Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (3)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

ཞེས་གསུངས་པ་དང་ཕྱག་སྤྱི་བོར་བཞག་ནས། བུ་ཤིན་ཏུ་དགེ་བར་གྱུར་ཅིག །ཅེས་གསུངས་ནས་ད་ཀུན་འགྲོ་ན་ཡང་ངས་ཡར་སྐྱེལ་གསུང་ནས། ཇོ་མོས་ཕུད་བཟང་པོ་དང་ཚོགས་འཁོར་བཤམས། ལམ་ཆས་གང་དགོས་པའི་གྲོ་རྒྱགས་སྤྲད་དེ། ཇོ་མོ་ལ་ཡང་ཉམས་འཕར་བ་དང་། སྤྱན་ཆབ་མང་པོ་བྱུང་སྟེ། ཡབ་ཡུམ་སྐུ་འཁོར་སུམ་ཅུ་ཙམ་གྱིས་སྔ་དྲོ་གཅིག་གི་བར་སྐྱེལ་མ་མཛད་དེ། ཡིད་འཕྲེང་བའི་སྐྱོ་ཤས། ངག་འཕྲེང་བའི་སྙིང་གཏམ། ལུས་འཕྲེང་བའི་ཕྱག་རྒྱ་མང་དུ་མཛད་ཅིང་། ཚོགས་འཁོར་ཅིག་ཤར་ནུབ་གསལ་བའི་ལ་ཁར་མཛད་ནས་བླ་མ་མར་པས་མི་ལའི་ཕྱག་ལ་འཇུས་ནས། ངའི་ཆོས་བརྒྱུད་འདི་ཁྱོད་ཀྱིས་འཛིན་པའི་རྟེན་འབྲེལ་ཁྱད་པར་ཅན་ཅིག་ཡོད་པས། ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན་ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་ཅིག་འོང་སྟེ་མཆི། ཅེས་གསུངས་པས་སེམས་དཔའི་ཏིང་སེར་སོང་ཏེ། ངས་སྙིང་རུས་ཞིག་ནུས་ན་དགོས་པ་མེད་པར་འདུག་སྙམ་པའི་སྣང་བ་མཐོ་ཏིང་ངེ་བ་གཅིག་རྒྱུན་དུ་བྱུང་ངོ་། །དེ་ནས་བླ་མ་མར་པ་དང་རྔོག་གཉིས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱི་དད་པ་བརྟན་པོ་ཐོབ་བོ། །དེ་ནས་བླ་མའི་དྲུང་དུ་མི་ལས་ལམ་ཁྱེར་དྲུག་གི་མགུར་འདི་ཕུལ་ལོ། །
བདག་འགྲོ་ན་སྣང་བ་ལམ་དུ་འཁྱེར། །ཚོགས་དྲུག་རང་གྲོལ་གྱིས་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །ཉམས་སྟོང་ཉིད་དོན་གྱི་སྡོད་ལུགས་ཡིན། །ཉལ་ན་མཉམ་ཉིད་ཀྱི་ངང་དུ་ཉལ། །དུས་གསུམ་མཉམ་བཞག་གི་ཉལ་ལུགས་ཡིན། །ཟ་ན་སྟོང་ཉིད་ཀྱི་ངང་དུ་ཟ། །གཟུང་འཛིན་གཉིས་མེད་ཀྱི་ཟ་ལུགས་ཡིན། །འཐུང་ན་ཡེ་ཤེས་ཀྱི་ཆབ་ལ་འཐུང་། །ཉམས་རྒྱུན་ཆད་མེད་པའི་སྐྱོང་ལུགས་ཡིན། །འགྲོ་འཆག་ཉལ་འདུག་སེམས་ལ་བལྟ། །ཐུན་མཚམས་མེད་པའི་དགེ་སྦྱོར་ཡིན། །ཅེས་པའི་མགུར་དེ་ཕུལ་ནས། ཕྱག་མང་དུ་འཚལ་སྐུ་ཁམས་བདེ་བར་ཞུས་ནས། བླ་མའི་ཞབས་ལ་མགོ་གཏུགས་ཏེ་སྨོན་ལམ་བཟང་པོ་བཏབ་ནས། བླ་མས་ཀྱང་ཕྱག་མཛུབ་སྙིང་ཁར་གཏད་ནས་བཀྲ་ཤིས་བརྗོད་ཅིང་སྨོན་ལམ་བཟང་པོ་གསུངས་ནས་དཔོན་སློབ་གཉིས་འབྲལ་མི་ཕོད་པའི་གདུང་དབྱངས་མང་པོ་མཛད་ནས། དེར་མི་ལ་བྱོན་པས་ས་ཕག་མ་བུད་ཀྱི་བར་དུ་ཡིད་འཕྲེང་བའི་ཕྱི་མིག་བལྟས་ཙ། བླ་མ་དཔོན་སློབ་རྣམས་ལྷོ་བྲག་གངས་དཀར་གྱི་ལ་ཁ་དེ་རུ་སྨུག་སྤུང་ངེ་འདུག་པས། ཡིད་ལ་བཅད་རྡོ་ཆེན་པོ་ཡོད་པ་མིན་པས་དེ་ལ་ལོག་ཚིས་ཞིག་བྱས་ཅེས་སོ། །རྗེ་མར་པའི་ཞལ་ནས། ཁོས་ཕྱི་མིག་ཡང་ཡང་བལྟས་པ་དེ། ང་ལ་འཕྲེང་བས་ལོག་ཚད་དེ་སྙིང་ལ་རུས་པ་ཞིག་ཡོད་དོ་གསུངས་སོ། །རྗེ་བཙུན་གྱི་ཐུགས་ལ་ཡང་། ལས་ཅི་ལ་ཐུག་ཀྱང་ཆོས་ཞིག་བྱེད་བསམ་པའི་ངེས་ཤེས་དང་མ་བྲལ་བར་བླ་མ་ཡིད་ལ་བྲིང་ངེ་བ་ཅིག་བྱུང་བ་དང་། སྐྱོ་ཏུང་ངེ་བ་ཅིག་ལ་རང་ཡུལ་དུ་འབྱོན་པས་རླུང་འབྱོངས་པའི་སྟོབས་ཀྱིས་ཞག་གསུམ་ནས་ཡུལ་དུ་སླེབས་སོ། །བླ་མ་མར་པ་ཡར་ལ་བྱོན་ཏེ། ང་ཡི་བུ་དེས་ཆོས་གཤའ་མ་ཞིག་ནུས་པར་འདུག་གསུངས་སོ། །

༈ ཡང་རྣམ་ཐར་གཅིག་ལ། བླ་མ་མར་པ་ལ་མི་ལ་རས་པས་ཕྱག་འཚལ་ཏེ། ཞབས་སྤྱི་བོར་བླངས་ནས་ཤད་ཀྱིས་སོང་བ་བླ་མ་རྔོག་གི་དྲུང་དུ་ཕྱིན། བླ་མ་ཡབ་ཡུམ་གྱིས་ད་གདམས་ངག་ཅི་འདོད་པ་ནི་བླ་མ་སངས་རྒྱས་དེ་གཉིས་ཀྱིས་སྦྱིན། འཚོ་བ་ཅི་འདོད་ནི་ངེད་ཀྱིས་འདྲེན། ད་ཁྱོད་འདག་སྦྱར་རྦད་ཀྱིས་ཆོད་དང་། ངེད་ཀྱང་ཁས་ཉེན་པ་ལ་ཁྱོད་ཡོད་པས་སུས་རག་མི་ཕོད། ཁྱོད་དྲིན་ཆེ་བ་ཡིན་གསུངས་པ་ལ། ཡང་མི་ལས་ཞུས་པ་དེ་ལྟར་བགྱི། ང་རྗེ་མར་པའི་སྤྱན་སྔར་ལན་གཅིག་འགྲོ། ཁོང་ལ་ཞུ་རྒྱུ་འགའ་ཡོད། དེ་རྫོགས་ནས་ཚུར་འོང་སྲིད། མི་འོང་ཡང་སྲིད། ཞེས་ཞུས་པ་ལ། ཅི་ནས་ཀྱང་འབྱོན་པར་ཞུ་ཟེར། ང་ལན་ཅིག་མཇལ་ནི་ཅིས་ཀྱང་འོང་ཞུས་ནས་བཞུད་དོ། །
དེ་ནས་རྗེ་མར་པའི་སྤྱན་སྔར་ཕྱིན་ནས་ཕྱག་འཚལ་ཞུ་བ་ཕུལ་བ་ནི། ང་ཤིན་ཏུ་དམན་སྡིག་པ་དཔག་ཏུ་མེད་པ་ཡང་བྱས། འོན་ཀྱང་ཁྱེད་ཡབ་སྲས་གཉིས་ཀྱིས་ཐུགས་ལ་ཤིན་ཏུ་བཏགས། ད་ལན་ཅིག་སློབ་དཔོན་རྣམས་ལ་ཕྱག་རེ་འཚལ་དུ་འགྲོ། ཁང་ཞིང་ཐམས་ཅད་ཀྱི་བདག་པོ་མེད་པར་འདུག་ཀྱང་ཟེར། དཀོན་མཆོག་བརྩེགས་པ་ཞིག་ཡོད་པ་དང་། ཁང་ཞིང་བཙོངས་པའི་རིན་ལ་ཁྱེད་ཡབ་སྲས་ལ་མཎྜལ་རེ་འབུལ། སློབ་དཔོན་རྣམས་ལ་བག་ཙམ་རེ་འབུལ་སྙམ་ཞུས་པ་ལ། རང་རེ་དཔོན་སློབ་མིན་པ་གཞན་ལ་མ་ཟེར། རང་ལ་ཡང་གནོད་ཕྱི་རབས་ཀྱི་སེམས་ཅན་རྣམས་ལ་གནོད་པ་ཡིན། ལར་ཚོགས་རྣམ་པ་གཉིས་མ་རྫོགས་པར་སྒྲིབ་པ་རྣམ་པ་གཉིས་མི་འབྱོང་བས། ཁོ་བོས་འདིར་ནོར་ལ་ནག་ནག་བྱེད་པ་ཡང་སེམས་ཅན་གྱི་དོན་དུ་ཡིན། ངས་འཇིག་རྟེན་ཐམས་ཅད་ན་ཁྱབ་ནི་ཡོད། ངས་ནོར་ལ་བདག་ཏུ་བཟུང་བ་ཡང་མེད་པ་ཡིན། དེ་ཡང་སང་དུས་ཚོད་ཅིག་ན་ཁྱོད་རང་གིས་ཀྱང་ཤེས་སུ་འོང་། ང་ལ་ཐེ་ཚོམ་ཡེ་མི་སྐྱེའོ། །ང་ལ་འབུལ་བ་ཡེ་མི་དགོས། འབུལ་བ་བྱེད་སྙམ་པ་ཁྱོད་ཀྱི་བདུད་ཡིན། ཁྱེད་རང་དཔོན་སློབ་གཞན་རྣམས་ལ་དེ་དག་ཕུལ་ཞེས་གསུངས་སོ། །འོ་ན་ཡང་ཇོ་མོ་ལ་མཎྜལ་འབུལ་འདོད་ཞུས་པ་ལ། དེ་ཡང་མི་དགོས། སང་ཆོད་ཀྱི་གོ་ཡུལ་ཅིག་ནམ་སྐྱེས་ཙམ། ཁོ་བོའི་དྲུང་དུ་ལན་གཅིག་ཤོག་དང་། ད་གཟོད་ཁྱོད་ཀྱིས་གོ་གསུང་སྐད།
དེར་ཕྱག་ཕུལ་ནས་མི་ལ་ཤད་ཀྱིས་སོང་སྟེ། སློབ་དཔོན་རྣམས་ལ་རིམ་པ་བཞིན་དུ་ཕྱག་འཚལ། བླ་བོ་བསྙད། བན་བོན་གཉིས་ཀྱི་ཞལ་ནས། འོ་གོ་བཅད་ཟིན། ངེད་རང་དཔོན་སློབ་སྡིག་ཆེ་བས་སྡིག་བཤགས་ལ་ཁྱོད་ཆོས་སྒོར་ཞུགས་པ་ཤིན་ཏུ་ལེགས་གསུང་སྟེ་མཉེས་ནས། ཉི་མ་གསུམ་ལ་བསྐྱལ་ནས་མཇལ་བའི་སྨོན་ལམ་བཏབ་སྐད། དཔོན་སློབ་གསུམ་ཀས་སྤྱན་ཆབ་བྱུང་བས། ས་ལ་གན་རྐྱལ་དུ་འགྱེལ་ནས། ཡུན་རིང་བཤུམ་སྐད།
དེ་ནས་གཙང་རོང་དུ་ཕྱིན་ནས་སློབ་དཔོན་རྙིང་མ་བ་དང་རོང་སྟོན་ལྷ་དགའ་དང་མཇལ། འོ་ན་མི་ལ་ཁྱོད་གོ་བཅད་གྲགས་པ་ཐོན། སྙན་པ་ཆེ། ད་ཁྱོད་རང་གི་ཁང་ཞིང་། ཨ་ཁུའི་ཁང་ཞིང་རྣམས་བདག་པོ་བྱེད་པས་ཆོག །ཁྱོད་ལ་བལྟ་ཕོད་མི་མེད། དོ་ནུབ་འདིར་སྡོད་དང་འོ་སྐོལ་གཉིས་བླ་བོ་བྱེད་གསུངས་པ་ལ། ཁོང་འགྲོ་འདོད་རེངས་པ་ཞིག་བྱུང་བས། ང་དོ་ནུབ་ནས་ལན་གཅིག་འགྲོ་བྱས་པ་ལ། དེར་འབྱར་བ་བྱས་ནས་སོང་བས་ནུབ་མོ་རང་ཁྱིམ་དུ་ཕྱིན། ཞིང་ཐམས་ཅད་རྨོ་མི་མེད་པར་ཐ་བར་སོང་ཟིན། ཁང་པ་ལ་བདག་པོ་མེད་པས། ཐམས་ཅད་ཐིག་ཟག་ཏུ་སོང་ཟིན་ནས་ཤིང་རྣམས་རུལ་ནས་དྲྭ་བ་བཞིན་ཕྱེད་རྡིབ་ཕྱེད་ཁྲོལ་མོང་བཞིན་དུ་སོང་ཟིན་པ་ལ་རྩྭ་ལྡོམ་མེ་སྐྱེས་ནས་འདུག །དཀོན་མཆོག་བརྩེགས་པ་དེ་ཡང་ཕྱེད་ས་ནང་དུ་སོང་ནས་རུལ། ཕྱེད་མངོན་པར་ས་འདམ་ཅང་ངེ་རེད་ནས་སྣང་། མ་ནི་སྔར་ནས་ཤི། སྲིང་མོ་པྲེ་ཏ་མ་ལ་སྟོད་ཕྱོགས་ན་སྤྲང་ཐལ་ཟེར། ཁང་ས་སྟོང་པ་དེར་ནུབ་མོ་ཉལ་བ་ལ། འཁོར་བའི་རང་བཞིན་འདི་ལ་ཡིད་མུག་བསམ་ཤིང་སྒྱིད་ལུག་ཅིག་བྱུང་ནས། ཤུགས་ལ་རང་བྱུང་གི་མགུར་འདི་གསུངས་སོ། །ཀྱེ་མ་འཁོར་བ་སྙིང་པོ་མེད། །མི་རྟག་མི་རྟག་སྙིང་པོ་མེད་ཅེས་སོགས་མི་རྟག་པའི་མགུར་གསུང་ནས། དེ་ཡང་འཇིག་རྟེན་འདི་ལ་སྐྱུག་ལོག་པ་ཞིག་བྱུང་ནས། འཁོར་བའི་བདེ་སྡུག་འདི་ཐམས་ཅད་དོན་མེད་དུ་འདུག་སྙམ་པ་བྱུང་། ཐམས་ཅད་མི་རྟག་འགྱུར་བ་ཅན་དུ་གོ །ཅིར་ཡང་སྣང་བ་མ་ངེས་སྒྱུ་མར་གོ །སྔོན་ཕ་མ་བུ་གསུམ་འཛོམས་ཡང་དོན་མི་སྣང་། ངེད་མ་མད་གཉིས་ཀ་འཛོམ་པའི་དུས་ཀྱང་སྙིང་པོའི་དོན་མི་སྣང་། མ་ཡོད། བུ་ཡོད། ནོར་ཡོད་ཐམས་ཅད་འཛོམ་པའི་དུས་ཀྱང་འཁྲུལ་སྣང་སྐད་ཅིག་གི་རྣམ་རྟོག་མིན་པ་དོན་ལ་མི་སྣང་། སྒྱུ་མ་ལྟ་བུར་འཁྲུལ་པར་འདུག །ད་ངས་འཁྲུལ་པ་གོ་བའི་གནས་སྐབས་འདིར། སེམས་སྐྱེ་བ་མེད་པའི་ངོ་བོ་དེ་བཙལ་དགོས་སྙམ་དུ་སེམས་པ་བྱུང་ངོ་། །
དེ་ནས་ཞིང་གི་ཕྱེད་ཙམ་སྔར་གྱི་སློབ་དཔོན་རྫོགས་ཆེན་པ་དེ་ལ་ཕུལ། ཕྱེད་ཙམ་དེ་སློབ་དཔོན་དེ་ལ་གཏད་པས། སློབ་དཔོན་ཁྲོ་རྒྱལ་དང་བོན་པོ་གཉིས་ལ་འབུལ་ཞུས་པས། སློབ་དཔོན་དེའི་ཞལ་ནས། ང་ཡང་རྒས་ཞིང་གིས་ཅི་བྱེད་གསུངས་པ་ལ། བཞེས་པར་ཞུ་ཞུས་ནས་བཞེས། དེ་ནས་མི་ལ་རང་གི་ཁང་ལྟག་ཏུ་ཕུག་པ་ཞིག་བརྐོས། སློབ་དཔོན་རྙིང་མ་བས་ནས་ཡེར་བྱིན་པ་ཟོས་ནས་ཟླ་བ་ལྔ་དང་ཞག་གཉིས་བསྒོམ་པ་ལ། དྲོད་ཀྱང་མ་བྱུང་། ཤེས་པ་ཙབ་ཙུབ་ཏུ་སོང་ནས་རྗེ་མར་པའི་སྤྱན་སྔར་ཆས་སྙམ་ནས། ཕར་བཞུད་ཡར་བཞུད་བྱས་པ་ལ། ཡང་བསམ་པ་ཞིག་སྐྱེས་ཏེ། རྗེ་མར་པས་ཆོས་གཅིག་ནམ་རྟོགས་ཙ་ཤོག་གསུངས་པས། ཆོས་བས་ང་ལ་དྲོད་ཀྱང་མེད་སྙམ་ནས་ལྷེབ་ཀྱིས་བསྡད་དོ། །དེ་ནས་ཡང་ཤེས་པ་ཚམ་ཚོམ་དུ་འདུག །སྒང་པར་ཆུ་མ་ཆགས་ཏེ། སློབ་དཔོན་རྙིང་མ་བའི་སྤྱན་སྔར་གཤེགས་སོ། །སློབ་དཔོན་རྙིང་མ་བའི་སློབ་བུ་ཅིག་ཆང་རྒན་གཅིག་འོངས་པ་སློབ་དཔོན་རྣམས་ཀྱིས་གསོལ་བས། ཐུན་ཅིག་གཉིས་རྩ་རླུང་ཡིན་པར་འདུག་པས་སིང་གི་སོང་ངོ་། །དེ་ནས་ཡར་འགྲོ་བ་ལྟག་ཕུག་པར་སོང་སྟེ། བརྩོན་འགྲུས་ཕྱུང་ནས་བསྒོམ་པས་དྲོད་ཡེ་མ་བྱུང་སྐད། དེ་ནས་སློབ་དཔོན་རྙིང་མ་བ་ཅན་དུ་ཕྱག་འཚལ་དུ་སོང་བ་ལ། ལམ་ན་ངོ་ཤེས་ཀྱི་ཉ་མ་གཉིས་དང་འཕྲད། གཉགས་ཁྲོ་རྒྱལ་དང་བོན་པོ་གཉིས་ཀ་བསྙུན་ཕྲན་ཅིག་བྱུང་བས་གཤེགས། བར་ན་ཞག་བདུན་བས་མི་ཁྱད། དགེ་བླས་ཆེ་བར་བྱས། ཅེས་ཐོས་པས་མྱུར་བར་རྫོགས་ཆེན་པའི་སྤྱན་སྔར་ཕྱིན་ཕྱག་འཚལ། བླ་བོ་ལ་སོགས་པ་ཞུས། ངའི་སློབ་དཔོན་གཉིས་འདས་པར་སྣང་། སློབ་དཔོན་གཉིས་ལ་བསྔོས་པའི་ཞིང་དེ་སློབ་དཔོན་གྱི་དགེ་བ་ལ་བསྔོས་ནས་ཁྱེད་ལ་འབུལ་བསྔོ་བ་སྨོན་ལམ་ཞུ། ཅེས་ཡང་ཡང་བསྐྱར་ནས་ཞུས་པས། གནང་སྟེ་སྨོན་ལམ་དང་བསྔོ་བ་མཛད་དོ། །
དེ་ནས་ཞག་བདུན་གྱི་བར་དུ་སློབ་དཔོན་གྱིས་བཤོལ་བཏབ་སྟེ། ཆང་གསོལ་ཞིང་དེར་བཞུགས་སོ། །དེ་ནས་རང་གི་ཕུག་པར་སོང་སྟེ། བརྩོན་འགྲུས་ཕྱུང་ཤིང་བསྒོམ་པ་ལ་དྲོད་ཡེ་མ་བྱུང་། གད་ཞབས་ཀྱི་ཞིང་རིང་བྱ་བ་དགེ་བཤེས་རྔོག་ཡབ་ཡུམ་ལ་བསྔོས་པ་དེ་ཡུལ་གྱི་མི་ཆེན་ཅིག་ལ་གཏད་པས། རིན་དེ་ངས་བླ་མ་ལ་བསྔོས་པ་ཡིན། ཞིང་གི་ཐོག་ཙམ་ཨེ་ཡོད་དང་ཁྱེད་ལ་གཏད། ཐུགས་ལ་ཐོགས་ཞུས་པ་ལ། དེས་ཆོག་ཟེར་ནས་ཁས་བླང་ངོ་། །དེ་ནས་ཡང་ཕུག་པར་སོང་ནས་བརྩོན་འགྲུས་ཕྱུང་ནས་བསྒོམ་པ་ལ། ནུབ་གཅིག་གི་རྨི་ལམ་དུ་ཞིང་ཅིག་རྨོས་པ་ལ་ཤོལ་ཡེ་མ་ཆོད་པར་འདུག །མི་ལའི་བསམ་པ་ལ་ག་རེ་བསྒོམ་ཡང་ཉམས་མྱོང་ཡེ་མི་སྐྱེ་བ་ཡིན་ནམ་སྙམ་པ་བྱུང་། འོན་ཀྱང་ང་སྒྲིབ་པ་ཆེ་བ་ཡིན་ནམ། མ་ཤི་བར་དུ་སྒོམ་དགོས་དང་ཉམས་རྟོགས་མི་སྐྱེ་དྭོགས་མེད་སྙམ་ཏེ། རང་ཤུགས་ཀྱིས་མགུར་འདི་གསུངས་སོ། །
མཉམ་པ་ཉིད་ཀྱི་ས་གཞི་ལ། །དད་པ་སྔོན་འགྲོའི་ཆུ་ལུད་བྲན། །གཏུམ་མོ་འབར་འཛག་རླན་གྱིས་བརླན། །འཛིན་མེད་ངེས་ཤེས་ས་བོན་བཏབ། །ཟུང་འཇུག་གླང་ཆེན་གཉིས་བརྡེབས་ནས། །ཐབས་དང་ཤེས་རབ་བཤོལ་བཏགས་ཏེ། །བློ་ལྡན་ཡེངས་མེད་ཐོང་མཁན་བྱས། །བརྩོན་འགྲུས་ལྕག་གིས་ཡོངས་བསྐུལ་ནས། །དེ་ཐ་བ་སྲ་ཡང་ཕེད་དེ་མཆི། །འབྲས་བུ་དུས་སུ་སྨིན་ཏེ་མཆི། །ཞིང་པའི་དཔེ་དང་སྦྱར་བ་འདི། །རྣལ་འབྱོར་པ་ཡི་རྨི་ལམ་ཡིན། །ཕྱི་རབས་གན་གྱི་གང་ཟག་གིས། །ཉམས་སུ་ལེན་ན་འདི་བཞིན་ལོངས། །ཞེས་གསུངས་སོ། །
དེ་ནས་ཞེ་བཅད་ཆེན་པོ་བྱས་ཏེ། བྲག་དཀར་སྤོ་མཐོ་ལ་འགྲོ་སྙམ་ནས་སྒྱེ་རུལ་ཅིག་ཏུ་ནས་ཕུལ་ཉི་ཤུ་རྩ་གཉིས་ཙམ་ཡོད་པ་བཟུང་། རླུད་པུ་ཞིག་ཏུ་ཕྱེ་མ་ཡོས་ཕུལ་གསུམ་བཞི་དང་། སློབ་དཔོན་གྱིས་གནང་བའི་ཕག་ཤ་གཟུགས་ཕྱེད་གཅིག་ཡོད་པ་ཁུར་ནས། ཡུལ་གྱི་མི་དཔོན་དེ་ལ་སྤྲད་དེ། སྤྲིན་དཀར་པོ་ཡ་ཀི་དེའི་ཞབས་སུ་ངའི་སློབ་དཔོན་མར་རྔོག་རྣམས་གཉིས་བཞུགས། གསེར་གྱི་མཎྜལ་འབུལ་བསམ་ཙ། རྗེ་མར་པས་བཀའ་རྒྱ་མཛད་པས་མ་བཞེས། སློབ་དཔོན་རྔོག་ཡབ་ཡུམ་ལ་གསེར་གྱི་མཎྜལ་རེ་འབུལ་འདོད་པས། ཐ་བ་ཤིན་ཏུ་རྨོ་དཀའ་སྟེ། དོ་ཅིག་དབྱར་ཁྱོད་ཀྱི་འཕྲུ་དང་རྨོ་ཨེ་ཐུབ་ལྟོས། ཅིས་ཀྱང་ངས་རེ་བ་ཡིན་བཟླས་པ་ལ། མི་ན་སོ་ཆུང་གཞོན་ཡང་སེམས་གསལ་བ་ཅིག་གདའ་སྟེ། ཁྱོད་ཀྱི་ཁང་ཞིང་མི་ཆེ་བ་ཅིག་གི་ཕྱིར་རང་རེས་མི་དེ་ཙམ་མེད་པ་བྱས། ཆུས་ཉེས་སུ་བཅུག །འོ་ན་ཁྱེད་མ་བུ་དང་ངའི་ཨ་མ་དེ་ཤིན་ཏུ་སྙིང་ཉེ་ནས་སྣང་། ཨ་མ་ཁམས་བདེ་བའི་དུས་ནས་ང་ལ་ཁ་ཆེམས་བཞག་ནས། ཐོས་དགའ་མཐུ་ཆེན་དེ་བྱུང་ན། འོ་སྐོལ་མ་བུ་ལ་ལྟ་སེམས་ཤིན་ཏུ་བཟང་བས་ཁྱོད་བློ་ལྷན་ནེ་གཏོད་ལ་ཅི་ཟེར་གྱིས་ཟེར་ནས་ང་ལ་མས་ཁ་ཆེམས་ཡང་བཞག་པས། ད་ངས་ཁྱེད་ཅི་ལྟར་མཉེས་པ་བཞིན་བགྱི་ཟེར་ལོ།
དེ་ནས་སྒྱེ་ཁུར་དང་བྲག་དཀར་སྤོ་ཐོན་ལ་འཛེག་ནས་སོང་བས། བྲག་ཕུག་ཅིག་ཏུ་བརྩོན་འགྲུས་ཕྱུང་ནས་བསྒོམ་པས། ཟྭ་ཚོད་ཁོ་ན་བསྐོལ་བ་ལ། ཡལ་དེས་བྲོ་བ་ཙམ་བྱས་ཤིང་འཐུང་། དེར་ལུས་ལ་ཤ་མེད་ཟྭའི་མདོག་རུས་མགོ་པགས་གཡོགས་སྔོ་ལྷང་ངེ་བར་སོང་། ཉིན་ཅིག་ཀུ་རྒྱ་ཆེན་པོ་ཅིག་གྲག་པ་ལ་བལྟས་ཏེ། ཁྱིས་རི་དྭགས་བདས་ནས་མཐའ་བཙུད་དེ་ཁ་དམར་ཏོང་ངེ་བྲོས་ནས་བྱུང་། དེའི་རྗེས་ལ་རྔོན་པ་མང་པོ་བྱུང་བས། རི་དྭགས་མང་པོ་མཐའ་ལ་བཙུད་ཅིང་གསོད་པར་འདུག །སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ཏེ་བྱ་ཐབས་མེད་གསུང་། རྔོན་པ་ཀུན་གྱིས་ཁོང་མཐོང་བས་ཁྱོད་མིའི་གཟུགས་ལ་རུས་མགོ་པགས་གཡོག་འདི་འདྲ་སྔོ་ནག་ལྷང་ངེ་བ་འདི་སུ་ཡིན། གར་བྱུང་གང་ན་ཡོད་པ་ཡིན། ཅེས་དྲི་རྨེད་བྱེད་དུ་བྱུང་བ་ལ། མི་ལ་ན་རེ། ང་མི་ལ་ཐོས་པ་དགའ་བྱ་བ་ཡིན། བྲག་འདི་ལ་བསྒོམ་པ་ཡིན། བཟའ་རྒྱུ་མེད་པས་ཟྭ་ཁོ་ན་ཟོས་པས་སྔོན་པོར་གྱུར་པ་ཡིན་བྱས་པ་ལ། རྔོན་པ་རྣམས་དད་པ་སྐྱེས་ནས་ཤ་མང་པོ་དང་རྒྱགས་ཕྱེ་ཅི་ཡོད་ཀུན་བསྡུས་ཏེ་བྱིན་ནས། ད་ཁྱོད་འདི་ཀུན་གསོལ་ལ་སྒོམ་དང་། ངེད་ཀྱིས་ཡོན་བདག་བྱེད། རྒྱགས་ཀྱང་སྐྱེལ་ཟེར་ནས་ཐལ། དེ་ནས་མི་ལས་དེ་རྣམས་བསྲེས་ཤིང་གསོལ་བས། ཡུན་རིང་པོའི་རྒྱགས་བྱུང་གསུང་། ཡང་དེ་ཀུན་ཟད་ཙ་ན་བྲག་དེ་ལ་བྱ་རྒོད་མང་པོ་ལྡིང་ཞིང་སྣང་བ་ལ། སྒྲོ་མང་པོ་འབྲུལ་ཞིང་འདུག་པས། སྙེ་ནམ་པ་དང་གུང་ཐང་པའི་སྒྲོ་ཐུན་མང་པོ་འོང་བ་དང་། མི་ལས་སྒྲོ་འཐུ་རོགས་བྱས་པས་ཁོང་རྣམས་ཀྱིས་གྲོ་རྒྱགས་ལྷག་མ་རྣམས་བྱིན་པས་རྒྱགས་རྟེན་ཡང་བྱུང་། ཁོང་ཟྭ་མདོག་སྔོན་པོ་ཤ་མེད་རུས་མགོ་པགས་གཡོག་ཏུ་འདུག་ཀྱང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ལུས་མཉེན་པ་དང་། ཡང་བ་བྱ་བཞིན་སོང་བས་བྲག་ལ་འཛེག་ཅིང་སྒྲོ་རྣམས་བཏུད་པས་སྒྲོ་ཐུན་ལ་བྱིན་ཞིང་གྲོ་ཕྱེ་རྣམས་བཞག །རྒྱགས་དེ་ལ་བརྟེན་ནས་མ་ཡེངས་པར་བསྒོམ་པས། སྒྲོ་ཐུན་པ་རྣམས་དང་རྔོན་པ་ལ་སོགས་པས་བྲག་དཀར་སྤོ་མཐོན་ནམ་མཁའི་རྫོང་ལ། མི་ལ་ཐོས་པ་དགའ་བསྒོམ་པས་གྲུབ་པ་ཐོབ་པས་ལུས་རིལ་གྱི་གཡུར་སོང་ཟིན། ད་རིན་ཆེན་སྣ་ལྔར་འགྱུར་ལ་ཁད་བྱས་པ་ལ། ཡུལ་ཐམས་ཅད་དུ་དེ་ལས་གླིང་རྒྱུ་མེད་པ་སྐད།
དེ་ནས་སྲིང་མོ་པྲེ་ཏ་མ་ཡང་སྲུ་ཞིང་སོང་བ། སྙེ་ནམ་ན་ཆང་གྲལ་ཅིག་ཏུ་ཡར་སྲུས་ཙ། མི་ཆེན་པོ་འགས་མི་ལའི་གླེང་ལོང་བྱེད་ཅིང་འདུག །མི་ཆེན་ཅིག་ན་རེ། སྒོམ་མ་ཁྱེད་གང་ནས་འོང་སུ་ཡིན་ཅེས་དྲིས་པ་ལ། པྲེ་ཏ་མ་ན་རེ། ང་ཁྱུང་མོ་ཟ་གཅིག་ཡིན་ཕ་མེད་མིང་པོ་ཐོས་པ་དགའ་བྱ་བ་གཅིག་ཡོད་པ་བོད་ཡུལ་དུ་འཁྱམ་ཐལ། ང་ཡང་སྤྲང་པ་ཡིན་བྱས་པ་ལ། མི་ཆེན་དེ་ན་རེ། ཁྱོད་མི་ལ་ཐོས་པ་དགའི་སྲིང་མོ་ཡིན་ན། བྲག་དཀར་སྤོ་མཐོན་ནམ་མཁའི་རྫོང་ལ། ཐོས་པ་དགའ་ནི་ལུས་པོ་ཐམས་ཅད་གཡུར་ཧྲིལ་གྱིས་སོང་ནས། ད་རིན་པོ་ཆེ་སྣ་ལྔ་ལས་འབབ་ལ་ཁད་ནས་སྣང་། ཁྱོད་མིང་པོའི་དྲུང་དུ་སོང་ཟེར། དེ་ནས་མོས་ཀྱང་དྲིས་པ་ལ། སྒྲོ་ཐུན་པ་རྣམས་ཀྱང་བདེན་ངེད་དང་འཕྲད་ཟེར། དེ་ནས་ཡང་ཡུལ་དུ་སོང་ནས་མི་རྣམས་ལ་དྲིས་ཀྱང་བདེན། རྔོན་པ་ཀུན་དང་འཕྲད་ཟེར། དེ་ནས་པྲེ་ཏ་མས་ཐག་ཉེར་ནེ་ནེ་མོ་ཡོད་པའི་རྩར་ཕྱིན་ནས། ཕྱུགས་རྫིའི་ཕྱིར་འབྲང་སྟེ་སོང་ནས་བྲག་གསེབ་ཏུ་བཙལ་བས། གཡང་ས་ཆེན་པོ་ཅིག་ཏུ་འགྲོ་དགོས་པའི་སར་ཕུག་པ་ཞིག་ཏུ་རྡོ་རྩིག་བྱས་ནས་སྣང་བ། མོས་དེར་བལྟས་པ་ལ་མི་སྔོ་ཡ་ལེ་བ་ཅིག་བསྒོམ་ཞིང་འདུག །པྲེ་ཏ་མས། མི་འདི་ངའི་མིང་པོ་ཡིན་ནམ་སྙམ་པས། སྔངས་ཞིང་བལྟས་ཙ་མི་ལས་ཀྱང་མོ་མཐོང་བས། སྒོམ་ཆུང་མ་ཅིག་ང་ལ་སྔངས་ཞིང་འདུག་པ་ཁྱོད་ཅི་བྱེད་པ་ཡིན་བྱས་པས། པྲེ་ཏ་མས་སྐད་ངོ་ཤེས་ཏེ་ངུ་ཞིང་རྩར་སོང་བ་དང་། དེར་མི་ལས་ཀྱང་ངོ་ཤེས་ཏེ། ཁྱོད་པྲེ་ཏ་མ་ཡིན་ནམ་བདེན་ནམ་བྱས་ནས་དྲི་རྨེད་བྱས་ཏེ། ང་ལ་ནི་ཁྱོད་ལ་སྦྱིན་རྒྱུ་ཡང་མེད་བྱས་པས། པྲེ་ཏ་མ་ན་རེ། ང་ལ་ཟན་ལྷག་ཡོད་ཟེར་ནས་ཟན་འཁོངས་ཟ་འཕྲོ་ཞིག་སྣང་བ་གཉིས་ཀས་ཟྭ་ཚོད་བྱས་པའི་ནང་དུ་བཏབ་ནས་འཐུང་། དེ་ནས་པྲེ་ཏ་མ་སོང་ནས་ཞག་འགའ་ལོན་ཙམ་ན། ཡང་ཟན་ལྷག་འགའ་ཟོ་བ་ཅིག་ཏུ་བཅུག་ནས་འོང་། དེ་གསོལ་ཞིང་བསྒོམ་པས་ཀྱང་ཉམས་མྱོང་ཡེ་མ་སྐྱེས་གསུང་། གོས་སྔ་མ་ཀུན་རྨིང་མེད་དུ་སོང་ནས་ཟད་པས་གཅེར་བུ་རང་དུ་ཡོད་པས། ལུང་པ་ཞིག་ཏུ་སྤྲང་ཡོང་ཞིག་རུ་བ་ལ་ཕར་སྤྲང་བ་ཅིག་འགྲོ་མ་ནུས་ནས་ཤི་བའི་ཤི་རོ་ཞིག་སྣང་བ་ལ་དེའི་གོས་རུལ་ཤིག་མེ་རེ་བ་དེ་གྱོན་པས། དང་པོ་ལན་ཅིག་ཤིག་གིས་མེར་ཏེ་གང་། དེ་ནས་ཤིག་ཀུན་བྱེར་ནས་གར་སོང་ཆ་མེད། དེ་ལྟར་དུ་གོས་དེ་སྐུ་ལ་གསོལ་ཞིང་བཞུགས་སོ། །ཡང་ཉིན་ཞིག་པྲེ་ཏ་མ་ཕྱིན་པས། མོ་ན་རེ། ལུང་པ་འདིར་ཕར་སོང་དང་། ཕ་ཀི་ན་ཨ་ནི་འབྲོག་ལ་བྱུང་ཟིན་ནས་ཡོད། ཁྱོད་དེར་སོང་ལ་སྲུས་དང་བག་ཙམ་ཅིག་སྦྱིན་ཏེ་འོང་ཟེར། དེར་མི་ལ་ཨ་ནི་ལ་སྲུ་སོང་བ་ལ། སྦྲ་རྩར་ཕྱིན་པ་དང་ཚུར་ཟད་ཅིག་ཏུ་བསྡད་པ་དང་། འོ་ཨ་ནི་ང་དེ་རིང་སྲུ་འོང་བ་ཡིན། ཅེས་གསུང་ནས་བོས་ཙ། ཨ་ནིས་འབྲི་དང་བེལ་མ་ཐུབ་པས་བདའ་ཞིང་འདུག་པའི་འཕྲོ་བསྐྱུར་ནས། ཚུག་ཤིང་ཞིག་བླང་ནས་མི་ལའི་སྟེང་དུ་ཚུར་བརྒྱག་པས་ཨ་ཙེ་ལེ། སྤྲང་པོ་བླ་བཙོང་པ་ཁྱོད་འདིར་ཤོག །སྔོན་ངའི་ཕ་མི་ཀུན་བསད་པའི་བསད་མ་བ། ལག་དམར་པོ། ས་ཕུང་པོ། ངོ་དམ་པོ་འདིར་ཤོག །བླ་བཙོང་པོ་འདིར་ཤོག །ཞེས་ཟེར་ཞིང་དེད་པས་མི་ལ་རི་ཐེལ་ཅིག་ཏུ་སྐྱ་ཕྱ་ལེ་བྲོས་པས་མོས་མ་སླེབ། དེ་ལ་ཡིད་མུག་ཅིང་ངུ་དྲོ་བ་ཅིག་བྱུང་བས། ཕར་བྲག་ཕུག་ཏུ་ལོག་སྟེ་ཟྭ་གསོལ་ནས་བསྒོམ་ཞིང་བསྡད་ཙ་ན་ཡང་པྲེ་ཏས་ཟན་ལྷག་འགའ་འཁུར་ནས་འོངས་པས། མི་གཞན་རྣལ་འབྱོར་པ་རྣམས་ནི་ནང་ནུབ་གྲོང་དུ་སློང་ཞིང་། ཉིན་པར་དབེན་པར་འདུག་ནས་བསྒོམ་བཟླས་ཆོས་སྤྱོད་བྱེད། ནང་ནུབ་སློང་བས་ཟ་གྱོན་འབོལ་ལེ་ཅི་འདོད་པ་ཤུགས་ལ་འོང་ཞིང་། ཅི་བྱས་ཀྱང་སེམས་དགའ་ཡ་ལེ་སྐྱིད་པར་འདུག །ལུས་སེམས་བདེ་བར་སྣང་བ་ལ། མིང་པོ་ཁྱོད་ཀྱི་ཆོས་འདི་ནི་ལུས་མནར་སེམས་མནར་བར་འདུག་གི །འདི་སྤངས་ནས་གྲོང་དུ་བསོད་སྙོམས་བྱ་ཞིང་། ཉིན་པར་ཆོས་བྱ་བ་དེ་མི་ལེགས་སམ། ཅེས་གྲོས་བཏབ་བོ། །དེ་ནས་མི་ལའི་དགོངས་པ་ལ། ད་ནི་བརྩོན་འགྲུས་ཤིག་ཕྱུང་དགོས་པར་འདུག་སྙམ་ཏེ། ལུས་ཉལ་བ་མེད་པར་ཙོག་པུའི་གནད་ཀྱིས་ལུས་ཀྱི་བདེ་བ་བཙལ། ངག་སྨྲ་བ་མེད་པར་རྒྱ་མདུད་ཀྱི་ཆིངས་ཀྱིས་ངག་གི་བདེ་བ་བཙལ། ཡིད་ཡེངས་པ་མེད་པར་སྦྲུལ་མདུད་ཀྱི་སྒྲོག་གིས་སེམས་ཀྱི་བདེ་བ་བཙལ། སྒོ་གསུམ་ཡེངས་མེད་ཀྱི་ངང་ལ་ཁྱེར་བས། ནང་སེམས་ཀྱི་རང་ངོ་འཕྲོད་པས་ལུས་ཀྱི་བདེ་དྲོད་ཤུགས་ལ་རྒྱས་ཏེ། ཏིང་ངེ་འཛིན་གྱི་ཟས་དང་ཕྲད། ཁམས་ཀྱི་ཟས་དང་ཉེ་བར་བྲལ། ཟོས་ན་ཅི་ཡང་འབོག །མ་ཟོས་ཀྱང་འདོད་པ་མེད། འོད་གསལ་ཉམས་ཀྱི་གོས་དང་ཕྲད། འཇིག་རྟེན་འདུས་བྱས་གོས་དང་ཞེན་པ་བྲལ། གོས་གྱོན་ཡང་བདེ་ལ་མ་བྱོན་ཡང་བདེ། གྱོན་དང་མ་གྱོན་ལ་ཁྱད་པར་མེད། ཅི་ལྟར་བྱས་ཀྱང་བདེ་བའི་ངང་དུ་སོང་ནས་སྒོམ་ཤིང་ཡོད་པ་ལ། ཡང་ཉིན་ཞིག་ཙ་ན་པྲེ་ཏ་དང་ཨ་ནི་གཉིས་ལམ་ཀ་རུ་ཕྲད་པས། ནེ་ནེས་པྲེ་ཏ་ལ་ཁྱོད་ཀྱི་མིང་པོས་འོ་སྐོལ་གཉིས་ཀྱི་བླ་བཙོངས་སོ། །རང་རེས་མི་ལ་མི་སྨོན་པའི་ཕ་ཚན་ཅིག་ཡོད་དེ་ཆུ་ནང་དུ་བླུགས། མི་ལ་ལ་ཙམ་ལ་བེར་ག་བྱིན། ཁ་སང་ང་ལ་སྲུ་ཟེར་ནས་ཕྱིན་པས། ངས་དེད་ནས་ཟ་རྒྱུ་མ་བྱིན། ད་ཨ་པ་བུ་ཙ་ལ་ཁོ་ཡོད་པས། ང་ལ་ཡང་དེ་བས་སྨོས་པ་མེད། འོ་སྐོལ་གཉིས་ནམ་འགྲོ་ཟེར་བ་ལ། པྲེ་ཏས་ཀྱང་སང་འགྲོ་ཟེར་རོ། །ཨ་ནེས་ཀྱང་མར་ལོག་གཅིག་དང་ཞོ་ཟོ་ཆུང་གང་བཟུང་ནས་སོང་བས། ཁོང་ཅག་གཉིས་དགོན་དུ་སོང་ཙ། གྱོ་ཚལ་ཞིག་ཏུ་ཆུ་ཨེན་ཙམ་ལེན་པ་དང་མཇལ། ནེ་ནེ་དང་སྲིང་མོ་གཉིས་ཨེན་ཙམ་ཅིག་མགོ་བཏུམ་ནས་ཉལ། ཁོང་ནང་དུ་བཞུད། ཡང་ནེ་མཚན་གཉིས་ཀྱང་རྗེས་སུ་སོང་བས་ནང་དུ་ཕྱིན་ཡང་གཅེར་བུར་སྣང་། དེར་ནེ་ནེས་འཐབ་འོ་སྐོལ་འདི་ཙུག་སོང་བས་འདི་ཙུག་རེད། འདི་ཙུག་མ་བྱེད་མི་རུང་ཟེར་སྐད། པྲེ་ཏས་ཟན་ལྷག་དང་ཆང་རྐྱལ་ཆུང་གང་། ཁྱི་སྤུ་ར་བལ་ཅི་སྙེད་ལ་བྱས་སྣམ་ཁྲེད་ཅིག་འོང་ནས། མིང་པོ་འདི་གྱོན་ཟེར་བ་ལ། མི་ལས་མཉམ་བཞག་ཕྱག་རྒྱ་གཅེར་བུར་ལྷོད་དེ་མི་གཡོ་བར་སྣང་བས། འོ་སྲིང་མོ་པྲེ་ཏ་ཟན་ལྷག་དེ་ཀུན་ཡང་ཁྱེད་རང་ཟོ། སྣམ་བུ་དེ་ཡང་ཁྱེད་རང་གྱོན་ལ་ད་ཕྱིན་ནས་རྒྱགས་བསྐྱལ་མི་དགོས། ཁྱེད་གཉིས་མ་འོང་དང་ང་སྔར་དང་མི་འདྲ། ཟ་གྱོན་གཉིས་ཀྱི་འདུན་པ་མེད། སྒོ་གསུམ་བདེ་སྟོང་འབའ་ཞིག་ཏུ་རྒྱུན་ཆད་མེད་པར་ཤར་བ་ཡིན། ཅི་ལྟར་བྱས་ཀྱང་བདེ་བར་འདུག་གསུང་། མོ་ན་རེ། མིང་པོ་ནི་ཁར་ཉིན་སྔོན་དང་མི་འདྲ། བར་འདུག །སྐུའི་ཤ་བཀྲག་དང་མདངས་བཟང་བར་འདུག །ད་སངས་རྒྱས་པ་ཡིན་ཟེར་རོ། །དེ་ནས་པྲེ་ཏ་གྲོང་དུ་སྲུ་ཐལ། མི་ལ་ཟས་དང་གོས་ཀྱི་འདུན་པ་བྲལ་ནས་བཞུགས་སོ། །
དེ་ནས་ཡིབ་མ་གོང་དུ་ཕྱིན་ནས་ཉིན་ཞིག་འདི་ལྟར་ཐུགས་དགོངས་བྱུང་སྟེ་རྗེ་ལོཙྪ་བའི་ཞལ་ནས་ཁྱོད་གོ་ཡུལ་ཅིག་ནམ་སྐྱེས་ཙ་ཤོག་གསུངས་པས། ད་ནི་འགྲོ་རན་པར་འདུག་སྙམ་སྟེ། གློག་ཏོ་རྣམས་རྐེད་ལ་དཀྲིས་ཏེ། སྔར་མི་ཆེན་ཞིང་གཏད་པ་དེའི་ཅན་དུ་སོང་ནས། ཡོན་བདག་རྡོ་རྗེ་ཡགས་ལ་འདིར་བྱོན་བྱས་འཕྲིན་བཏང་ནས་དེར་ཡུལ་གྱི་མི་ཆེན་ཞིང་གཏད་པ་དེ་ཕྱིན་ནས། ད་དཔོན་ཁྱོད་ལ་ཞུ་བ། ང་ལན་གཅིག་དབུས་ན་མར་རྔོག་རྣམ་གཉིས་ལ་ཕྱག་འཚལ་དུ་འགྲོ། ན་ནིང་ཞུས་པ་ལྟར་ཐུགས་ལ་ཐོགས། ཅེས་བསྙད་པ་ལ། ཁོ་ན་རེ། ཨ་པོ་ཁྱོད་གྲུབ་པ་ཐོབ་ཟིན། བརྗེས་པར་སོང་ཟིན། ངས་ཨ་མ་ཤི་བའི་དགེ་བླས་བྱས་དབུལ་པོར་སོང་བས། ཁྱོད་ཅན་དུ་འབུལ་བ་མ་ཐེང་བས་ངོ་གནོང་ཟེར་ནས་གནོང་གནོང་ཞིག་བྱས། ད་ཞིང་ལ་ཅི་ལྟར་བྱ་གང་ཅི་རེ། ཨ་པོས་ཅི་ཟེར་བྱེད་ཟེར་ལོ། ད་ནས་ཁྱིམ་དུ་ཐལ་ནས་ནང་ན་མྱུར་དུ་བྱོན་ཟེར་བ་ལ། ང་གཅེར་བུར་ཡོད་པས་མནའ་མས་ངོ་ཚ་བྱེད་ང་མི་འགྲོ། ངའི་ཟ་རྒྱུ་ཚུར་ཁྱེར་ཤོག་གསུངས་པས། ལུག་བྲང་གཙོས་པ་ཅིག་དང་ཆང་ཕོམ་གང་རྩམ་སྡེར་གང་དང་གསུམ་བྱུང་བ་གསུམ་ཀ་ཟོས་པས། ལན་གཅིག་མི་བདེ་ཐོམ་མེ་འདུག་སྐད།
དེ་ནས་མི་ལས་ངས་ནི་མི་དྲན་ཏེ། ཁྱོད་ཀྱི་མ་དེ་ཤིན་ཏུ་གོ་ཆོད་ཅིང་བྱེད་གཙང་བ་དང་། ངའི་ཕ་མ་གཉིས་ཀྱིས་ང་དང་ཁྱད་མི་བྱེད་པར་འདུག །དེ་ནས་ཁྱེད་ཀྱི་ཡབ་བགྲེས་པོའི་ཞབས་ཏོག་ལ་ཕུལ་བར་འདུག །དེ་ལ་ཁྱེད་མིང་སྲིང་བཞི་འདུག་པ་ཡང་སེམས་ཉིད་གསལ། ང་ཤིན་ཏུ་མགུ། ཞིང་ཕྱེད་དེ་ཁྱེད་མིང་སྲིང་བཞི་ལ་སྦྱིན། དེ་ཡང་ཕྱེད་དེ་ཁྱེད་མིང་པོའི་གྱིས། ཕྱེད་དེ་སྲིང་མོ་གསུམ་གྱི་གྱིས། ཞིང་ཕྱེད་དེ་ལ་ལྷུའི་གང་ཅི་ཡོད་གྱིས་གསུང་། དེ་ནས་ནུ་བོས་རིའུ་ཕྲུག་གོན་འཕྲོ་ཞིག་ཕུལ། ནས་ཡ་གཅིག་ཀྱང་ངེད་ཀྱིས་འབུལ་ཞུས་པས། ང་ལ་དེ་གང་ཡང་མི་དགོས་གསུང་ནས། གོས་ཧྲུལ་ཡོད་པ་ཡང་བསྐྱུར་ནས། ལ་ལ་བྱ་འཕུར་བ་བཞིན་ཡར་ཐལ། དེའི་ནུབ་མི་དྲོད་སྐྱེས་ནས་བཞུགས་ཐབས་མ་རྙེད་པས། གངས་ཀྱི་རྩེ་ལ་ཡར་བྱོན། དེ་ཕྱིན་ཆད་ནས་འདོད་པའི་ཡོན་ཏན་ལྔ་ནི་ཆར་བཞིན་དུ་བབ། མཆོག་ཐུན་མོང་གི་དངོས་གྲུབ་མཐར་ཐུག་པ་ནི་ཐོབ། བྲག་དཀར་སྤོ་མཐོ་ལ་དགུན་གཅིག་བཞུགས་སོ། །དེ་ནས་ནན་ཏན་ཝའི་ཟླ་བ་ལ་ནུ་བོ་ཕྱིན་པས་ཨ་ཕོ་འདོད་དང་། ངས་གསེར་བསྒྲུབས་ཡོད་ཟེར། ལྷམ་ཞིག་གྲུབ་པ་དང་སྔར་གྱི་རིའུ་ཕྲུག་གོན་འཕྲོ་དེ་དང་གཉིས་ཕུལ་བས། འདི་རྣམས་མར་ལམ་བཞེས་པའི་ཞུ་ཟེར། འོ་དེ་ལྟར་བྱ་གསུང་ནས་ཐང་བར་དུ་ལྷན་དུ་བཞུད། དེ་ནས་བུ་ཙ་ཆུང་ངུས་གྱིས་བྱེད་པ་བཞིན་དུ་སྣག་པོ་ཆེ་ལ་ཕྱག་གིས་བརྒྱབ་ཅིང་བརྒྱུག་པས། སྐད་ཅིག་གིས་ཡུལ་དེར་ཕྱིན། ཨ་ནུ་ཡང་བརྒྱུག་ཅིང་འོངས་པས་ཕྱི་དགུ་ཙ་རྡུལ་ཆེན་མོ་བྱས་ནས་ཕྱིན། ཨ་པོ་རྣལ་འབྱོར་པ་དེ་གར་བཞུད་བྱས་པས། སུས་མཐོང་མི་མེད་མཛེ་པོ་ཞིག་ན་རེ། གྲམ་ཕུང་ཆེན་པོ་ཕ་ཀི་དེའི་ཕག་ན་མི་དཀར་ལྷང་ངེ་བ་གཅེར་བུར་སྣང་ཟེར། དེར་ནུ་བོས་རས་ཡུག་ཅིག་སྦྲེལ་བ་ཁྱེར་ཏེ་ཕྱག་འཚལ་ནས་འདི་རྐེད་ལ་དཀྲི་བར་ཞུ་བྱས་པས། ད་ཏུང་ཟེར་ནས་རྐེད་ལ་དཀྲིས་ཏེ་བྲང་ཁང་དུ་སྤྱན་དྲངས་སོ། །དེ་ནས་ཚོགས་ཀྱི་འཁོར་ལོ་ཞིག་བསྐོར་བའི་སར་ཨ་ནུ་མིང་སྲིང་བཞི་མནའ་མ་དང་ལྔ། གྲོང་གི་ཉེ་བ་ཅིག་དང་དྲུག་ལ་ཉམས་རེ་རེ་ཡང་སྐྱེས་སྐད། མནའ་མས་དངུལ་གྱི་མེ་ལོང་གསེར་གཡུའི་སྤྲ་ཅན་ཞིག་ཕུལ། ཁྱིམ་མཚེས་ཀྱི་ཉེ་བས་གཡུ་ཆུང་མདོག་བཟང་ཞིག་ཕུལ། དེ་ནས་ཞིང་རིན་གྱི་གསེར་བླངས་ཏེ། སློབ་དཔོན་ལྷའི་སློབ་མ་རྣལ་འབྱོར་པ་ཅིག་གིས་སློག་རུལ་ནང་དུ་གྲུབ། སློབ་དཔོན་ལྷ་དགས་གསེར་ཞོ་བཞི་དང་སུམ་ནམ་གཅིག་བསྐུར། ང་ཡང་ལན་གཅིག་སྤྱན་སྔར་འགྲོ་བསམ་ཙ་ན། ང་རྒས་པས་མ་ཐོན། ཁྱོད་མྱུར་བར་ཤོག་དང་ངས་ཆོས་ཞུ་འདོད་གསུངས་པ་ལགས། སློབ་དཔོན་བན་བོན་གཉིས་ཀྱི་ཡུལ་དུ་བཞུད། གཉག་ཁྲོ་རྒྱལ་གྱི་རྒན་མོ་བགྲེས་ནས་མ་གཤེགས་ནས་སྣང་བ་དངུལ་དང་གཡུ་ཕུལ། བོན་པོའི་བུ་མཐུ་དང་སེར་བ་བསྒྲུབ་རོགས་ལ་གསེར་ཞོ་གང་ཕུལ། སློབ་དཔོན་བན་བོན་གཉིས་ཀྱི་གདུང་ལ་གསེར་ཞོ་གཉིས་རེ་ཕུལ། དེ་ནས་གྲོ་བོ་ལུང་གི་དགོན་པར་ཕྱིན་ནོ། །མ་ཇོ་མཉེས་པས་བྲོ་བརྡུང་སྐད། དེ་ནས་རྗེ་མར་པའི་ཞལ་ནས། ཐོས་པ་དགའ་མྱུར་དུ་བྱོན་གསུང་ནས་སྤྱན་སྔར་ཕྱིན། ཕྱག་རྟེན་ཅིག་གཏོང་བར་ཞུ་བྱས་པ་ལ། མི་འཚལ་གསུངས་སོ། །དེ་ནས་ཇོ་མོས་བླ་བོ་མཛད། ཐོས་པ་དགའ་ཁྱོད་བཞུད་ཕྱིན་ཆད་ཁམས་བསང་ངམ། མདོ་སྡེ་ཡང་བསུ་བ་ལ་མ་ཐེང་། སྐྱེད་ཆེ་གསོལ་དྲག་གསུང་ནས་མཉེས་སྐད། དེ་ནས་མི་ལས་འདི་ལྟར་བསྒོམ་པས་ཉམས་འདི་ལྟར་སྐྱེས། འདི་ལྟར་འདུག་ཞུས་པས། ཤིན་ཏུ་མཉེས་ཏེ་ཕྱག་སྤྱི་བོར་བཞག་ནས་བྱུང་སྐད། དེ་ནས་རྗེ་མར་པའི་ཞལ་ནས། ཚུལ་དང་ལྡན་པའི་བསྒྲུབ་པ་འདི། །མི་ལ་རྡོ་རྗེ་རྒྱལ་མཚན་ཡིན། །གདམས་ངག་སྤྲུག་པ་དེ་ཚུག་ལགས། །བྱས་པ་ཁྱོད་ཀྱིས་ང་སུན་མ་ཕྱུང་གསུངས་ནས་མཉེས་པ་ལ་དཔེ་མེད་མཛད། དེ་ནས་མི་ལས་མཎྜལ་མ་བཞེད། ད་རྔོག་གི་སར་ཕྱག་དང་མཎྜལ་འབུལ་དུ་འགྲོ་ཞུས་པས། ཁྱོད་དམ་ཚིག་ཅན་ཡིན། དེ་ལྟར་གྱིས་གསུང་ནས་མཉེས་ཏེ་བཏང་ངོ་། །དེར་སོང་བས་རྔོག་ཡབ་ཡུམ་གཉིས་ལ་ཕྱག་འཚལ་མཎྜལ་ཕུལ། ང་སོང་བས་སློབ་དཔོན་རྣམས་དང་མཇལ། ཡིད་ཚིམས་པར་བྱས། སྒྲུབ་པ་བག་ཙམ་བྱས་ཉམས་རྟོགས་སྲག་སྲིག་སྐྱེས་ཞུས་པས་བླ་མ་ཤིན་ཏུ་མཉེས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་མཛད། ཆོས་ཀྱི་བླ་བོ་བྱས་པ་ལ་རྗེ་མར་པ་དང་ཐ་དད་མེད་གསུངས་སོ། །ཨ་རང་བླ་མ་འདི་ལྟ་བུ་དང་མཇལ་གསུང་ནས་དགའ་དགའ་རྒྱ་ཆེན་པོ་མཛད། སྤྱན་ཆབ་ཡང་ཤོར། དེ་ནས་ཚུར་བྱོན་ཏེ་མདོ་སྡེ་མཚམས་བཏོན་ནས་སློབ་རིས་རྣམས་ཀྱིས་འབུལ་བ་དཔག་ཏུ་མེད་པ་བྱས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཞིག་བསྐོར་བའི་སར། རྗེ་མར་པ་རང་དང་མཉམ་པའི་ཁྲི་གཅིག་བརྩིག །དེའི་སྟེང་དུ་མི་ལ་བཞུགས་པ་ལ། གནས་གསུམ་མཁའ་འགྲོའི་སྤྲིན་ཚོགས་ཐམས་ཅད་མི་ལ་ལ་འདུ་བར་འདུག་གསུང་ནས་བསྟོད་པ་ཞིག་མཛད། དེ་ཕྱིན་ཆད་མི་ལའི་སྣང་བ་དང་ཇོ་མོའི་སྣང་བ་ལ་བླ་མ་ལ་མཐོང་སྣང་དུ་མ་དང་། མཁའ་འགྲོ་མངོན་སུམ་དུ་ཆོས་སྟོན་པ་དང་། མཁའ་འགྲོས་དངོས་གྲུབ་སྟེར་བ་ལ་སོགས་པ་དཔག་ཏུ་མེད་དོ། །ཕྱོགས་གཅིག་གི་ལོ་རྒྱུས་སོ།། །།

༈ དེ་ལྟར་རྗེ་བཙུན་མི་ལ་རས་པ་དེ་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་ཅིང་མཉམ་ཉིད་བདེ་བ་ཆེན་པོའི་ངང་ལས་མ་གཡོས་ཀྱང་། ཀུན་རྫོབ་ཏུ་རྩོད་དུས་ཀྱི་གདུལ་བྱའི་སྣང་བ་ལ། ཐ་མལ་དུ་བྱོན་ནས་དང་པོ་དཀའ་བ་དུ་མའི་སྒོ་ནས་བླ་མའི་ཞབས་ཏོག་མཛད། སྙན་བརྒྱུད་ཀྱི་གདམས་ངག་རིན་པོ་ཆེ་མནོས། བར་དུ་ལུས་དཀའ་ཐུབ་དང་སྒྲུབ་པ་ལ་ལྟེམ་རྐྱང་མེད་པར་མཛད་ཅིང་། འགྲོ་བའི་དོན་མཛད་ནས་མཐར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །དེ་ཡན་ཆད་དཀའ་སྤྱད་སྙིང་རུས་ཀྱི་སྐོར་ཏེ། སྔ་མ་གོང་མའི་སྐོར་རོ།།

༈ དེ་ནས་ཏིང་ངེ་འཛིན་དང་འབྲེལ་བའི་ཡོན་ཏན་བཅོ་བརྒྱད་དེ། འཁོར་བ་ལ་སྙིང་པོ་མེད་པར་རྟོགས་པའི་ཡོན་ཏན་དང་། རྨི་ལམ་བརྡར་ཤར་བའི་ཡོན་ཏན་དང་། བདེ་དྲོད་ངོ་འཕྲོད་པའི་ཡོན་ཏན་དང་། ཟས་གོས་ཀྱི་འདུན་པ་དང་བྲལ་བའི་ཡོན་ཏན་དང་། ཉམས་མྱོང་བདེ་བར་ཤར་བའི་ཡོན་ཏན་དང་། རྟོག་པ་ལམ་དུ་ཤར་བའི་ཡོན་ཏན་དང་། སྣང་བ་མཐུན་རྐྱེན་དུ་ཤར་བའི་ཡོན་ཏན་དང་། ཆོས་བརྒྱད་རང་གྲོལ་དུ་ཤར་བའི་ཡོན་ཏན་དང་། རྩོད་པས་མི་རྫི་བའི་ཡོན་ཏན་དང་། དྲིན་ལན་བསབ་པའི་ཡོན་ཏན་དང་། སྤྱོད་པ་ཆེ་བའི་ཡོན་ཏན་དང་། ལྷ་ཡི་ལྷར་གྱུར་པའི་ཡོན་ཏན་དང་། ཡེ་ཤེས་སྒྲོན་མེ་བལྟམས་པའི་ཡོན་ཏན་དང་། ནུས་པ་ཆེ་བའི་ཡོན་ཏན་དང་། བྱིན་བརླབས་ཆེ་བའི་ཡོན་ཏན་དང་། ཏིང་ངེ་འཛིན་གྱི་རྩལ་རྫོགས་པའི་ཡོན་ཏན་དང་། ཕྱག་རྒྱ་ཆེན་པོ་ངོ་འཕྲོད་པའི་ཡོན་ཏན་དང་། ཚེ་གཅིག་གིས་ཟུང་འཇུག་རྡོ་རྗེའི་སྐུ་གྲུབ་ཅིང་འཇའ་ལུས་སུ་ཡལ་བའི་ཚུལ་བསྟན་པའི་ཡོན་ཏན་ནོ། །

དེ་ལ་དང་པོ་འཁོར་བ་ལ་སྙིང་པོ་མེད་པར་རྟོགས་པའི་ཡོན་ཏན་ནི། ཁོང་རང་གི་ཡུལ་དུ་སོང་ཙ་ན། ཕའི་རུས་པ་ལ་བཙའ་ཞེན་ནས་ཁང་པའི་ཕུགས་སུ་འདུག །མའི་རུས་པ་ཁང་པའི་སྒོ་ཐེམ་ན་སྐྱ་ཁྲོ་ལེ་འདུག །སྲིང་མོ་སྤྲང་དུ་སོང་། ཡུལ་གྱི་མི་ཐམས་ཅད་ཀྱིས་འདྲེ་ཡོད་ཟེར་ནས་དྲི་ཟའི་གྲོང་ཁྱེར་དུ་སོང་། ཞིང་ཐམས་ཅད་འཇག་མ་སྐྱ་བཤུ་བཤུ་འདུག །ཁང་པ་ཡང་ཕྱེད་འགྱེལ་ཕྱེད་མ་འགྱེལ། ཆོས་ཚོ་ཡང་གསེར་གདོང་པ་ལ་ནུབ་ནས་སྣང། ཉིན་མོ་ཝ་སྤྱང་འདྲོག་འུ་རེ། ནུབ་མོ་ཡིད་བཏགས་བ་ཤི་རིང་ངེ་འདུག་པས་བློ་དང་སྣང་བ་མི་བདེ་བའི་ངང་ལ་དེ་ནུབ་དེར་ཉལ་བ་ལ་མནལ་ཡེ་མ་བྱུང་བ་ལ། ད་དེ་ཆོས་ཤིག་མ་ནུས་ན་ཕན་གནོད་མི་འདུག་བསམ་པ་སྐྱེས་ཏེ། ནམ་སྨད་ཐོ་རེངས་ཁར་སྙིང་མི་དགའ་ཕྱེད་དེ་བ་ཅིག་ལ་མགུར་འདི་གསུངས་སོ། །
ཀྱེ་མ་ཀྱེ་མ་ཀྱི་ཧུད་ཀྱི་ཧུད་ཨང་། །འཁོར་བའི་ཆོས་ལ་བློ་གཏད་བྱས་པ་རྣམས། །བསམ་ཞིང་བསམ་ཞིང་ཡི་མུག་ཡང་ཡང་ལྡང་། །སྤྱད་ཅིང་སྤྱད་ཅིང་སྡུག་བསྔལ་གཏིང་ནས་འཁྲུགས། །བསྐོར་ཞིང་བསྐོར་ཞིང་འཁོར་བའི་གཏིང་ལ་འཕེན། །དེ་འདྲའི་སྙིང་རླུང་ལས་ཀྱིས་ཟིན་པ་རྣམས། །ཅུག་བྱེད་ཅུག་བྱེད་ཆོས་ལས་དྲག་པ་མེད། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་པོས་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །མི་རྟག་སྒྱུ་མའི་གྲོང་ཁྱེར་ན། །ཤུལ་རིང་གི་མགྲོན་པོ་སྙིང་རླུང་ལངས། །ཡུལ་ཡ་མཚན་གུང་ཐང་སྣོར་ལུང་རལ། །ནོར་ལུག་བ་རའི་ཁ་ཟས་རྩྭ། །དུས་དེང་སང་འབྱུང་པོས་བདག་ཏུ་བཟུང་། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །ཁང་མང་ཀ་བཞི་གདུང་དྲུག་དེ། །དུས་དེང་སང་སེང་གེའི་ཡལ་མཁལ་འདྲ། །མཁར་ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ། །དུས་དེང་སང་བོང་བུའི་རྣ་བ་འདྲ། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །གཤོང་ཞིང་འོར་མོ་གྲུ་གསུམ་དེ། །དུས་དེང་སང་འཇག་མའི་ཕ་ཡུལ་རེད། །གཉེན་ཉེ་བ་ཕན་དུ་རེ་བ་རྣམས། །དུས་དེང་སང་དགྲ་བོའི་དམག་དཔུང་རེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །ཕ་བཟང་པོ་ཐོས་པ་སེ་བ་དེ། །དུས་དེང་སང་རུས་ཕྱེ་སྤར་བ་གང་། །ཨ་མ་ཉང་ཟ་དཀར་རྒྱན་དེ། །དུས་དེང་སང་རུས་པའི་རྩིབས་ཁོག་ཅིག །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །བླ་མཆོད་དཀོར་གཉེར་ལྷ་འབུམ་དེ། །དུས་དེང་སང་མི་ཡི་གཡོག་པོ་བྱེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །དམ་ཆོས་དཀོན་མཆོག་བརྩེགས་པ་དེ། །དུས་དེང་སང་བྲ་བྱིས་ཚང་སྟན་བྱས། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །ཁྱིམ་མཚེས་ཨ་ཁུ་གཡུང་དཔལ་དེ། །དུས་དེང་སང་སྡང་བའི་དགྲ་ལྟར་སྡང་། །སྲིང་མོ་ཁྱུང་གཟའ་དཔལ་འདྲེན་དེ། །གར་སོང་རྗེས་མགོ་གཏད་སོ་མེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །རྗེ་མི་བསྐྱོད་ཀྱི་ངོ་བོ་སྐུ་དྲིན་ཅན། །སྤྲང་པོས་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་གདུང་དབྱངས་མང་པོ་བླངས་སོ། །
ཡང་ཕ་ཡུལ་ལ་སྐྱོ་བ་སྐྱེས་ནས་མགུར་འདི་གསུངས་སོ། །རྗེ་མི་བསྐྱོད་ངོ་བོ་ཐུགས་རྗེ་ཅན། །འགྲན་གྱིས་དོ་མེད་ལྷོ་བྲག་པ། །ཨ་མ་ཉང་ཟ་དཀར་རྒྱན་དེ། །ཕ་དོད་མ་དོད་གཉིས་ཀ་ཡིན། །དུས་དེང་སང་རུས་ཕྱེ་སྤར་བ་གང་། །ཨ་མ་དཀར་རྒྱན་གྱི་ཁོ་ཐག་དེ་ནས་ཆོད། །ཁང་པ་ཀ་བཞི་གདུང་དྲུག་དེ། །བསྡད་ན་ཤོང་ལ་བཙོང་ན་བྲིམ། །དུས་དེང་སང་ཕྱེད་འགྱེལ་ཕྱེད་མ་འགྱེལ། །ཕ་ཁང་གི་ཁོ་ཐག་དེ་ནས་ཆོད། །དམ་ཆོས་དཀོན་མཆོག་བརྩེགས་པ་དེ། །ཡར་མཆོད་ན་འོས་ལ་བཀུར་ན་འཁྱག །དུས་དེང་སང་གསེར་གདོང་ས་ལ་ནུབ། །དམ་ཆོས་དཀོན་བརྩེགས་ཀྱི་ཁོ་ཐག་དེ་ནས་ཆོད། །བཟང་ཞིང་འོར་མོ་གྲུ་གསུམ་དེ། །འབྲས་དྲུག་སྨིན་པའི་བཟང་ཞིང་ཡིན། །དུས་དེང་སང་འཇག་སྐྱ་འཕྱུར་རེ་བ། །བཟང་ཞིང་གི་ཁོ་ཐག་དེ་ནས་ཆོད། །ཁྱིམ་མཚེས་ཨ་ཁུ་གཡུང་དཔལ་དེ། །ཟས་ཡོད་ན་སྟེར་ལ་མེད་ན་འཚོལ། །དུས་དེང་སང་གར་སོང་འདིར་སོང་མེད། །ཨ་ཁུ་གཡུང་དཔལ་གྱི་ཁོ་ཐག་དེ་ནས་ཆོད། །སྨན་མཚན་ཉིད་ལྡན་པའི་ལེགས་སེ་དེ། །ཁ་དོག་ཡག་ལ་གཟི་མདངས་ཆེ། །དུས་དེང་སང་གར་སོང་འདིར་སོང་མེད། །གྲོགས་ལེགས་སེའི་ཁོ་ཐག་དེ་ནས་ཆོད། །སྲིང་མོ་པྲེ་ཏ་མགོན་སྐྱིད་དེ། །མངགས་ཁ་བདེ་ལ་བཀོལ་ཁ་ཡང་། །དུས་དེང་སང་གར་སོང་འདིར་སོང་མེད། །སྲིང་མོ་པྲེ་ཏའི་ཁོ་ཐག་དེ་ནས་ཆོད། །ཅེས་གསུངས་ཏེ། བླ་མའི་གསུང་བཞིན་ཁང་རལ་དེར་ཞག་བདུན་བཞུགས་སོ། །ཡུམ་གྱི་རྣམ་ཤེས་ཏིང་ངེ་འཛིན་གྱིས་དགུག་ཞུགས་མཛད་དེ་མཐོ་རིས་སུ་དྲངས། རུས་པ་ལ་ཚ་ཚ་དང་ཀཾ་ཀ་ནི་མང་དུ་བྱས། དེ་ནས་དཀོན་བརྩེགས་བརྒྱད་དུམ་དེ་སློབ་དཔོན་རྙིང་མ་བ་ལ་ཡི་གེ་བསླབ་པ་ཞིག་ཡོད་པ་ལ་ཕུལ་ནས། བླ་བོ་ཞིབ་ཏུ་དྲིས་པས། ཚ་བ་ཅིག་གནང་ནས་ཁྱེད་ད་བར་གར་སོང་། ཁྱེད་ལ་རེ་མ་བྱུང་མི་མང་པོ་བསད་ནས་མ་ལ་ཡང་མ་ཕན། ཡུལ་མཁར་ཡང་མ་ཟིན་གསུངས་པས། མི་རྟག་པའི་མགུར་འདི་གསུངས་སོ། །
ཀྱེ་མ་འཁོར་བའི་ཆོས་ལ་སྙིང་པོ་མེད། །མི་རྟག་མི་རྟག་སྙིང་པོ་མེད། །འགྱུར་ཞིང་འགྱུར་ཞིང་སྙིང་པོ་མེད། །མི་ངེས་མི་ངེས་སྙིང་པོ་མེད། །ཡུལ་ཡོད་བདག་མེད་སྙིང་པོ་མེད། །བདག་ཡོད་ཡུལ་མེད་སྙིང་པོ་མེད། །བདག་དང་ཡུལ་གཉིས་འཛོམས་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཕ་ཡོད་བུ་མེད་སྙིང་པོ་མེད། །བུ་ཡོད་ཕ་མེད་སྙིང་པོ་མེད། །ཕ་བུ་གཉིས་ཀ་འཛོམས་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །མ་ཡོད་ཕ་མེད་སྙིང་པོ་མེད། །ཕ་ཡོད་མ་མེད་སྙིང་པོ་མེད། །ཕ་མ་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཡི་དམ་ཡོད་ཚེ་བདག་པོ་མེད། །བདག་པོ་ཡོད་ཚེ་ཡི་དམ་མེད། །གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ས་མཁར་ཡོད་ཚེ་བདག་པོ་མེད། །བདག་པོ་ཡོད་ཚེ་ས་མཁར་མེད། །གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །སྲིང་མོ་ཡོད་ཚེ་མིང་པོ་མེད། །མིང་པོས་སླེབ་ཙ་སྲིང་མོ་མེད། །གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །གཤོང་ཞིང་ཡོད་ཚེ་བདག་པོ་མེད། །བདག་པོས་སླེབ་ཙ་འཇག་སྐྱ་འཕྱུར། །གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །མི་ཡོད་ནོར་མེད་སྙིང་པོ་མེད། །ནོར་ཡོད་མི་མེད་སྙིང་པོ་མེད། །མི་ནོར་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །བདེ་སྐྱིད་ལོངས་སྤྱོད་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཅི་བྱས་སྡུག་བསྔལ་སྙིང་པོ་མེད། །ཅི་བསགས་མི་རྟག་སྙིང་པོ་མེད། །ཅི་སྒྲུབ་སྒྱུ་མར་སྙིང་པོ་མེད། །ཐམས་ཅད་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་མེད་པའི་རང་བཞིན་ལ། །ད་ནི་རྣལ་འབྱོར་བདག་ཅག་གིས། །སྙིང་པོའི་དོན་གཅིག་ཅུག་སྒྲུབ་ཨང་། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །
ཞེས་གསུངས་པས། སློབ་དཔོན་ན་རེ། དེ་བཞིན་ཡིན་ན་གོ་བཅད་དེ། ཡུལ་འདིའི་མི་རྣམས་ཀྱིས་འདྲེ་བསྒྲུབས་ནས་ལས་འདི་བྱས་ཟེར་ཞིང་ཡོད། ཁྱོད་ཀྱི་མ་ཤི་ནས་ལོ་མང་པོ་རེད། སྲིང་མོ་སྤྲང་དུ་སོང་ཡོད། ཨ་ནི་ཕུ་འདི་ན་ཕུ་འབྲོག་མདའ་ཞིང་འཛོམ་ཡོད་པས། དེར་སོང་ན་རྒྱགས་ཆུ་ལ་ཕན་པ་སྟེར་མོད་གསུངས་པས། རྗེ་བཙུན་ཡང་སྐྱོ་ཕྱོད་དེ་ཨ་ནི་ཅན་དུ་སོང་ཙ། ཨ་ནིས་ཡུན་རིང་བལྟ་མ་ཉན། རེས་ཤིག་སྦྲ་ཡི་ཀ་བ་ཕབ་ནས་ཁྱི་བཀྱེས་རྡུང་དུ་བྱུང་ནས། སྤྲང་པོ་ཕ་མྱེས་ཀྱི་བརླ་འཚོང་། ཡུལ་ཕུང་ཟེར་ཞིང་བརྒྱབ་པས། རྗེ་བཙུན་ཕྱི་ནུད་ཕྱི་ནུད་བྱས་པས་རྡོ་ཞིག་ལ་འཐོག་ནས་ཀོ་མོག་ཏུ་འགྱེལ་བ་དང་། བེར་གའི་སྣེ་མོ་ལ་འཇུས་ནས་མགུར་འདི་གསུངས་སོ། །
ཡུལ་ངན་བཙའ་མའི་ཀོ་རོན་དུ། །གཉེན་འདུན་དགྲར་ལངས་ཀྱི་མ་མད་གསུམ། །སྲན་ཕུང་བེར་གས་གཏོར་བ་བཞིན། །ང་སྤྲང་པོས་མི་ཡུལ་ས་མཐའ་བསྐོར། །ཨ་མ་སྡུག་མཐའ་ཤི་བས་བསྐོར། །ངེད་མ་མད་གསུམ་ལས་སྡུག་པ་མེད། །ང་ཕའི་ཡུལ་དུ་སླེབ་ཙ་ན། །སྙིང་རླུང་གིས་སྐྱོ་ཤས་ཁོང་ནས་ལང་། །གཉེན་འདུན་གྱི་གདུང་སེམས་མ་ཆོད་པས། །ཁྱོད་ཨ་ནི་བསྙགས་ནས་སྤྲང་དུ་འོང་། །ཚིག་ངན་གྱི་བརྗོད་པ་རྒྱང་ནས་ཚོར། །བློ་ཡི་མུག་གི་ཁོང་གཟེར་ནང་ནས་བསླང་། །སྦྲ་ཡི་ཀ་བས་བརྡུང་ཞིང་ཤ་རུས་བཅོམ། །ལུས་ཟུག་རྔུའི་སྡུག་བསྔལ་ན་ཚ་བསྐོལ། །ཁྲེལ་ངོ་ཚའི་རིབ་མ་དཀྱིལ་ནས་བཀྲལ། །ད་གདུག་པའི་རུ་མིག་མ་འཛུགས་དང་། །མི་བདག་གིས་བླའོ་ཚིག་གསུམ་ལབ། །
ཅེས་གསུངས་པས། བླའོ་ཅི་ལབ་རྒྱུ་ཡོད། ཕ་བཟང་པོ་ལ་བུ་ཁྱོད་འདྲ་བ་སྐྱེས་ཟེར་ཞིང་ཐལ་བ་དང་རྡོ་བ་མང་པོ་ངོ་ལ་བཏབ་པས། གཏིང་ནས་མ་བཟོད་དེ་མགུར་འདི་གསུངས་སོ། །
ཨ་ནི་རུ་མི་འདུག་བདུད་མོར་འདུག །གུམ་པར་མ་ཤི་བདུད་མོར་འདུག །གཉེན་དུ་ཨ་ནི་ཡོད་པ་ཡི། །སྤྲང་པོ་བླ་འཚོང་ཤོག་ཅིག་ཟེར། །ཁྱི་ཆོ་ཆོ་ཟེར་ཞིང་བཀྱེས་ནས་དེད། །སྦྲ་ཡི་ཀ་བས་བརྡུང་བརྡུང་བརྒྱབ། །གོར་མོ་རྡོ་ཡི་སྣ་ལེན་བྱས། །ས་རྡོ་གཉིས་ཀྱི་ཆར་པ་ཕབ། །མི་ལ་རྣལ་འབྱོར་ཐར་ཚད་བྲོས། །བེར་གའི་སྣེ་མོས་མནན་པ་བྱས། །ཆུ་ངོག་ནང་དུ་སུམ་ལྟེབ་འགྱེལ། །སྤྲང་རིན་ཆེན་སྲོག་དང་དེས་བྲལ་བྱས། །མ་ནུས་ཉེ་བ་དགྲ་བོར་འདུག །ནེ་ནེར་མི་འདུག་འདྲེ་མོར་འདུག །འགྲོ་དོན་ཕྱོགས་མེད་མ་ནུས་ཀྱང་། །ནེ་ནེའི་བླ་མཆོད་ངས་མི་བྱེད། །རྒྱལ་ཁམས་ཕྱོགས་མེད་མ་འཁོར་ཡང་། །ནེ་ནེ་ལ་ཞག་པ་ངས་མི་གཡར། །དཀའ་ཐུབ་ཆུ་འཐུང་མ་ནུས་ཀྱང་། །ནེ་ནེའི་ནོར་ལ་ང་མི་རེ། །དུག་བེར་གོང་མེད་མ་དྲོས་ཀྱང་། །ནེ་ནེའི་གོས་ལ་ང་མི་རེ། །ནེ་ནེ་ཕུན་སུམ་ཚོགས་ནས་གདའ། །ད་རུང་རྒྱལ་ས་ཟིན་པར་མཛོད། །ནེ་ནེ་ལོངས་སྤྱོད་ཆེ་ནས་གདའ། །ད་རུང་སྦྱིན་པ་ཕྱོགས་མེད་ཐོང་། །སྙོམ་ཆུང་གི་རོགས་པོ་བྱེད་པ་ཉུང་། །ནེ་ནེའི་ཉེ་བ་ཁོ་ཐག་ཆོད། །ནེ་ནེ་བུ་ནོར་བདེ་སྐྱིད་འཛོམས་ལགས་ཀྱང་། །འདི་ཡང་རྟག་ཏུ་སྐྱོང་བར་མཛོད། །རྗེ་སྒྲ་བསྒྱུར་མར་པ་ལོ་ཙྪ་བ། །སྤྲང་པོས་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །
ཅེས་གསུངས་ཏེ། སྤྱན་ཆབ་མང་པོ་ཡང་ཤོར་བས་ནེ་ནེ་དུམ་ཞིག་སྐྱེངས་ནས། ཁྱེད་མ་མད་ཀྱིས་མཐུ་བྱས་ནས་ཡོ་ཕུང་བས། ངེད་ཚོས་བརྟེན་བསྐྱག་བྱས་ན་ངོ་ཚ་ཞིང་ངན་ལབ་པར་ཡོད་པས་ལན་པ་ཡིན། ད་མཐུ་མི་བྱེད་ན་ཞིང་ཁང་ཐམས་ཅད་ངས་ཉོ་ཟེར་བས། ཞིང་ཁང་མོས་ཉོ་བར་བྱས་ནས། རྒྱགས་སྤྲད་པའི་ཆད་དོན་བྱས་པས་ཟ་མ་དུམ་པ་ཞིག་བྱིན་ཏེ། ད་ཁྱོད་རང་ཆོས་བྱེད་ན་སོང་ཟེར་སྐད།
དེ་ནས་བྲག་དམར་སྤོ་མཐོན་དུ་བྱོན་ཏེ། ཟ་ཚོད་འབའ་ཞིག་ལ་དཀའ་ཐུབ་བྱས་པས་ཉམ་ཆུང་བར་སོང་བའི་ཚེ། རང་ཡུལ་དུ་ཉེ་བར་འདུག་པས་ཨ་ཁུའི་རྩར་བྱོན་ནས་ང་མི་ལ་ཐོས་དགའ་ཡིན། ཆོས་རྒྱགས་ཅིག་ཞུ་བྱས་པས་ཁོ་ན་རེ། ཁྱེད་མ་མད་ཀྱིས་སྔར་ཡང་ངའི་བླ་བཙོངས། ད་ཡང་བླ་བཙོང་བ་ལ་ཁྱོད་སླེབ་ཡོད་དམ་ཟེར་བ་ལ། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
ཕ་སྒྲ་བསྒྱུར་རྒྱལ་པོས་ཐུགས་རྗེས་གཟིགས། །ཁོ་བོ་མི་ལ་རས་པ་ངས། །བྲག་དམར་སྤོ་མཐོ་ནམ་མཁའི་རྫོང་། །ནམ་མཁའ་རྫོང་གི་རྫོང་སྟེང་དུ། །ཞག་འགའ་རྗེ་ལ་གསོལ་བ་བཏབ། །འཚོ་བ་ཟས་ཀྱི་བཀྲེས་སྐོམ་བྱུང་། །ཐད་ནས་ཨ་ཁུའི་སྒོ་རྩར་ཕྱིན། །ཨ་ཁུའི་ཞལ་ནས་འདི་སྐད་ལོ། །མ་མད་བླ་བཙོང་ཁྱོད་ཚོ་ཡིས། །སྔར་ཡང་ང་ཡི་བླ་བཙོང་བྱས། །ད་ཡང་ཁྱོད་ཀྱིས་སླེབ་སམ་ཟེར། །ཨ་ཁུར་མི་འདུག་དགྲ་བོར་འདུག །ཨ་ཁུའི་ཁོ་ཐག་དེ་ནས་ཆོད། །ཁང་པ་ཕྱི་བལྟས་བཟང་ལ་སྡོད་སྙིང་འདོད། །ཀ་བཞི་གདུང་དྲུག་གི་ཁོ་ཐག་དེ་ནས་ཆོད། །ཞིང་བཏབ་ན་སྐྱེ་ལ་བཙོང་ན་བྲིམ། །འོར་མོ་གྲུ་གསུམ་གྱི་ཁོ་ཐག་དེ་ནས་ཆོད། །གྲོང་པ་ཡོད་ན་སྐྱིད་ལ་མེད་ན་འགྲན། །གྲོང་པ་ཁྱིམ་མཚེས་ཀྱི་ཁོ་ཐག་དེ་ནས་ཆོད། །ཅེས་གསུངས་སོ། །
དེ་ནས་རག་མ་ནམ་མཁའ་རྫོང་དུ་བྱོན་ཏེ། ཉིན་ཅིག་ནེ་ནེས་ནས་བྲེ་དྲུག་དང་ཐུད་གོག་ཅིག་ཁྱེར་བྱུང་སྟེ། ཁྱོད་ཀྱི་ཞིང་རིན་འདིས་འཁོར་ཏེ། ད་ང་ལ་བསྙད་སྙོད་མེད་པའི་ཡི་གེ་ཅིག་བྱིན་ལ་ངེད་ཚོས་མི་ཚོར་བའི་ཡུལ་ཞིག་ཏུ་སོང་། ཁྱོད་འདིར་སྡད་པས་ངེད་ཚོ་ཡང་ངོ་ཚ། མིས་ཀྱང་ལབ་པར་འདུག་ཟེར་བས་སྐྱོ་བ་སྐྱེས་ནས་མགུར་འདི་གསུངས་སོ། །
རྗེ་བླ་མའི་བཀའ་དྲིན་རི་ཁྲོད་ཟིན་པ་དང་། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །འཇིག་རྟེན་འཁོར་བ་ལས་ཀྱི་དུག །འབགས་ན་ཐར་པའི་སྲོག་རྩ་གཅོད། །སྐྱེ་བོའི་སོ་ནམ་སྡིག་པའི་ལས། །སྤྱད་ན་ངན་སོང་གི་སྡུག་བསྔལ་མྱོང་། །ཉེ་དུའི་གདུང་སེམས་བདུད་ཀྱི་མཁར། །གཙེས་ན་མེ་འོབས་ཀྱི་ནང་དུ་ཚུད། །ཟས་ནོར་གྱི་བསོག་འཇོག་མི་ཡི་རྒྱུ། །བསག་ཚད་གྲོང་པའི་རྒྱགས་ཕྱེ་ཡིན། །སྐྱིད་འདོད་ཇ་ཆང་བཙན་དུག་གི་ཆུ། །འཐུང་འཐུང་ཡི་མུག་གི་མུན་པར་འཁྲིད། །ནེ་ནེའི་ཞིང་རིན་སེར་སྣའི་རྫས། །ཟས་ན་ཡི་དྭགས་ཀྱི་གནས་སུ་སྐྱེ། །ནེ་ནེའི་ཁ་ཏ་ཞེ་སྡང་གི་ཚིག །ལབ་ན་བདག་གཞན་གཉིས་ཕུང་འོང་། །བདག་གི་ཞིང་ཁང་ཐམས་ཅད་ལ། །ཨ་ནིས་དབང་གི་ཡི་གེ་བྲིས། །མི་ཁ་ཆོས་ཀྱིས་སངས་པ་ཡིན། །ལྷ་ཁ་སྙིང་གིས་སྒྲུབ་པ་ཡིན། །འདྲེ་ཁ་སྙིང་རྗེས་ནོན་པ་ཡིན། །ཉེ་ཁ་རླུང་ལ་བསྐུར་བ་ཡིན། །རང་ཁ་གྱེན་ལ་ལྟ་བ་ཡིན། །རྗེ་མི་བསྐྱོད་རྒྱལ་པོ་སྐུ་དྲིན་ཅན། །སྤྲང་པོས་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །
ཞེས་གསུངས་ཏེ་ཞིང་ཁང་ཨ་ནི་ལ་བྱིན། གཉེན་འབྲེལ་གྱི་ཁོ་ཐག་བཅད། སེམས་ཡིད་གཉིས་མེད་པའི་ལྟོས་ཐག་བཅད། ཡིད་སྐྱོ་ཤས་ཀྱི་སྙིང་རླུང་ལངས་པས། ད་དེ་ད་དེ་ཁོ་དེ་ཁོ་དེ། ངས་གཅིག་ངས་གཅིག་བསམ་པ་ཡང་ཡང་སྐྱེས་སོ། །དེ་ཐམས་ཅད་སྔ་མ་བར་མ་གཉེན་འདུན་གྱི་སྐོར་རོ།། །།

༈ དེ་ནས་གཉིས་པ་རྨི་ལམ་བརྡར་ཤར་བའི་ཡོན་ཏན་ནི། རག་མ་ནམ་མཁའ་རྫོང་ན་བསྒོམ་པ་ལ་ཡོན་ཏན་ཆེན་པོ་ཙམ་མ་བྱུང་སྟེ། ད་ཅུང་དྲག་ན་བསམ་ཞིང་ཡོད་པའི་རྨི་ལམ་ན། ཞིང་ཐ་བ་སྲ་མོ་ཞིག་འདུག་པ་ལ་ཆུ་བསྐྱེད་ཅིང་སྙིང་རུས་བྱས་ནས་རྨོས་ཙ། ཡེ་ནས་མ་ཕེད་པས་ད་འཇོག་དགོས་པ་འདྲ་སྙམ་ཞིང་ཡོད་པ་ལ། ཕ་རྒན་ཁོང་ནམ་མཁའི་མཐོངས་ནས་བུ་བརྩོན་པ་ཆེན་པོས་ནན་ཏན་གྱིས་དང་། ཞིང་སྲ་ཡང་ཕེད་ནས་འོང་གསུང་ནས། ཕ་རྒན་གྱིས་གླང་སྣ་ཁྲིད་པས་ལྷུར་གྱིས་ཕེད་པ་ཞིག་རྨིས། ངས་ཐབས་ལམ་བསྒོམ་པ་ལ་སྙིང་རུས་དང་སེམས་བསྐྱེད་གཉིས་དགོས་པར་འདུག་དགོངས་ནས། དེའི་དོན་གསལ་གདབ་པའི་མགུར་འདི་གསུངས་སོ། །
རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །གཞི་མཉམ་པ་གཉིས་མེད་ཞིང་ས་ལ། །ལམ་དད་པ་བརྟན་པོའི་ཆུ་ལུད་སྦྱར། །སེམས་དཀར་པོ་དྲི་མེད་ཀྱི་ས་བོན་བཏབ། །གསོལ་འདེབས་དྲག་པོའི་གཡུ་འབྲུག་ངར། །བྱིན་རླབས་རྩོལ་མེད་ཀྱི་ཆར་པ་འབབ། །སེམས་ཡིད་གཉིས་མེད་པའི་རྨོས་ཁལ་ལ། །ཐབས་ཤེས་གཉིས་ཀྱི་རྨོན་གཤོལ་བཏགས། །འཁྲུལ་རྟོག་མེད་པའི་སྐྱེས་བུ་ཡིས། །ཡེངས་པ་མེད་པར་ཐོང་ཞིག་འཛིན། །བརྩོན་འགྲུས་དྲག་པོའི་ལྕག་གིས་བྲབ། །ཉོན་མོངས་དུག་ལྔའི་ཐ་བ་རློག །རང་རྒྱུད་ངན་པའི་རྡོ་བ་སེལ། །གཡོ་ཟོལ་མེད་པའི་ཡུར་མ་བྱེད། །ལས་བདེན་པ་དྲག་པོའི་སྙེ་མ་ལ། །རྣམ་ཐར་བཟང་པོའི་བཙས་མ་བྱེད། །གདམས་ངག་ཟབ་མོའི་འབྲས་བུ་ཡི། །སྟོར་བ་མེད་པའི་བོང་བ་འགེངས། །མཁའ་འགྲོས་རྔོས་བཏགས་ཟན་གྱི་མཆོག །རྣལ་འབྱོར་སྒྲུབ་པའི་འཚོ་བ་ཡིན། །རྨི་ལམ་རྨིས་པ་སད་ཙ་བརྗོད། །ཚིག་ལ་དོན་ཉིད་མི་སྐྱེ་བས། །མཚོན་པ་ཙམ་གྱིས་མི་རྟོགས་པས། །སླད་ནས་བྱང་ཆུབ་སྒྲུབ་པ་རྣམས། །དཀའ་ཐུབ་དང་སྙིང་རུས་རྩལ་བསྐྱེད་ལ། །དཀའ་བར་བསྒྲུབ་ན་དཀོན་པར་འགྲུབ། །ཕོ་བྱང་ཆུབ་ཀྱི་སྐྱེས་བུ་ཆོས་མཛད་རྣམས། །སྒྲུབ་པའི་བར་ཆད་མེད་པར་ཤོག །ཅེས་གསུངས་སོ། །
དེ་ནས་བྲིན་དང་སྙེ་ནམ་གྱི་མཚམས་བྲག་དཀར་རྟ་སོ་དབུ་མ་རྫོང་བྱ་བ་ཅིག་ཏུ་སོང་ནས། སློབ་དཔོན་རྙིང་མ་བས་བྱིན་པའི་རྩམ་པ་ཅིག་དང་། ངོ་ཤེས་འགའ་ལ་བསླང་བས་ནས་དུམ་པ་ཅིག་བྱུང་བ་རྣམས་ལ་རྩམ་པ་ཡ་གང་ཙམ་ལ་བློ་ཕུགས་གཏད་ནས། དམ་བཅའ་རང་གིས་རང་ལ་མང་པོ་བྱས། ངས་ལུས་འདིའི་སྟེང་ནས་སངས་རྒྱས་མ་ཐོབ་བར་དུ་བདག་གིས་འཇིག་རྟེན་གྱི་བྱ་བ་མི་བསྒྲུབ་པར་གྱུར་ཅིག །བདག་གི་ལས་ངན་མ་ཟད་བར་དུ་སྡིག་པ་སྤྱད་པའི་མི་དང་མི་འཕྲད་པར་གྱུར་ཅིག །དངོས་གྲུབ་དམ་པ་མ་ཐོབ་བར་དུ་གཤིན་ཟས་དང་དད་ཟས་སྐུ་གླུད། མི་གླུད་ཀྱི་ཐལ་བ་མི་འགམ་པར་གྱུར་ཅིག །བགེགས་རིགས་ལན་ཆགས་བར་ཆད་ཀྱི་སྡིག་སྒྲིབ་ཐམས་ཅད་བདག་གིས་བྱང་བར་གྱུར་ཅིག །བླ་མ་སྐུ་དྲིན་ཅན་གྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག །སངས་རྒྱས་བསྟན་པའི་བྱ་བ་བྱེད་པར་གྱུར་ཅིག །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཁུར་པོ་འབོར་བར་གྱུར་ཅིག །བདག་འདི་ནས་བྱང་ཆུབ་ཅིག་མ་ཐོབ་བར་དུ་གྲོང་ཡུལ་དུ་མི་འབབ་ཨེ་ཀོ། གལ་ཏེ་བབ་ན་ཆོས་སྐྱོང་སྲུང་མས་ཆད་པ་ཆོད་ཅིག་གསུངས་ནས་བསྒོམས་ཏེ་ཉིན་ཅིག་སྤྲང་དུ་འགྲོ་འདོད་པ་ཞིག་བྱུང་བ་ལ་མགུར་འདི་གསུངས་སོ། །
རྡོ་རྗེ་འཆང་ཆེན་མར་པའི་སྲས། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཨ་མཚར་པོ་མི་ལ་ཐོས་པ་དགའ། །གྲོས་རང་གཏམ་རང་ལ་ཕན་པའི་དབྱངས། །རོགས་གཏམ་ཉན་པའི་མི་དང་བྲལ། །ལྟད་མོ་བལྟ་འདོད་ཀྱི་ལུང་པ་སྟོང་། །སྐྱོ་བ་བསང་འདོད་ཀྱི་ཡུལ་རྐྱེན་མེད། །སེམས་མ་སྤྲོ་མ་སྤྲོ་རང་སར་ཞོག །སྤྲོས་ན་དོན་མེད་རྣམ་རྟོག་དྲན། །མ་ཡེངས་མ་ཡེངས་དྲན་པ་བརྟེན། །ཡེངས་ན་དགེ་སྦྱོར་རླུང་ལ་འཆོར། །མ་འགྲོ་མ་འགྲོ་ཉལ་ས་ནོན། །སོང་ན་གོམ་པ་རྡོ་དང་འཐུག །མ་བསམ་མ་བསམ་མགོ་བོ་ཁུག །བསམ་ན་ལག་སྟོང་ཕྱལ་བར་འགྲོ། །མ་ཉལ་མ་ཉལ་དགེ་སྦྱོར་མཛོད། །ཉལ་ན་བསམ་མེད་དུག་ལྔས་གནོན། །ཅིས་ཀྱང་བསྒོམ་པས་མ་གྲོལ་ཡང་། །མི་མེད་ལུང་སྟོང་དུ་འཆི་བར་ཤོག །
ཅེས་གསུངས་ཏེ། བདག་འདི་ནས་རྟོགས་པ་ཞིག་མ་སྐྱེས་བར་དུ་གྲོང་པའི་གཡེང་བ་ལ་དགའ་ཨེ་ཀོ། གལ་ཏེ་གྲོང་པའི་གཡེང་བ་ལ་ཤོར་ན་མཁའ་འགྲོ་རྣམས་ཀྱིས་ཆད་པ་མཐོང་ཞིག་གསུང་ནས་མགུར་འདི་གསུངས་སོ། །
རྗེ་ན་རོའི་བུ་བརྒྱུད་ཐར་པའི་ལམ། །སྤྲང་པོ་རི་ཁྲོད་དུ་གནས་པར་བྱིན་གྱིས་རློབས། །བདུད་འཇིག་རྟེན་གྱི་གཡེང་བས་མི་གཡེང་བའི། །སྒོམ་མཉམ་བཞག་གི་བསམ་གཏན་འཕེལ་བར་ཤོག །ཞི་གནས་ཀྱི་རྫིང་ལ་མ་ཞེན་པར། །ལྷག་མཐོང་གི་མེ་ཏོག་འཁྲུངས་པར་ཤོག །སྤྲོས་བཅས་ཀྱི་རྩབ་རྩུབ་མི་ལྡང་བར། །སྤྲོས་མེད་ཀྱི་ལོ་འདབ་རྒྱས་པར་ཤོག །སྒྲུབ་ཁང་དུ་ཡིད་གཉིས་མི་སྐྱེ་བར། །ཉམས་རྟོགས་ཀྱི་འབྲས་བུ་སྨིན་པར་ཤོག །བདུད་ཀྱི་བར་ཆད་མི་འབྱུང་བར། །རང་སེམས་ལ་ངེས་ཤེས་རྟོགས་པར་ཤོག །ཐབས་ལམ་ལ་ཐེ་ཚོམ་མི་སྐྱེ་བར། །ཕ་རྗེས་བུ་ཡིས་སླེབ་པར་ཤོག །རྗེ་མི་བསྐྱོད་ངོ་བོ་སྐུ་དྲིན་ཅན། །སྤྲང་པོས་རི་ཁྲོད་ནོན་པར་བྱིན་གྱིས་རློབས། །
ཞེས་གསུངས་ཏེ་བདག་གྲུབ་པ་ཞིག་མ་ཐོབ་བར་དུ་གྲོང་ཡུལ་དུ་མི་འབབ་ཨེ་ཀོ། གལ་ཏེ་བབས་ན་བླ་མ་བཀའ་དྲིན་ཅན་གྱིས་ཆད་པ་ཐོང་ཞིག་གསུངས་ཏེ། མི་འབབ་པའི་དམ་བཅའ་རྣམ་གསུམ་བསྡམས་ཏེ། ད་མཚམས་དམ་པོ་མི་མེད་ལུང་སྟོང་དུ་འཆི་བ་ཅིག་ཨེ་ནུས་བསམ་པའི་སེམས་པ་ཡིད་ལ་བྱས་ཏེ་འབུངས་ནས་བསྒྲུབ་པས། ལོ་གཅིག་མ་འཁོར་བར་དུ་བར་ཆད་མེད་པར་རྒྱགས་ཀྱིས་འཁྱོལ་བར་བྱུང་བ་དང་།
སྤོ་རི་སྤོ་མཐོན་ནམ་མཁའ་རྫོང་བྱ་བའི་རྫོང་བཟང་པོ་ཟྭ་མང་པོ་ཡོད་པ་ཞིག་ཏུ་སྤོས་ནས་བསྒོམ་དགོངས་པ་ལ། རྒྱགས་ཐེབས་ཕྱེ་བྲེ་གང་ཡང་མེད་པ་ལ། ཐུགས་མུག་པ་ཅིག་བྱུང་བས། ངས་འདི་ནས་གྲུབ་པ་ཞིག་མ་ཐོབ་བར་དུ་ཟྭ་སྔོན་མོའི་འཚོ་བ་རང་ཟ་སྙམ་པའི་སེམས་ལ་དཔའ་བསྐོན་ནས་བསྒོམ་པ་ལ། ལྟོགས་པའི་སྣང་བ་ཆུང་ངུ་སོང་ཙ། ལུས་ཀྱི་ཤེད་ཀྱང་ཇེ་ཆུང་ཇེ་ཆུང་ལ་སོང་ནས། ལན་གཅིག་གི་ཚེ་ཡིད་མི་ཆེས་པ་བྱུང་སྟེ། ལུས་ལ་ལྟ་རྣ་མེད་པར་སོང་ནས་སྔོ་བ། ཧམ་པ། རིད་པ། འཁྱོལ་ལ་ཁད། ཆག་ལ་ཁད་སོང་བ་ལ། ཉིན་གཅིག་མི་མང་པོ་བྲག་དེ་ལ་སྒྲོ་འཚོལ་དུ་འོང་བྱུང་བས་ཁོང་མཐོང་སྟེ། མི་རྣམས་ཀྱིས་འདི་མི་མ་ཡིན་རེད་ཟེར་ཏེ་བྲོས། ང་འདུག་ཡིན་བྱས་པས། ཨེ་ཡིན་མི་ཡིན་ཟེར་ཞིང་རྒྱང་རིང་མོ་བསྡད་ནས་བླ་བོ་བྱས་པས། ཨ་མཚར་པོ་མི་ལ་འཆི་རྒྱུ་མེད་པ་རེད་ཟེར་ནས་སོང་སྐད་དོ། །
དེ་ནས་ཁོང་གི་བྲག་འདིའི་ནང་དུ་འཆི་བ་ཅིག་བྱེད་བསམ་ཡང་འཆི་རྒྱུ་མ་བྱུང་བ་ལ། ཞག་འགའ་ནས་མི་རྣམས་ཀྱི་ནང་ནས་རྒན་པ་ཞིག་གིས་རྩམ་པ་དུམ་པ་ཅིག་ཁྱེར་ནས་བྱུང་བ་དེ་ཟྭ་ལ་བཏབ་ནས་གསོལ་བས། སྐུ་ཁམས་བཟང་ཏིང་ངེ་བཏང་བས་དེའི་དུས་སུ་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཡོན་བདག་བཟང་པོས་ཚོགས་གསོག་དང་། །འཛིག་དཀའ་ཟབ་མོའི་རྟེན་འབྲེལ་འགྲིག །རྙེད་དཀའ་འཇིག་སླའི་ལུས་པོ་འདི། །ཟས་དང་འཕྲད་པས་སྐུ་ཁམས་བཟང་། །དོག་མོ་ས་ཡི་རྩི་བཅུད་དང་། །དགུང་སྔོན་དབྱིངས་ཀྱི་ཆར་པ་གཉིས། །འགྲོ་ལ་ཕན་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་ལྷ་ཆོས་ཡིན། །ཕ་མས་གསོས་པའི་སྒྱུ་ལུས་དང་། །བླ་མ་དམ་པའི་གདམས་ངག་གཉིས། །ལྷ་ཆོས་བྱེད་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྙིང་རུས་ཡིན། །མི་མེད་ལུང་པའི་བྲག་ཕུག་དང་། །ཁ་ཞེ་མེད་པའི་དགེ་སྦྱོར་གཉིས། །ཅི་བསམ་འགྲུབ་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྟོང་ཉིད་ཡིན། །མི་ལ་རས་པའི་སྒོམ་བསྲན་དང་། །ཁམས་གསུམ་སེམས་ཅན་གྱི་དད་པ་གཉིས། །བྱང་ཆུབ་འཐོབ་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྙིང་རྗེ་ཡིན། །བྲག་ལ་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་པོ་རྒྱ་བའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །བླ་མ་བཟང་པོའི་ཐུགས་རྗེ་དང་། །སློབ་མ་བཟང་པོའི་སྒོམ་བསྲན་གཉིས། །བསྟན་པ་འཛིན་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་དམ་ཚིག་ཡིན། །བྱིན་རླབས་མྱུར་མོའི་དབང་བསྐུར་དང་། །དད་གུས་གདུང་བས་གསོལ་འདེབས་གཉིས། །མྱུར་དུ་མཇལ་བའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་བཀྲ་ཤིས་ཡིན། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །
ཞེས་གསུང་ནས་སྒོམ་ཞིང་ཡོད་པ་ལ། མི་དེ་རྣམས་ཀྱི་ནང་ནས་རྒན་པ་རྩམ་པ་སྐྱེལ་མཁན་དེ། གཤེན་རྡོར་མོ་བྱ་བ་ཡིན་པས་ཆང་སྟོན་ཞིག་ཏུ། ཕུ་འདི་ན་མི་ལ་ཐོས་པ་དགའ་བྱ་བ་ཆོས་མིན་པའི་བསམ་པ་མེད་པ་ཞིག་འདུག་པས། ཐམས་ཅད་ཀྱིས་ཚོགས་གསོག་བྱས་ན་འཐད། ཁོང་གི་ཉེ་བ་ཨ་ནི་ཡོད་པས་དེ་ལ་རྒྱགས་སྐྱོལ་ཟེར་ནས་ཤ་དུམ་པ་གཅིག་དང་མར་གཅིག་ཁྱེར་ནས་ཨ་ནི་དཔོན་གཡོག་གཉིས་འོང་བ་ལ། མི་ལ་ཁོང་དགེ་སྦྱོར་མ་གྲོལ་བས་ཨ་ནིས་ངང་ཐུང་བྱས་ནས། སྤང་ཐོག་ཅིག་ཏུ་བསྐྱུར་ནས་ཁྲོས་ནས་སོང་བ་ལ། ཁོང་གིས་མ་གཟིགས་པས་ཝ་སྤྱང་ལ་ཤོར་སྐད།
དེ་ནས་སྲིང་མོས་ཚོར་ཏེ་ཨ་ནི་བདེན་ནམ་བསམ་ནས་ཨ་ནི་ལ་དྲིས་པས། ངས་ཚོགས་སོགས་ཁྱེར་ཙ་ལེན་བཞིན་མ་ཉན། ཁྱོད་སྲིང་མོ་དང་འཕྲད་པས་འོང་ལེ་ཆེ་ཟེར་ནས། ནེ་ནེས་སྲིང་མོ་ལ་ལམ་བསླབས་ནས་བཏང་སྟེ། སྲིང་མོ་འོང་བས་གནམ་སྒོ་ནས་བོས་པས། རྗེ་བཙུན་གྱིས་གཟིགས་ཙ་སྲིང་མོས་འདི་མི་རིད་པ་ཅིག་འདུག །ང་ཡི་མིང་པོ་མ་རེད་བསམ་པ་ལ། ཡར་ཤོག་གསུངས་པས་བ་སྤུ་ཐམས་ཅད་སྔོ་ཤུ་ལེ་ལུས་ཀེང་རུས་བཞིན་དུ་སོང་། ཤངས་ཞུམ། སྤྱན་ཁོང་དུ་སོང་། ཞལ་དང་ལྗགས་རྡིབ་ནས་འདུག་པས། སྲིང་མོ་རང་དབང་མེད་པར་ཡི་མུག་སྐྱེས་ཏེ། ངེད་མིང་སྲིང་གཉིས་ལས་སྡུག་པ་མི་འདུག་བསམ་ནས། པུས་མོ་གཉིས་ཀྱི་བར་དུ་མགོ་བཅུག་ནས་མཆི་མ་མང་པོ་ཕྱུང་ཞིང་ངུས་པ་ལ། ཁོང་ལ་ཨ་ནིས་བྱིན་པའི་ཐུལ་གོག་དེ་ལས་མེད་པ་དེས་གསང་གནས་བཀབ་སྟེ། སྲིང་མོའི་ལག་པ་ནས་བཟུང་སྟེ་མགུར་འདི་གསུངས་སོ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact