ཟས་ཞིག་བཙལ། །ཟས་ནི་མི་རྟོག་རྣམ་གྲོལ་ཟས། །ད་ཡང་ལྟོགས་སྙམ་མི་བགྱིད་དོ། །ནོར་གྱི་དྭོགས་ནས་ལམ་ཞིག་བཙལ། །ལམ་ནི་ཟུང་འཇུག་ཡངས་པའི་ལམ། །ད་ཡང་ནོར་སྙམ་མི་བགྱིད་དོ། །ཞེས་གསུངས་པས་གར་སོང་ཆ་མེད་པར་སོང་སྐད།
རྗེ་བཙུན་ཉམས་རྟོགས་སྐྱོང་བཞིན་བཞུགས་ཙ་ན། ནམ་མཁའ་ལ་གཟུགས་མེད་པའི་སྒྲ་ཆེན་པོ་དང་། ལྕེ་གློག་ལྟར་འཁྱུག་པ་དང་། སྒྲ་ངར་ངར་པོ་འབྱིན་པ་དང་། རྟ་པ་དང་རྐང་ཐང་མང་པོ་འདུས་ནས་རྣལ་འབྱོར་པ་ཁྱོད་ལ་ཚེ་སྲོག་འཇོམས་པར་བྱེད་ཅེས་བྱ་བ་ལ་སོགས་བསྡིགས་པས། བྲག་དཀར་རྟ་སོའི་ཀླུ་བཙན་ཡིན་པར་ཤེས་ནས། དེའི་དུས་སུ་རྗེ་བཙུན་ཆེན་པོ་དེ་བསྐྱེད་རྫོགས་ལ་བརྟན་པ་ནི་ཐོབ། སེམས་དངོས་པའི་གནས་ལུགས་ནི་ཁོང་དུ་ཆུད། ཕྱི་འདོད་པའི་ཡོན་ཏན་ལ་ནི་ཡིད་རྣམ་པར་ཆད། ཐམས་ཅད་ངའི་དགེ་སྦྱོར་གྱི་བོགས་འདོན་ནམ། བསྐུལ་མར་ཟད་དེ། ངས་བསྒྲུབ་པས་རྙེད། ཕྱིན་པས་སླེབ། དངོས་གྲུབ་ཆེ། ཨ་ལ་ལ་ཧོ། ཞེས་གསུངས་ནས་དེར་འདུས་པའི་ལྷ་འདྲེ་རྣམས་ལ་མགུར་འདི་གསུངས་སོ། །
བླ་མ་ཡིད་བཞིན་ནོར་བུ་རིན་པོ་ཆེ། །ང་མི་ལ་མཐུ་ཆེན་མ་བསྙེལ་ལམ། །ཁྱེད་འདིར་ཚོགས་ལྷ་འདྲེ་མ་ལུས་ཉོན། །ཁོང་སེང་གེ་དཀར་མོ་གཅན་མི་འཇིགས། །སེང་གེ་དཀར་མོ་གཅན་འཇིགས་ན། །སེང་རྩལ་གསུམ་རྫོགས་པ་དོན་རེ་ཆུང་། །ཁོང་བྱ་རྒྱལ་རྒོད་པོ་གཡང་མི་ཟ། །བྱ་རྒྱལ་རྒོད་པོས་གཡང་ཟ་ན། །བྱ་གཤོག་དྲུག་རྒྱས་པ་དོན་རེ་ཆུང་། །ཁོང་ལྕགས་ཀྱི་གོང་བུ་རྡོས་མི་བཤིག །ལྕགས་ཀྱི་གོང་བུ་རྡོས་བཤིག་ན། །ལྕགས་ཞུན་མཐར་བྱས་པ་དོན་རེ་ཆུང་། །ང་ཆགས་མེད་རྣལ་འབྱོར་འདྲེར་མི་འཇིགས། ། ཆགས་མེད་རྣལ་འབྱོར་འདྲེར་འཇིགས་ན། །སེམས་སྟོང་ཉིད་བསྒོམ་པ་དོན་རེ་ཆུང་། །ཁོང་སེང་གེ་དཀར་མོའི་བུ་བརྒྱུད་འདི། །སེང་ཕྲུག་ཆུང་ནས་གངས་ཁྲོད་འགྲིམ། །གངས་ཁྲོད་འགྲིམ་པས་རྩལ་གསུམ་རྫོགས། །གཅན་ཟན་བྱིན་ལ་ཉམས་མི་ང་། །ཁོང་བྱ་རྒྱལ་རྒོད་ཀྱི་བུ་བརྒྱུད་འདི། །བྱིའུ་ཙམ་ནས་ནམ་འཕང་གཅོད། །ནམ་འཕང་བཅད་པས་གཤོག་སྒྲོ་རྒྱས། །རི་གཅོང་རོང་ཟབ་ཀྱང་ཉམས་མི་ང་། །ཁོང་ཉ་ཆེན་ཉོར་མའི་བུ་བརྒྱུད་འདི། །ཉེའུ་ཙམ་ནས་མཚོ་མཐའ་བསྐོར། །མཚོ་མཐའ་བསྐོར་བས་རྩལ་གསུམ་རྫོགས། །རྦ་རླབ་གཤོག་ཀྱང་ཉམས་མི་ང་། །ང་ན་རོ་པཎ་ཆེན་བུ་བརྒྱུད་འདི། །སྒོམ་ཕྲུག་ཙམ་ནས་རི་ཁྲོད་འགྲིམ། །རི་ཁྲོད་འགྲིམ་པས་ཉམས་མྱོང་རྒྱས། །བདུད་བར་ཆད་བགེགས་ལ་ཉམས་མི་ང་། །མཁའ་ལ་ཁྲི་གདུགས་ཤར་བ་དེ། །འགྲོ་བ་ཡོངས་ལ་རྒྱན་དུ་ཆེ། །ལྷོ་སྤྲིན་སྨུག་ལ་ཆར་འབབ་པ། །འབྲུ་བཅུད་ཡོངས་ལ་རྒྱན་དུ་ཆེ། །བདུད་དང་ཆོ་འཕྲུལ་སྣ་ཚོགས་པ། །ང་རྣལ་འབྱོར་པ་ཡི་རྒྱན་དུ་ཆེ། །ང་ལུས་ནི་ལྷ་ཡི་རྫོང་ལ་ཞེན། །ངག་ནི་སྔགས་ཀྱི་རྫོང་ལ་ཞེན། །སེམས་ནི་འོད་གསལ་རྫོང་ལ་ཞེན། །ང་རྫོང་གསུམ་འདི་དང་མ་བྲལ་ན། །བདུད་ཆོ་འཕྲུལ་ང་ཡི་རྒྱན་དུ་ཆེ། །ཞེས་གསུངས་པས་ལྷ་འདྲེ་རྣམས་དད་པར་གྱུར་ཏོ། །
དེ་ནས་རྗེ་བཙུན་བྲག་སྐྱ་རྡོ་རྗེ་རྫོང་ན་བཞུགས་དུས། རི་བོང་གཅིག་གིས་ཝ་ཅིག་གཞོན་ནས་རྩི་སྐྱོང་གི་མདའ་ཐོག །རི་ཤོ་ཁོག་མ་ལ་ཕུབ་ཟུར་ནས་མདུན་དུ་ཡར་བརྒྱུག་མར་བརྒྱུག་བྱས་པ་དེ་གཟིགས་ནས་མགུར་འདི་གསུངས་སོ། །
ང་ཕ་ལ་བུ་སྐྱེས་གྱད་ཀྱི་རིགས། །སྡར་ལ་དོམ་དཔྱང་ཞིང་འབྲོས་མ་མྱོང་། །ང་ཕ་མྱེས་ཀྱི་ཚ་བོ་སྟག་སླག་ཅན། །སྡང་དགྲ་ལ་སྟ་ཟུར་ཤོར་མ་མྱོང་། །ང་གཅན་ཟན་རྒྱལ་པོ་སེང་གེའི་རིགས། །མཐོ་གངས་དཀར་མིན་པ་སྡོད་མ་མྱོང་། །ལྕགས་ཀྱི་གའུ་རྡོས་མི་ཆོད། །ལྕགས་ཀྱི་གའུ་རྡོས་ཆོད་ན། །ལྕགས་ཞུན་འཐར་བྱས་པས་དོན་རེ་ཆུང་། །བྱ་རྒྱལ་རྒོད་པོ་གཡང་མི་ཟ། །བྱ་རྒྱལ་རྒོད་པོ་གཡང་ཟ་ན། །རྒོད་གཤོག་དྲུག་རྒྱས་པ་དོན་རེ་ཆུང་། །སེང་གེ་དཀར་མོ་ཉམས་མི་ང་། །སེང་གེ་དཀར་མོ་ཉམས་ང་ན། །སེང་རྩལ་གསུམ་རྫོགས་པ་དོན་རེ་ཆུང་། །ང་མི་ལ་རས་པ་འདྲེར་མི་འཇིགས། །མི་ལ་རས་པ་འདྲེར་འཇིགས་ན། །སེམས་སྟོང་ཉིད་སྒོམ་པ་དོན་རེ་ཆུང་། །ཝ་ད་རུང་རྒྱུག་དང་མཚར་ཡང་མཚར། །ཝ་མོའི་རྟ་ཕོ་བང་རེ་མགྱོགས། །རི་བོང་གི་མི་ཕོ་རྩལ་རེ་ཆེ། །རྩི་སྐྱོང་གི་མདའ་གཞུ་ཁ་རེ་གཟེ། །རི་ཤོའི་ཕུབ་ཆུང་གོ་རེ་བཙན། །ཨ་ནི་རེ་མཚར་རྒོད་རེ་བྲོ། །ཅེས་གསུངས་པས་ཝ་མོའི་རྟ་ཁ་བསྒྱུར་ད་ནས་མི་རྒྱུག་ཁྱོད་མི་སྐྲག་པར་འདུག་ཟེར་ཏེ་ཡལ་ནས་སོང་ངོ་། །དེ་ཐམས་ཅད་བྲག་དམར་མཆོང་གླིང་སོགས་ཀྱི་སྐོར་རོ།། །།
༈ དེ་ནས་དམ་བཅའ་ཐམས་ཅད་རྫོགས་པ་དང་། བྲིན་སྙེ་ནམ་གྱི་སོ་མཚམས་ལ་ཕྱི་གངས་ཀྱི་རྭ་བ་དེར་རྗེ་བཙུན་བྱོན་ནས་ཐུགས་ཉམས་སྐྱོང་ཞིང་བཞུགས་པ་ལ། སྟོན་ཟླ་ར་བའི་ཚེས་བཅུ་བཞིའི་ནུབ་མོ་ལ་ཕྱི་ཆུ་བཟང་གི་ལྷ་འདྲེ་ཐམས་ཅད་ཀྱིས་དམག་བྱས་ནས་འོང་བས། ཆོ་འཕྲུལ་ཡ་མ་ཟུང་རིགས་མི་འདྲ་བ་མང་པོ་བསྟན་པས། མི་མ་ཡིན་དེ་རྣམས་ལ་མགུར་འདི་གསུངས་སོ། །
རྗེ་བླ་མའི་བཀའ་དྲིན་སྙིང་ལ་བཞུགས། །ནང་དངོས་པོར་འཛིན་པའི་སྙིང་རླུང་བསལ། །བློ་པདྨ་དཀར་པོའི་འདབ་བཞི་རྒྱས། །བློ་འཁྲུལ་སྣང་མིག་འཁྲུལ་ཤེས་པ་ལ། །གདོན་གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་འདི། །ཨ་ཙ་མ་ཡིད་བཏགས་སྙིང་རེ་རྗེ། །སྔོན་ལས་ངན་བསགས་པའི་འབྲས་བུ་དེས། །ད་ལྟ་ལུས་ངན་རྣམ་སྨིན་མྱོང་། །ཡིད་མཁའ་ལ་རྒྱུ་བ་ཀུན་སློང་ངན། །སྦྱོར་ངན་ཉོན་མོངས་ཀྱི་གདུབ་རྩུབ་ཀྱིས། །གསོད་གཅོད་བརྡེག་བཙོག་བྱེད་དོ་ཞེས། །མི་ང་ལ་ཁྱེད་རྣམས་མི་གནོད་དེ། །ཁྱོད་ལས་ངན་བསགས་པས་ད་གཟོད་སྡུག །ང་རྟོག་མེད་རྟོགས་པའི་རྣལ་འབྱོར་བདེ། །བློ་ཡ་ང་མེད་པ་ལྟ་བའི་གདེང་། །དཔའ་བོ་སེང་གེའི་སྤྱོད་འགྲོས་ཀྱིས། །ལུས་ནི་ལྷ་ཡི་རྫོང་ལ་ཞེན། །ངག་ནི་སྔགས་ཀྱི་རྫོང་ལ་ཞེན། །སེམས་ནི་འོད་གསལ་རྫོང་ལ་ཞེན། །ཚོགས་དྲུག་རང་རང་ངོ་བོས་སྟོང་། །འོད་ལུས་རྡོ་རྗེའི་རྣལ་འབྱོར་ལ། །ཁྱོད་ཡིད་བཏགས་ཐོ་འཚམ་ཅི་ལ་ཕན། །སྤྱིར་དགེ་སྡིག་འབྲས་བུ་བདེན་ནུས་ཆེ། །རྒྱུ་མཐུན་འབྲས་བུས་བསགས་བསགས་ནས། །ངན་སོང་འགྲོ་བས་ཡི་རེ་མུག །ཨ་ཙ་མ་ཡི་དྭགས་ཉོན་རེ་མོངས། །དོན་གནས་ལུགས་མ་རྟོགས་སྙིང་རེ་རྗེ། །མདོག་ངན་མི་ལ་རས་པ་འདི། །ངག་རིག་བྱེད་གླུ་ཡི་ཆོས་བཤད་པ། །ནང་བཅུད་ཀྱིས་བསྡུས་པའི་སེམས་ཅན་རྣམས། །གཉེན་ཕ་མར་མ་གྱུར་གང་ཡང་མེད། །དེ་དྲིན་ཅན་ཡིན་པས་སྡུག་པར་ཕོངས། །ཁྱོད་ཡི་དྭགས་གནོད་སེམས་སླར་ལོག་ནས། །ལས་རྒྱུ་འབྲས་བསམ་ན་ཅི་མ་ལེགས། །ཆོས་དགེ་བཅུ་སྤྱད་ན་ཅི་བདེ་འཐོབ། །ཚིག་ལེགས་པར་ཟུང་ལ་རྟོག་དཔྱོད་ཐོངས། །དོན་གོ་བར་མཛོད་ལ་ཉམས་སུ་ལོངས། །
ཞེས་གསུངས་པས། དེར་འཚོགས་པའི་ཡུལ་བཙན་དང་བྲག་སྲིན་རྣམས་ན་རེ། ངེད་འདིར་ཚོགས་པ་རྣམས་ལས་ངན་གོམས་དྲག་པས་སྡིག་པས་གནོད་པར་ཤེས། དགེ་བས་ཕན་པར་གོ་ཡང་ལས་ངན་ཤུགས་ཀྱི་སྤྱོད་པ་ལ་དགའ་བ་ཅིག་བྱུང་བས། རང་དབང་མ་བྱུང་། བླ་མའི་མགུར་དེ་འདྲ་ཡིན་ན་དགེ་བ་ལ་སྤྲོ་སྤྲོ་འདུག་ཅིང་། ཤིན་ཏུ་སྙན་ཅིང་ཕན་པར་བྱུང་བས་ད་རུང་མགུར་ཞིག་གསུང་བར་ཞུ་ཞུས་པས། ཡང་ཆོས་བཤད་འདི་མགུར་དུ་གསུངས་སོ། །
རྗེ་བླ་མའི་བཀའ་དྲིན་སེམས་ལ་ཞུགས། །སེམས་བསམ་པ་ལོག་པ་སྐྱེ་མ་མྱོང་། །དོན་བདེན་པའི་ཚིག་དང་མ་འབྲེལ་ན། །གླུ་གྲེ་འགྱུར་སྙན་པ་པི་ཝང་ཡིན། །ཆོས་མཐུན་པ་དཔེ་ཡིས་མི་མཚོན་པའི། །ཚིག་སྡེབ་སྦྱོར་མཁས་ཀྱང་ཐ་སྙད་ཡིན། །ཆོས་ལག་ལེན་རྒྱུད་ལ་མི་འགེལ་ན། །ངས་ཤེས་སོ་ཟེར་ཡང་མགོ་སྐོར་ཡིན། །དོན་སྙན་བརྒྱུད་ཀྱི་གདམས་པ་མ་སྒོམ་ན། །གནས་རི་ཁྲོད་བཟུང་ཡང་རང་སྡུག་ཡིན། །ཕན་ངེས་པའི་དམ་ཆོས་མི་བྱེད་ན། །འཕྲལ་སོ་ནམ་རེམ་ཡང་སྡུག་བསྔལ་ཡིན། །ལས་རྒྱུ་འབྲས་ཞིབ་ཏུ་མ་བརྩིས་ན། །ཚིག་ཁ་ལྟ་ཆེ་ཡང་སྨྱོན་པ་ཡིན། །ཆོས་བཤད་པ་ཡིད་ལ་མི་འཇོག་ན། །ཁས་བཤད་ལོ་བྱས་ཀྱང་ཆུད་ཟོས་ཡིན། །ལས་མི་དགེ་སྤངས་ན་ངང་གིས་འགྲིབ། །ལས་དགེ་བ་བསྒྲུབ་ན་ངང་གིས་འགྲུབ། །འགག་གཅིག་ལ་དྲིལ་ལ་ཉམས་སུ་ལོངས། །ཚིག་མང་པོ་བཤད་པས་ཕན་པ་ཆུང་། །དོན་དེ་བཞིན་ཉམས་སུ་ལེན་གལ་ཆེ། །
ཞེས་གསུངས་པས། བླ་མ་ལགས། དོན་འདི་ཡིན་ཞིབ་ཏུ་མ་བཤད་ན་མི་གོ་ལགས་པས། ཁྱོད་ད་རུང་མགུར་ཅིག་གསུངས་དང་ངེད་རྣམས་ཀྱི་ཆོ་འཕྲུལ་ཡང་ཞི་བར་བྱེད་ཟེར་བས། ཆོ་འཕྲུལ་མ་ཞི་བ་རྣལ་འབྱོར་པའི་གྲོགས་སུ་བཟང་ཞིང་རྒྱན་དུ་ཆེ་གསུང་ནས་མགུར་འདི་གསུངས་སོ། །
ང་སེམས་རང་དབང་ཐོབ་པའི་རྣལ་འབྱོར་པ། །རྒྱན་དུ་ཆེ་བའི་གླུ་ཞིག་ལེན། །ཁྱོད་འདིར་ཚོགས་གནོད་སྦྱིན་ཕོ་མོ་རྣམས། །ཡིད་མ་ཡེངས་རྣ་བའི་དབང་པོ་གཏོད། །དབུས་རི་བོ་མཆོག་རབ་མཆོད་རྟེན་ལ། །ལྷོ་བཻ་ཌཱུརྻའི་འོད་གསལ་བ། །འཛམ་གླིང་ནམ་མཁའི་རྒྱན་དུ་ཆེ། །རི་གཉའ་ཤིང་འཛིན་གྱི་གོང་རོལ་ན། །ཉི་ཟླ་ཟུང་ཅིག་འོད་གསལ་བ། །གླིང་བཞི་ཡོངས་ཀྱི་རྒྱན་དུ་ཆེ། །ཀླུ་བརྒྱད་སེམས་པའི་རྫུ་འཕྲུལ་གྱིས། །ནམ་མཁའི་མཐོང་ནས་ཆར་ཕབ་པ། །དོག་མོ་ས་ཡི་རྒྱན་དུ་ཆེ། །ཕྱི་རྒྱ་མཚོའི་ཆུ་ཡི་རླངས་པ་ལ། །བར་སྣང་ཡོངས་ལ་ལྷོ་སྤྲིན་བྱུང་། །ལྷོ་སྤྲིན་བར་སྣང་རྒྱན་དུ་ཆེ། །འབྱུང་བ་དྲོད་གཤེར་གྱི་རྟེན་འབྲེལ་ཡིན། །ཤར་སྤང་རིའི་ལོགས་ལ་མེ་ཏོག་བཀྲ། །འཇའ་ཚོན་སྤང་རི་ཡི་རྒྱན་དུ་ཆེ། །ནུབ་མ་དྲོས་མཚོ་ལ་ཆུ་འབབ་པ། །ལྷོ་འཛམ་བུ་གླིང་གི་རྩི་ཤིང་རྒྱས། །སྐྱེ་འགྲོ་ཡོངས་ཀྱི་རྒྱན་དུ་ཆེ། །ང་རྣལ་འབྱོར་རི་ཁྲོད་འགྲིམ་པ་ལ། །སེམས་སྟོང་ཉིད་བསྒོམ་པའི་ནུས་མཐུ་ཡིས། །འདྲེ་གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་བྱུང་། །ཆོ་འཕྲུལ་རྣལ་འབྱོར་རྒྱན་དུ་ཆེ། །ཁྱེད་ལེགས་པར་ཉོན་དང་མི་མ་ཡིན། །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་རྣལ་འབྱོར་མི་ལ་རས་པ་ཡིན། །ང་བྱང་སེམས་ཀྱི་མེ་ཏོག་གཏིང་ནས་འཁྲུངས། །གླུ་སྙན་པའི་དབྱངས་ཀྱི་བརྡ་སྦྱར་ནས། །ངག་བདེན་པའི་ཚིག་གིས་ཆོས་བཤད་པ། །ཕན་པའི་སེམས་ཀྱིས་གྲོས་ཤིག་འདེབས། །ཁྱེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་བ་གཞན་དོན་མ་བྱུང་ཡང་། །མི་དགེ་བཅུ་པོ་སྤངས་བྱས་ནས། །བདེ་བའི་ཐར་པ་ཅིས་མི་ཐོབ། །མི་ངས་ཟེར་ཉན་ན་དོན་ཆེན་འགྲུབ། །འཕྲལ་དམ་ཆོས་བྱས་ན་ཡུན་དུ་བདེ། །ཞེས་གསུངས་པས་དེར་འཚོགས་པའི་ལྷ་འདྲེ་རྣམས་དད་པ་སྐྱེས་ཏེ། ཕྱག་དང་བསྐོར་བ་མང་དུ་བྱས་ནས་རང་རང་གནས་སུ་སོང་ངོ་། །
ད་རུང་འབའ་རོ་ཆེན་པོ་ཅིག་ལ་བལ་པོ་འགས་བསྐོར་བ་ཅིག་འགྲོ་མ་ཉན་པས་རི་བསྙིལ་བ་དང་ཐོག་འབེབས་པ་ལ་སོགས་པ་བྱས་པ་ལ་ཡང་མགུར་འདི་གསུངས་སོ། །
ཁྱོད་ད་རུང་ཉོན་དང་མི་མ་ཡིན། །མཁའ་ལ་རྒྱུ་བས་ཐོགས་པ་མེད། །བསམ་ངན་བག་ཆགས་རྒྱུད་ལ་འཇོག །ཉོན་མོངས་ཀྱི་འཚེ་བས་གཞན་ལ་རྔམས། །གཞན་སྡུག་སྡིག་པས་རང་ཉིད་མནར། །རྒྱུ་འབྲས་ཀྱི་འབྲས་བུ་སྟོར་བ་མེད། །རྣམ་སྨིན་གྱི་ནུས་པས་ས་ནས་སླེབས། །ཁྱོད་རང་གིས་ཁྱོད་རང་མནར་སྡང་བྱེད། །ཨ་ཙ་མ་ཡི་དྭགས་ཀྱི་འཁྲུལ་པ་ལ། །ཡིད་རེ་མུག་ལས་ངན་གྱི་ནུས་པ་ལ། །འདི་འདྲ་བསམ་ན་སྙིང་རླུང་ལྡང་། །ཁྱོད་སྔོན་ཡང་ལས་ངན་བསགས་བསགས་པས། །ད་རུང་ལས་ངན་གསོག་སྙིང་འདོད། །གསོད་གཅོད་ཀྱི་སྡིག་པས་ཟིན་པ་ཡི། །ཟས་སུ་ཤ་དང་ཁྲག་ལ་དགའ། །ལས་སུ་འགྲོ་བའི་སྲོག་གཅོད་པ། །འགྲོ་དྲུག་གི་ནང་ནས་ཡི་དྭགས་ལུས། །སྡིག་སྡུག་སྤྱོད་པས་ངན་འགྲོར་ལྟུང་། །ཨ་རེ་འཕོངས་ལྷ་ཆོས་ལ་སྣང་བ་བསྒྱུར། །དྭོགས་རེ་མེད་བདེ་བ་མྱུར་དུ་ཐོབ། །ཅེས་གསུངས་པས། མི་མ་ཡིན་དེ་རྣམས་ན་རེ། ཁྱོད་ངེད་ཚོ་ལ་ཆོས་བཤད་མཁས་པ་ལ་ཚེགས་མི་གདའ། ཁྱོད་རང་ལ་ལྟ་བ་རྟོགས་པའི་གདེང་ཅི་ཙམ་ཡོད་ཟེར་བས་མགུར་འདི་གསུངས་སོ། །
དོན་དམ་རྟོགས་པའི་རྣལ་འབྱོར་པ། །གཞི་སྐྱེ་མེད་ངང་ལ་གདེང་བཅས་ནས། །ལམ་འགག་མེད་རྩལ་དེ་རིམ་གྱིས་རྫོགས། །ཐབས་སྙིང་རྗེ་ཆེན་པོའི་བརྡ་སྦྱར་ནས། །དོན་ཆོས་ཉིད་ངང་ནས་གླུ་ཞིག་ལེན། །ཁྱོད་སྔོན་ལས་ཉོན་བསགས་པས་ངན་འགྲོར་ལྷུང་། །རིགས་དྲུག་གི་ནང་ནས་ཡི་དྭགས་རིགས། །ཁྱོད་ལས་ཉོན་གྱི་སྒྲིབ་གཡོག་ཐུག་པོ་ཡིས། །ངེས་དོན་གྱི་གནས་ལུགས་མི་གོ་སྟེ། །དྲང་དོན་གྱི་ཆོས་ཤིག་ད་རུང་བཤད། །སྔོན་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས། །བཀའ་དྲི་མ་མེད་པའི་མདོ་རྒྱུད་ལས། །ལས་རྒྱུ་འབྲས་ཀྱི་ཆོས་ལ་ནན་ཏན་གསུངས། །དེ་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ། །དོན་མི་བསླུ་ངེས་པའི་བདེན་ཚིག་ཡིན། །རྗེ་བྱམས་པའི་གསུང་ལ་ཁྱོད་ཀྱང་ཉོན། །ང་ཉམས་རྒྱུད་ལ་སྦྱངས་པའི་རྣལ་འབྱོར་འདི། །ཕྱི་འཁྲུལ་སྣང་གི་བགེགས་ལ་ཕར་བལྟས་པས། །སེམས་སྐྱེ་མེད་ཀྱི་ཆོ་འཕྲུལ་ཡིན་པར་གོ །ནང་རིག་པའི་སེམས་ལ་ཚུར་བལྟས་པས། །གཞི་རྩ་བྲལ་གྱི་སེམས་ཉིད་ཡེ་ནས་སྟོང་། །ང་བླ་མ་བརྒྱུད་པའི་བྱིན་རླབས་དང་། །རང་གཅིག་པུར་བསྒོམ་པའི་ཡོན་ཏན་གྱིས། །རྗེ་ན་རོ་ཆེན་པོའི་བརྒྱུད་པ་འཛིན། །དོན་མ་ནོར་རྒྱལ་བའི་དགོངས་པ་བསྒོམ། །ཐབས་ཟབ་མོ་སྔགས་ཀྱི་རྒྱུད་སྡེ་རྣམས། །བླ་མའི་གདམས་ངག་གནད་བཀྲོལ་ནས། །ལམ་བསྐྱེད་རྫོགས་བརྟན་པོར་བསྒོམ་བསྒོམ་པས། །ནང་རྩ་གནས་རྟེན་འབྲེལ་ཤེས་པ་ཡིས། །ཕྱི་འཁྲུལ་སྣང་གི་བགེགས་ལ་ང་མི་འཇིགས། །ངེད་བྲམ་ཟེ་ཆེན་པོའི་བརྒྱུད་པ་ལ། །རྗེ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པས། །ཡིད་དབུ་མའི་དོན་ལ་སྦྱངས་སྦྱངས་ནས། །འཁྲུལ་སྣང་གི་དྲན་པ་དབྱིངས་སུ་ཡལ། །གདོན་བྱ་དང་གདོན་བྱེད་ངས་མ་མཐོང་། །ཆོས་སྡེ་སྣོད་ཀྱི་གསུང་རབ་ཞལ་ཕྱེས་ཀྱང་། །དོན་འདི་ལས་མེད་པ་བློ་ཐག་ཆོད། །
ཅེས་གསུངས་པས། ཁོང་རྣམས་དད་པར་གྱུར་ཏེ་ཕྱག་དང་བསྐོར་བ་མང་དུ་བྱས་ནས་ངེད་རྣམས་ཀྱི་འཚོ་བ་བཤོས་གཙང་རེ་འདྲེན་ཟེར་ནས་སོང་བ་དང་། ནམ་ཡང་ལངས་ནས་བྱུང་ངོ་། །ཉི་མ་ཤར་བ་དང་རི་རྩེ་ལ་ཕར་བྱོན་པས། བྲག་ཁ་ཞིག་ཏུ་དུམ་པ་ཅིག་གཟིམས་ནས་བཞུགས་ཙ། མདང་གི་དེ་རྣམས་ངོ་ཤེས་ལྷག་གེ་ཚན་པ་སུམ་ཅུ་པ་རྩ་གཅིག་བྱས་ནས་འབྲས་དང་། ཉ་ཤ་དང་། ལ་ཕུག་དང་། བུར་ཤིང་དང་། ཚོད་མའི་བྱེ་བྲག་མང་པོ་དང་། ཆང་ལ་སོགས་པའི་བཟའ་བཏུང་མང་ལ་ཞིམ་པ་དྲང་སྙམ་བྱེད། ཁོང་རྣམས་ཀྱང་དགའ་དགའ་དང་སྤྲོ་སྤྲོ་མང་དུ་བྱས་ནས་ན་ར་ར་ནུ་རུ་རུ་དེང་ནས་སོང་སྙམ་པ་བྱེད་པ་ལ་རྗེ་བཙུན་ཡང་ཁམས་དྭངས་སིང་ངེར་སོང་ནས་ཟླ་བ་གཅིག་གཉིས་ལ། དང་ཁ་མེར་ཆི་ལེ་འཚོ་བའི་སྣང་བ་བྱུང་ངོ་། །དེ་ཐམས་ཅད་ལ་ཕྱི་ཆུ་བཟང་གི་སྐོར་རོ།། །།
༈ དེ་ནས་རྗེ་བཙུན་གྱི་ཐུགས་དགོངས་ལ། ད་ཟྭ་རང་འཐུང་བས་འབུ་མང་པོ་མཆི་བར་འདུག་དགོངས་ནས། སྙེ་ནམ་དུ་བསོད་སྙོམས་སུ་བྱོན་པ་ལ། ཡོན་བདག་གཤིན་རྡོར་མོ་དང་། སྟོན་པ་ཤག་འགུ་ལ་སོགས་པ་རྣམས་སྟོན་མོ་བྱེད་པ་ཞིག་ཏུ་མཇལ་བ་ལ། ཆོས་གཏམ་ཞིག་བྱེད་པར་ཞུ་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མའི་བཀའ་དྲིན་སེམས་ལ་ཞུགས། །སེམས་ཡང་ཡེངས་ལ་ཤོར་ན་སྡུག་བསྔལ་ཆེ། །ངས་བྱམས་དང་སྙིང་རྗེ་བསྒོམ་བསྒོམ་ནས། །བདག་གཞན་འཛིན་པ་བརྗེད་དེ་ཐལ། །བླ་མ་སྤྱི་བོར་བསྒོམ་བསྒོམ་ནས། །མི་ཆོས་ཀྱི་འདུན་མ་བརྗེད་དེ་ཐལ། །ཡི་དམ་འབྲལ་མེད་དུ་བསྒོམ་བསྒོམ་ནས། །ཐ་མལ་གྱི་རྟོག་པ་བརྗེད་དེ་ཐལ། །སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་བསྒོམ་ནས། །ཡིག་རིགས་ཀྱི་དཔེ་ཆ་བརྗེད་དེ་ཐལ། །ཐ་མལ་གྱི་ཤེས་པ་བསྐྱངས་བསྐྱངས་ནས། །མ་རིག་གི་འཁྲུལ་པ་བརྗེད་དེ་ཐལ། །སྐུ་གསུམ་རང་ཆས་བསྒོམ་བསྒོམ་ནས། །རེ་དྭོགས་ཀྱི་བསྒོམ་པ་བརྗེད་དེ་ཐལ། །ཚེ་འདི་ཕྱི་མཉམ་དུ་བསྒོམ་བསྒོམ་ནས། །སྐྱེ་འཆིའི་འཇིགས་པ་བརྗེད་དེ་ཐལ། །གཅིག་པུར་ཉམས་ལེན་བསྐྱངས་བསྐྱངས་ནས། །ཁེ་གྲགས་ཀྱི་ངོ་སྲུང་བརྗེད་དེ་ཐལ། །ཉམས་ལེན་རང་རྒྱུད་ལ་སྦྱར་སྦྱར་ནས། །ཆོས་གཏམ་དང་ཁ་འཛིན་བརྗེད་དེ་ཐལ། །སྐྱེ་འགག་གནས་མེད་དུ་བསྒོམ་བསྒོམ་ནས། །ཁས་ལེན་གྱི་ལྟ་བ་བརྗེད་དེ་ཐལ། །སྣང་བ་ཆོས་སྐུར་སེམས་སེམས་ནས། །དམིགས་བཅས་གྱི་བསྒོམ་པ་བརྗེད་དེ་ཐལ། །མ་བཅོས་ལྷུག་པར་བཞག་བཞག་ནས། །ཚུལ་འཆོས་ཀྱིས་སྤྱོད་པ་བརྗེད་དེ་ཐལ། །ལུས་ངག་གི་དམན་ས་བཟུང་བཟུང་ནས། །མི་ཆེན་གྱི་རེ་བ་བརྗེད་དེ་ཐལ། །སྒྱུ་ལུས་ལ་དགོན་པ་བྱས་བྱས་ནས། །སྡེ་མཚམས་ཀྱི་དགོན་པ་བརྗེད་དེ་ཐལ། །
ཞེས་གསུངས་པས་ཡོན་བདག་རྣམས་ན་རེ། ཁྱེད་ལ་དེ་ལྟ་བུ་ཡོད་པ་དེ་ངེད་ཚོས་མི་གོ་བས། གོ་སླ་བའི་ཆོས་ཤིག་ཞུ་ཞུས་པས་ཡང་མགུར་འདི་གསུངས་སོ། །
རྗེ་བླ་མའི་བྱིན་བརླབས་ལུས་ལ་ཞུགས། །ལུས་སྙིང་རུས་བསྒོམ་དང་དོན་ཆེན་འགྲུབ། །ཁྱེད་གསོན་དང་ཡོན་བདག་དད་པ་ཅན། །དམ་ཆོས་ཐང་མ་བདལ་བ་ལ། །སྡིག་པ་བབ་ཆོལ་སྤྱོད་པ་ཤིན་ཏུ་གླེན། །དཀའ་ལས་སྣ་ཚོགས་ཡོད་པའི་མི་ལུས་འདི། །མི་ཚེ་ཡང་གཡེང་ལ་སྐྱེལ་བ་ཤིན་ཏུ་གླེན། །གྲོང་ཁྱེར་གྱང་ར་ཞིག་པའི་དུར་ཁྲོད་དུ། །དུས་རྣམས་རྟག་ཏུ་སྡོད་སེམས་བྱེད་པ་ཤིན་ཏུ་གླེན། །བཟའ་མི་ཚོང་འདུས་ལྟ་བུའི་མགྲོན་པོ་ལ། །ངན་ཤགས་འཐབ་མོ་བྱེད་པ་ཤིན་ཏུ་གླེན། །ཚིག་གྲགས་སྙན་སྒྱུ་མའི་རང་གདངས་ལ། །ཞེ་རན་གོལ་དུ་འཛིན་པ་ཤིན་ཏུ་གླེན། །དགྲ་སྡང་མེ་ཏོག་བཞིན་དུ་ཡལ་ནས་འགྲོ། །གླེན་པ་རང་སྲོག་སྐྱེལ་བ་ཤིན་ཏུ་གླེན། །གཉེན་ཚན་བསླུ་བྲིད་རྫུན་གྱི་ཟོལ་ཁང་ལ། །ཤི་བས་མྱ་ངན་བྱེད་པ་ཤིན་ཏུ་གླེན། །ནོར་ཟས་ཟིལ་པ་ལྟ་བུའི་གཡར་པོ་ལ། །སེར་སྣའི་མདུད་པས་འཆིང་བ་ཤིན་ཏུ་གླེན། །ཕུང་པོ་མི་གཙང་རྫས་ཀྱི་རྐྱལ་པ་ལ། །བཟང་འདོད་བྱི་དོར་བྱེད་པ་ཤིན་ཏུ་གླེན། །གདམས་ངག་བདུད་རྩིའི་ཟས་མཆོག་འདི། །ཟས་ནོར་དུ་འཚོང་བ་ཤིན་ཏུ་གླེན། །གླེན་པ་མང་དུ་འཚོགས་པ་ལ། །སྤྱང་ན་ལྷ་ཆོས་རང་མགོ་ཐོན། །
ཅེས་གསུངས་པས། དེར་འཚོགས་པའི་ཡོན་བདག་ཕོ་མོ་རྣམས་ན་རེ། ད་དེ་རྗེ་བཙུན་ངེད་རྣམས་ཀྱིས་བླ་མཆོད་བྱེད་དགོས། ཁྱེད་རི་ལ་བཞུགས་པས་ངེད་རྣམས་ཀྱིས་གར་ཡོད་མི་ཤེས་ན། ངེད་རྣམས་ལ་མི་ཕན་པར་འདུག་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མའི་བྱིན་བརླབས་ངག་ལ་ཞུགས། །ངག་སྨྲས་ཚད་ཆོས་ཀྱི་བྱང་སེམས་སྒྲ། །རྗེ་བླ་མའི་དད་པ་སེམས་ལ་ཡོད། །འཕྲལ་མཉམ་དུ་འགྲོགས་ན་སྣང་བ་སྤུན། །མིག་འདྲིས་ཆེ་ན་གཤིས་ཀྱིས་བརྙས། །འགྲོགས་ཡུན་རིང་ན་རེ་འཁང་མང་། །གཤིས་ངན་འཐབ་མོ་དམ་ཚིག་དཀྲུག །རོགས་ངན་གྱིས་དགེ་སྦྱོར་བཟང་པོ་སྤུར། །གཙོ་འདུན་གྱི་ཁ་བཟུང་ལས་ངན་གསོག །ཡིན་མིན་གྱི་ཁ་རྟོག་དགྲ་ཡི་འཁོར། །ཕྱོགས་ཆའི་གཡོ་སྒྱུ་སྡིག་པ་ཆེ། །དད་ཟས་ཁ་ལན་བསམ་ངན་འཁྲུག །གཤིན་ཟས་ཀྱི་རོ་དོམ་ཁྱག་མཐའ་མེད། །ཁྱོད་མི་ནག་གི་བླ་མཆོད་ཤིན་ཏུ་ལོད། །འགྲོགས་ཤིང་བརྙས་ན་ཡི་མུག་ལྡང་། །ཚང་མང་གི་དཔོན་པོ་འཆི་ཁ་སྡུག །དེ་བས་རི་ཁྲོད་རྣལ་འབྱོར་བ། །གྲོང་ཡུལ་དུ་ལུས་ན་གྱོང་རེ་ཆེ། །ང་ལ་ཕྱིའི་གངས་ལ་བསྒོམ་དུ་འགྲོ། །ཁྱེད་དད་པ་ཡོད་ལོས་ཚོགས་གསོག་མཛོད། །འདིར་འཚོགས་ཀྱི་ཡོན་བདག་ཕོ་མོ་རྣམས། །བླ་མཆོད་བྱེད་ཟེར་བག་ཆགས་བཟང་། །སྨོན་ལམ་གྱིས་འབྲེལ་བས་ཡང་ཡང་མཇལ། །
ཞེས་གསུངས་པས་ཡོན་བདག་གཤིན་རྡོར་མོ་བཟའ་འཚོ་དང་། སྟོན་པ་ཤཀ་འགུས་དབུ་མཛད་པའི་བན་སྐྱེ་མང་པོས་ཅི་ཙམ་བཤོལ་ཡང་མ་ཤོལ་བས། ཕྱེ་བྲེ་ལྔ། འབྲས་བྲེ་གང་། ཤ་ཟུགས་ཕྱེད་གཉིས། མར་ཤག་གཅིག །དེ་རྣམས་ཕུལ་ནས་རྗེ་བཙུན་ལ་ཕྱིའི་གངས་ལ་བྱོན་སོང་ངོ་། །དེ་ཐམས་ཅད་གཤིན་རྡོར་མོའི་སྐོར་རོ།། །།
༈ དེ་ནས་བཞི་པ་ཟས་གོས་ཀྱི་འདུན་པ་དང་བྲལ་བའི་ཡོན་ཏན་ནི། ཡོན་བདག་གཤིན་རྡོར་མོ་ལ་སོགས་པ་བན་སྐྱེ་རྣམས་ཀྱིས་སྐྱེམས་དྲངས་སྐྱེལ་ཐུང་བྱས། དགུན་ཆོས་གསུངས་པ་དང་རྒྱགས་ཁྱེར་ནས་ལོ་གསར་གྱི་ཚེས་གཅིག་ལ་འོང་བའི་ཆད་བྱས་ནས། ཁོང་རྣམས་ཚུར་ལོག་ནས་འོང་། རྗེ་བཙུན་ཕུག་པར་ཕྱག་ཕེབས། ཁོང་རྣམས་སང་འགྲོ་གནངས་འགྲོ་ཟེར་བ་ལ། ཁ་བ་ཉིན་མཚན་བཅོ་བརྒྱད་རྒྱུན་མ་ཆད་པར་བབ་པས། ཟླ་བ་དྲུག་གི་བར་དུ་སྙེ་ནམ་པ་དང་ལ་ཕྱིའི་བར་དུ་འགྲུལ་ཆད་པས། དེར་ཡོན་བདག་རྣམས་ཀྱིས་རྗེ་བཙུན་གྲོངས་པར་ཐག་བཅད་འགྱོད་བརྡ་བྱས། བུ་སློབ་རྣམས་འདུས་ནས་བདུན་ཚིགས་མཆོད་པ་ཚོགས་འཁོར་ལ་སོགས་པ་བྱས། སང་དཔྱིད་ཁ་ཕྱི་མོར་སོང་ཙ་ན་ཁོང་རྣམས་གྲོས་བྱས་ནས་རྗེ་བཙུན་གྱི་གདུང་ཨེ་རྙེད་ལ་བན་སྐྱེ་དྲུག །ད་རུང་ལ་ལ་ཁ་བ་ཡོད་པ་གཤགས་ནས་སོང་བ་ལ། གངས་ལ་མ་ཐོན་པས་ཕྱིར་ལོག་དགོས་པར་འདུག་བྱས་ཤིང་ཡོད་ཙ། བྲག་ཕུག་གུར་ཕུབ་ཟེར་བའི་ཁ་ན་གསའ་ཆེན་པོ་ཞིག་མཐོང་བས་རྗེ་བཙུན་གྱི་གདུང་ཡ་ཀི་གསའ་ཆེན་པོ་དེས་ཟོས་ནས་ཡོད་པས་ན་བཟའ་དུམ་བུའི་དབུ་སྐྲ་འདྲ་བ་ཡོད་དམ་ཟེར་ནས་ངུ་ཞིང་འབུངས་ནས་གངས་གཤགས་ཙ། གསའ་རྗེས་ཀྱང་མི་རྗེས་སུ་སོང་འདུག་པས། མི་མ་ཡིན་གྱི་ཆོ་འཕྲུལ་རེད་བྱས་ནས་ལོག་འཚིས་བྱས་ཙ། རྗེ་བཙུན་ནི་དབེན་གནས་དུག་དུགས་ཕུག་མོ་ཆེ་བྱ་བ་ན་དབྱངས་ཤིག་ལྷང་ལྷང་གྲགས་པས། ཁོང་རྣམས་དགའ་དྲགས་པས་མགྱོགས་པར་སོང་། དེ་ནས་རྗེ་བཙུན་མཇལ། ཁོང་རྣམས་ཀྱིས་ལ་ལས་ཕྱག་ནས་ཐེན་ཐེན་བྱས། ལ་ལ་རྗེ་བཙུན་ལགས་ཟེར། ལ་ལ་ངུ་ཞིང་དགའ་ཆེས་ཀྱིས་ངུ་བྲོ་བྱས། ལ་ལས་ཕྱག་མང་པོ་འཚལ་ཞིང་ཞབས་ལ་གཏུགས་ཏེ་སྙུན་དྲི་བྱས། དེ་ནས་རྗེ་བཙུན་གྱིས་འཚོ་བ་གསོལ་མ་དགོས་པར་དེ་གོང་གི་རྩམ་པ་ལ་ཟན་བདུན་བྱས། མར་གྱིས་ཟན་མར་བྱས། འབྲས་ཚོད་ལ་ཤ་བཏབ་ནས་འདུག་པ་ཁོང་རྣམས་ལ་གནང་། དེར་སྟོན་པ་ཤག་འགུས་རྗེ་བཙུན་གྱིས་ངེད་རྣམས་འོང་བ་ཅི་ལྟར་མཁྱེན་ལགས་ཞུས་པས། རྗེ་བཙུན་གྱིས་ཁྱེད་ཚོ་འོང་བའི་སྔོན་ལ་ང་འོང་ལེ་མ་མཐོང་བ་ཨེ་ཡིན་གསུང་པས། ད་ཅི་གསའ་ཅིག་འོང་བ་མིན་པ་མ་མཐོང་ཞུས་པས། ངས་ཕ་བོང་གི་སྟེང་ནས་ཕར་བལྟས་ཙམ་ན་ལམ་འཕྲེད་དེ་ནས་ཚུར་བྱུང་སྒོམ་ཟུར་ན་ངལ་བསོ་ཞིང་འདུག་པ་མཐོང་གསུང་། ཕ་བོང་སྟེང་ན་གསའ་ཅིག་སྣང་སྟེ་རྗེ་བཙུན་དེ་དུས་གར་བཞུགས་པ་ལགས་ཞུས་པས། གསའ་དེ་ག་ཡིན་མོད་རླུང་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པས་ལུས་སྣ་ཚོགས་སུ་སྤྲུལ་པ་དང་། མི་སྣང་བར་སྦེད་པ་དང་། འབྱུང་བ་བཞིའི་སྐྱེ་མཆེད་ཟིལ་གྱིས་གནོན་ནུས་པ་བྱུང་། ད་རེས་ཁྱེད་ཚོ་ལ་བསྟན་པ་དེ་རྫུ་འཕྲུལ་ལུས་ཀྱི་བཀོད་པ་བྱ་བ་ཡིན། ངས་དེ་ལྟར་བྱེད་ཅིང་འདུག་བྱ་བ་མི་ལ་མ་སྨྲ། ད་རེས་ཁྱེད་ཚོས་རང་སེམས་དག་པས་མཐོང་བ་ཡིན་གསུང་། ད་ཅི་དབྱངས་ཅིག་གྲགས་པ་དེ་ད་རུང་གསུང་དང་ཞུས་པས། ཁོང་ཚོ་ལ་དེའི་དུས་སུ་སྦྲུལ་གཉིས་ཀྱིས་རྐེད་པ་ན་འཁྱུད་པ་དང་། སྦལ་པ་ར་ཙམ་ཞིག་གིས་ཕོ་འཁྱུད་དུ་བསྡམ་པ་ལ་སོགས་པ་མང་པོ་བྱུང་བས་དང་པོ་རེ་སྐྲག་སྟེ། ཉམས་སུ་ཤེས་པས་བདེ་ཕྱམ་ཕྱམ་སོང་སྐད་དོ། །དེར་ཉམས་རྟོགས་པའི་འཁྲུངས་ལུགས་འདི་མགུར་དུ་གསུངས་སོ། །
རྗེ་བླ་མའི་ཞབས་ལ་སྤྱི་བོས་འདུད། །བྱིན་རླབས་ཀྱི་དངོས་གྲུབ་མཁའ་འགྲོས་བྱིན། །དམ་ཚིག་གི་བདུན་ཚིགས་ཕན་པ་ཆེ། །དད་པའི་མཆོད་པས་དབང་པོ་སོས། །བུ་སློབ་ཀྱིས་ཚོགས་གསོག་བཟང་ནས་བྱུང་། །ལྟ་བའི་སེམས་ལ་སྟོང་ཉིད་ཤར། །ལྟ་རྒྱུའི་དངོས་པོ་རྡུལ་ཙམ་མེད། །བལྟ་བྱ་དང་ལྟ་བྱེད་སྟོར་ནས་སོང་། །ལྟ་བའི་རྟོགས་ཚུལ་བཟང་ནས་བྱུང་། །བསྒོམས་པའི་ཉམས་ལ་འཆར་སྒོ་མང་། །བསྒོམ་རྒྱུའི་ཐུན་འཚམས་བཟུང་རྒྱུ་མེད། །བསྒོམ་བྱ་སྒོམ་བྱེད་སྟོར་ནས་སོང་། །སྒོམ་པའི་སྙིང་རུས་ཀྱང་བཟང་ནས་བྱུང་། །སྤྱོད་པའི་རྒྱུ་འབྲས་སྟོང་ཉིད་ཀྱི་ངང་། །རྟེན་འབྲེལ་གྱི་བརྡ་ལ་ཚམ་པ་མེད། །སྤྱད་བྱ་དང་སྤྱོད་བྱེད་ཀྱང་གཏོར་ནས་སོང་། །སྤྱོད་པའི་ཚུལ་ཁྲིམས་ཀྱང་བཟང་ནས་བྱུང་། །དམ་ཚིག་གི་ཁོང་འཛེར་ཡང་དམ་ནས་བྱུང་། །ངོ་ལྐོག་གི་ཆོས་བརྒྱད་བསྒྲིག་པ་མེད། །བསྲུང་བྱ་དང་སྲུང་བྱེད་སྟོར་ནས་ཐལ། །བླ་མ་མཉེས་ཚུལ་ཡང་བཟང་ནས་བྱུང་། །འབྲས་བུའི་བྱང་སེམས་ལུས་ངག་རྒྱས། །ཕྱོགས་ཆའི་རྟོག་སྒྲིབ་དབྱིངས་སུ་ཡལ། །བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱང་སྟོར་ནས་ཐལ། །བདག་གཞན་གྱི་དོན་ཆེན་ཡང་བཟང་པོར་བྱུང་། །མི་རྒན་གྱིས་གླུ་རྒན་གངས་ལ་ལེན། །སྐྱིད་དགའི་ཉམས་དབྱངས་བྲག་ལ་ཕོག །བསྒྲུབ་པའི་སྐུ་མཚམས་ཁ་བས་བསྡམས། །འཚོ་བའི་ཞབས་ཏོག་ལྷ་འདྲེས་བྱས། །རྫ་བྲག་གི་འབབ་ཆུ་བཏུང་བའི་མཚོ། །སུས་བསྒྲུབ་མེད་པར་དཔལ་ལས་གྲུབ། །ལས་བྱེད་མི་མེད་པར་སོ་ནམ་ཚར། །འཕྲལ་གསོག་འཇོག་མེད་པར་བང་མཛོད་ཁེངས། །ལས་ངན་པ་ཟད་ནས་རྒྱལ་ས་ཟིན། །བུ་སློབ་མ་ཡོན་བདག་འཁོར་བཅས་རྣམས། །དད་པས་ཞབས་ཏོག་བྱས་པ་ལ། །དྲིན་ལན་ཆོས་ཀྱིས་འཇལ་བ་ཡིན། །ཐུགས་དགྱེས་པར་མཛོད་ལ་བསོད་ནམས་ཆེ། །
ཞེས་གསུངས་པས། ཡོན་བདག་གཤིན་རྡོར་མོས། རྗེ་བཙུན་ལགས། ན་ནིང་ལས་སྐུ་མདངས་བཟང་བར་གདའ་བ། ལ་སྒོ་གཉིས་ནི་ཁ་བས་བཅད། ལྷ་འདྲེས་ཞབས་ཏོག་བགྱིས་པ་ལགས་སམ་ཞུས་པས། ཕལ་ཆེར་ཏིང་ངེ་འཛིན་རང་ལ་སོང་ནས་ཟས་ཟ་མ་དགོས། དུས་བཟང་ལ་ཌཱཀྐི་མ་རྣམས་ཀྱིས་རྒྱ་གར་ནས་ཚོགས་འཁོར་གྱི་སྐལ་བ་ཡང་བསྐྱལ་ལ། རེ་འགའ་ཕྱེ་ཐུར་མགོ་རེ་ཡང་མ་འགམ། ཁར་ཉིན་རྟ་ཟླ་བའི་ཉ་སྐོར་ལ་ཁྱེད་བུ་སློབ་རྣམས་ཀྱིས་བཟའ་བཏུང་སྣ་ཚོགས་དྲངས་སྙམས་བྱེད། དེ་ཙ་ན་ཁྱེད་རྣམས་ཀྱིས་ཅི་བྱས་པ་ཡིན་གསུང་། ཞག་གྲངས་བརྩིས་པས་བདུན་ཚིགས་དང་དུས་མཚུངས་པར་འདུག །རྗེ་བཙུན་གྱི་ཞལ་ནས། བར་དོར་དགེ་བའི་རྩ་བ་བསྙགས་སྟོབས་ཆེ་ཟེར་བ་དེ་བདེན་ཚུལ་དུ་གདའ། དེ་བས་ཀྱང་བར་དོ་ད་ལྟ་སྦྱངས་ན་གླག་ཆེ་སྟེ་མཆི་གསུང་། དེ་ནས་ཡུལ་དུ་འབྱོན་པར་ཞུ་ཞུས་པས། ང་འདི་རང་དུ་སྐྱིད་ཉམས་དགའ། ཏིང་ངེ་འཛིན་འཕེལ་བར་འདུག་པས་ཁྱེད་རང་ཚོ་སོང་གསུང་། ད་རེས་མ་བྱོན་ན་ངེད་ཚོ་བསད་པ་དང་འདྲ་ཞེས་ནན་ཏན་དུ་ཞུས་པས། ཁོང་ཚོ་ལ་ནན་མ་ཐེག་པས་འབྱོན་པར་ཞལ་གྱིས་བཞེས་ཏེ། དཔོན་སློབ་རྣམས་བྱོན་ནས་གངས་དེའི་ལ་རྩར་ཕྱག་ཕེབས། སྟོན་པ་ཤག་འགུ་དང་གཉིས་སྔོན་ལ་སོང་། རྗེ་བཙུན་སྟན་ཅིག་གི་ཁ་ན་རས་ཀྱང་ཅིག་གསོལ་ནས་བཞུགས། ཡོན་བདག་རྣམས་ལྷགས་པས་ཤིན་ཏུ་ཉེན་པས། རྗེ་བཙུན་གྱི་རས་གོས་དེ་ཡང་ལྷགས་པས་བཤུས་ནས་སྐུ་ལ་བུ་ཡུག་གི་སུབ་མ་འཚུབ་ཅིང་འདུག །གལ་གུལ་མི་འདུག་པས་སྐུ་ལ་འཇུས་པས་རྡོ་ཚན་ལྟར་འདུག་ནས། དྲོད་འདི་ཙམ་འོང་བ་ཅི་ལགས་ཞུས་པས། མཁའ་འགྲོ་མ་རྣམས་ཀྱི་བྱིན་རླབས་ཡིན་གསུང་། དེ་ནས་ཏིང་ཀུ་ཆུང་ངུ་ན་གྲོ་བྱས་པའི་སང་སྙེ་ནམ་ཙར་མའི་ཕོ་མོ་བྱིས་པ་ཡན་ཆད་ཀྱིས་རྗེ་བཙུན་མ་གྲོངས་པར་འབྱོན་ཞིང་ཡོད་ཟེར་བ་སྔོན་ལ་སོང་བའི་མི་ཀུན་ལས་ཐོས་ནས་དགའ་དྲགས་ནས་བསུར་འོང་། མ་གྲོངས་པ་སྲིད་ཟིན་ཟེར་ཞིང་ཕྱག་འཚལ་བ་དང་བསྐོར་བ་ལ་སོགས་བྱས་ཤིང་བསྙུང་དྲི་བྱས་པས། མི་འདི་རྣམས་ང་ལ་ད་ལན་མིན་པ་དད་དུ་མ་ཉན། ལྷ་འདྲེ་རྣམས་སྔ་མོ་ནས་དད། མི་དང་ལྷ་འདྲེ་རྣམས་དད་ཡང་བ་དང་ཕྱི་གཞུང་རིང་བ་ལ་ལྷ་འདྲེ་དྲག་པར་གདའ་གསུང་ནས། ཁོང་དེར་ཚོགས་པ་རྣམས་ལ་དད་པའི་གདབ་ལན་ཁ་བའི་བབ་ཚུལ་གངས་མགུར་རིང་མོ་བྱ་བ་འདི། རྗེ་བཙུན་སྦ་དཀར་གྱི་བེར་མ་ལྕགས་དེ་ལ་ཨམ་བཙུགས་སུ་བྱས་ནས་མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒྲ་བསྒྱུར་རྒྱལ་པོས་ཐུགས་རྗེས་གཟིགས། །ཁྱེད་འདིར་ཚོགས་ཀྱི་ལྷ་མི་སྙན་གསོན་ཨང་། །དཔལ་དེ་རིང་བཀྲ་ཤིས་ཁྲི་གདུགས་ལ། །ཁྱེད་ཕྱག་མཇལ་གྱི་ཡོན་བདག་ཕོ་མོ་རྣམས། །འོ་སྐོལ་མ་ཤི་འཕྲད་པས་གློ་བ་དགའ། །ང་མི་རྒན་གླུ་ཡི་དཀོར་མཛོད་ལ། །སྙུང་དྲི་རྨེད་ཀྱི་ལན་དུ་གླུ་ཞིག་ལེན། །སྙན་ལྷན་ནེ་གསོན་ཅིག་བུ་སློབ་རྣམས། །ཡང་སྟག་གི་ལོ་ཡི་ལོ་མཇུག་དང་། །ཡོས་བུའི་ལོ་ཡི་ལོ་འགོ་ལ། །ཝ་རྒྱལ་ཟླ་བའི་ཉ་དྲུག་ལ། །འབྲོག་ལ་ཕྱི་གངས་ཀྱི་ར་བ་དེར། །མི་ངས་ཀྱང་དབེན་པ་བསྙགས་ནས་ཕྱིན། །ཁོང་གནམ་ས་གཉིས་པོ་གྲོས་བྱས་ནས། །འབྱུང་བ་ཆུ་ཀླུང་གཡོས་གཡོས་པས། །ལྷོ་སྤྲིན་སྨུག་པོས་མདུན་དམག་བསྡུས། །ཉི་ཟླ་ཟུང་གཅིག་བཙོན་དུ་བཟུང་། །རྒྱུ་སྐར་ཉི་ཤུ་ལྟོང་ལ་བརྒྱུས། །ཁྲིམས་ཀྱིས་གཟའ་བརྒྱད་ལྕགས་སུ་བཅུག །དགུ་ཚིགས་སྐྱ་མོ་བརྟོད་ལ་མནན། །སྐར་ཆེན་ཡོངས་ལ་སྦུད་ཀྱིས་བཏབ། །སྐྱིན་ཐང་གཡོས་པའི་ཐ་མ་ལ། །ཁ་བ་ཉིན་དགུ་མཚན་དགུ་བབས། །མ་ལ་ཉིན་མཚན་བཅོ་བརྒྱད་བབས། །ཆེ་སྟེ་ཆེ་བ་བལ་འདབ་ཙམ། །འདབ་ཆགས་ལྟ་བུར་ལྡིང་ཞིང་བབས། །ཆུང་བ་ཆུང་སྟེ་འཕང་ལོ་ཙམ། །བུང་བ་ལྟ་བུར་འཁོར་ཞིང་བབ། །ཡང་ཆུང་སྲན་མ་ཡུངས་དཀར་ཙམ། །ཁུ་འཕང་བཞིན་དུ་འདྲིལ་ཞིང་བབ། །ལར་ཁ་བ་ཆེ་ཆུང་ཚད་ལས་འདས། །མཐོ་གངས་དཀར་རྩེ་མོ་དགུང་དང་མཉམ། །དམའ་རྩི་ཤིང་ནགས་ཚལ་རྒྱ་ཞོ་མནན། །མཚོ་ཆུ་རླབས་ཅན་ལ་དར་ཆགས་བཏབ། །རི་ནག་པོ་རྣམས་ལ་སྐུ་དཀར་གསོལ། །གཙང་ཆབ་སྔོན་མོ་སྦུབས་སུ་བཅུག །ས་མཐོན་དམན་མེད་པར་ཐང་དུ་མཉམ། །ཁ་བ་དེ་ལྟར་ཆེ་བའི་ངང་ཉིད་ཀྱིས། །སྤྱིར་དབུ་ནག་མི་ལ་བཟང་བཙོན་བྱུང་། །རྐང་བཞི་ཕྱུགས་ལ་མུ་གེ་བྱུང་། །སྒོས་རི་དྭགས་དམན་པའི་འཚོ་བ་བཅད། །སྟེང་འདབ་ཆགས་རྣམས་ལ་རྒྱགས་ཆད་བྱུང་། །འོག་བྲ་བ་བྱི་བ་གཏེར་དུ་སྦས། །གཅན་གཟན་རྣམས་ལ་ཁ་འཆིང་བྱུང་། །དེ་འདྲའི་སྐྱིན་ཐང་གི་བསྐལ་པ་ལ། །སྟེང་ནས་བབ་པའི་ཁ་བ་དང་། །ལོ་གསར་སྒང་གི་ལྷགས་པ་གཉིས། །རྣལ་འབྱོར་རས་པའི་རས་གོས་གསུམ། །གངས་དཀར་གྱི་ལྟོངས་སུ་འཁྲུགས་པ་ཤོར། །ཁ་བ་མ་རྒྱལ་ཆུ་རུ་ཞུ། །འབྲུག་འར་འུར་ཆེ་ཡང་རང་ཞིར་ཐལ། །རས་གོས་མེ་ལྟར་འབར་ཞིང་གདའ། །དཔའ་ལ་དོར་གྱི་འཁྲུག་པ་རྒྱལ་རྒྱལ་འདྲ། །གྱད་དཔེ་བཞག་གི་ཤི་སྲོག་དེ་རུ་བསྣོལ། །མཚོན་རྩེ་རྒྱལ་གྱི་རལ་ཁ་དེ་རུ་སྤྲད། །སྤྱིར་སྒོམ་ཆེན་རྣམས་ལ་ཚད་རྡོ་བོར། །སྒོས་གཏུམ་མོས་རས་ཀྱི་ཆེ་བ་བཏོན། །ནད་འདུ་བ་རྣམ་བཞི་སྲང་ལ་འཇལ། །ཕྱི་ནང་འཁྲུལ་མེད་གཏན་རྒྱལ་བགྱིས། །རླུང་ཚ་གྲང་གཉིས་ཀ་བཅུད་ལ་བོར། །ཕྱིས་ཅི་ཟེར་ཉན་པ་ཁ་ཡིས་བླངས། །སྐྱིན་ཐང་ཁ་བའི་གདོན་སྲི་མནན། །ཕྱིས་གཡོ་འགུལ་མེད་པར་གཙིགས་ལ་ཕབ། །སྲིད་པའི་དམག་དཔུང་ལས་ངན་ལས། །དུས་ད་རེས་ཀྱིས་འཁྲུག་པ་རྣལ་འབྱོར་རྒྱལ། །ཕ་མེས་ཀྱི་ཚ་བོ་སྟག་སླག་ཅན། །སྡར་ཝ་སླག་གྱོན་ནས་འབྲོས་མ་མྱོང་། །ང་ཕ་ལ་བུ་སྐྱེས་གྱད་ཀྱི་རིགས། །སྡང་དགྲ་ལ་སྟ་ཟུར་འཆོར་མ་མྱོང་། །ང་གཅན་གཟན་རྒྱལ་པོ་སེང་གེའི་རིགས། །གནས་གངས་ཁྲོད་མིན་པར་སྡོད་མ་མྱོང་། །ཤོ་མོ་ལར་ཡང་བྲོ་མོ་བགྱིས་པ་ལགས། །ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན། །ད་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ཏེ་མཆིས། །གྲུབ་པོ་འགའ་རེ་འབྱོན་ཏེ་མཆིས། །མི་ལ་རྣལ་འབྱོར་རས་པ་ང་། །རྒྱལ་ཁམས་ཡོངས་ལ་གྲགས་ཏེ་མཆི། །ཁྱེད་བུ་སློབ་རྣམས་ཀྱང་དད་དེ་མཆི། །ཤོ་གཏམ་སྙན་ཕྱི་ནས་ཟློ་སྟེ་མཆི། །ང་རྣལ་འབྱོར་སྐུ་ཁམས་བཟང་ནས་བྱུང་། །ཁྱོད་ཡོན་བདག་རྣམས་སྐུ་ཁམས་བདེ་ལགས་སམ། །
ཞེས་གསུངས་པས། དེ་ལྟར་ཟླ་བ་བདུན་ངོ་བརྒྱད་གངས་ལ་བཞུགས་ཏེ། གདུ་བུ་ཟླ་བའི་ཚེས་བཅུ་བདུན་ཉིན་པར་ལ་ཕྱི་ལས་བབས་ནས། སྙེ་ནམ་ཙར་མར་ཕྱག་ཕེབས་ཏེ་ཡོན་བདག་རྣམས་ཀྱིས་གྲོང་ཡུལ་འབྱོན་པའི་ཞུ་བ་བྱས་པས། ང་ལ་ཕྱིའི་གངས་ལ་བསྒོམ་བསྒོམ་པས་གྲོང་ཡུལ་དུ་བབས་པས་དབང་པོ་འགྲིབ་གསུངས་པས། ཡུལ་པ་བས་ཕ་ཟད་ཀྱི་མཐོ་བའི་རི་རྩེ་བ་ཅིག་ན་སྦྲ་དཀར་ཕུབ་ནས་བཞུགས་པ་ལ། ཡོན་བདག་གཤིན་རྡོར་མོས་མགོ་བྱས་པ་རྣམས་ཀྱིས་ད་རེས་སྐྱིན་ཐང་ཆེན་པོ་འདི་གཡོས་པ་ལ་རྗེ་བཙུན་མ་གྲོངས་པར་བྱོན་པ་དང་། ངེད་བུ་སློབ་ཚོ་ལ་གུམ་ཆད་མེད་པར་ཞལ་འཛོམས་པ་དེ་གློ་བ་ཤིན་ཏུ་སྤྲོ་བས་རྗེ་བཙུན་མ་གྲོངས་པའི་ཕྱི་མར་ལ་ཚོགས་འཁོར་མང་དུ་བྱས་པའི་སར། ད་རེས་ངེད་ཅག་རྣམས་ལ་རྗེ་བཙུན་གྱིས་ཐུགས་ཉམས་སུ་མྱོང་བའི་ཚིག་བཞི་པ་ཞིག་གནང་འཚལ་ཞུས་པ་ལ། དེའི་དུས་སུ་རྗེ་བཙུན་ཆེན་པོས་ཁོང་ཅག་བུ་སློབ་རྣམས་ཀྱི་ངོར་གནད་ཀྱི་མདོ་དྲུག་མགུར་དུ་བཞེངས་པའོ། །
ཕ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །འབྲལ་མེད་སྤྱི་གཙུག་གི་རྒྱན་དུ་བཞུགས། །གནས་མི་མེད་འགྲིམ་པས་རྟོགས་པ་ཤར། །དགུང་དོ་ནུབ་བཀྲ་ཤིས་ཀྱི་བཞུགས་གནས་འདིར། །ཁྱོད་སྟོན་པ་ཤཀ་འགུས་དབུ་མཛད་པའི། །གདན་གང་འཛོམས་པའི་བུ་སློབ་རྣམས། །སྨོན་ལམ་དག་པས་མཚམས་སྦྱར་ནས། །ཡོན་བདག་རྡོར་མོ་བཟའ་ཚོ་དང་། །དམ་ཚིག་ཆོས་ཀྱིས་འབྲེལ་པ་ཡིས། །ཁྱེད་བུ་སློབ་རྣམས་ཀྱིས་ཞུ་ཕུལ་བས། །ཕ་བྱོན་སྐྱེས་ཆོས་ཤིག་གནང་འཚལ་སྐད། །དོན་དེ་ལ་མཆིད་འཚལ་འདི་སྐད་ལོ། །ང་འཁོར་བའི་ཆོས་ལ་ཡིད་བྱུང་བས། །སྐྱོ་ནས་ལ་ཕྱིའི་གངས་ལ་ཕྱིན། །དབེན་གནས་དཔལ་གྱི་དུག་དུག་ཕུག །ཟླ་དྲུག་བསྒོམ་པས་ཉམས་ལ་ཤར། །གནད་ཀྱི་མདོ་དྲུག་འདི་ལྟར་གདའ། །ཕྱི་ཡི་ཡུལ་དྲུག་དཔེར་བཞག་ནས། །ནང་གི་སྐྱོན་དྲུག་གཏན་ལ་འབེབས། །མི་ཐར་འཆིང་བའི་སྒྲོག་དྲུག་ལ། །ཐབས་ཀྱིས་གྲོལ་བའི་ལམ་དྲུག་མཐོང་། །ཀློང་དྲུག་གདེངས་སུ་གྱུར་པ་ལ། །ཉམས་ལ་བདེ་བ་རྣམ་དྲུག་ཤར། །གླུ་དེ་རྗེས་བསྐྱར་ནས་མ་བླངས་ན། །དོན་དེ་ལ་ཐུགས་སུ་མི་འབྱོན་པས། །ཚིག་བརྡ་ཡིས་བཀྲོལ་བ་སྐད་ཅིག་ཉོན། །ཡང་ཐུག་པ་ཡོད་ན་ནམ་མཁའ་མིན། །གྲངས་ཀྱིས་ལང་ན་སྐར་ཕྲན་མིན། །གཡོ་འགུལ་ཡོད་ན་རི་བོ་མིན། །འཕྲི་བསྣན་ཡོད་ན་རྒྱ་མཚོ་མིན། །ཟམ་པས་སླེབ་ན་ཆུ་བོ་མིན། །བཟུང་དུ་ཡོད་ན་འཇའ་ཚོན་མིན། །དེ་ནི་ཕྱི་ཡི་དཔེ་དྲུག་ཡིན། །ཡང་གཟའ་གཏད་ཡོད་ན་ལྟ་བ་མིན། །བྱིང་རྒོད་ཡོད་ན་བསྒོམ་པ་མིན། །བླང་དོར་ཡོད་ན་སྤྱོད་པ་མིན། །རྣམ་རྟོག་ཡོད་ན་རྣལ་འབྱོར་མིན། །འཆར་ནུབ་ཡོད་ན་ཡེ་ཤེས་མིན། །སྐྱེ་ཤི་ཡོད་ན་སངས་རྒྱས་མིན། །དེ་ནི་རྣལ་འབྱོར་སྐྱོན་དྲུག་ཡིན། །ཡང་ཞེ་སྡང་ཆེ་ན་དམྱལ་བའི་སྒྲོག །སེར་སྣ་ཆེ་ན་ཡི་དྭགས་སྒྲོག །གཏི་མུག་ཆེ་ན་བྱོལ་སོང་སྒྲོག །འདོད་ཆགས་ཆེ་ན་མི་ཡི་སྒྲོག །ཕྲག་དོག་ཆེ་ན་ལྷ་མིན་སྒྲོག །ང་རྒྱལ་ཆེ་ན་ལྷ་ཡི་སྒྲོག །དེ་ནི་མི་ཐར་འཆིང་བའི་སྒྲོག་དྲུག་ལགས། །ཡང་དད་པ་ཆེ་ན་ཐར་པའི་ལམ། །མཁས་བཙུན་བརྟེན་ན་ཐར་པའི་ལམ། །དམ་ཚིག་གཙང་ན་ཐར་པའི་ལམ། །རི་ཁྲོད་འགྲིམ་ན་ཐར་པའི་ལམ། །གཅིག་པུར་སྡོད་ན་ཐར་པའི་ལམ། །སྒྲུབ་པ་བྱེད་ན་ཐར་པའི་ལམ། །དེ་ཐབས་ཀྱིས་གྲོལ་བའི་ལམ་དྲུག་ཡིན། །ཡང་ལྷན་ཅིག་སྐྱེས་པ་གཉུག་མའི་ཀློང་། །ཕྱི་ནང་མེད་པ་རིག་པའི་ཀློང་། །གསལ་འགྲིབ་མེད་པ་ཡེ་ཤེས་ཀློང་། །གདལ་བ་ཆེན་པོ་ཆོས་ཀྱི་ཀློང་། །འཕོ་འགྱུར་མེད་པ་ཐིག་ལེའི་ཀློང་། །རྒྱུན་ཆད་མེད་པ་ཉམས་ཀྱི་ཀློང་། །དེ་རྣམས་གདེང་ཆེན་ཀློང་དྲུག་ལགས། །ཡང་ལུས་ལ་གཏུམ་མོ་འབར་བས་བདེ། །རླུང་རོ་རྐྱང་དྷུ་ཏིར་འདུས་པས་བདེ། །སྟོད་བྱང་ཆུབ་སེམས་ཀྱི་རྒྱུན་བབ་བདེ། །སྨད་དྭངས་མའི་ཐིག་ལེས་ཁྱབ་པས་བདེ། །བར་དཀར་དམར་ཐུག་འཕྲད་བསྲེ་བས་བདེ། །སེམས་ལ་འོད་གསལ་ཤར་བས་བདེ། །དེ་རྣལ་འབྱོར་ཉམས་ཀྱི་བདེ་དྲུག་ལགས། །གནད་ཀྱི་མདོ་དྲུག་ཉམས་ཀྱི་དབྱངས། །ཟླ་དྲུག་བསྒོམ་པའི་ཉམས་དབྱངས་འདི། །ཁྱེད་བུ་སློབ་འཚོགས་པའི་དགའ་སྟོན་མཛོད། །ལར་མི་དགའ་བ་འཚོགས་པ་ད་རེས་ཙམ། །ཆང་བདུད་རྩི་འཐུང་བ་ལ་ཉེ་བཟང་། །ང་མི་རྒན་གླུ་རྒན་ལེན་པ་དེ། །ཁྱེད་བུ་སློབ་རྣམས་ཀྱི་ངོ་མ་ཆོག །ཐུགས་དགྱེས་པའི་བཀྲ་ཤིས་ཆོས་ལ་འབུང་། །ལམ་དགྱེས་པའི་སྨོན་ལམ་འགྲུབ་པར་ཤོག །
ཅེས་སྒོམ་ཉམས་གནད་ཀྱི་མདོ་དྲུག་གི་མགུར་བྱོན་སྐྱེམས་སུ་གནང་བའོ། །ཡང་བུ་སློབ་ཀུན་གྱིས་རྗེ་བཙུན་ལ་ནང་མཆོད་ཞུས་ནས་ད་རུང་གདམས་ངག་ཅིག་གསུང་བར་ཞུ་ཞུས་པས། གདམས་ངག་འདི་མགུར་དུ་གསུངས་སོ། །
ཀྱེ་མ་བུ་ཚོ་སྐལ་ལྡན་དམ་པ་རྣམས། །ཚེ་འདི་བསླུ་བྱེད་ཡིན་པ་ཆ་མེད་དམ། །ལོངས་སྤྱོད་སྒྱུ་མ་ཡིན་པ་ཆ་མེད་དམ། །འཁོར་བ་སྡུག་བསྔལ་ཡིན་པ་ཆ་མེད་དམ། །བདེ་བ་རྨི་ལམ་ཡིན་པ་ཆ་མེད་དམ། །བསྟོད་སྨད་བྲག་ཆ་ཡིན་པ་ཆ་མེད་དམ། །སྣང་བ་སེམས་ཉིད་ཡིན་པ་ཆ་མེད་དམ། །རང་སེམས་སངས་རྒྱས་ཡིན་པ་ཆ་མེད་དམ། །སངས་རྒྱས་ཆོས་སྐུ་ཡིན་པ་ཆ་མེད་དམ། །ཆོས་སྐུ་སྐྱེ་མེད་ཡིན་པ་ཆ་མེད་དམ། །རྟོགས་ན་ཅིར་ཡང་སེམས་སུ་ཤེས། །སེམས་ལ་ཉིན་དང་མཚན་དུ་ལྟོས། །སེམས་ལ་བལྟས་པས་མཐོང་བ་མེད། །མཐོང་བ་མེད་པའི་ངང་ལ་ཞོག །དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན། །རང་བཞིན་ལྷུག་པ་བསམ་དུ་མེད། །ཤེས་པ་མི་གཟུང་ངང་དུ་ཞོག །མཉམ་བཞག་རྗེས་ཐོབ་དབྱེར་མེད་པས། །སྒོམ་པའི་རིམ་པ་བདག་ལ་མེད། །ཅི་ལྟར་སྣང་ཡང་རོ་མྱོང་བྲལ། །དྲན་པས་བཟུང་དང་མ་བཟུང་མེད། །མ་སྐྱེས་པ་ཡི་རོ་ཚོར་བས། །དོན་ནི་སྒོམ་པ་རྟོགས་པ་ཡིན། །ལས་ཀྱི་ཕྱག་རྒྱ་བསྒོམ་པ་དང་། །རྩ་རླུང་ཐིག་ལེ་བསྒོམ་པ་དང་། །སྔགས་དང་བཟླས་པ་ལྷ་བསྒོམ་དང་། །ཚངས་པའི་གནས་བཞི་བསྒོམ་པ་སོགས། །ཐེག་པ་ཆེན་པོའི་འཇུག་ཐབས་བརྩམས། །དེ་རྣམས་ཆེད་དུ་བསྒོམ་པས་ཀྱང་། །བདག་འཛིན་རྩ་བ་ཆོད་མཛོད་ལ། །ཆགས་སྡང་གི་སྡིག་སྒྲིབ་དག་པ་ལ། །སྣང་བ་རང་སེམས་སུ་ཤེས་གྱིས་ལ། །རང་སེམས་སྟོང་པར་ཤེས་པ་ཡི། །རྟོགས་པའི་ཉམས་དང་མ་བྲལ་ན། །ཚུལ་ཁྲིམས་མཆོད་སོགས་དགེ་བའི་ཚོགས། །ཐམས་ཅད་མ་ལུས་དེ་ལ་ཚང་། །ཞེས་གསུངས་སོ། །
