| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (1)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
༄༅། །རྗེ་བཙུན་མི་ལའི་རྣམ་མགུར་མཛོད་ནག་མ་བཞུགས་སོ། །
༄༅། །བདེ་གཤེགས་སྤྲུལ་སྐུ་གཙུག་གི་རྒྱན། །སྐྱེས་མཆོག་མར་པ་ལོ་ཙྪ་ཡི། །ཞལ་ནས་བབས་པའི་བདུད་རྩི་འཐུང་། །སྙན་བརྒྱུད་ལྷན་ཅིག་སྐྱེས་པ་ཡི། །ཐུགས་ལས་འཁྲུངས་པའི་ཡེ་ཤེས་ཀྱིས། །བྱིན་གྱིས་བརླབ་པའི་རྣལ་འབྱོར་པ། །མཚན་མི་ལ་ཞེས་བྱར་ཡོངས་གྲགས་པའི། །རྗེ་བཙུན་ཆེན་པོའི་རྣམ་ཐར་བཞུགས། །
༄༅༅། །ན་མོ་གུ་རུ། གང་ལ་ཐ་དད་དམིགས་པའི་སྤྲོས་པ་ཉེར་ཞི་ཡང་། །སྣ་ཚོགས་ཚུལ་གྱིས་འགྲོ་ལ་རྨད་བྱུང་ལམ་གྱི་མཆོག །འབད་མེད་སྲིད་མཐའི་བར་དུ་བསྟན་པའི་དཔལ་ལྡན་པ། །མཚུངས་མེད་བཀའ་བརྒྱུད་བླ་མ་རྣམས་ལ་གུས་པས་འདུད། །གངས་ཅན་ཁྲོད་དུ་སྐུ་འཁྲུངས་ཀྱང་། །འཇིག་རྟེན་ཆོས་ཀྱིས་མ་གོས་ཤིང་། །ན་རོའི་བརྒྱུད་པས་བྱིན་བརླབས་པའི། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །འགྲོ་བའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གྲགས་ཕྱག་གི་གནས། །མི་ལ་ཞེས་བྱར་ཡོངས་གྲགས་པའི། །རྗེ་རས་པ་དེ་ལ་ཕྱག་འཚལ་བསྟོད། །འཁོར་བར་སྙིང་པོ་མེད་པ་ཐུགས་ལ་ཤར། །ཟས་གོས་འདུན་པ་བྲལ་བས་རི་ཁྲོད་འགྲིམས། །བདེ་དྲོད་ངོ་འཕྲོད་སྲོག་རྩོལ་གནད་དུ་ཚུད། །རྗེ་བཙུན་མི་ལའི་སྐུ་ལ་ཕྱག་འཚལ་བསྟོད། །འོག་མིན་གནས་སུ་རྒྱལ་བ་རྡོ་རྗེ་འཆང་། །འཕགས་པའི་ཡུལ་དུ་འཇམ་དཔལ་བཤེས་གཉེན་ཏེ། །གངས་རིའི་ཁྲོད་འདིར་བཞད་པ་རྡོ་རྗེ་ཞེས། །རྣམ་འདྲེན་མཚུངས་པ་མེད་རྣམས་རྒྱལ་གྱུར་ཅིག །རྗེ་བཙུན་ཆེན་པོས་ཕལ་པའི་ཚུལ་བཟུང་ནས། །མར་སྟོན་གསུང་གི་བདུད་རྩི་བླངས་བྱས་ཏེ། །དཀའ་སྤྱད་དུ་མས་གསང་སྔགས་ལམ་སྒྲུབ་པའི། །ཕུལ་བྱུང་རྣམ་ཐར་གསུང་རབ་འདིར་བཀོད་བྱ། །
རྒྱལ་བ་མ་ལུས་པའི་ཁྱབ་བདག་རྡོ་རྗེ་ཐེག་པའི་གསང་བ་ལེགས་པར་གྲུབ་པ། འཕགས་པའི་ཡུལ་གྱི་བདག་ཉིད་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ། རྗེ་བཙུན་མི་ལ་རས་པ་ཆེན་པོ་དེ་ཉིད་ལ་ཡོན་ཏན་གཉིས་ཏེ། རིགས་དང་འབྲེལ་བ་དཀའ་བ་སྤྱད་པའི་ཡོན་ཏན་དང་། ཏིང་ངེ་འཛིན་དང་འབྲེལ་བ་ཉམས་སུ་མྱོང་བའི་ཡོན་ཏན་ཏེ་གཉིས་སོ། །
དེ་ལ་དཀའ་བ་སྤྱད་པའི་ཡོན་ཏན་ནི། སྐུ་འཁྲུངས་པའི་ཡུལ་ནི། མང་ཡུལ་གུང་ཐང་ཞེས་བྱ་བ་ཡིན་ཏེ། དེ་ཡང་དང་པོ་ཡབ་མེས་ཀྱི་འབྱུང་ཁུངས་ཡུལ་ལ་སྟོད་བྱང་གི་ཕྱོགས་ཀྱི་གཅུང་པ་སྤྱི་བ་ཞེས་བྱ་བ། དེ་ལས་ཀྱང་གདུང་རུས་ནི་ཁྱུང་པོ། ནང་ཚན་ནི་མི་ལ། མེས་པོ་མདོ་སྟོན་སེང་གེ་ཞེས་བྱ་བའི་སྲས་རྡོ་རྗེ་སེང་གེ་ཞེས་བྱ་བ་བྱུང་ཏེ། དེ་ཆོ་ལོ་ལ་ཤིན་ཏུ་དགའ་བས་ཡུལ་ཞིང་བང་ཁང་ཐམས་ཅད་ཆོ་ལོའི་ཕྱོགས་སུ་སོང་སྟེ། རང་ཡུལ་དུ་མ་ཆགས་ནས་ལ་སྟོད་གུང་ཐང་གི་ཕྱོགས་སྐྱ་སྔ་རྩིའི་ཀོ་རོན་དུ་ཕེབས། མདོ་སྟོན་སེང་གེས་ཀློག་འདོན་དང་ཆབ་གཏོར་དང་ཀླུ་བརྒྱད་སེར་སྲུང་བྱས། དེས་རྙེད་པའི་ཟས་ནོར་ཅུང་ཟད་བྱུང་བ་རྣམས་རྡོ་རྗེ་སེང་གེས་གུང་ཐང་དུ་ཚོང་བྱས་ཏེ། ཅི་ཞིག་ལྟར་ན་ཕྱུག་པོར་གྱུར། རྡོ་རྗེ་སེང་གེ་ལ་སྲས་མི་ལ་ཤེས་རབ་རྒྱལ་མཚན་ཞེས་བྱ་བ་བྱུང་། དེ་ལ་སྲས་མིང་སྲིང་གཉིས་ཡོད་པའི་རྗེ་བཙུན་ཆེན་པོ་ཆུ་ཕོ་འབྲུག་གི་ལོ་ལ་སྐུ་བལྟམས་པ་ལ། བྱིས་པ་གཟུགས་མཛེས་པ་ལྷ་ལས་བབ་པ་འདྲ་བ་ཞིག་བྱུང་ངོ་། །ཕ་ན་རེ། ངའི་བུ་རྒྱུད་ཐམས་ཅད་ཀྱི་མགོ་ཡགས་པས་འདི་ལ་མགོ་ཡགས་སུ་མིང་ཐོགས་ཤིག་ཟེར། མ་ན་རེ། ངའི་བུ་འདི་ལ་ཆོས་བྱེད་གཅིག་འོང་བས་ཆོས་རྒྱུད་ཀྱི་མགོ་ཡགས་པ་ཡིན་པས་མགོ་ཡགས་ཟེར་རོ། །དེ་ནས་ལོ་གསུམ་དང་ཞག་མདུན་ནས་སྲིང་མོ་པེ་ཏ་མགོན་སྐྱིད་སྐྱེས་སོ། །མི་ལ་དགུང་ལོ་བདུན་བཞེས་པའི་དུས་སུ་ཡབ་འདས་པའི་ཞལ་ཆེམས་ལ། ཨ་ཁུ་གཡུང་རྒྱལ་དང་། ཨ་ནི་བདུད་མོ་སྟག་འདྲེན་གྱིས་འགོ་བྱས་པའི་ཡུལ་མི་རྣམས་ལ་ཁ་ཆེམས་བཞག་སྟེ། ངའི་ཤུལ་གྱི་དངོས་པོ་འདི་རྣམས་ཀྱི་ཆ་ཤས་ཙམ་ཞིག་ང་རང་གི་རྗེས་སུ་ཐོངས། བུ་འདི་ན་སོ་མ་རྒྱས་ཀྱི་བར་དུ་ཨ་ཁུ་དང་ཨ་ནིས་དངོས་པོ་ཀུན་ཉ་ར་གྱིས་ལ་མ་གོད་པར་ཁོ་རང་ལ་སྤྲོད་ཟེར་རོ། །དེར་ཡབ་ཀྱི་གཤེགས་རྫོང་བྱས་ནས་ལྷག་མ་ནོར་རྫས་བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་ཨ་ཁུ་དང་ཨ་ནིས་འགོ་བྱས་ཕ་སྤུན་རྣམས་གྲོས་བྱས་ནས་ཞིང་ཁང་ནོར་རྫས་ཐམས་ཅད་འཕྲོག་ནས་བགོས། མི་ལའི་ཞང་པོ་ལ་སོགས་པས་ལོ་རྒྱུས་བྱས་ཀྱང་མ་ཉན་ཏེ། ཡུམ་ཉང་ཟ་དཀར་རྒྱན་གྱིས་རང་ནོར་ལ་རང་གིས་བདག་པོ་བྱེད་དབང་མ་བྱུང་། ཨ་ཁུ་དང་ཨ་ནི་གཉིས་ན་རེ། ཁྱེད་མ་བུ་ལ་ངེད་གཉིས་ཀྱིས་གོས་གསར་བ་རེ་བྱེད་པ་ཡིན་ཟེར་ནས་གོས་རེ་བྱས། དེ་ནས་དབྱར་ཨ་ཁུའི་གཡོག་བྱས། དགུན་ཨ་ནིའི་གཡོག་བཅོལ། ལྟོ་ཁྱིའི་ལྟོ་བ་འདྲ་བ་ལ། ལས་བོང་བུའི་རྒྱབ་འདྲ་བ་བྱས། རྐང་ལག་ཀྱང་སེར་ཀར་སོང་སྟེ་ཤིན་ཏུ་སྡུག་བསྔལ་བ་བྱུང་། དེའི་ཚེ་ཡབ་བཞུགས་དུས་མི་ལའི་ཆུང་གཉེན་བྱས་པའི་ལེགས་སེའི་ཕ་མ་རྣམས་ཀྱིས་ཁོང་ལ་ན་བཟའ་དང་ཆང་བུ་ཕུལ། ནོར་དང་ཁ་རྗེ་མེད་སྙམ་པའི་ཐུགས་དགོངས་མི་དགོས་ཀྱི། འཆི་བ་མ་བྱུང་ན་འཕྲོད་པ་ཡིན། ཞེས་ཐུགས་གསོས། ཅི་ཞིག་ལྟར་ན་མི་ལ་ཡང་དགུང་ལོ་བཅོ་ལྔ་བཞེས། ཡུམ་མྱང་ཟ་དཀར་རྒྱན་གྱིས་ཀྱང་ཞིང་སྲེད་པོ་སྟན་ཆུང་གི་ཐོག་ལ་ཡོ་བྱད་བསྒྲུབས་ཏེ། ཨ་ཁུ་དང་ཨ་ནིས་གཙོ་བྱས་ཡུལ་མི་ཁྱིམ་མཚེས་ཉེ་དྲུང་དང་བཅས་པ་བོས། བཟའ་བཏུང་དྲངས། ཡབ་ཀྱི་ཞལ་ཆེམས་རྣམས་བཀླགས་ནས་ཡུམ་གྱིས་ལོ་རྒྱུས་བྱས་ཏེ་ཡབ་ཀྱི་ཞལ་ཆེམས་བྱས་པ་བཞིན་དུ་བུ་ལ་ནོར་ཟས་རྣམས་གཏད་དགོས་བྱས་པས། མ་ཉན་ཏེ། ཨ་ཁུ་དང་ཨ་ནི་གཉིས་ཁྲོས་ཏེ། ཡུམ་ལ་རྡོག་ལྕག་མང་པོ་བརྒྱབ། ལྕམ་སྲིང་གཉིས་གོས་ཀྱི་ཐུ་བས་བརྡུངས། ཕྱིན་ཅི་ལོག་གི་ཚིག་ངན་མང་དུ་སྨྲས་པ་ལ། ཡུམ་ན་རེ། བུ་ཕྲུག་འདི་གཉིས་ཁྱེད་རྣམས་ཀྱི་ཤ་ནས་ཆད་པས་ལྟོགས་དྲིར་མ་ཤི་ཙམ་རེ་བྱིན་བྱས་པས། ཧ་ཧ་ཁྱེད་མ་མད་མ་བསད་པས་མི་ཆོག་པ་ཨེ་ཡིན་ཟེར་ནས་ཁང་པ་ཡང་འཕྲོགས། ཁྱེད་མ་མད་རྣམས་མང་ན་དམག་གྱིས། ཉུང་ན་མཐུ་གྱིས་ཟེར་ཏེ་སོང་ངོ་། །དེ་ནས་ཡུམ་གྱི་རྩའི་མི་ཐོད་གད་པ་ཅན་དུ་མི་ལ་སློབ་གཉེར་ལ་བཏང་བས་ཤེས་པ་ཡང་འགའ་རེ་ལོབས་པས་གྲོང་ཆོག་ཡང་བྱེད། དེ་ཙམ་ན་ལེགས་སེས་ཀྱང་རྒྱགས་དང་ཆུ་སྡོར་ཡང་བསྐྱལ། གྲོང་པས་སྟོན་མོ་བྱེད་པ་ལ་སྤྲང་ཞིང་གླུ་ལྡབ་ལྡིབ་གཅིག་ཤེས་པ་ཡང་ལེན། སྐབས་སྐབས་སུ་ཡུལ་པའི་བ་ར་ཡང་འཚོས། དེའི་དུས་སུ། ང་ཡི་ལག་ཏུ་ཐོགས་པའི་འུར་རྡོ་འདི། །སྒོམ་ཐག་ཁྲ་མོ་གཅིག་ཡིན་ན་དགའ་བ་ལ། །ཡང་དག་འགྱུར་མེད་གཅིག་ཡིན་ན་སྐྱིད་པ་ལ། །ང་ཡི་རྒྱབ་ཏུ་གྱོན་པའི་གོ་ཅོག་འདི། །རས་གོས་རྐྱང་པ་གཅིག་ཡིན་ན་དགའ་བ་ལ། །ཡང་དག་འགྱུར་མེད་གཅིག་ཡིན་ན་སྐྱིད་པ་ལ། །ཞེས་པ་ལ་སོགས་པའི་སྒྲུབ་པ་ལ་ཡིད་སྨོན་པའི་གླུ་མཆིད་དཔག་ཏུ་མེད་པ་ལེན་ཅིང་། གླུའི་སྡེབ་སྦྱོར་དང་གཏམ་རྒྱུད་སོགས་ལ་ཤིན་ཏུ་ནས་མཁས་ལ། སྒྲུང་མང་པོ་ཤེས་པ་ཡང་ཉང་བྲང་དང་འཕང་ར་ཐམས་ཅད་དུ་བྱེད་པས་ཀུན་དགའ་ནས། མི་ལ་ཐོས་པ་དགར་མིང་བཏགས། དུས་ལན་གཅིག་གི་ཚེ་ཡུལ་དུ་ཆང་སྟོན་ཆེན་པོ་ཅིག་བྱུང་། མི་ལ་དཔོན་སློབ་ཡང་དེར་བྱོན། གཞན་ཡང་ཆང་འདྲེན་མི་མང་དུ་བྱུང་སྟེ། སྲང་ཁ་ནས་ཡར་གླུ་ལེན་ཅིང་བྱོན་པ་ལ། ཡུམ་གྱིས་གསན་ཏེ་མདུན་དུ་བྱོན་ནས་ང་རང་མ་མད་གཉིས་ཀྱི་འདུག་ཚུལ་འདི་ལ་ང་ནི་ངུ་བྲོ། ཁྱོད་གླུ་ལེན་པ་ཡིན་ནམ་ཟེར་ནས་མང་དུ་བཤུམ་པས། དེར་ཁོང་གིས་ཡུམ་ལ་མ་ངུ་དང་ངས་ཁྱོད་གང་འདོད་པ་དེ་བྱ་ཡི་གསུངས་སྐད། དེར་ཡུམ་ན་རེ། འོ་ན་ཁྱོད་ཀྱིས་ཡི་གེ་ཤེས་ན་མཐུ་གཏད་སེར་གསུམ་ལ་མཁས་པ་ཅིག་གྱིས་ལ་ཡུལ་མི་ཁྱིམ་མཚེས་འདི་ཀུན་རྩད་ནས་ཆད་པ་ཅིག་བྱེད་དགོས་ཟེར། ངས་མཐུ་སུ་ལ་སློབ་ཅུག་བྱེད་པས། མ་ན་རེ། གཡུང་སྟོན་པ་མཐུ་ཆེ་ཟེར་བས་དེར་འགྲོ་དགོས་ཟེར་བ་ལ། འོ་ན་ང་འགྲོ་བའི་ཆས་གྱིས་ཤིག་གསུངས་ཏེ། དེ་ནས་ཡུམ་གྱིས་ཞིང་སྲེད་པོ་སྟན་ཆུང་གི་ཕྱེད་བཙོངས་པའི་རིན་ལ་གཡུ་སྐར་ཆེན་འོད་འཕྲོ་དང་། རྟ་ཁམ་པ་སྡེ་བ་གྲགས་པ་གཅིག་དང་། ཚོས་ལྟང་ཙེ་བཞི་ཙམ་བྱུང་། དེར་རྒྱགས་ཀྱི་གྲབ་ཟིན་ཡང་གྲོགས་པོ་ཟླ་བོ་མེད་པས་གུང་ཐང་གི་རྒྱབ་ལྷུན་གྲུབ་མགྲོན་ཁང་བྱ་བ་ཀ་བ་བརྒྱ་དང་བརྒྱད་ཅུས་བཏེགས་པ་ཞིག་ཡོད་པ་དེར་ཞག་འགའ་བཞུགས་པས་སློབ་དཔོན་དོལ་པ་རས་པ་བྱ་བ་ཡིན་ཟེར་བའི་དཔོན་སློབ་འགའ་བྱུང་། དེ་རྣམས་ལ་ཡུམ་གྱིས་བསྙེན་བཀུར་བྱས། གཡུ་དེ་བྱིན་ནས་ངེད་ཀྱི་བུ་འདི་ལ་སྙིང་པོ་མེད་པས་ཁྱེད་གྲོགས་པོ་རྣམས་ཀྱིས་ཡང་ཡང་བསྐུལ་མ་གྱིས་ལ་མཐུ་ཤིན་ཏུ་མཁས་པ་ཞིག་སློབས་ལ་ཐོངས་ཤིག །ཞེས་བསྒོ་གཏམ་བྱས། སྲས་ལོགས་གཅིག་ཏུ་ཁྲིད་ནས་བུ་ཁྱོད་ཀྱིས་ཡུལ་འདིར་ངེས་པར་རྟགས་ཐོན་པར་གྱིས། ཁོང་གཅེས་ཕྲུག་གི་མཐུ་དང་འོ་ཅག་མི་འདྲ། དེ་རང་མ་མད་ཀྱི་སྡོད་ཁོས་འདི་ལ་སེམས་ལ་སྙིང་རུས་བསྐྱེད། རྒྱགས་ད་རུང་བཙལ་ལ་བསྐུར་གྱི། ཁྱོད་མཐུ་མེད་པར་ལོག་བྱུང་ན་ང་ལྕེབས་སྟེ་འཆིའོ་ཞེས་ཟེར་རོ། །དེར་མི་ལ་དཔོན་སློབ་རོང་གཡག་བརྒལ་ནས་སྙེ་མོ་བྱ་བར་སླེབས། དེར་བུ་རམ་དང་ཚོས་རྣམས་བཙོངས་པས་རིན་ཐམས་ཅད་གསེར་དུ་བྱུང་བ་རྣམས་བསྣམས་ཏེ། འཐོན་ལུགས་ར་ཁོང་ནས་མར་བྱོན་ནོ། །དབུས་ནས་འོང་བའི་འགྲིམ་པ་མང་པོ་དང་འཕྲད། མཐུ་གཏད་སེར་གསུམ་ལ་སུ་མཁས་དྲིས་པས། དབུ་གཙང་གཉིས་ན་གཡུང་སྟོན་བས་མཐུ་ཆེ་བ་མེད། སྙན་པ་ཡང་ཁོང་ཆེ། མཐུ་ཡང་ཁོང་མཁས་ཟེར། དེའི་ལམ་རྒྱ་ཡོད་ཟེར་བའི་གཡེར་ཆེན་པོ་འདུག་པ་དང་དེར་བྱོན། གཡུང་སྟོན་པ་སྔགས་པ་སྐྲ་སེ་འབལ་ལེ་བ་གཅིག་འདུག་པ་ལ། གྲོགས་པོ་རྣམས་ཀྱིས་ནི་ཕྱག་རྟེན་ཅུང་ཟད་རེ་ལས་མ་བཏང་། ཁོང་གིས་རྟ་དང་གསེར་ཐམས་ཅད་ཕུལ་ནས་བདག་གིས་ལུས་ངག་ཡིད་གསུམ་འབུལ་བ་ལགས། མཐུ་ཞིག་སློབ་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ངའི་མཐུ་འདི་སློབ་པ་ལ་སྟོད་མངའ་རིས་ཀྱི་ས་ཆ་ནས་གསེར་སྲང་བརྒྱ་འབུལ་དང་སྟོང་འབུལ་བྱེད་པ་བྱུང་། དེ་ལྟར་འབུལ་བ་བྱེད་པ་མང་དུ་བྱུང་ཡང་། ལུས་ངག་ཡིད་གསུམ་འབུལ་ཟེར་བ་ཁྱོད་ལས་མ་བྱུང་གསུང་། མི་ལས་ཞུས་པ། བདག་ལ་གྲོང་པ་ཁྱིམ་མཚེས་སྐྱིད་དུ་འཕོངས་པ་འགའ་བདོག་པས་མཐུ་ཤིན་ཏུ་མཁས་པ་གཅིག་ཐུགས་ལ་འདོག་པར་ཞུ་བྱས་པས། ཁྱོད་ཀྱི་གཏམ་དེ་ལ་བརྟག་པ་གཅིག་བྱེད་དགོས་གསུང་སྟེ། ཁོང་ཐམས་ཅད་ལ་མཐུ་ཡང་དག་པ་ནི་མ་གནང་། གདམས་པ་སྣ་རེ་ཙམ་བྱིན་བསྒྲུབ་པ་བྱས། ལོ་གཅིག་སོང་བ་དང་གྲོགས་པོ་རྣམས་འགྲོ་བ་ལ་བླ་མས་གོས་རེ་རྫོང་། གཏང་རག་གི་མཆོད་པ་བྱས། བླ་མའི་ཞལ་ནས། ཐོས་པ་དགའ་མི་འགྲོའམ་གསུངས་པ་ལ། ཐོས་པ་དགས། ང་ནི་འགྲོ་ས་ཏིག་པོ་ཡང་མེད་ལགས་ཞུས་པས། ཁྱོད་སྙིང་རྗེ་བའི་མི་རིགས་ཤིག་འདུག་གསུང་། མི་ལས་ཀྱང་བླ་མས་གནང་བའི་གོས་དེ་གྱོན་ནས། གྲོགས་པོ་རྣམས་ལ་འགྲོ་ལམ་གཅིག་ཏུ་སྐྱེལ་ཐུང་མཛད་ནས་ཚུར་ལོག་སྟེ་བྱོན་པའི་ལམ་ཁར་རྟ་ལུད་བོང་ལུད་གླང་གི་ལྕི་བ་ལ་སོགས་པ་ཐུ་བ་གང་རྙེད་པ་བླ་མའི་གསོལ་ཞིང་ཞིག་གི་དཀྱིལ་དུ་བླུགས་པ་བླ་མས་ཁང་ཐོག་ནས་གཟིགས། ང་ལ་སློབ་མ་མང་དུ་བྱུང་ཡང་འདི་ལས་ཤ་ཚ་བ་མ་བྱུང་། དང་པོ་བྱུང་ཙ་ན་ཡང་ལུས་ངག་ཡིད་གསུམ་འབུལ་ཟེར། ཡུལ་མི་ཁྱིམ་མཚེས་སྐྱིད་དུ་འཕངས་པ་ཡང་ཡོད་ཟེར། དེ་རྣམས་བདེན་ན་མཐུ་མ་བྱིན་པས་ཀྱང་མི་རུང་ཞེས་གསུངས་པ་འཁོར་རྣམས་ཀྱིས་ཐོས། དེ་རྣམས་ཀྱིས་མི་ལ་ལ་སྨྲས། མི་ལས་བླ་མ་རང་གིས་གནང་བའི་གོས་དེ་ཕྱག་རྟེན་དུ་ཕུལ་ཏེ། བདག་གི་ཟླ་བོ་རྣམས་གཅེས་ཕྲུག་རྩེད་མོའི་ཞོར་ལ་མཐུ་སློབ་པ་ཡིན་པར་འདུག །བདག་མཐུ་མ་ལོབ་ཅིང་ཡུལ་ལ་རྟགས་ཞིག་མ་འཐོན་ན་མ་རྒན་མོ་དེ་ལྕེབ་ནས་འཆི་བར་འདོག་ལགས་ཞུས་པས། བུ་ཁྱོད་ཀྱི་གཏམ་དེ་ཨེ་བདེན་བལྟར་བཏང་གི །ཁྱེད་རང་བྲིས་སློབ་ཅིག་གསུངས་པས། མི་ལས་བྲིས་སྦྱངས། བླ་མས་འབོང་པོ་སྟོབས་ཅན་གཅིག་བལྟར་བཏང་བ་འཁོར་ཏེ་བདེན་པར་མཁྱེན་ནས་མི་ལ་ལ་གསུངས་པ། ངའི་མཐུ་དྲག་སྔགས་གཟའ་གདོང་དམར་ནག་ཧཱུཾ་ཤི་ཕཊ་འགྱེལ་བྱ་བ་གཅིག་རྒྱུད་ཡོད་པ་དེ། གཙང་གི་ཕྱོགས་ཡུལ་གནུབ་ཀྱི་ཕུ་ལུང་ན་ལྷ་རྗེ་གནུབ་ཆུང་བྱ་ཞིག་ཡོད་པ་ལ་བྱིན། ཁོའི་སེར་བ་གར་ཁྲིད་དུ་ཕེབས་པ་ཞིག་ཡོད་པ་དེ་ང་ལ་བྱིན། ངེད་གཉིས་གཙིག་བཟུང་ཡོད་པས་མཐུ་དྲག་ཐལ་བ་ཅིག་སློབ་ན་དེར་འགྲོ་དགོས་གསུངས་པས། དེ་ལ་འབུལ་བ་མེད་པར་ཨེའུ་གནང་ཞུས་པས། འབུལ་བ་ཁྱེད་ཀྱིས་རྟ་འདྲ་ཁྱེར་ཡང་མི་སྟེར། ངའི་རྟ་དཀར་པོ་སྟོང་ལ་གྲགས་བྱ་བ་འདི་ཁྱེར་གསུངས་ཏེ། ཁོ་རང་གི་བུ་ལ་སྣ་ཁྲིད་བཅོལ་ནས་བཏང་སྟེ། རྟ་ཕྱག་རྟེན་དུ་བཏང་ནས་སྲས་དར་མ་དབང་ཕྱུག་གིས་དེའི་རྒྱུ་མཚན་ཞིབ་ཏུ་བཤད་པས། འཇང་རྟ་ནག་གི་བོན་པོ་ལྷ་རྗེ་གནུབ་ཆུང་བྱ་བ་དེ་ན་རེ། ངའི་གྲོགས་པོ་ཕྱི་ཐག་རིང་གསུངས་ནས་མཉེས་སོ། །ད་ཁོང་ལ་མཐུ་དགོས་པར་འདུག །རི་སྣ་ཕ་གིར་སྒྲུབ་ཁང་གཅིག་རྩིག་གསུང་ནས་སྒྲུབ་ཁང་བྱས་ཏེ། དེར་བོན་པོའི་བུ་དང་ཐོས་པ་དགའ་གཅིག་པུ་ལ་མཐུ་བསླབ་ནས་བསྒྲུབས་པས། ཞག་བདུན་སོང་ནས་བླ་མའི་ཞལ་ནས། སྔར་ཡང་ཞག་བདུན་གྱིས་ཆོག་ཅིང་ཡོད། ད་ལན་ཡང་ཆོག་སྟེ་མཆི་གསུང་། དེ་ནུབ་དཀྱིལ་འཁོར་གྱི་དབུས་སུ་མི་མགོ་སུམ་ཅུ་སོ་ལྔ་དོན་སྙིང་དང་བཅས་པ་བསྐྱལ། སྲུང་མ་རྣམས་ན་རེ། ངེད་ཁ་སང་ནས་བསྐུལ་པས་འདི་དགོས་པ་མིན་ནམ་ཟེར། ནང་པར་བླ་མ་བྱོན་ནས་མདང་རྟགས་བྱུང་ངམ་གསུང་། བྱུང་ལུགས་རྣམས་ཞུས་ཏེ་བླ་མའི་ཞལ་ནས། ད་བསྒྲལ་རྒྱུ་གཉིས་འདུག་པ་དེ་བཞག་གམ་བསྒྲལ་གསུང་། གཉིས་པོ་དེ་སྡུག་གི་བྱ་ར་སྙིང་ཚིམ་བདའ་བ་ལ་བཞག་པར་ཞུ་ཞུས་པས་བཞེད་དེ། དེའི་ཚེ་མི་ལའི་ཕ་ཡུལ་དུ་སེང་ལྡེང་གི་ཕུར་པ་གཅིག་ཡོད་པ་དེ་རྐང་མགྱོགས་པ་གཉིས་ལ་བསྐུར་ནས། འདི་ངའི་མའི་ལག་ཏུ་གཏོད་ལ་ངའི་ཕ་སྤུན་ཚོའི་མཁར་དེ་ལ་ཚད་ཚད་ཅིག་གྱིས་ལ་ཡར་མགྱོགས་པར་བསྐུར་བྱས་པས། མ་སྙིང་ན་ནས་མཁར་ཁང་ལ་ཕུར་པས་རྒྱག་སྟངས་མང་དུ་བྱས་པས། ཁོལ་མོ་གཅིག་གིས་མཐོང་བར་སྡིག་པ་གླང་ཤད་ཙམ་གཅིག་གིས་མཁར་གྱི་ཀ་བ་ནས་འཐེན་པ་མཐོང་ཙ་ན། མི་ལའི་ཁུ་བོས་མནའ་མ་ཞིག་བླང་པའི་ས་ན་ཡང་མས་མཁར་ཁང་ལ་ཕུར་པ་རྒྱག་སྟངས་མང་དུ་བྱས་པས། ཕྱི་མི་གྱེས་ནང་མི་མ་གྱེས་པ་ལ་མཁར་གྱི་ཀ་བ་ཆག་པས་འགྱེལ་ཏེ། མི་སུམ་ཅུ་སོ་ལྔ་གཏིབ་འོག་ཏུ་ཤི། ཅུང་ཤི་མ་ནུས་པ་འགའ་རེས། ང་མི་ལ་ཐོས་པ་དགའ་ཡིས་བཏང་བ་ཡིན་ཟེར་སྐད་དོ། །དེའི་དུས་སུ་གུང་ཐང་པས་གྲོས་བྱས་ཏེ། མི་ལ་ཐོས་པ་དགའ་འདིས་ཁང་ཞིང་མ་འཚིང་བ་འདི་ཙམ་བསད། འདི་ལ་རྔན་ཟན་བཏང་ལ་ཐོས་པ་དགའ་བསད་དགོས་བྱས་པའི་ལྐོག་གྲོས་བྱས། བྱ་ཤོར་དྭོགས་པས་གཞན་ལ་གསང་བ་ལ། གཙོ་བོ་དེའི་ཆུང་མ་དེ་སྔོན་མི་ལ་མ་མད་ཀྱི་གཡོག་མོ་བྱས་པ་ཡིན་པས། སྙིང་ཐག་ཉེ་བར་ཡོད་པས་དེར་ཕར་ཉན་ཙ་ན། མོའི་རྒད་པོས་ཁ་བླས་བྱས་པས། མི་ལ་ཐོས་པ་དགའ་ལ་བསད་མི་བ་བརྔན་པ་བཏང་དགོས་ཟེར་བ་དེ་ཆུང་མ་དེས་ཐོས། དེས་ཐོས་པ་དགའི་མ་ལ་བཟླས་པས། མ་བྲེད་ནས་མྱུར་དུ་བང་ཆེན་ལ་འོས་པའི་རྣལ་འབྱོར་པ་ལྡོམ་བུ་བ་གཅིག་བཙལ་བཟའ་བཏུང་སོགས་བྱིན་ཏེ། བེམ་པོ་ལ་ལྷན་པ་མདའ་གང་བརྒྱབ། དེའི་ནང་དུ་རྣལ་འབྱོར་པར་དེ་རྒྱུས་མེད་པའི་གསེར་སྲང་བདུན་སྦས། རྒྱས་བཏབ་པའི་ཡི་གེ་གཅིག་ཀྱང་བསྐུར། བརྔན་པ་བྱིན་ཏེ་བཏང་ངོ་། །རྣལ་འབྱོར་པ་དེས་ཀྱང་མི་ལ་དྲི་ཞིང་ཕྱིན་ཏེ། སྦུ་གུ་ལུང་དུ་མཇལ། ཡི་གེ་ཕུལ་བས་དོ་ནུབ་བཞུགས་ཤིག་གསུང་། བླ་མའི་རྩར་ཡི་གེ་ཁྱེར་ཏེ་གཟིགས་པས། མ་རྒན་མོ་ལ་བུ་སྐྱེས། ཕ་མི་ཤེས་རབ་རྒྱལ་མཚན་གྱི་མི་རབས་ཟིན། མི་སུམ་ཅུ་སོ་ལྔ་ཤི། ང་ལ་ཡང་ཀ་ཆ་འགའ་རེ་གཏད་ནས་རྒྱགས་ལྡང་བར་ཡོད། ཁྱོད་ཡུལ་དུ་མ་འོང་ཞིག །ཡུལ་གྱི་མི་ཆེན་པོ་རྣམས་ཀྱིས་གྲོས་བྱས་ནས་ཁྱོད་བསད་མི་བ་བརྔན་ལ་བཏང་དགོས་ཟེར་ཞིང་འདུག་པས། འདི་ནས་བྱུང་བའི་མི་དང་མ་སྤྲང་ཟོན་དྭོགས་གྱིས། ད་རུང་ཡུལ་འདིར་སེར་བ་གྱང་རིམ་པ་གསུམ་ཡོད་པ་གཅིག་ཕོབ་དང་། དེ་ནས་མ་རྒན་མོའི་བསམ་པ་མཐར་ཕྱིན། རྒྱགས་ཆད་ན་རི་ཆེན་པོ་ཁ་བྱང་དུ་བལྟས་པའི་སྤྲིན་ནག་པོའི་འོག་སྐར་མ་སྨིན་བདུན་ཤར་བའི་ས་ན། རང་གི་གཉེན་ཚན་ཡོད་པས་དེར་ཕྱིན་ནས་རྒྱགས་འོང་བར་ཡོད། ཅེས་བྱ་བ་འདུག་ནས་དཔོན་སློབ་གཉིས་པོས་གོ་རྟོགས་མ་རྙེད་དེ། ང་རྒྱགས་ཆད་པ་ལ་མཁོ་བ་གཅིག་ཡོད་འདུག་སྙམ་དགོངས་ནས། གཞན་ཡང་མང་པོ་ལ་བསྟན་ཡང་གོ་རྟོགས་མ་རྙེད། བླ་མའི་ཞལ་ནས། བྱང་ན་གཉེན་ཚན་ཡོད་དམ་གསུང་། སྔར་ཡོད་ཟེར་བ་ཡང་མ་ཐོས་ཞུས་པས། དེ་བླ་མའི་ཇོ་མོ་ན་རེ། རྣལ་འབྱོར་བ་དེ་བོས་ཤིག་གསུང་། དེ་ལྟར་བྱས་པ་ལ་མདུན་དུ་མེ་བཏང་། ཆང་མང་པོ་བླུད་དེ། ཇོ་མོས་རྣལ་འབྱོར་པའི་རྒྱབ་ནས་བེམ་པོ་བླངས་ནས། གོས་འདི་འདྲ་གྱོན་པའི་མི་ལ་སྐྱིད་ཡོད་པ་ཡིན་ཟེར་ཞིང་གྱོན་ནས་ཐོག་ཁར་སོང་། ལྷན་པ་ནག་པོའི་འོག་ནས་གསེར་རྣམས་བཏོན། བླ་མའི་ཞལ་ནས། ཐོས་པ་དགའ་འདིར་ཤོག་གསུང་། གསེར་སྲང་བདུན་པོ་གཏད་ནས། རི་ཆེན་པོ་ཁ་བྱང་དུ་ལྟ་བ་རྣལ་འབྱོར་པ་ལ་ཟེར་བར་གདའ། སྤྲིན་ནག་པོ་ལྷན་པ་ལ་ཟེར་བར་གདའ། སྐར་མ་སྨིན་བདུན་གསེར་བ་ལ་ཟེར་བར་གདའ། ཁྱེད་ལ་མ་གྲུང་མོ་ཞིག་ཡོད་པར་གདའ། བུད་མེད་བློ་རྣོ་ཟེར་བ་ཡང་བདེན་པར་འདུག །ངེད་རང་གཉིས་ཀྱིས་མ་ཤེས་པ་ཇོ་མོས་ཤེས་པར་བྱུང་གསུང་། གསེར་སྲང་གང་བླ་མ་ལ་ཕུལ། ཇོ་མོ་དང་རྣལ་འབྱོར་པ་གཉིས་ལ་གསེར་སྲང་ཕྱེད་རེ་བྱིན་པས་རྣལ་འབྱོར་བ་དེ་དགའོ། །
དེ་ནས་མི་ལས་ཡུལ་དུ་ང་ལ་ངན་གཤོམ་ཞིང་འདུག་ཟེར་བྱས་ནས་བོན་པོ་ལ་བཤད་པས། ཁོ་ན་རེ། ང་ལ་ཐབས་ཡོད་ཀྱི། ང་ལ་མངོན་ཤེས་ཡོད་པ་སྐད་དུ་བྱ་ཟེར་ནས། ཁྱེད་གུང་ཐང་པ་རྣམས་ཀྱིས་ཐོས་པ་དགའ་བསད་པའི་གྲོས་གཤོམ་ཞིང་འདུག་པ་ངེད་ཀྱི་ཆོས་སྐྱོང་གིས་ཚོར་ནས་བྱུང་། བསད་པས་ཨེ་འཛད་བལྟ། ང་ལ་སློབ་འབངས་འདི་ཙམ་ཡོད་པ་རྣམས་ཐོས་པ་དགའ་ཡིན། གཡུང་སྟོན་ལ་མི་ཚན་འདི་ཙམ་ཡོད་པ་ཐོས་པ་དགའ་ཡིན། གཙོ་བོ་ལ་སྲོག་ལས་བྱེད། ཡུལ་བ་ལ་སེར་བ་བྱེད། ང་བསམ་ངན་འཛིན་པ་ཙམ་བྱུང་ན་ཡང་འདུག་བྱེད་པ་ཡིན་ཟེར་བའི་འཕྲིན་ཡིག་བསྐུར་ནས་འདི་སུ་འཕྲད་འཕྲད་ལ་སྟོན། ལམ་པོ་ཆེར་བྲིས་ལ་ཐོགས་བྱས་ནས་རྒྱགས་སྐྱེལ་མི་དེ་བཟློག་ནས་བཏང་། དེས་དེ་བཞིན་བྱས་པས། ཡུལ་མིས་ཐོས་ནས་འདི་བསད་པས་འཛད་པའི་གཏད་ཀྱང་མེད། རྩ་བ་བཟང་པོ་གཅིག་འདུག །བསད་པས་གསོད་པའི་གཏད་ཀྱང་མེད། མངོན་ཤེས་ཡོད་པར་འདུག་ཟེར་ནས་ངན་བྱེད་པ་དེ་བཤོལ་ལོ། །མི་ལས་ང་བདག་གི་མའི་བསམ་པ་བསྒྲུབ་པའི་ཕྱིར་གདམས་ངག་ཐུགས་ལ་འདོག་པར་ཞུ་བྱས་པ་ལ། བོན་པོས་བུ་རམ་ཞོ་གཉིས་བསྐུར་ནས་གཡུང་སྟོན་ཁྲོ་རྒྱལ་ལ་ཞུས་ཤིག་གསུང་ནས། གཡུང་སྟོན་གྱི་མདུན་དུ་བྱོན་པས། གཡུང་སྟོན་གྱི་ཞལ་ནས། མཐུ་གོ་ཆོད་པ་བྱུང་ངམ་གསུང་། མི་སུམ་ཅུ་སོ་ལྔ་བསད་ལགས་ཏེ། བདག་གི་མ་དེ་ལ་ད་རུང་བསམ་པ་མ་ཚིམས་ནས་སེར་བ་ཕོབ་བྱ་བའི་ཡི་གེ་བྱུང་བས། ད་རེས་སེར་བ་ཅིག་མི་གནང་ཁ་མེད་ནས་འདུག་ཞུས་པས། བླ་མའི་ཞལ་ནས། འོ་ན་སེར་བའི་མན་ངག་བྱའོ་གསུང་ནས། སྒྲུབ་ཁང་རྙིང་པ་གཅིག་ཏུ་ཞག་བཅུ་བཞི་བསྒྲུབ་པས། ཐུན་རྫས་ལ་དངོས་སུ་འབྲུག་ལྡིར་བ་དང་གློག་འཁྱུག་པ་བྱུང་། བླ་མ་ན་རེ། ད་ཁྱོད་ཀྱིས་ཡུལ་ན་ལོ་ཐོག་མཐོ་དམན་ཅི་ཙམ་ཡོད་གསུང་། ང་ཙམ་སྙེ་མ་ཆལ་ཆོལ་ཙམ་ཡོད་མཆི་བྱས་པས། འོ་ན་འགྲོ་རན་ཡོད་པར་གདའ་གསུང་། མི་ལའི་རོགས་ལ་འབོང་པོ་སྟོབས་ཆེན་དེ་བཏང་། ཡི་གེ་ལ་སྔ་སེར་ལོ་བདུན་གཏོང་། ཕྱི་སེར་ལོ་བརྒྱད་འོང་བྱས་པ་བྲིས་ནས་མདའ་གཅིག་ལ་བཏགས་ནས། འདི་གཙོ་བོ་གཅིག་གི་ཞིང་དཀྱིལ་ན་ཚུགས་ཤིག་གསུང་། གཉིས་པོ་རྣལ་འབྱོར་པར་བརྫུས་ཏེ་གུང་ཐང་དུ་ཕྱིན། ཡུལ་དུ་བཙས་མ་བརྔ་རན་ལ་ཐུག །དེར་ཐུན་གསོས་སྔགས་རྫས་འདེབས་པར་བཞེད་པ་ལ། ནམ་མཁའ་ལ་སྤྲིན་བྱིའུ་རོ་ཙམ་གཅིག་ཀྱང་མེད་པར་གྱུར་པས། མི་ལས་དམ་ཅན་སྲུང་མ་རྣམས་ལ་བོས། བེམ་པོ་བརྡབས། མང་དུ་བཤུམ་པ་ལས་དེའི་མོད་ལ་སྤྲིན་བསམ་གྱིས་མི་ཁྱབ་པ་འཁྲིགས། མི་གཅིག་གི་ཟན་ཟ་རིང་ཙམ་ལ་སེར་བ་གྱང་རིམ་པ་གསུམ་བགྱིད་དམ་ཟེར་བ་ཅིག་བབ། འབྲུ་ནི་མིག་གིས་མ་མཐོང་། ལུང་པ་ཐམས་ཅད་གཅོང་དུ་སོང་། དེའི་རྗེས་ལ་ཆར་དྲག་པོ་ཞིག་བྱུང་སྟེ། ཁོང་དཔོན་སློབ་གཉིས་བྲག་སྐྱིབས་ཞིག་ཏུ་མེ་བཏང་ནས་བཞུགས་པ་ཡུལ་གྱི་རི་དྭགས་པས་མཐོང་། ཁོང་ཚོས་གླེང་ལང་བྱས་ཏེ། ད་ལོའི་ལོ་ཐོག་ལེགས་པོ་འདི་ལ་འབྲུ་མིག་གིས་མ་མཐོང་བར་བྱས། ན་ནིང་མི་དེ་ཙམ་བསད། དེ་ཐམས་ཅད་ཐོས་པ་དགའ་གཅིག་པུའི་མཐུ་ཡིན་ཟེར་ཞིང་གླེང་། དེའི་ཚེ་རྒན་པ་གཅིག་ན་རེ། བྲག་ཕུག་ཡ་ཀིའི་ནང་དུ་དུ་བ་ཅིག་འདུག །དེ་ན་ཐོས་པ་དགའ་ཡོད་ངེས། ཁྱེད་རྣམས་འདིར་ཡིབ་ལ་སྡོད་ཅིག །ང་འགྲོ་ནས་མི་རྣམས་འབོད་ནས་འོང་ངོ་ཟེར་ནས་སོང་སྟེ། ཡུལ་མི་རྣམས་ཀྱིས་མཚོན་ཐོགས། གོ་གྱོན་ཚིག་ངན་མང་པོ་སྨྲ་ཞིང་ཁོང་དཔོན་གཡོག་གཉིས་བསྐོར་ཏེ་བྱུང་། འབངས་སྟོབས་ཆེན་ན་རེ། ངས་ཁྱེད་ཡིན་པ་ལྟར་བྱས་ལ་ཁོང་རྣམས་ཀྱི་དཀྱིལ་དུ་འགྲོ་ཡི། ཁྱེད་རང་དལ་གྱིས་བྲོས་ཤིག་ཟེར་ཏེ། དིང་རི་གླང་འཁོར་གྱི་མགྲོན་ཁང་དུ་ཞག་ལྔ་ནས་འཕྲད་པའི་དུས་བྱས། ཡུལ་མིའི་དམག་གིས་ཉེ་མོར་སླེབས་པ་དང་། གྲི་བཏོན་ཏེ་དམག་གི་དཀྱིལ་ཤགས་ནས་ཕྱིན་ཏེ། སུས་ཀྱང་རྒོལ་ནུས་པ་མ་བྱུང་། ངས་ན་ནིང་མི་སུམ་ཅུ་སོ་ལྔ་བསད། དེ་ཁྱེད་རྣམས་ལ་ཕན་པ་མིན་ནམ། ད་ལོའི་སེར་བ་འདི་ཡང་ཁྱེད་རྣམས་ལ་ཤིན་ཏུ་མཁོ་བ་མིན་ནམ། ད་རུང་ལུང་པའི་ཕུར་གཏད་འཇུག །མདའ་རུ་སེལ་འཇུག །ཡུལ་འདིར་སྡོད་མཁན་གྱི་མི་མེད་པ་ཞིག་བྱ། ང་ངོ་མ་ཤེས་ན་མི་ལ་ཐོས་པ་དགའ་བྱ་བ་ཡིན། ཞེས་བརྔན་པ་མང་པོ་བགྲང་ཤིང་ཕྱིན་པས། ཡུལ་མི་རྣམས་ཀྱིས་ཁོ་འདེད་པ་སྐད་ནི་བྱེད། ཉེ་བར་བཏུད་ནི་མ་ཕོད། ཅི་ཞིག་ལྟར་ན་ཐང་ཆད་དེ། ང་མ་ལན་ཁྱོད་ལན་ཟེར་ཞིང་ལོག་གོ །ཁོང་རྣམས་དེ་ལྟར་བྱེད་པའི་བར་ལ་ཐོས་པ་དགའ་དལ་གྱིས་འགྲོ་བས་ཆོག་པ་ནི་བྱུང་སྟེ། འབོང་པོ་སྔོན་ལ་གླང་འཁོར་དུ་སླེབ། ཁོང་འབད་ནས་སོང་བས་ཞག་བཅོ་ལྔའི་ཉིན་པར་དིང་རིར་ཕྱིན། རྒན་མོ་གཅིག་ན་རེ། ཁྱེར་སེར་གཏའ་སྐྱེལ་རོགས་དེ་ཡིན་ནམ་ཟེར། ཡིན་ངའི་རོགས་པོ་དེ་གར་སྣང་བྱས་པས། ཁྱེད་ཀྱིས་རོགས་པོ་དེ་ཞག་དྲུག་གི་སྔོན་ནས་འདིར་ཕྱིན་ནས་དེ་རིང་ཁྱོད་མ་ཕྱིན་ན་སང་ཉིན་དེ་འགྲོ་ཟེར། དེ་རིང་འོག་འདིར་སྟོན་མོ་བྱེད་པ་ལ་ཁོ་སྲུ་ཐལ། ད་ཁྱོད་རང་དེར་སྡོད་དང་ཁོང་འོང་ཟེར། དགོང་ཀ་ཁོ་ཕྱིན་པ་དང་། ཁྱེད་དེ་ཙམ་འགོར་བ་ཅི་ཡིན་ཟེར། ང་ལམ་ཁར་ཁྱི་ཅིག་གིས་རྨུགས་པས་རྐང་པ་མ་བདེ་བ་ཡིན་གསུང་། དེ་ནུབ་དེར་བསྡད། དེ་ནས་གཉིས་པོ་འགྲོགས་ནས་བླ་མའི་དྲུང་དུ་ཕྱིན། བླ་མས་གསུངས་པ། ཁྱེད་ལ་ཁ་རྗེ་ཆེན་པོ་བྱུང་ཨང་གསུང་། སྔོན་ལ་མི་སོང་བ་ནི་མེད། སུ་ལ་གསན་ཞུས་པས། ངའི་དམ་ཅན་སྲུང་མ་རྣམས་ཞལ་རས་ཚེས་བཅོ་ལྔའི་ཟླ་བའི་ངོ་ཙམ་བྱས་ནས་བྱུང་། ངས་གཏང་རག་ཡང་བཏང་། ད་བློ་བདེའམ་གསུང་། དེ་ནས་ཡང་ཕྱི་དེ་ལོ་ལ་ཕྱིན་པ་དང་། ཐུན་ཁ་གསོས་ཏེ་རྟགས་རྣམས་མྱུར་དུ་བྱུང་། ད་རེས་ནི་ཁྱོད་རང་གིས་ཚོད་གྱིས་ལ་སྙེ་མ་སྣ་ས་བྱུང་ཙམ་དེ་ལ་ཕྱིན་དགོས་པ་ཡིན། ཡུལ་གྱི་མཐིལ་དུ་འགྲོ་མི་དགོས། རི་ཁ་ཡུལ་མཐོང་སར་ཐུན་གཏོར། འཕྲིན་ཡིག་ལ་སྔ་སེར་ལོ་བདུན། ཕྱི་སེར་ལོ་བརྒྱད་འོང་ངོ་གྱིས་ལ་མདའ་ལ་ཐོགས་ལ་འཕང་། དེས་ཚེགས་མེད་དཀའ་ལས་མེད་དགོས་གསུངས་ནས་མི་ལ་གྲོགས་མཆེད་གཉིས་སོང་། ཡ་ཀི་ལ་ཀར་ཕྱིན་པ་དང་། ཐུན་གཏོར་མདའ་འཕང་གཡབ་མོ་བརྡབས་དམོད་བཅོལ་བྱས་པས། དེ་ཉིད་རང་ལ་སྤྲིན་གཡོས་པས་ལོ་ཐོག་རྣམས་སྔོ་རྗེས་ཡང་མེད་པར་བཏང་ངོ་། །
དེ་ནས་འོངས་པ་དང་སློབ་དཔོན་གཉིས་ཀྱི་ཞབས་ཏོག་བྱེད་ཅིང་ཡོད་པ་ལ། ཉིན་གཅིག་སློབ་དཔོན་གཉིས་ཀྱི་ཞལ་ནས། ད་མི་ལ་ཁྱོད་ཀྱི་དོན་ནི་འགྲུབ། ཁྱོད་ཀྱིས་ངེད་ཀྱི་ཞབས་ཏོག་དཀའ་ལས་མི་ནུས་ཁྱོད་ལ་རོག་མི་སུ་ཡང་མེད། ཁྱོད་རང་གི་ཡུལ་དུ་སོང་ལ་ཁྱོད་རང་གི་ཁང་ཞིང་ཀུན་བདག་པོ་གྱིས་ཟེར་བ་ལ། མི་ལ་འགྲོ་མ་ཕོད། ང་དེར་ཅི་བྱེད་སྙམ་ནས་སློབ་དཔོན་གཉིས་ཀྱི་ཞབས་ཏོག་དང་རིང་རྒྱུག་ཁོ་ན་བྱས། ཉིན་ཞིག་གི་དུས་སུ་གཡུང་སྟོན་གྱི་དྲུང་མཇལ་སོང་རྩ། གཡུང་སྟོན་པ་གཡུང་སྟོན་པ་གསུང་ཞིང་བཤུམ་ཞིང་འདུག་པ་ལ། སློབ་དཔོན་ཅི་ལགས་ཞུས་པས། ཁོ་དེ་བཟང་པོ་མ་བྱས། ཕུ་ན་ཡང་མི་མང་པོ་ཤི་ཟེར། མདའ་ན་ཡང་མི་མང་པོ་ཤི་ཟེར། འདི་ན་ཡང་མི་མང་པོ་ཤི་ཞིང་འདུག་གསུང་། མི་ཤི་བས་བཟོད་བཤུམ་དུ་མི་རུང་ཞུས་པས། ཁོ་དེ་ངེད་རང་གཉིས་ཀྱང་འཆི་བ་ཡིན་པས་ངས་ང་རང་ལ་སྡིག་པ་ཆེན་པོ་ཡོད་པའི་ཁ་ན་ཁྱེད་ལ་ཡང་སྡིག་པ་རྔམ་པོ་ཆེ་བྱེད་དུ་བཅུག་པས། ད་འོ་སྐོལ་གཉིས་འགྲོ་ས་དམྱལ་བ་མིན་པ་མེད་པས། ང་ཤིན་ཏུ་འཇིགས་ཤིང་འགྱོད་པས་ངུས་པ་ཡིན་ཟེར་བས། སྙིང་མི་དགའ་ཕྱེད་དེ་བཏང་བས། སློབ་དཔོན་ངེས་པར་བདེན་ལགས་སམ་ཞུས་པས། དེ་ཁྱོད་རང་བོན་པོ་ལ་ཡང་དྲིས་དང་གསུངས་པས། བོན་པོའི་རྩར་སོང་བས་བོན་པོ་ཡང་ངུ་ཤིང་འདུག་པས། ཅི་ལགས་ཞུས་པས། གཡུང་སྟོན་གྱིས་གསུངས་པ་ལྟར་ཟེར་བས། དེ་བས་ཀྱང་བློ་མ་བདེ། སྤྱིར་བྱིས་པའི་དུས་ན་ཆོས་ཁོ་ན་བྱ་བར་དགོངས་ཀྱང་། ཉེ་དུ་འབྲེལ་པ་རྣམས་ཀྱིས་བྱེད་པ་དང་། གཙོ་བོར་ཡུམ་གྱིས་བཅིངས་ཏེ་ཆོས་བསྒྲུབ་པའི་སྐབས་མ་བྱུང་། མའི་འདོད་པ་བསྒྲུབས་ནས་བླ་མའི་ཞབས་ཏོག་བྱེད་དགོས་པ་བྱུང་སྟེ། གློ་བུར་དུ་ཆོས་ལ་འགྲོ་བའི་ཞུ་བ་བྱེད་ཀྱང་མ་ནུས་པར་ཡོད་པ་ལ། ལན་གཅིག་གི་ཚེ་བླ་མ་ལ་ཤིན་ཏུ་མོས་པའི་ཡོན་བདག་ཕྱུག་པོ་ཞིག་ནད་ཀྱིས་བཏབ་སྟེ་བླ་མ་དེའི་སྔགས་སྲུང་ལ་བྱོན། ཞག་འགའ་ནས་རང་གི་གནས་སུ་ཕེབས་ཏེ། འདུས་བྱས་སྤྱིའི་མཚན་ཉིད་མི་རྟག་པས་ཁོ་བོའི་ཡོན་བདག་དེ་ཡང་ཤི། ལར་མི་རྒན་ངས་ཀྱང་མཐུ་སེར་མང་དུ་བཏང་། དེའི་རྣམ་པ་སྨིན་པ་ཡང་ང་རང་གི་སྟེང་དུ་འོང་། ད་ངས་ཆོས་ཤིག་བྱ་བར་འདོད། བུ་ཁྱོད་ཀྱིས་སློབ་མ་འདི་རྣམས་སྐྱོང་བྲན་གྱིས། ཡང་ན་ཁྱོད་སྙིང་རུས་ཅན་ཞིག་འདུག་པས་ཆོས་གཅིག་ཨེ་ནུས། ནུས་ན་བོན་པོ་དང་ངེད་གཉིས་ཀྱིས་ཁྱོད་ལ་རྒྱགས་བསྐུར་ཟེར་བ་ལ། མི་ལའི་སེམས་ལ་དགའ་བ་ཚད་མེད་པ་སྐྱེས་ནས་དེ་ཞུ་ངས་ཆོས་ཤིག་བྱེད་ནས་འོང་ཟེར། བོན་པོ་ཅན་དུ་ཡང་དྲིར་སོང་ནས་དྲིས་ཏེ། སློབ་དཔོན་སྡིག་བཤགས་བྱའམ་ཞུས་པས། བོན་པོ་ཡང་མོས་པར་བྱུང་ནས། འོ་སྐོལ་གཉིས་ཁྱོད་ཀྱི་ཕྱིར་མི་དེ་ཙམ་བསད་སེར་བ་བཏང་བས་སྲོག་ཆགས་དཔག་ཏུ་མེད་པ་བསད། ད་འོ་སྐོལ་གཉིས་ཀྱི་སྡིག་བཤགས་ཆོས་ཤིག་གྱིས་དང་། གཡུང་སྟོན་ངེད་གཉིས་ཀྱིས་རྒྱགས་བསྐུར་ཟེར་བས། དེར་མི་ལས་གཡུང་སྟོན་གྱིས་ཀྱང་དེ་གསུང་བྱས་པས། འོ་ན་སོང་གསུངས་ཏེ། བོང་བུ་གཅིག་དང་། ཚོས་ཏང་ཙེ་གཉིས་བསྐུར། གཡུང་སྟོན་གྱིས་སྣམ་བུ་ཁྲེས་གཅིག་བསྐུར། ད་ཆོས་ལ་སུ་དྲག་ཅུག་བྱེད་ཞུས་པས། འོ་ན་ཉང་སྟོད་ཀྱི་བླ་མ་རོང་སྟོན་ལྷ་དགའ་བྱ་བ་དམ་ཆོས་རྫོགས་པ་ཆེན་པོ་འཆད་པའི་གྲུབ་ཐོག་ཅིག་བཞུགས་པ་དེར་སོང་ཞིག་གསུང་ནས་བྱོན། བླ་མ་དང་མཇལ། བོང་བུ་དང་ཏང་ཙེ་སྣམ་ཁྲེས་དང་བཅས་པ་ཕུལ་ནས། བདག་ཉིད་ལ་སྟོད་ཀྱི་ཕྱོགས་ནས་འོངས་པའི་སྡིག་ཅན་ཅིག་ཡིན་ལགས། ཆོས་ཤིག་ཐུགས་ལ་འདོགས་པར་ཞུ་བྱས་པས། བླ་མ་རོང་སྟོན་གྱི་ཞལ་ནས། ཁྱེད་འོང་བ་ལེགས། ང་མ་ནོར་བའི་གདམས་ངག་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས་རྫོགས་པ་ཆེན་པོ་བྱ་བ། རྩ་བ་ཨོ་ཏོ་ལོག །རྩེ་མོ་བྱུང་རྒྱལ། སྡོང་པོ་འདབ་རྒྱས། ནང་ཐོས་པས་ནང་སངས་རྒྱས། ནུབ་ཐོས་པས་ནུབ་སངས་རྒྱས། ཁ་གསེར་དང་ཁ་གཡུ། བྱ་བརྒྱ་འུར་ཙོག་གཅིག་གིས་འདེད་པ། སྤྲིན་དཔུང་རླུང་འཁོར་གཅིག་གིས་གཏོར་བ། མུན་ཁུང་མར་མེ་གཅིག་གིས་འཇོམས་པ། རང་བྱུང་གི་ཡེ་ཤེས། སངས་རྒྱས་རང་ལ་ངོ་སྤྲད་པ་དབང་པོ་ཡང་རབ་སྐལ་ལྡན་གྱི་ཆོས། སྒོམ་མི་དགོས་ཏེ། ཐོས་གྲོལ་དུ་འགྲོ་བའི་ཆོས་དེ་ང་ལ་ཡོད་པ་ཡིན་གསུང་སྐད། དེར་མི་ལའི་དགོངས་པ་ལ། མཐུ་སེར་ལ་ཡང་ཞག་མང་རབ་རེ་བསྒྲུབ་དགོས་པར་འདུག་པ་ལ། ཆོས་འདི་དེ་བས་ཀྱང་སླ་བ་ཅིག་ཡོད་པར་འདུག །སྒོམ་མི་དགོས་པར་འདི་ལྟ་བུ་དང་འཕྲད་ལུགས་ཀྱིས་བདག་ཀྱང་སྐལ་ལྡན་ཅིག་ཡིན་ཏེ་འོང་དགོངས་ནས་རྫོགས་ཆེན་ཞུས་ནས་ཉིན་མཚན་མེད་པར་སྐད་ཅིག་ཙམ་ཡང་མ་ཡེངས་པར་སྙིང་རུས་བྱས་ནས་བསྒོམས་པ་བླ་མས་གཟིགས་པས། བླ་མ་འཇིགས་འུབ་སེ་སོང་སྟེ། ག་རེ་འདི་སྙིང་རུས་ཅན་འདི་འདྲ་ཞིག་འདུག་པས་གེགས་འདྲ་བྱུང་ན་ཡང་ཐབས་མེད། ལར་ཡང་དད་པ་ཅན་ཞིག་འདུག་དགོངས་ཏེ། ཉིན་གཅིག་ཡིད་ལ་མེད་པར་ཁོ་འདིར་ཤོག་དང་གསུངས་ནས། ཁང་ཐོག་ཏུ་མི་ལས་གདན་བཏིང་བའི་སྟེང་དུ་བླ་མ་བཞུགས། མི་ལ་མདུན་དུ་བསྡད་པ་ལ། ཀ་པ་ལི་ཁ་མ་ཕྱེས་པར་མི་ལ་ལོངས་ལ་ཕར་ཚུར་ལྟོས་དང་སུ་སྣང་ངམ་གསུངས་པས། མི་ལས་ཕར་ཚུར་བལྟས་པས་སུ་མི་སྣང་ལགས་བྱས་པ་ལ། ད་མི་ལ་འོ་སྐོལ་དཔོན་སློབ་གཉིས་གྲོས་ཡིན། ཁས་ཁ་སྤྱང་མང་པོ་བྱས་ཀྱང་ངའི་ཆོས་རྫོགས་པ་ཆེན་པོ་འདི་ཡང་ལྟ་བ་མཐོ་བ་ནམ་མཁའ་དང་འདྲ་སྟེ། སྒོམ་པའི་ཉམས་མྱོང་གིས་རྩིས་མ་ཟིན། སྤྱོད་པ་ལ་ཐབས་ནག་དགུ་བརྡུག་པ་ཞིག་འདུག་པས། ང་རང་ཡང་ཡིད་ཆེས་རྒྱུ་ཞིག་མེད་པས། ཇོ་མོ་ཁྲོ་གཉེར་མའི་བཟླས་པ་ལ་འབད་ཅིང་ཡོད་པ་ཡིན། ལར་ཆོས་ཉམས་སུ་ལེན་པ་འདི་ལ་བླ་མ་བརྒྱུད་ལྡན་བྱིན་རླབས་ཉམས་མྱོང་རྟོགས་པ་ཅན་གཅིག་དགོས་པ་འདྲ། འདི་སྡིག་པ་མེད་པ་གཅིག་གི་ཆོས་ཡིན། ཁྱོད་ལ་སྡིག་པ་རྔམ་པོ་ཆེ་ཡོད་པས་ཉི་མ་ལྷོ་བྲག་གི་ཕྱོགས་ན། རྗེ་མར་སྟོན་ཆོས་ཀྱི་བློ་གྲོས་བྱ་བ་རྒྱ་གར་གྱི་བླ་མ་ན་རོ་པཎ་ཆེན་དང་། མཱཻ་ཏྲི་པའི་སློབ་མ་རྩ་རླུང་ཐིག་ལེའི་མན་ངག་གིས་སངས་རྒྱས་ལག་བཅངས་སུ་གཏོད་པ་ཐབས་ལུས་ལ་བསྒྲིགས་པས་སེམས་སངས་རྒྱས་པ་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་ན་རོའི་ཆོས་དྲུག་ཞེས་བྱ་བ་སྟོན་པ་གཅིག་ཡོད་པར་འདུག །ཁྱད་པར་དུ་ཆོས་བསྲེ་བ་དང་འཕོ་བ་ཞེས་བྱ་བ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱེད་པ་མཁྱེན་པ། རྣམ་ཐར་ཡང་ཁ་གླུ་དང་མི་འབྲལ་ལག་པ་གར་དང་མི་འབྲལ་བ། སེམས་ཏིང་ངེ་འཛིན་དང་མི་འབྲལ་བ། འོད་གསལ་རྒྱུན་པར་འཆར་བ་མཉམ་རྗེས་འདྲེས་པ་གཅིག་ཡོད་པར་འདུག་པས་ང་རང་ཡང་དེར་འགྲོ་བསམ་པ་ཡིན་ཏེ། ཁོང་གི་སྒོམ་དེ་དྲག་ཤུལ་ཅན་ཞིག་ཡོད་པར་འདུག་པས། ང་རྒས་ནས་སྲོག་རྩོལ་སྒོམ་མི་ནུས་ཀྱང་། ཁོང་བླ་མ་ལ་མོས་གུས་བྱས་ཤིང་ཅི་གསུང་མཉན་ན་ཆོས་གཞན་ཆེ་བར་མི་དགོས་པར་དུས་ཚོད་ཅི་ཞིག་ཙམ་ན་གྲོལ་ནས་འགྲོ་བ་ཅིག་ཡོད་པར་འདུག་པས། ངེད་རང་ཕ་སྤད་ཡང་དེར་འགྲོ་གསུང་། དེར་ཁོང་གིས་ཆོས་ལ་ཡིད་མ་ཆེས་ཏིང་ངེ་སོང་སྟེ། ཨ་ཏི་སློབ་དཔོན་ཁོང་རང་ཡིད་མ་ཆེས་པའི་ཆོས་ལ་ངས་ཉམས་ལེན་བྱས་ཀྱང་ཕན་པ་མེད་བསམ་པ་ཞིག་བྱུང་། རྗེ་ལོཙྪ་བ་ཆེན་པོའི་མཚན་གསན་པ་ཙམ་གྱིས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། སྤྱན་ཆབ་མང་དུ་བྱུང་། བདག་བླ་མ་དེའི་དྲུང་དུ་ནམ་སླེབ་སྙམ་དུ་གདུང་བས་བཟོད་ཐབས་མེད་པར་གྱུར། བླ་མ་ལ་མྱུར་དུ་འབྱོན་པར་བསྐུལ་ནས་དཔོན་སློབ་གཉིས་བྱོན། དེར་སློབ་དཔོན་ལམ་དུ་བསྙུང་སྟེ་སློབ་དཔོན་ན་རེ། མཁའ་འགྲོ་མ་མ་དགའ་བའམ། ལས་འཕྲོ་མེད་དམ། བདག་མི་ཐོན་པར་འདུག་པས་ཚེ་ཕྱི་མ་ལ་སྨོན་ལམ་འདེབས་པ་ཡིན། ཁྱོད་རང་ཐེ་ཚོམ་མེད་པར་སོང་ལ་ཆོས་ཞུས་ཤིག་གསུངས། འོ་ན་ཅུག་བྱེད་ལགས་ཞུས་པས་ཕྱག་རྟེན་རྒྱུ་སྣམ་བུ་དཀར་པོ་བུབ་གཅིག་དང་། བུ་རམ་རྐྱལ་པ་གཅིག་གྲོ་ཕྱེ་བསྐུར་ཙ་སོང་བས་དྲག་གསུངས་ནས། ཁོང་གིས་དེ་རྣམས་ཀྱི་སྟེང་དུ་རྫོགས་ཆེན་པོ་ཏི་བཞག་ནས་ཁུར་སོང་སྟེ། ཆུ་ཁ་གཅིག་ཏུ་ལྷམ་ཕུད་ནས་པོ་ཏིའི་སྟེང་དུ་ཡིད་ལ་མེད་པར་བཞག་ནས་འགྲོ་ཞིང་ཡོད་ཙ། ལམ་དུ་བུ་ཙ་འགའ་དང་འཕྲད་པས། ཁྱོད་ཆོས་ཀྱི་སྟེང་དུ་ལྷམ་འཁུར་ནས་ཅི་ཡིན་ཟེར་བས་ཁོང་སྐྱེངས་ཏིང་བྱུང་སྟེ། ང་ཐག་རིང་པོ་ནས་འོང་བས་དབང་པོ་མེད་པས་ལན་པ་ཡིན་བྱས་པས། ད་གར་འགྲོ་ཟེར་བས། ལྷོ་བྲག་མར་པའི་དྲུང་དུ་ཆོས་ཞུ་བར་འགྲོ་བས་གར་བཞུགས་ཨེ་ཤེས་བྱས་པས། སུས་ཀྱང་ངོ་མི་ཤེས་འདུག །སུ་ཡིན་ཨང་ཟེར། གཅིག་ན་རེ། ཨ་ཁུ་བློ་གྲོས་ནི་ནང་རྒྱ་གར་ན་སོང་བ་དེ་ལ་ཟེར་བ་ཨེ་ཡིན་ཟེར་རོ། །འོ་ན་དེ་གང་དེ་ཡིན་ང་ལ་སྟོན་བྱས་པས། ཕ་ཀི་འཕྲུ་བྱེད་པ་དེ་ཡིན་ཟེར་སྐད། དེ་ནས་བུ་ཙ་རྣམས་ཀྱིས་བསླབས་པའི་ལམ་དེ་ལ་སོང་། དེར་དྲུང་དུ་ཕྱིན་ཏེ་སྔགས་རྒན་ཚོན་པོ་བོང་རིང་ཞིག་རག་ཤའི་ཕྲེང་བ་རིང་པོ་གཅིག་མགུལ་དུ་བསྐོན་ནས། སྤང་རྐོ་ཞིང་འདུག་པ་དང་མཇལ། ཐེ་ཚོམ་པས་དེ་ལ་འཕྲིན་ཅིག་ཞུ་དགོས། འདི་ནས་མར་པ་ལོཙྪ་བྱ་བ་གཅིག་བཞུགས་ཟེར་བ་དེ་དང་ང་ལན་གཅིག་མཇལ་བར་ཞུ་གྱིས་བྱས་པ་ལ། བླ་མས་སྤང་ལ་རི་མོ་ཞིག་བྱས་ནས་འདི་ཕན་ཆད་རྐོས་དང་ངས་འཕྲིན་བྱའོ་གསུང་ནས། བླ་མ་དམ་པའི་གདམས་ངག་གིས། །རྩ་ཁམས་དབུ་མར་བསྡུས་བྱས་ཏེ། །ཉོན་མོངས་ཀྱི་ཐ་བ་འདུལ་ལགས་ན། །འབྲས་བུ་མྱུར་དུ་སྨིན་ཏེ་མཆི། །ཞེས་གསུངས། མི་ལས་ཡེ་མ་གོ་སྟེ་དེ་བར་བརྐོས་པ་ལ་བླ་མ་མགུ་ནས་རྣལ་འབྱོར་པ་ལས་འོང་བ་ཅིག་འདུག་གསུངས་སོ། །ད་འཕྲིན་ཞུ་བྱས་པ་ལ། ཡང་སྤང་ལ་རི་མོ་ཞིག་མཛད་ནས་འདི་བར་རྐོས་དང་ངས་འཕྲིན་བྱའོ་གསུངས་སོ། །བརྒྱུད་ལྡན་བླ་མའི་བྱིན་རླབས་ཀྱིས། །སེམས་ཉིད་ལྷུག་པ་ངོ་བོར་གནས། །དྲན་པའི་ཐ་བ་འདུལ་ལགས་ན། །སྟོན་ཐོག་འབྲས་བུ་མྱུར་དུ་སྨིན། །ཞེས་གསུངས་པ་ལ། མི་ལའི་བསམ་པ་ལ་བན་རྒན་ཁ་བླས་བྱེད་པ་ཞིག་འདུག་བསམ་པ་བྱུང་སྐད། དེ་ནས་བླ་མས་བོང་བའི་གསེབ་ནས་ཆང་ཐོ་ལམ་ཆེན་པོ་གཅིག་གི་གང་ཕྱུང་བས་དང་པོ་ཁོ་རང་གིས་ཐོད་པ་ཆེན་པོ་གཅིག་གསོལ། དེ་འཕྲོ་ཁོང་ལ་བླུད་པས་མི་ལ་ཐང་ཆད་པའི་འཇངས་པ་ལ་ངོམ་ཚད་གཅིག་བྱུང་སྐད། བདེ་བ་ཆེན་པོ་ཆང་གི་དངོས། །ཡང་དག་དོན་ཆེན་གསང་བ་འདིས། །ཡང་དག་ཐ་བ་འདུལ་ལགས་ན། །སྟོན་ཐོག་འབྲས་བུ་སྨིན་ཏེ་མཆི། །ཞེས་གསུངས་པ་ལ། མི་ལས་ཀྱང་ཆོས་ཚིག་ཏུ་འདུག་སྟེ། བན་རྒན་ཆང་གིས་བཟི་ནས་ཅི་ཟེར་མ་ཚོར་བ་ཡིན་སྙམ་པ་བྱུང་སྐད།
དེའི་དུས་སུ་རྗེ་མར་པས་མི་ལ་རས་པ་ལ་ཕྱག་རྒྱ་ཆེན་པོ་དབང་པོ་རབ་འབྲིང་གི་ཆོས་འཁྲིད་བྱས་པ་ཡིན་ཏེ་མ་གོ་བར་འདུག་སྐད། དེ་ཡང་རི་མོ་གཉིས་པ་དེ་ཞབས་ཏོག་གི་དཀའ་ལས་དང་གཅིག །སྒོམ་བརྒྱག་ཉོན་མོངས་ཀྱི་དཀའ་ལས་དང་གཉིས། དེའི་རྗེས་ལ་ཆང་ངོམ་ཚད་བླུད་པ་དེ་ནི་དངོས་གྲུབ་ཉམས་རྟོགས་གློ་བུར་ཤུགས་འབྱུང་དུ་སྐྱེ་བའི་བརྡའོ། །
དེ་ནས་བླ་མས་མི་ལ་ལ་ད་རྣལ་འབྱོར་པ་ཁྱོད་དེར་སྡོད་དང་ངས་འཕྲིན་བྱའོ་གསུངས་ནས། སྟ་མོ་དང་སེལ་པོ་མི་ལ་ལ་ཁུར་དུ་བཅུག་ནས་བན་རྒན་ཁྱིམ་དུ་བཞུད་ནས་ཐལ་ལོ། །མི་ལ་དེར་བསྡད་པས་ཇོ་མོ་འབོད་དུ་བྱུང་ནས་ཤོག་ཟེར་ཏེ་ཁྲིད་ནས་ནང་དུ་ཕྱིན་ཙ་ན། ད་ཅིའི་སྔགས་རྒན་དེ་འབོལ་དང་གྲུམ་རྩེ་ལ་སོགས་པ་སུམ་བརྩེགས་ཀྱི་སྟེང་དུ་དབྱི་ཐུལ་དང་། ཕྲུག་ཕྱམ་སྤྲུགས་མ་གསོལ་ནས་སྤུང་ངེ་བཞུགས་ནས་དབྱངས་སྐད་ཆུང་ངེ་བ་ཅིག་ལེན། ཕྱག་ནམ་མཁའ་ལ་ཡུག་ཡུག་མཛད། སྤྱན་བར་སྣང་ལ་ལོག་གེ་གཟིགས་འདུག་པས། བལྟས་ཙ་ན་སྙན་གྱི་ནང་གི་ས་རྡུལ་རྣམས་ལ་འཕྱིས་པར་ས་ཆོམ་མེ་འདུག །སྔར་མཇལ་དུ་ངོ་མ་ཤེས་པ་ལ། ཅུང་ཟད་གནོང་པར་གྱུར་པ་ལ། སྔར་ངས་ངོ་མ་ཤེས་པ་བཟོད་པ་མཛད་པར་ཞུ་བྱས་པས། ཁྱོད་མི་དགོས་རྔོག་སྟོན་པ་ལ་སོགས་པས་ཀྱང་ངོ་མ་ཤེས་པ་ཡིན་གསུང་། དེར་ཕྱག་འཚལ་ཏེ་བུར་རྐྱལ་དང་སྣམ་བུ་དཀར་པོ་ཕྱག་རྟེན་དུ་ཕུལ་ནས། བདག་ལ་སྟོད་ཀྱི་མང་ཡུལ་གུང་ཐང་བྱ་བ་ནས་འོངས་པའི་མི་སྡིག་པོ་ཆེ་ཞིག་ཡིན་ལགས། ལུས་ངག་ཡིད་གསུམ་འབུལ། ལྟོ་གོས་ཆོས་གསུམ་ཞུ་ཞུས་པས། ཞལ་འཛུམ་འཛུམ་མཛད་ནས། སྡིག་པོ་ཆེ་གསུང་། སྡིག་པ་ངས་གསོག་ཏུ་བཏང་བ་ནི་མ་ཡིན། ཆོས་དགོས་ན་སྦྱིན་གྱི། ལྟོ་གོས་གཞན་ལ་འཚོལ་གསུང་། འོང་ལུགས་རྣམས་གསུང་གླེང་བྱུང་བས། རོང་སྟོན་དེ་ཡང་བཟང་པོ་ཞིག་ཡོད་པར་འདུག །གཞན་ཡིན་ན་ཁྱོད་གཏོང་དུ་མི་སྟེར་གསུང་སྐད།
དེ་ནས་དུས་ཚོད་སྟོན་ཡིན་པས་ཕྱིར་ནང་ནས་ལྷོ་བྲག་ཕུ་མདའ་ནས་གླུ་བླངས་ཤིང་བསོད་སྙོམས་མཛད། ཉིན་ཅིག་བུད་མེད་གཅིག་ན་རེ། ཁྱོད་ཀྱིས་གླུ་སྐད་དེ་འདྲ་ཅི་ཙམ་ཤེས་ཟེར་བ་ལ། ཅི་ཙམ་དགོས་པ་ཤེས། ང་མི་ལ་ཐོས་པ་དགའ་བྱ་བ་དེ་ཚེ་སྟོད་ལ་མི་ཚེ་གླུ་ལ་བསྐྱལ་པས་གླུ་ལ་མཁས་པ་སྙན་པ་དང་གྲེ་འགྱུར་འདྲེན་པ་ལ་ང་འདྲ་བ་མེད། ངའི་གླུ་སྐད་ཐོས་པས་ཕོ་མོ་རྒན་གཞོན་ཐམས་ཅད་ཡིད་དགའ་སིང་སིང་འོང་བས། ཐོས་པ་དགའ་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་བྱས་པས། མོ་ན་རེ། འོ་ན་ཁྱོད་ཀྱིས་དེ་རིང་ཉིན་ཕྲིན་གྱི་གླུ་ལོང་ཞིག་དང་། ངས་ང་རང་གི་ཞིང་སྐལ་གྱི་སྟོན་ཐོག་གསུམ་ཆ་སྟེར་ཟེར་བས། དེར་ཉིན་གཅིག་གླུ་སྐད་བརྒྱ་བླངས་པས་དེས་བྱིན་པ་དང་། གཞན་བསོད་སྙོམས་བྱས་པས་ནས་ཁལ་ཉི་ཤུ་རྙེད་པའི་ཁལ་བདུན་གྱིས་ཟངས་ལུང་བཞི་པ་གཅིག་ཉོས། ཁལ་དྲུག་མི་ལ་བཅོལ། ཁལ་བདུན་ཟངས་དང་བཅས་པ་ཁུར་ནས་བྱོན། གཟིམ་ཁང་ཐོག་ཏུ་ཁུར་ཚ་ཕོག་པས་ཐོག་གཡོས་ཏེ། བླ་མས་ཤེད་མོང་ཆེན་པོ་འདུག་ཏེ། ཐོག་རྡིབ་ནས་གསོད་བསམ་པ་ཨེ་ཡིན། ཁུར་ཚ་ཕྱིར་ཐོན་གསུང་། ཐུགས་གཏུམ་སྙམ་པའི་ལོག་རྟོག་ཅུང་ཟད་ཀྱང་མ་སྐྱེས་ཏེ། ཕྱག་འཚལ་ནས་ཟངས་ཕྱག་རྟེན་དུ་ཕུལ་བས། རྟེན་འབྲེལ་བཟང་སློབ་མ་སྣོད་ལྡན་འོང་། ཟངས་འདི་རིན་པོ་ཆེ་ལ་ཁ་དོག་དམར་བས་དཀོན་ལ་དམར་བའི་ཆོས་པ་ཞིག་ཁྱོད་ལ་འོང་བར་འདུག །ཕྱིའི་མདོག་ནག་པས་ཁྱོད་འཕྲལ་སྡུག་པོ་བ་གཅིག་འོང་བར་འདུག །ཁྱོད་ཀྱི་ལུས་ངག་ཡིད་གསུམ་ང་ལ་དབང་བ་ཡིན། པོ་ཏི་དེ་ངའི་ལྷ་ཁང་ནང་དུ་མ་ཁྱེར། ངའི་ལྷ་ལ་འཆམ་པ་འོང་གསུང་པས། འདི་ལ་རྩིས་ཆུང་ཟིན་བསམ། ཟངས་དེ་ཕུལ་བས་ཤིན་ཏུ་མཉེས་ནས་སྦ་བེར་གྱིས་ཟངས་ལ་བརྒྱབ་ཅིང་ཕྱི་ནང་མེད་དུ་གཟིགས་སོ། །བཟང་བཟང་འབུལ་བ་འདི་རང་བཟང་། །ཟངས་འདི་ཆེ་རྒྱུ་མེད་ཀྱང་ནང་འདི་བཅུད། །ལུང་བཞི་ཡོད་པས་ཕྱོགས་བཞིར་ཁྱབ། །ཟངས་སྐད་བཟང་བས་སྙན་པ་ཆེ། །ཕྱི་དྲེགས་པ་མེད་པས་དམ་ཚིག་གཙང་། །ནང་འདི་དམར་བས་མཁའ་འགྲོ་འདུ། །རྒྱུ་བཟང་བས་བརྒྱུད་པ་ཇེ་བཟང་ཇེ་བཟང་དུ་འགྲོ། །ཁྱོད་ཀྱིས་ང་ལ་འབུལ་དུས་དེར། །ནང་དུ་ནས་འབྲུ་གསུམ་མ་བཏབ་པས། །ཆོས་རྒྱགས་དཀོན་མོ་འོང་སྟེ་མཆི་གསུང་། །འོ་ན་ནས་ཀྱིས་འགེངས་ནས་འཕུལ་ཞུས་པས། ད་ཕན་གནོད་མེད་གསུང་། ནས་དེ་ཇོ་མོ་ལ་ཕུལ་བས་ཤིན་ཏུ་དགྱེས་ཏེ། བླ་མ་རྔོག་གཞུང་པ་དང་། མེས་ཚོན་པོ་དང་། མཚུར་སྟོན་དབང་ངེ་ལ་སོགས་པ་སྒྲ་ཆེ་འབུལ་བ་ཡང་ཆེ་སྟེ། ང་ལ་མི་ལའི་འབུལ་བ་འདི་རང་སྐབས་ལ་བབས་པར་བྱུང་གསུངས། བླ་མས་ཁྱོད་ལ་མཐུ་ཆེན་པོ་ཡོད་ཟེར་གྱིན་འདུག་པས། ང་ལ་དབུས་གཙང་གི་སློབ་མ་འགའ་རེ་འོངས་པ་དེ་ལ་ཡག་སྟོད་པའི་མི་ངན་གྱིས་བཅོམ་སྟེ་མགོ་མ་ཐོན། ཁྱོད་དེར་སོང་ལ་སེར་བ་ཅིག་ཕོབ་ལ་ཤོག་ཅིག །དེ་ནས་ཆོས་སྦྱིན་ནོ་གསུང་། དེར་མི་ལས་བླ་མའི་གསུང་བཞིན་སེར་བ་ཕབ་པས། བླ་མ་མཉེས་ནས་མིང་མཐུ་ཆེན་བྱ་བར་བཏགས། ད་ཆོས་ཐུགས་ལ་འདོགས་པར་ཞུ་ཞུས་པས་ཁྱོད་ཀྱིས་སེར་རྡོག་གསུམ་ཕབ་པ་ལ། ངས་རྒྱ་གར་ནས་དཀའ་བ་སྤྱད་དེ་བཙལ་བའི་ཆོས་རང་ལ་ཨེ་འོང་ངམ་གསུང་། བླ་མས་ཁྱོད་ལས་ཀ་རེམ་པ་ཞིག་འདུག་པས། ངའི་ཇོ་སྲས་དར་མ་མདོ་སྡེ་འཕོག་པའི་མཁར་གཅིག་རྩིག་དགོས་གསུང་། ཞབས་ཏོག་སྡུག་བསྔལ་བྱས་པས་སྒྲིབ་པ་དག་ལ་བླ་མ་མཉེས་པས་ཚོགས་གཉིས་རྫོགས་པའི་ཆེད་དུ་ཤར་ཕྱོགས་སུ་མཁར་ཟླུམ་པོ་ཞིག་བརྩིགས། དེ་ནས་ཁ་ང་འཁྲུལ་ཟིན་ཤིག་གསུང་། ལྷོ་ཕྱོགས་སུ་མཁར་སོག་ཀ་ཞིག་བརྩིགས། ཡང་ང་འཁྲུལ་ཟིན་ཤིག་གསུངས་སྟེ། ས་ཚོ་ཡང་སའི་མལ། རྡོ་ཚོ་ཡང་རྡོའི་མལ་དུ་ཕར་ལ་སྐྱེལ་དུ་བཅུག །དེ་ནས་ནུབ་ཕྱོགས་སུ་མཁར་ཟླ་གམ་ཅིག་བརྩིགས་ཏེ། འདི་ཡང་ཁྱི་ཚང་འདྲ་བ་ཅིག་བྱུང་ཤིག་གསུང་། སྔགས་པའི་མཁར་དེ་གྲུ་གསུམ་པ་གཅིག་དགོས་པ་ཡིན་གསུང་སྟེ། བྱང་དུ་མཁར་གྲུ་གསུམ་པ་ཞིག་བརྩིགས་ཏེ། བརྩིགས་ཟིན་པ་དང་བཤིག་ཟིན་པ་མཛད། དེའི་དུས་སུ་མཐུ་ཆེན་གྱི་སྐུ་སྟོད་ལ་སྒལ་པ་ཆེན་པོ་བྱུང་བས། ཇོ་མོས་ཞག་འགའ་ངལ་གསོ་བཅུག་ན། མི་ལ་སྒལ་པ་འོང་བ་ཚོར་མ་མྱོང་ཞུས་པས། ཁྱོད་མ་ཚོར་བའི་ལས་ལ་ཚམ་པ་མེད། སྒལ་ཁ་བྱེད་པས་ཆོག་གསུང་སྟེ། སྒལ་ཁ་བྱས་ནས་ས་འགག་དམ་པ་གཅིག་ཏུ་མཁར་གྲུ་བཞི་པ་ཞིག་བརྩིགས་པས། ཕ་སྤུན་རྣམས་ན་རེ། འདིར་བརྩིགས་པས་མི་འོང་སྲུང་དགོས་ཟེར་བ་ལ། ལ་ལ་ན་རེ། བརྩིགས་ཀྱང་ཁོ་རང་གི་བཤིག་གཏོང་ཟེར། མར་པ་སྨྱོས་ནས་བན་ཆུང་ལས་ལ་རེམ་པ་དེ་གསོད་པར་འདུག་ཟེར། དེ་ནས་མཁར་གྱི་ཐོག་ཕལ་ཆེར་ཚར། མི་ལའི་སྐུ་སྨད་ལ་ཡང་སྒལ་པ་བྱུང་། བླ་མའི་ཞལ་ནས། མཁར་ལ་མདོ་ཁྱམ་མེད་པར་ཅི་མི་རུང་གསུངས་ཏེ། མདོ་ཁྱམ་ཀ་བ་སུམ་ཅུ་སོ་དྲུག་གིས་བཏེགས་པ་ཞིག་བརྩིགས། མི་ལས་རྡོ་ཁུར་རེ་བསྐྱལ་ཅིང་བླ་མས་ཐེག་པ་ཐུན་མོང་གི་ཆོས་ཐུན་རེ་གནང་། དགེ་བསྙེན་མཛད་ནས་མཚན་རྡོ་རྗེ་རྒྱལ་མཚན་བཏགས། ལན་ཅིག་མི་མང་པོས་དབང་བསྐུར་ཞུ་ཟེར་ཞིང་འཚོག་པར་འདུག་པས། བདག་ལ་ཡང་འདི་རྣམས་ཀྱི་ཟླ་ལ་དབང་ཞིག་ཐུགས་ལ་ཐོགས་ཞུས་པས། ཁྱོད་ལ་དབང་ཁྲལ་ཨེ་ཡོད་གསུངས་པས། ཇོ་མོའི་རྩར་སོང་བས་མར་སྦུད་གཅིག་བསྐུར་བ་དེ་ཁྱེར་ནས། བདག་གི་དབང་ཁྲལ་འདི་ལགས་ཞུས་པས། འདི་ཁྱོད་ལ་གང་ནས་བྱུང་གསུངས་པས། འདི་ཇོ་མོས་ང་ལ་གནང་བ་ཡིན་ཞུས་པས། འདི་ང་རང་གི་མར་དུ་འདུག་པས། ཁྱོད་ཀྱི་དབང་ཁྲལ་མི་འོང་གསུངས་ནས་མ་གནང་བ་དང་། ཡིད་རྟིང་བ་ཅིག་བྱུང་། ཇོ་མོའི་རྩར་སོང་བས། སློབ་དཔོན་ཅི་དགོངས་མི་ཤེས་པས་ཁྱོད་ཡིད་མ་ཆད་གསུང་པས། བདེན་བསམ་ནས་ཡང་མཁར་ལེན་གྱི་ས་རྡོ་བསྐྱལ་བསྐྱལ་བས། དུབ་ཅིང་ངལ་གསོས་ཙ་དབང་པོ་ཤོར་ལ་ཁད་པ་བྱུང་། ཉིན་ཞིག་གི་ཚེ་བླ་མ་རྔོག་གཞུང་པ་ན་རེ། མང་པོ་མཐུ་ཆེན་འདིར་སྡོད་པ་ལ་རིངས་རྒྱུ་མེད། ངེད་ཡུལ་དུ་འགྲོ་རིངས་རྒྱགས་ཆད་པ་ལ་ཉེ་བས་ངེད་དཔོན་སློབ་སྔོན་ལ་ཆོས་ཞུ། ཁྱོད་དལ་གྱིས་མཛོད་ཅིག་ཟེར་བ་ལ། མི་ལ་ན་རེ། ཁྱོད་ཀྱང་ཡུལ་དུ་འགྲོ་རིངས་ཏེ། ང་ཡང་སངས་རྒྱས་ཐོབ་རིངས། ངའི་སྒལ་པ་འདི་ལ་ལྟོས་དང་གསུངས་ཏེ། སྐུ་རྒྱབ་བསྟན་པས་རྔོག་ལ་སྤྱན་ཆབ་བྱུང་ངོ་། །དེ་ཙམ་ན་བླ་མ་ཆེན་པོའི་ཕ་སྤུན་རྣམས་ན་རེ། ད་མཁར་མི་བཤིག་པར་འདུག །དམག་བྱས་པ་དྲག་ཟེར་ཏེ་དམག་གིས་བསྐོར་བ་ལ། བླ་མ་ཆེན་པོས་སྤྲུལ་པའི་དམག་མང་པོས་བཀང་སྟེ་དེད་པས་སྐྲག་ཅིང་བྲོས་སོ། །མར་པ་ལོཙྪས་དམག་དེ་ཙམ་གང་ནས་བསྐུལ་ཟེར་བ་བྱུང་། མདོ་ཁྱམ་ཡང་འཁྱོང་སྟེ། དེ་ཙམ་ན་མི་ལའི་སྐུ་རྐེད་ལ་སྒལ་བ་བྱུང་། སྒལ་མིག་ཆེན་པོ་གསུམ་ནས་རྣག་ཁྲག་མང་དུ་འཛག་ཀྱང་། ཆོས་ཀྱི་ཕྱིར་དཀའ་བ་དང་དུ་ལེན་པའི་བཟོད་པའི་གོ་ཆ་ཆེན་པོ་མཛད། བདག་རིང་བསྐལ་པ་མང་པོར་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདིས་འདག་པར་འགྱུར་རོ་དགོངས། དེའི་བར་ཡུམ་བདག་མེད་མས་བྱམས་པར་མཛད། ནང་ནུབ་ཉིན་གསུམ་ལ་ལྟོ་དུས་ལ་མ་ཡོལ་བ་དང་། ཆང་བཟི་མི་རེ་བ་མ་ཆད་པ་བྱས། ཞལ་ནས་ཀྱང་བུ་སློབ་གཞན་དང་ཁྱོད་མི་འདྲ་བས་ཐུགས་ལ་མི་འདོག་པ་ལྟར་འདུག་ཀྱང་། འོན་ཀྱང་ལོག་ལྟ་མ་བྱེད། ངས་ཀྱང་ཆོས་ཀྱི་ཞུ་བ་བྱ་ཡི་གསུང་། ཁོང་གི་སྐུ་ལུས་ཀྱི་སྟོབས་གཞན་དང་མི་འདྲ་བས་གཞན་མ་སུས་ཀྱང་མི་ཐེག་པར་རྡོ་ཁུར་ཏེ། དེང་སང་ཡང་མི་ལའི་གྱང་རྡོ་བྱ་བར་གྲགས་པ་ཡོད། ངས་མཁར་འདི་བརྩིགས་པ་ལ། རྡོ་ལག་མགོ་ཙམ་གཅིག་གམ། འདམ་པ་ཁེམ་པ་གང་ཙམ་མམ། ཤིང་ལག་ངར་ཙམ་གཅིག་འཇོག་པའི་གྲོགས་ནི་མེད། ད་ཆོས་གནང་སྟེ་འོང་དགོངས་པ་ཡང་བྱུང་། ལན་གཅིག་བླ་མ་རྔོག་དཔོན་སློབ་ཀྱེ་རྡོར་གྱི་དབང་མོ་ཆེ་ཞུ་བྱུང་བས་ཡུམ་གྱི་ཞལ་ནས། ད་ལན་དེ་ཁྱོད་ཀྱང་དབང་ཞིག་ཨེ་ཐོབ་བལྟ་དགོས་གསུང་སྟེ། མར་ཧྲིལ་གཅིག་སྣམ་བུ་གོས་ལྡང་བ་གསུམ་གནང་ནས། དབང་ཁྲལ་བྱེད་པ་ལགས། བདག་ལ་ཡང་དབང་ཐུགས་ལ་འདོག་པར་ཞུ་ཞུས་པས། ཁྱོད་ལ་འདི་རྣམས་གང་ནས་བྱུང་གསུང་། ཡུམ་གྱིས་གནང་བ་ལགས་ཞུས་པས། འདི་ང་ལ་ཡོན་བདག་ཆེ་གེ་མོས་ཕུལ་བའི་མར་དུ་འདུག །འདི་ཡོན་བདག་ཆེ་གེ་མོས་ཕུལ་བའི་སྣམ་བུར་འདུག །ཁོ་བོའི་དངོས་པོས་ཁྱོད་ཀྱི་དབང་ཁྲལ་དང་ཕྱག་རྟེན་མི་འོང་། གསང་སྔགས་ཟབ་མོའི་དབང་གྲལ་དུ་མ་སྡོད་སྒོར་སོང་གསུང་། དེར་མ་དགྱེས་ཏེ་མཚན་ཡལ་གྱིས་བཤུམ། ཡུམ་གྱིས་ཚོགས་སྐལ་དང་ཆང་ཞིམ་པོ་བསྐྱལ། བུ་ཁྱོད་མ་ངུ་དང་ཅི་ཞིག་ལྟར་ན་ཆོས་ཐོབ་པ་ཞིག་འོང་གི་གསུང་། ནང་པར་ཙ་ཤོག་གསུང་། ཆོས་གནང་བ་ཨེ་ཡིན་སྙམ་ནས་བྱོན་པས། མདང་དབང་མ་བསྐུར་བས་ང་ལ་སྙིང་ན་བ་མ་བྱུང་ངམ་གསུངས། བླ་མ་ལ་སྙིང་ན་བ་ག་ན་འོང་སྟེ། ང་རང་ལས་ངན་གྱི་སྒྲིབ་པ་ཆེ་བས་ལན་སྙམ་ནས་བཤུམ་པས། ང་ལ་ངུ་ཤག་བྱེད་པའི་ཁྱོད་ལ་ཡུས་ཅི་ཡོད་པ་ཡིན་གསུང་ནས་འགྲམ་ལྕག་གཅིག་བརྒྱབ་སྟེ་ཕྱིར་བཏོན། དེར་ཐུགས་དགོངས་ལ་འདོད་པ་ཆོས་ཅིག་འདོད་ཀྱང་། གནང་དུ་མི་བཞེད་པར་འདུག །ངས་མཐུ་སེར་བྱས་ནས་མི་མང་པོ་བསད་པ་དེས་ལན། ད་ཆོས་མེད་ཀྱི་མི་ལུས་ཀྱིས་ཅི་བྱེད། ལྕེབ་པར་རང་གྲག་གམ་སྙམ་པ་བྱུང་། ཇོ་མོ་ལ་ཞུས་པས། ཇོ་མོས་ལྷན་ཅིག་སྐྱེས་སྦྱོར་གཅིག་གནང་བས་སེམས་ལ་ཕན་ཙམ་ཅིག་བྱུང་། དེ་ནས་མཁར་ལོན་བྱེད་ཅིང་ཡོད་པ་ལ། ཇག་པ་འོང་ནས་བླ་མའི་འབུལ་བ་སྐྱེལ་མི་བཅོམ་པས། ཁྱོད་ཀྱིས་འདི་ལ་སེར་བ་ཅིག་ཕོབ་དང་། ངས་གདམས་ངག་སྟེར་གསུངས་པས་སེར་བ་ཕབ་པས་ཇག་པའི་ཡུལ་ཁང་ཐམས་ཅད་བཤིག །ཇག་པ་ཤི་བས་ད་གནང་བར་ཞུ་ཞུས་པས། མི་བསད་པའི་རྔན་ལ་གདམས་ངག་སྟེར་དུ་མི་རུང་གསུངས་པས། འོ་ན་དེ་ད་ང་རང་ཡང་འགྲོ་ཞུས་པས། དེ་སོང་གསུང་། ཇོ་མོ་ལ་ཡང་འགྲོ་ཞུས་པས། ཇོ་མོས་བླ་མ་ལ་ཞུས་པས། འདིས་ལས་དང་མཐུ་དང་། འོ་སྐོལ་ལ་ཕན་འདི་ཙམ་ཅིག་བཏགས་ཙ། འདི་ལ་གདམས་ངག་མི་སྟེར་བར་གཏོང་བ་སློབ་དཔོན་ཁྲེལ་མེད་བྱེད་པ་ཨེ་ལགས་ཞུས་པས། ཁོའི་ལུས་ངག་ཡིད་གསུམ་ང་ལ་ཕུལ་ནས་ཡོད་པས། སོང་ཡང་སྐྱིད་མོ་ཨེའུ་འོང་གསུང་བས། ཇོ་མོས་སློབ་དཔོན་གྱིས་ཁྲེལ་མེད་བྱེད་པར་རེད་ཟེར་ནས་གྲོ་ཕྱེ་གྲོ་མིག་དང་བཅས་པ་བསྐུར་ནས་བཏང་ཙ། དེ་ནུབ་བྲག་ཅིག་གི་རྩར་ཉལ་ཙ། ཁ་བ་འདོམ་པ་གང་བབ་ནས་འདུག་པས། ཚ་བ་བྱེད་པའི་མེ་ཤིང་དང་སྒྱེད་པུ་ཚོལ་བ་དང་ཀོ་རེ་ཀོ་རེ་མང་པོ་ཅིག་བྱེད་ལ་ཐུག་པས། ཚ་བ་ཚར་ཙ་རྗེས་ཀྱིས་གང་འདུག་པས། བསམ་བློ་མང་པོ་སྐྱེས་ཏེ། ང་གཅིག་པུ་ཡིན། རྩམ་པ་ནི་བཏགས་བཏགས་པ་ཡོད་པ་ལ། ད་ནང་ཚ་བ་གཅིག་བྱེད་པ་ལ་རྗེས་འདི་ཀ་ཙམ་ཅིག་བྱུང་བས། དེ་སྔའི་ལས་དེ་རྣམས་ཀྱང་ཕྱེད་བླ་མའི་ཡིན་ཀྱང་ཕྱེད་ང་རང་གིས་ཟ་མའི་གཡོག་རེད། བླ་མས་ཐུགས་ལ་མ་བཏགས་ཀྱང་ཇོ་མོས་ཐང་ཆད་པའི་དུས་སུ་ཟས་བྱ་ན་ཅན་འགྲངས་པ་རེ་དང་། སྐོམ་བཟི་བ་རེ་འདྲ་འཕྲོད་པར་བྱས་པས་དྲིན་ཆེ། འགྲོ་ས་ཏིག་པོ་གཅིག་ཀྱང་མེད། བླ་མ་ཡང་འདི་འདྲའི་གདམས་ངག་ཡོད་པ་ཡང་མ་ཚོར་བསམ་པ་བྱུང་ནས། ཁ་བ་ལ་མ་ཐོན་པ་དང་ལོག་ནས་འོང་སྟེ། ཇོ་མོ་ཤིན་ཏུ་དགའ་བར་བྱུང་བས། ཁྱོད་འོང་བ་ལེགས། བླ་མས་ཀྱང་ཡུན་རིང་ན་གདམས་ངག་ཨེ་གནང་ཟེར་ཏེ། ཇོ་མོས་བླ་མ་ལ་མཐུ་ཆེན་གྱིས་འོ་སྐོལ་བློས་མ་ཐོངས་ནས་ལོག་ནས་འོང་འདུག་པས། ད་གདམས་ངག་གནང་བར་ཞུ་ཞུས་པས། འོ་སྐོལ་བློས་མ་ཐོངས་པ་མིན། ཁོ་རང་བློས་མ་ཐོངས་པ་ཡིན། ད་ངའི་མཁར་རྩིག་རོགས་གྱིས་དང་གདམས་ངག་སླ་ནས་འོང་གསུང་ནས་རྩིག་ཅིང་ཡོད་ཙ། ཞག་འགའ་ནས་དོལ་གྱི་མཚུར་སྟོན་དབང་ངེ་དཔོན་སློབ་རྣམས་བདེ་མཆོག་འཁོར་ལོའི་དབང་ཞུ་བྱུང་བས། ཡུམ་ན་རེ། ད་རེས་ཁྱོད་ཀྱིས་ཀྱང་དབང་ཅིག་ཅི་ཐོབ་བྱ་དགོས་གསུང་སྟེ། གཡུ་གཅིག་གནང་ནས་དང་པོ་ཁྱོད་རང་གིས་ཞུས། དེ་ནས་ངས་ཞུ་ཡི་གསུངས་ནས། གཡུ་ཕུལ་ཏེ་བདག་ལ་དབང་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཁྱོད་ལ་གཡུ་འདི་གང་ནས་བྱུང་གསུང་། ཡུམ་གྱིས་གནང་བ་ལགས་ཞུས་པས། བདག་མེད་མ་བོས་ལ་ཤོག་གསུངས། ཕེབས་པ་དང་། འོ་ཅག་ལ་གཡུ་འདི་གང་ནས་བྱུང་གསུང་། ཡུམ་ན་རེ། གཡུ་འདི་བླ་མས་ཀྱང་ཐུགས་རྒྱུས་མེད། ཤུད་སྦ་ལ་སོགས་པའི་མི་ཆེན་ཀུན་དཔང་པོར་བཞག་ནས། ང་ལ་གཡུ་འདི་མས་ལྐོག་ཏུ་བྱིན་ནས། བླ་མ་ཡང་ཐུགས་གཏུམ་པོ་ཅིག་ཡོད་པར་འདུག །གལ་ཏེ་བྱེ་བྲལ་དུ་སོང་བའམ་ཞབས་ཏོག་བྱེད་པའི་སྐལ་བ་ཅན་དུ་མ་སོང་ན། ཁྱོད་རང་ལ་འདི་ཙམ་ཞིག་དགོས་པ་ཡིན་པས་སུ་ལ་མ་སྟོན་སྦོས་ཤིག་ཟེར་ནས་སྦས་ནས་ཡོད་པ་ཡིན། མི་ལ་འདི་བས་མོས་གུས་ཆེ་བ་དང་ཞབས་ཏོག་ལ་གུས་པ་ནི་གཅིག་ཀྱང་མ་བྱུང་བས། ད་འདི་ཡི་ཆད་པར་འདུག་པས། གཡུ་འདི་ཁོའི་མེ་ཏོག་བྱས་ལ་དབང་བསྐུར་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ཇོ་མོ་ཁྱོད་ལ་མས་བྱིན་པ་ཡིན་ཡང་། ང་རང་གི་ནོར་དུ་གདའ་བས་བདག་མེད་མ་བསམ་མནོ་མ་ཆུང་། ཁྱོད་རང་རིལ་པོ་ཡང་ངས་དབང་བ་ལ། ཁྱོད་ཀྱི་ཕག་ནོར་ཡོད་ན་ངས་ལོས་དབང་། ཁྱོད་རང་ལ་ནོར་ཡོད་ན་ཁྱེར་ཤོག །མེད་ན་ཕྱིར་ཐོན་གསུང་ནས་ཆོས་མ་གནང་། སྙིང་རླུང་འཇུག་པ་ལྟ་བུ་བྱུང་། རང་ཡུལ་དུ་འགྲོའོ་དགོངས་པ་ལ། ཡུམ་ན་རེ། ཐབས་ཤིག་ཡོད་ཀྱི་གསུང་། ཕྱེ་ཕད་པུ་གང་གི་སྟེང་དུ་པོ་ཏི་ཞོག་ལ་འགྲོ་བ་སྐད་གྱིས། ངས་འཛིན་པ་ལྟར་བྱ་ཡི་གསུང་། དེར་གཟིམ་ཁང་གི་འགག་ཏུ་དེ་ལྟར་བྱས་པས། བླ་མས་གཟིགས་ཏེ། ཁྱོད་གཉིས་ཕར་ཐེན་ཚུར་ཐེན་ཅི་བྱེད་པ་ཡིན་གསུངས། ཡུམ་ན་རེ། ལ་སྟོད་ཐག་རིང་པོ་ནས་འོང་། ཆོས་མ་གནང་བའི་སྟེང་དུ་བཀའ་བཀྱོན་དང་བརྡུང་བཏག་བྱུང་། བླ་མ་གཞན་འཚོལ་དུ་འགྲོ་བ་ཡིན་ཟེར་བ་ལ། ངས་བཤོལ་བཏབ་པ་ལགས་ཞུས་པས། བླ་མའི་ཞལ་ནས། ཁྱོད་དང་པོ་བྱུང་ཙ་ན་ལུས་ངག་ཡིད་གསུམ་འབུལ་ཟེར་བ་དེ་གོ་བཅད། ད་ཁྱོད་བླ་མ་གཞན་ཚོལ་དུ་འགྲོ་བ་ལ་ངས་ཕྱེ་བསྐུར་མི་འོང་གསུངས་ཏེ། འགྲམ་ལྕག་ཅིག་བརྒྱབ། ཕྱེ་འཕྲོག །སེམས་ཕམ་པ་ལ་ཚད་མེད་པ་བྱུང་ཡང་བླ་མའི་ཟིལ་མ་ཐེག་པས་བསྡད་གསུང་། ཡང་ཇོ་མོས་ཤུད་སྦའི་ལག་ནས་གཡུ་ཤད་ཀྱིས་ཁྱེར་ནས། ད་རེས་ཁོ་ལ་དབང་མི་བསྐུར་ན་ངས་ཁོ་ལ་གཡུ་སྦྱིན་ལ་ལོགས་སུ་དབང་ཆོས་ཞུ་གཏོང་བ་ཡིན་ཞུས་པས། བླ་མའི་ཞལ་ནས། ཐམས་ཅད་ངའི་ཡིན་ཡང་ད་རེས་ཁོ་ལ་དབང་བསྐུར་བར་བྱའོ། །གཡུ་ཁྱེར་ཤོག་གསུང་སྐད། དེར་བླ་མའི་ཕྱག་ཏུ་གཡུ་ཕུལ་ནས། ད་རེས་དབང་བསྐུར་བྱས་ནས་མཚོ་སྐྱེས་ཀྱི་མན་ངག་ཐོ་རེ་བ་ཅིག་གནང་། འདི་ངོ་མཚར་ཅན་གྱི་མན་ངག་ཡིན་གསུང་། དེ་ཕྱིན་ཆད་རྒྱུད་བཤད་པ་ཐམས་ཅད་ཀྱི་རྩར་བཞག་ནས་བྲེལ་བའི་དུས་ཀྱང་རྒྱུད་ཀྱི་བཤད་པ་ཐམས་ཅད་ཉན་དུ་བཅུག །དེ་ནས་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་གཅིག་གནང་ནས་སྒོམས་ཤིག་གསུངས་པས། དེར་མི་ལས་དེ་ལ་ནན་ཏན་དུ་བྱས་ནས་བསྒོམ་ཡང་། ཉམས་ཡེ་མ་སྐྱེས་པས་མི་ལས་གདམས་ངག་ལ་ཡིད་མ་ཆེས་པ་བྱུང་སྐད། དེ་ལ་གདམས་ངག་ལ་བདེ་མཆོག་ལྷན་སྐྱེས་ལས་ཟབ་པ་མེད་དེ། སྤྱིར་སྒྲིབ་པ་ཞིག་བྱང་བ་གནད་དུ་ཆེ་བའི་བརྡ་ཡིན། སྒྲིབ་པ་བྱང་བ་དང་གདམས་ངག་ཟབ་པ་གཉིས་རྟེན་འབྲེལ་འཛོམས་ན་ཉམས་སྐྱེ་བ་ལ་ཚེགས་མི་གདའ་ཟེར་བའང་སྣང་། ཡང་ལན་ཅིག་དམྱལ་བའི་འབུལ་སྐྱེལ་བ་རྣམས་ལྷོ་སྨད་པའི་ཇག་པས་བཅོམ་པས། ད་འདི་ལ་སེར་བ་གཅིག་ཕོབས་དང་། སྡིག་པས་མི་གནོད་པའི་གདམས་ངག་ང་ལ་ཡོད་པ་མྱུར་དུ་སྟེར་གསུངས་པས། དེ་མི་གསུང་བར་ཞུ། ངས་སྡིག་པ་ལ་ཨེ་ཕན་བསམ་ཤིང་ཆོས་ཤིག་ཞུར་འོང་བ་ལགས་ཞུས་པས། ཇོ་མོ་ན་རེ། ད་རེས་གཞན་དང་མི་འདྲ་ཁག་ཆེ་བས་སེར་བ་གཅིག་ཕོགས་ཟེར་བས། ཇོ་མོའི་ངོ་མ་ཆོག་པས་སེར་བ་ཕབ་སྟེ། ཆོས་གནང་དུ་མ་ཉན་པས། མཐུ་ཆེན་ངུས་ཏེ། ང་སྡིག་པ་ཆེ་བས་ཆོས་ཤིག་ཨེ་འཐོབ་ལ་འོང་ཙ། དམྱལ་བར་འགྲོ་བ་ལ་གཏིང་ཨེ་ཟབ་ལ་བལྟ་བ་ཅིག་བྱུང་བས། ད་ལས་ངན་ཆེན་པོ་ཞིག་གིས་ཟིན་པས་གཞན་ཅིག་ཏུ་སྡིག་སྦྱོང་ལ་འགྲོ་ཞུས་པས། གཞན་དུ་སོང་བས་སྡིག་པ་མི་འདག །སྡིག་པ་ཨེ་འདག་བསམ་ན་ངའི་མཁར་ཆེ་བ་འདི་རྩིག་རོགས་གྱིས་དང་འདག་པ་ཡིན། གཞན་དུ་འགྲོ་ས་ཡང་མེད་སོང་ཡང་མི་དགའ་གསུངས་པས། ཇོ་མོ་ན་རེ། སློབ་དཔོན་གྱིས་ཁྱོད་ལ་ཁྲེལ་མེད་ཀྱང་བྱེད་པར་འདུག་ཟེར་ནས།
