Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (2)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

ཇོ་མོས་ཕག་མོའི་མངོན་རྟོགས་ཞིག་དང་ཕྱག་རྒྱ་ཆེན་པོ་གཞི་ལམ་འབྲས་གསུམ་གཅིག་ཆོད་ཀྱི་གདམས་ངག་བྱ་བ་སེམས་རང་རིག་གཉུག་མ་འདི་ཀ་རང་ངོ་འཕྲོད་པར་གྱིས་ལ་སེམས་མ་བཅོས་པའི་ངང་ལ་ཞོག་ཅིག །ཅེས་རང་ངོ་སྤྲད་པ་ལ། འདི་གདམས་ངག་ཡགས་པ་ཅིག་བྱུང་བསམ་ནས་ཡིད་ཆེས་པ་ཅིག་བྱུང་སྐད། བླ་མ་ཆེན་པོ་ལ་ཡུམ་གྱིས་ཞུས་པ། མང་པོ་མཐུ་ཆེན་འདིས་དཀའ་བ་འདི་ཙམ་ཞིག་སྤྱད། ལུས་པོ་བྱིན་པོ་རྨར་སོང་འདུག །རྟ་བོང་ལ་སྒལ་པ་བྱུང་བ་རྣམས་ཐོས། མིག་གིས་ནི་མ་མཐོང་། མི་ལ་སྒལ་པ་བྱུང་བ་འདི་ལས་མ་མཐོང་། ཐོས་ཀྱང་མ་ཐོས། གཞན་ལ་ངོ་ཡང་ཚ། སྙིང་ཡང་རྗེ། གདམས་ངག་ཡོད་ན་ཐུགས་ལ་འདོགས་པར་ཞུ་ཞུས་པས། རྨ་བྱུང་འདུག་ན་ཡར་ལ་ཤོག་གྱིས་དང་གསུང་། ད་ཆོས་ཤིག་གནང་བ་ཡིན་སྙམ་ནས་མི་ལ་བྱོན་པས། ཁྱོད་ལ་སྒལ་བ་བྱུང་ངམ་གསུང་། བྱུང་ལགས་ཞུས་པས། འོ་ན་རྟ་བོང་ལའང་འདི་ལྟར་བྱས་པས་འོང་གིན་འདུག །ཁྱོད་རང་ཡང་སྒལ་ཚག་གྱིས་ལ་ས་སྐྱོལ་ལ་ཞ་ལ་གྱིས་ཤིག་གསུང་། རྒྱབ་རིལ་སོང་སྒལ་པར་སོང་བ་ལ། སྒལ་ཚགས་བྱས་པས་ཅི་ལ་ཕན་ཞུས་པས། རྨ་ལ་ས་མི་འགྲོ་བ་ལ་ཕན་པ་ཡིན་གསུངས་པས། གློག་ཏེའི་སྒལ་ཁང་ཀོ་རེ་བ་གཅིག་བྱས་ནས། བླ་མའི་བཀའ་མ་བཅག་སྟེ་ས་བསྐྱལ་ནས་ཞ་ལ་བྱས། ད་ཆོས་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཁྱོད་ཀྱིས་སྤེའུ་ཆུང་ལག་ངར་ཙམ་ཞིག་བརྩིགས་པ་ལ། ངས་རྒྱ་གར་ནས་དཀའ་བ་མང་པོ་སྤྱད་པའི་ཆོས་ཟབ་མོ་ཐོབ་ཏུ་རེ་བ་གདའ་སྟེ། དེ་འདྲ་ཐོབ་པ་མིན། ངའི་བླ་མ་ཆེན་པོ་ན་རོ་པ་དེས་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་དེ། དེ་ཡང་ཤི་སྲོག་ལ་ཐུག་པ་བཅུ་གཉིས་བྱས་པ་ཡིན། ཁྱོད་དེ་སྔ་ཤི་བ་ལ་ཐུག་པ་ལན་གཅིག་ཀྱང་མ་བྱུང་། ཡུས་མ་ཆེ་གསུངས། དེར་ཡུམ་ནས། ཁོ་མོའི་བླ་མ་ཆེན་པོ་འདིས། ངས་རྒྱ་གར་ནས་བླངས་པའི་ཆོས་འདི་རྣམས་སེམས་ཅན་ལ་ཕན་དུ་རེ་བ་ཡིན། ཞུ་མཁན་ལ་ཁྱི་གཅིག་བྱུང་ཡང་སྟེར་གསུང་ནས་ཞུས་ཚད་ལ་གནང་བ་ཡིན་ཏེ། ཁྱོད་ལ་མི་གནང་བ་འདི་ཅི་ཡིན་ནམ། འོན་ཀྱང་སེམས་འཕྲལ་མ་བྱེད་གསུངས་ནས་ཡུམ་གྱིས་བྱམས་པར་མཛད། བཀའ་དྲིན་ཆེ་བས་ཞབས་ཏོག་ཟས་མཐའ་དག་གིས་གུས་པར་མཛད། དབྱར་འདམ་པའི་ནང་དུ་བ་བཞོ་བའི་བཞོ་སྐྱགས་མཛད། བླ་མའི་ཕྱི་ལ་གཤེགས་པའི་ཚེ་ཡང་སྐུར་སྟེག་དང་བཅིབས་ཁ་ཁྲིད་པ་ལ་སོགས་པ་མདོར་ན་ཅི་གསུངས་པ་བསྒྲུབས་ཀྱང་། གདམས་ངག་གནང་བའི་དུས་མ་བྱུང་བས། ཇོ་མོས་སྒྱིད་ལུག་པའི་སྙིང་རྗེ་ཆེན་པོ་སྐྱེས་ཏེ། ད་མི་ལ་ཁྱོད་ལ་སྡུག་བསྔལ་ཆེ་ཚེ་སྡུག་ཚེ་ཐལ། ད་བླ་མ་རྔོག་འདིས་སྤངས་དག་ལན་གསུམ་བྱས། བླ་མའི་གདམས་ངག་མ་ལུས་པ་ཁོང་ལ་ཡོད་ཙ་ཁྱོད་དེར་འགྲོ་ཟེར་ནས། བླ་མ་ཆེན་པོ་ན་རོ་པ་དེས་ཚེས་བཅུ་ལ་ཐུགས་དམ་གྱི་མཐིལ་མཛད་པར་ཡོད་པར་འདུག །ངེད་རང་གི་བླ་མ་ཆེན་པོས་ཀྱང་ཚེས་བཅུའི་མཆོད་པ་མཛད་གྱིན་ཡོད། དེ་ནུབ་ཐབས་ཤིག་བྱ་གསུངས་ནས་ཚེས་བཅུ་ལ་ཆང་གི་ཁུ་གཅིག་ལ་གཅིག་བཏབ་ནས། ཡུམ་དང་ཐོས་པ་དགའ་གཉིས་ཀྱིས་རེས་མོ་བྱས་ནས་བླ་མ་ལ་དྲངས། ཅི་ཞིག་ལྟར་ན་བླ་མ་བད་ནས་རྣལ་དུ་སོང་། དེའི་ཚེ་ན་རོ་པ་ཆེན་པོའི་རྒྱན་དྲུག་དང་། ཐུགས་དམ་པདྨའི་ཕྲེང་བ་རྡོག་པོ་གསུམ་དང་། དབུ་སྐྲ་ཕྱག་མཁར་ན་བཟའ་རྣམས་བསྐུར་ནས། ཇོ་མོས་ཡིག་འཕྲིན་ལ་བླ་མ་ན་རོ་པའི་དབུ་སྐྲ་ལ་སོགས་པའི་མཆོད་རྟེན་ཡོད་པ་འདི་རྣམས་སུ་ལ་ཡང་མ་སྦྱིན་ཁྱོད་ལ་བསྐུར་ཡོད། ཐོས་པ་དགའ་འདིས་ཞབས་ཏོག་དང་དཀའ་བ་དུ་མ་བྱས་པ་ལ་ང་ཕར་ཚུར་གཡེང་བར་སོང་བས། ཁོ་ལ་ཆོས་བཤད་མ་ཁོམ། ངས་ཁྱོད་ལ་ན་རོ་པའི་གདམས་ངག་མ་ལུས་པ་བསྟན་ནས་ཡོད་པས། དེ་རྣམས་ཐམས་ཅད་མི་ལ་ལ་སྟོན། ཕྱིས་ཞུ་གཏུགས་ཐུབ་པ་གྱིས་ཅེས་ཟེར་བ་བྲིས་ནས་ཡིག་འཕྲིན་འདི་ཕར་གཏོད། ཁ་འཕྲིན་ཡང་དེ་སྐད་གྱིས་ལ་ཆོས་ཞུས་ཤིག་གསུངས་ནས་མི་ལ་དེར་བྱོན། དེའི་རྗེས་སུ་བླ་མ་ཆེན་པོ་རྣལ་སད་དེ། མང་པོ་མཐུ་ཆེན་གར་སོང་གསུང་། ཡུམ་གྱིས་བཤོལ་ཅི་བཏབ་ཡང་མ་ཉན་པར་སོང་ལགས་ཞུས་པས། དེར་ཞལ་ནག་ཏིང་གི་སོང་། དར་ཅིག་ཏིང་ངེ་འཛིན་ལ་བཞུགས་པ་དང་། ངའི་བུ་དེ་ཐག་རིང་ཞིག་ཏུ་མ་སོང་བར་ངའི་རྣ་བ་བཞིན་རང་ལ་འཁོར་བ་ཅིག་ཏུ་སོང་ཟིན་ཏེ་ལར་ཇོ་མོ་ཁྱོད་ཡང་ངས་ཅི་བསམ་མི་ཤེས་པའི་རྩོམ་ལས་བྱེད་པ་ཞིག་འདུག་གསུངས་སོ། །
མཁར་ཆེ་བ་དེ་བརྩིགས་ན་ཐོས་གྲོལ་དུ་འགྲོ་སྟེ་མ་ཤེས། མཁར་དེ་རྣམས་མི་ལའི་སྡིག་སྒྲིབ་ཨེ་འདག་དང་། དབུས་ཀྱི་མཁར་དེ་ཕ་སྤུན་ཚོས་རྩིག་ཏུ་མ་བཅུག་པས། ཕ་སྤུན་རྣམས་མགོ་སྐོར་བའི་ཐབས་དང་། མི་ལས་ཞི་རྒྱས་དབང་དྲག་གི་ལས་སྣ་ཚོགས་འགྲུབ་པའི་རྟེན་འབྲེལ་དུ་བརྩིགས་པའོ། །མི་ལས་མར་པའི་དྲུང་དུ་དཀའ་བ་སྤྱད་པ་ལ་བསམ་གྱིས་མི་ཁྱབ་སྟེ། ཐོས་གྲོལ་ཉིད་དུ་འགྲོ་བ་དགོངས་ཏེ་བག་མ་བྱུང་བར་འདུག་གོ།

༈ ཡང་རྣམ་ཐར་ཅིག་ལ། བླ་མ་གཟིམས་པའི་ཚེ། དབུ་སྐྲ་ལ་སོགས་པ་ཞུས་པ་དང་། གོང་གི་འཕྲིན་ཡིག་དང་བཅས་པ་རྣམས་བསྐུར་ནས། ངེད་གཉིས་གང་གིས་བཤོལ་ཡང་ཁྱོད་མ་སྡོད་པར་སོང་། ངས་ཁྱོད་བཟུང་བ་སྐད་བྱེད་ཙ་ཁྱེད་ཀྱིས་ང་ལ་ཕུལ་རྒྱག་གྱིས་དང་། ང་འགྱེལ་བ་སྐད་བྱེད། དེ་ནས་ཁྱོད་ཤད་དེ་སོང་ལ་དགེ་བཤེས་རྔོག་གི་དྲུང་ཆོས་ཞུས། དེ་ན་མ་བྱུང་ན་ཁྱོད་རང་དཔྱོད་ལ་གཞན་དགེ་བཤེས་གང་ལེགས་གཅིག་གི་དྲུང་དུ་སོང་ལ་ཆོས་སློབ་ཅིང་སྒྲུབ་པ་གྱིས། དེ་ནས་ཁྱོད་རང་གང་འདུག་སར་ལྐོག་ཏུ་ང་ལ་འཕྲིན་གྱིས་དང་། ངས་ལྐོག་ཏུ་རྒྱགས་བསྐུར་ཅེས་ཁ་ཏ་རྣམས་བྱས། ཕྱག་རྟེན་རྣམས་ཁོའི་གོང་བར་གྲུབ། ཕྱེ་བྲེ་དོ་ཙམ་ཞིག་ཁུར་བཅུག་ནས། ད་བླ་མ་ལ་ཕྱི་ཕྱག་འཚོལ་ལ་ཤད་དེ་སོང་ཟེར། དེར་མི་ལ་བླ་མའི་དྲུང་དུ་སོང་ཙ། བླ་མས་གཟིགས་ཏེ། མི་ལ་ཁྱོད་འགྲོའམ་གསུང་། འགྲོ་བར་ཞུ་བྱས་པ་ལ། བླ་མའི་ཞལ་ནས། ད་མ་འགྲོ་དེ་སྔ་ཕན་ཆོད་འོ་སྐོལ་བྲེལ་བས། ཁྱོད་ཀྱི་ཆོས་ཀྱང་མ་ཁོམ། རྒྱ་གར་ནས་ན་རོ་པཎ་ཆེན་གྱི་གདམས་ངག་མ་ལུས་པ་ང་ལ་ཡོད་པ་ཡིན། ད་ནི་འཕྲུ་བ་ཡང་ཟིན་དུ་ཉེ། མཁར་ལེན་ཡང་ཚར་ལ་ཁད་པ་ཡིན། ད་མ་འགྲོ་བར་སྡོད་དང་གདམས་ངག་འོང་བ་ཡིན། ཅེས་གསུངས་པ་ལ། མི་ལས་ད་ང་འབུ་འགྲོ་བར་ཞུ། ཁྱོད་ཐུགས་བདེ་བར་བཞུགས་ཅེས་ཞུས་ནས་ཕྱག་གསུམ་འཚལ་ནས་ཤད་དེ་ཐལ་ལོ། །དེ་ནས་བླ་མས་ཇོ་མོ་ལ་སྐད་དེ། ཁྱེད་ཀྱི་མི་ལ་ནི་འགྲོ་ཟེར་ནས་ཐལ་ལོ། །ཁྱོད་ཀྱི་མི་བདའམ་གསུངས། ཇོ་མོས་མི་དེས་སྡུག་བསྔལ་དེ་ཙམ་བྱས་པ་ལ། འོ་སྐོལ་གྱིས་ཆོས་མ་བྱིན། ངས་ད་ནང་ཡང་བཤོལ་ཏེ། ཚུར་རྒོལ་ཞིང་བྱུང་། ད་བདས་པས་མི་འོང་ཅེས་ཞུས་པ་ལ། རྒྱུག་ལ་ཤོལ་ཐོབ་དང་། ད་ནི་གདམས་ངག་སྦྱིན་གྱི་ཁྲིད་ལ་ཤོག་གསུངས། དེར་ཇོ་མོས་བདས་པའི་འགབ་ཏུ་བླ་མ་ཡང་རྒྱབ་ཏུ་ཉ་ག་ཞིག་ཡོད་པའི་གོང་བུ་དེར་ཕར་བཞུད་ཚུར་བཞུད་མཛད་ཅིང་ཕྱིར་གཟིགས་སྐད། ཇོ་མོས་ཁོ་སླེབ་པ་དང་། མི་ལས་ཇོ་མོ་ལ་ཕུལ་རྒྱག་གཅིག་བརྒྱབ། ཇོ་མོས་འགྱེལ་བ་སྐད། མི་ལ་ཤད་དེ་ཐལ། ཇོ་མོ་ཡང་ལོག །བླ་མས་གཟིགས་ནས་བླ་མ་མར་བྱོན་པ་དང་ཇོ་མོ་དང་ལམ་དུ་འཕྲད། བླ་མའི་ཞལ་ནས། མ་ཉན་པ་ཡིན་ནམ་གསུང་། ཅི་བཤད་ཀྱང་མ་ཐུབ་ཚུར་ཕུལ་རྒྱག་བྱས་ནས་ཤད་དེ་ཐལ། ད་དེ་བདེན་པ་ཡིན། མི་དེ་ཡུས་པ་ཡིན་བྱས་ཙ། བླ་མ་བཞུད་པས་སྐད་ཅིག་གིས་སླེབ་ནས། ཕྱེ་འདི་ཡང་ངའི་ཡིན་ཚུར་བྱིན་གསུངས་ཏེ། ཕྱེ་རྐྱལ་འཕྲོག་ནས་ད་སོང་ལ་ཕྱིས་ལྡོག་པའི་སེམས་བྱུང་ཙ་ཤོག་གསུང་། བླ་མ་ཡར་ལོག །
ཁོ་ཤད་ཀྱི་སོང་བས་གཞུང་དུ་བླ་མའི་དྲུང་དུ་ཕྱིན། རྔོག་སྟོན་གྱིས་ཀྱེ་རྡོར་གསུངས་པ་དང་མཇལ། བླ་མས་ཁྱེད་མཐུ་ཆེན་འབོད་མ་དགོས་པར་འོང་བ་ལེགས། དེ་བླ་མའི་བཀའ་དྲིན་རེད་གསུངས། དེ་ནས་བླ་མ་ཆེན་པོས་མཆོད་གནས་ཏེ་ལོ་ན་རོའི་དབུ་སྐྲ་ཕྱག་ཕྲེང་ན་བཟའ་འདི་རྣམས་བསྐུར་ནས། བདག་ལ་དབང་བསྐུར་ཅིང་ཆོས་བཤད་གསུངས་པའི་འཕྲིན་ཡིག་འདི་ལགས་ཞུས་ནས་ཕྱག་ཏུ་གཏད། མཆོད་གནས་གདན་དྲངས་པ་དེ་ཤིན་ཏུ་བཟང་གསུངས་ཏེ། རོལ་མོའི་སྒྲ་དང་བཅས་པས་བསུ་བ་བྱས། གཟིམ་ཁང་གི་ནང་དུ་གདན་དྲངས་ཏེ་མཆོད་པ་རྒྱ་ཆེན་པོ་ཡང་མཛད་དོ། །དེར་བླ་མ་རྔོག་གི་ཞལ་ནས། ཁྱོད་འབོད་དུ་གཏོང་དགོས་སྙམ་པ་ལ། བླ་མ་ཆེན་པོའི་སྐུ་མཁར་མ་ཚར་བ་དང་ལག་བདེ་ཡིན་པས་མི་ཁོམ་པས། དེར་མི་བཅུ་ཙམ་ཁྱོད་ཀྱི་ལག་སྐྱིན་ལ་བཏང་ནས་ཁྱོད་བླང་བསམ་པ་ཡིན། ད་དེའི་སྟེང་དུ་ཁྱོད་ཕྱིན་པ་འདི་རྒྱུད་ལྡན་གྱི་ཆོས་སྐྱོང་རྣམས་ཀྱིས་བྱས་པ་ཡིན། ཁྱོད་ལ་གདམས་ངག་ལོས་སྦྱིན། ད་ངེད་ཀྱི་རུ་བ་ཡོད་པ་གླིང་པས་ཁྱེར། དེ་ལ་སེར་བ་གཅིག་ཕབ་དགོས། མྱུར་དུ་སེར་བ་མི་བྱ་ཁ་མེད་ཅེས་གསུངས་པ་ལ། མི་ལ་མ་དགའ་སྟེ། ག་རེ་ངས་སྔོན་ཕ་ཡུལ་དུ་དེ་ལྟ་བུ་གཅིག་བྱས། དེའི་སྡིག་བཤགས་འདོད་པའི་ཕྱིར། བླ་མ་ལྷོ་བྲག་པའི་དྲུང་དུ་རྣ་ཉན་ལ་འོང་ཙ། སྡིག་པ་དེ་ཙམ་ཞིག་བྱས་ཀྱང་གདམས་ངག་ནི་མ་གནང་། ད་རེས་འདིར་འདི་ལྟ་བུ་ཞིག་གི་སྟེང་དུ་ཕྱིན། ངའི་སྡུག་བསྔལ་ལ་བསམ་སྟེ་ཡི་མུག་པ་ཞིག་བྱུང་ངོ་། །དེ་ནས་མི་གཉིས་ཀྱིས་རོགས་བྱས་ནས་ཐུན་ཁྱེར་ཏེ་གཏོར་བ་ལ། ཡར་ལོག་ནས་བྲེས་ཀྱང་མ་ཁོམ་པར་སེར་བ་བྱུང་ནས་ཡུལ་གྱི་ལོ་ཏོག་ཐམས་ཅད་དང་། གནམ་གྱི་བྱ། སའི་བྱི་བ་ཡན་ཆད་སེམས་ཅན་མང་པོ་ཤི། ཇག་པ་རྣམས་ལ་སེར་བས་སྒོ་འགྲིམ་བྱས་པས་ཚང་ཕུང་དུ་ཐམས་ཅད་སོང་། ཚེ་ཕུང་རེ་རེའི་ནང་དུའང་བྱེལ་རོ་ཐུ་རེ་ཙམ་སྣང་། དེ་ནས་མི་ལས་བྱེལ་རོ་ཐུ་བ་གང་བཟུང་བ་དང་ངུ་ཞིང་འོང་སྟེ་བྱེལ་རོ་རྣམས་བླ་མའི་མདུན་དུ་བྱོ་ནས། བདག་འོང་བ་དམ་པའི་ཆོས་ལ་འོངས་པ་ལ། སྤྱོད་པ་སྡིག་པའི་ཡོ་ལང་སྤྱོད་པ་ཞིག་བྱུང་ཞུས་ཏེ། མདུན་དུ་འགྱེལ་བ་ལ། བླ་མ་དང་ཇོ་མོས་བྲེད་ཀྱང་མ་ཕན་པར་མཆི་མས་བརྣང་ཞིང་སྐད་གདེང་ཆེར་སོང་ནས། བླ་མས་ད་མ་ངུ་དང་ང་ལ་གསང་སྔགས་བྱིན་རླབས་ཀྱི་ལམ་ཞེས་བྱ་བ། རྩྭ་ཁུར་ཟོར་བས་མི་ལྗི་བའི་གདམས་ངག་ཡོད་དེ། སྔར་མཚམས་མེད་པ་ལྔ་བྱས་པ་ཞིག་ཀྱང་རྟེན་འབྲེལ་གྱིས་གནད་གདམས་ངག་ཟབ་མོས་ཚེ་གཅིག་ལ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པས་ཁྱོད་དེ་ཙམ་ལ་འཇིགས་མི་འཚལ། སེམས་ཅན་ཤི་བ་འདི་རྣམས་ཀྱིས་ཀྱང་མ་འོངས་པའི་དུས་ན་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ་འོང་། འོན་ཀྱང་ཁྱོད་དེ་ཙམ་མི་དགའ་ན་ཁོ་རང་རྣམས་བསློང་བས་ཆོག་གི་གསུངས་ནས། བྱེལ་རོ་ཚོ་མེ་འདིའི་ནང་དུ་ཐོབ་ཅིག་གསུངས་ནས། མདུན་དུ་མེ་ལོང་ཆེན་པོ་གཅིག་འདུག་པའི་ནང་དུ་བཏབ་ནས། བླ་མས་སེ་གོལ་གཅིག་མཛད་པས། བྱ་བྱེལ་ཐམས་ཅད་ནམ་མཁའ་ལ་འཕུར་ནས་སོང་། དེ་རུང་འདྲེ་མ་ལོག་ཀྱུ་ཀྱུ་བྱས་པས། ཇོ་མོས་བླ་མ་ལ་ཞུས་པ། མི་ཤི་ཙ་ཆོས་ཀྱིས་ཅི་བྱེད་ད་ལྟ་བྱིན་ཟེར་བ་ལ། བླ་མས་དབང་མ་བསྐུར་བར་ཅི་རུང་གསུངས་པ་ལ། ཇོ་མོས་ནན་ཏན་བསྐྱེད་པས། བླ་མས་ཀ་པ་ལི་ཁྱེར་ཤོག་གསུངས་ནས། ཀ་པ་ལི་འོངས་པ་མགོ་ལ་བཞག་ནས། ད་ལྟ་ཁྱོད་ལ་དབང་བསྐུར་བྱས་ནས་གདམས་ངག་ཐམས་ཅད་མི་བསྟན་རེ། ཁྱོད་ལ་བསྟན་མི་ཁོམས་པས་ངས་ཅི་ལྟར་བྱེད་བླ་མའི་བཀའ་གཅོག་པ་ཡིན་ནམ་གསུངས་པ་དང་། གཟོད་མི་ལའི་འཕྲོ་ཆད། དེ་ནས་ཕྱི་ཕྲེད་དེ་རང་ལ་ཆང་བཙལ་ནས་ཀྱཻའི་རྡོ་རྗེ་དང་བདག་མེད་མ་གཉིས་ཀྱི་དབང་བསྐུར་ཏེ། ངས་བླ་མ་ལ་སྤངས་དག་ལན་ལྔ་བྱས་ཏེ་མན་ངག་ཞུས་པ་ཐམས་ཅད་ཁྱོད་ལ་སྦྱིན་གསུང་། དེར་ཇག་པ་རྣམས་ཀྱི་བླ་མ་ལ་བབ་བྱས་ནས་ཆེ་བ་ཟངས་ཀྱིས་བཏོན། ནོར་ཐམས་ཅད་ཀྱང་བཟློག །མི་ལའི་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་བོ། །
དེ་ནས་བླ་མ་དང་ཇོ་མོའི་ཞལ་ནས། ད་ཁྱོད་ལ་ན་རོའི་ཆོས་དྲུག་ལ་སོགས་པའི་གདམས་ངག་ནི་ཅི་འདོད་པ་སྦྱིན་ཙ། ཕན་ཚུན་གར་འགྲོ་འདིར་སྒོམས་དང་། རྒྱགས་ནི་ཅི་འདོད་པ་ངེད་ཀྱིས་སྦྱར། ཁྱོད་ཀྱང་སྐྱིད་ངེད་ཀྱི་ནོར་སྲུང་དུ་ཡང་འགྲོ། འོ་སྐོལ་ལ་སུས་ཀྱང་རག་མི་ཕོད་གཉིས་ཀའི་དོན་འགྲུབ་པ་ཡིན། ད་སྒོམ་གསུང་། དེར་ཁང་ལྟག་ཏུ་ཕུག་པ་བྲུས། དེའི་ནང་དུ་མཚམས་འདག་ཆར་ལ་བསྡད། ཕུག་སྒོའི་ནང་དུ་འཚོ་བ་དུས་གསུམ་ལ་ཁྲིག་གེ་བསྐྱལ། བླ་མས་ཕུག་སྒོ་ནས་ཆོས་དྲུག་ལ་སོགས་པའི་གདམས་ངག་རྣམས་གསུངས་ནས་ཐུགས་དམ་ལ་བརྩོན་འགྲུས་མཛད་ཀྱང་། བླ་མ་ཆེན་པོའི་བཀའ་སྩལ་མེད་པའི་གནད་ཀྱིས་ཉམས་རྟོགས་ནི་ཡེ་མ་སྐྱེས། གདམས་ངག་གནང་བར་ཐག་ཆོད་ཀྱང་སྡིག་སྒྲིབ་མ་བྱང་ཡིན་སེམས་པ་བྱུང་། ཉིན་གཅིག་བླ་མ་རྔོག་གིས། ཁོ་དེ་མཐུ་ཆེན། ངའི་བརྒྱུད་པ་འདི་ལ་དམ་སེལ་བྱུང་ན་མིན་པ་དགེ་སྦྱོར་མི་སྐྱེ་བའི་དཔེ་མེད་པ་ཡིན། ཁྱོད་འདིར་འོང་དུས་བླ་མའི་བཀའ་ཨེ་ཡོད་གསུངས་པས། བླ་མའི་གསུང་མེད་ཇོ་མོའི་གསུངས་ཡོད་ཞུས་པས། ཨེ་ཨེ་དེ་ན་མི་འོང་བར་འདུག །འོ་སྐོལ་གཉིས་ཀྱིས་ཁྲིད་བསྒོམས་པ་ཡང་སྟོང་ལས་ཡིན་གསུང་། ཡང་ནན་ཏན་བྱས་ཤིང་བསྒོམས་པས་ནང་དུ་སེམས་ལ་སྙིང་རྗེ་ཚད་མེད་པ་ཤར་བས་ཕྱི་རུ་སེམས་སྣང་དག་པ་ཡིན་ཏེ། དེའི་དུས་སུ་མི་ལ་མཐུ་བོ་ཆེ་སྒོམ་བསྲན་ཅན་དེ་ལྟ་བུ་བྱུང་ཅེས་པའི་སྙན་པ་ཆེ་བས་བླ་མ་རྔོག་ལ་འབུལ་བ་ཆེན་པོ་ཅིག་བྱུང་། དེའི་ནང་དུ་མི་ལ་ལ་ཡང་འབུལ་བ་སྣ་གཅིག་བྱས། དེར་བླ་མའི་ཞལ་ནས། མི་ལ་ཁྱོད་ལ་ཡང་འབུལ་བ་བྱུང་བ་ཡིན་པས། བསྔོ་བ་ཡོན་བཤད་ཁྱོད་ཀྱིས་གྱིས་ཅེས་གསུངས་པ་ལ། མི་ལས་སྔར་མི་ཤེས་པ་ལ། ནམ་མཁའ་ལ་སྒྲོལ་མ་བྱོན་ནས་བསྔོ་བ་ཡོད་བཤད་མཛད་པས། མི་ལའི་སེམས་ལ་ས་ལེར་གསལ་བར་བྱུང་སྟེ། དེ་ནས་མི་ལས་བསྔོ་བ་ཡོན་བཤད་བྱས་པ་ལ་ཤིན་ཏུ་མཁས་པའི་གྲགས་པས་ཐམས་ཅད་ཡིད་རངས་པར་གྱུར་ཏོ། །བཞུགས་གནས་དེ་ལ་དེང་སང་གི་བར་དུ་མི་ལ་ཕུག་པ་ཞེས་གྲགས་སོ། །
དེ་ཙམ་ན་བླ་མ་ཆེན་པོའི་གསུང་ཡིག་བྱོན་ནས། ཁོ་བོའི་མཁར་གྱི་སྤེན་བད་གཏོང་སྲས་ཀྱི་ཆེ་འདོན་བྱེད་པ་ལ། སྤེན་ཁུར་ཅི་ལྕོགས་དང་། ལུག་ཚོར་མོ་བརྒྱ། སྣམ་ཕྲུག་བརྒྱ། ནས་ཡ་བརྒྱ། མར་ཐུད་བརྒྱ་ལ་སོགས་པ་ཁྱེར་ལ་ཤོག །ངེད་ཀྱི་མི་གཅིག་ཀྱང་དེར་ཡོད་འདུག་པས་ཁྲིད་ལ་ཤོག་ཅེས་པ་བླ་མ་རྔོག་གིས་མི་ལའི་ཕུག་སྒོར་བཀླགས་ཏེ་ད་ཁྱོད་འགྲོའམ་ཅི་ལྟར་བྱེད་གསུང་། བདག་ཀྱང་ལན་གཅིག་འགྲོ་བར་ཞུ་བྱས་པས། དེའི་བར་ལ་མཚམས་མཛོད་ཅིག་གསུང་། བང་ཆེན་པ་དེ་ཡང་མི་ལའི་དྲུང་དུ་ཕྱིན་ཏེ། ཡུམ་གྱི་ཞལ་ནས། ངེད་ཀྱི་མི་དེ་ལ་ཆོ་ལོ་འདི་གཏོད། ཁོ་ཆོ་ལོ་རྩེ་བ་ཅིག་ཡོད་པ་ཡིན། མ་ཟུག་ལས་ཆེ་ཅེས་གསུངས་པའི་འཕྲིན་དང་བཅས་པ་ཕུལ། མི་ལའི་ཐུགས་དགོངས་ལ་བདག་གིས་ཆོ་ལོ་ལག་ཏུ་ལེན་མ་མྱོང་བས་ཅི་གསུངས་པ་ཡིན་ནམ་དགོངས་པ་བྱུང་ནས། ཆོ་ལོ་དེ་བརྡུངས་པས་ཤོག་དྲིལ་ཆུང་ངུ་ཞིག་ལ། བླ་མས་ཆོས་གསུང་བར་ཡོད། ཁྱོད་རང་ད་རེས་ཤོག་ཅེས་པ་འདུག །དེར་རྔོག་གིས་མི་ལ་ལ་བླ་མ་ཡབ་ཡུམ་ལ་འབུལ་རྒྱུ་དར་ཡུག་གཅིག་དང་ཐུད་རྐྱལ་གཅིག་གནང་། ཁོང་རང་གིས་དཀོན་མཆོག་བརྩེགས་པ་བརྒྱད་དུམ་གྱིས་སྣ་དྲངས་པའི་མཛོ་རྟ་གོ་ཁྲབ་དགུ་ཚན་དགུ་སྤེན་ཁུར་བརྒྱ་དང་བཅས་པ་ལྷོ་བྲག་གི་མདར་སླེབ། རྔོག་གི་ཞལ་ནས། མི་ལ་ཁྱོད་སྔོན་ལ་སོང་། ངེད་འོང་ཞིང་ཡོད་ཞུས་གསུང་། དེར་མི་ལ་བྱོན་ཏེ་ཐོག་མར་ཡུམ་དང་མཇལ། མཉེས་མཉེས་མཛད། ཐུད་རྐྱལ་ཕུལ། གཞན་འབུལ་བ་རྣམས་འོང་བ་བས་ཁྱེད་རང་བྱུང་བས་དགའ། བླ་མ་རྔོག་འབྱོན་ཞིང་ཡོད་ཞུས་པས། ད་ཁྱོད་རང་སོང་ལ་བླ་མའི་དྲུང་དུ་ཞུ་བ་གྱིས། རྔོག་འབྱོན་ཅིང་ཡོད་ཙ་མི་ཆེ་བས་འོ་སྐོལ་གྱིས་བསུ་བ་དགོས་མོད་ཟེར། བླ་མའི་དྲུང་དུ་སོང་ནས་ཕྱག་ཕུལ་ཙ་སྐུ་རྒྱབ་བསྟན་ནས་ཕྱག་བཞེས་སུ་མ་བཞེད། བདག་ལ་བཀའ་བཀྱོན་རྗེས་སུ་མཛད་པས་ཆོག་ལགས། བླ་མ་རྔོག་པས་ཆོས་དང་མཛོ་རྟ་མང་པོའི་འབུལ་བ་བསྣམས་ནས་འབྱོན་ཞིང་ཡོད་པས། བསུ་བ་ཅིག་མཛད་པར་གདའ་ལགས་ཞུས་པས། ངས་རྒྱ་གར་ནས་བཀའ་སྡེ་སྣོད་རྒྱུད་སྡེ་གདམས་པ་བསམ་གྱིས་མི་ཁྱབ་པ་གདན་དྲངས་ནས་འོངས་པའི་དུས་སུ། བསུ་བ་མི་དགོས་ཁྱི་གཅིག་ཀྱང་མ་བྱུང་། ད་རྔོག་གིས་དུད་འགྲོ་དེད་ནས་འོངས་པ་ལ་བསུ་བ་དགོས་ན་ཕྱིར་དེད་ལ་སོང་གྱིས་གསུངས་པ་ལ། ཇོ་མོ་ལ་ཞུས་པས། སློབ་དཔོན་ཐུགས་གཏུམ་པ་ཡིན། རྔོག་ལ་བསུ་བ་དགོས་གསུང་ནས་ཇོ་མོས་བསུ་བ་མཛད་དེ། བླ་མས་ཀྱང་རྔོག་དང་བུ་ཆེན་རྣམས་འབྱོན་པའི་སྣ་ལེན་ལ་གསང་སྔགས་ཀྱི་དཀྱིལ་འཁོར་བཞེངས་མཆོད་པ་དཔག་ཏུ་མེད་པ་བཀྲམ་ནས་བཞུགས་ཏེ། རྔོག་དང་། མེས་དང་། དོལ་དང་། མི་ལ་ལ་སོགས་པའི་བུ་ཆེན་རྣམས་དང་། སློབ་མ་ཐམས་ཅད་བསྡུས་ནས་ཚོགས་འཁོར་རྒྱ་ཆེན་པོ་མཛད་དེ། བླ་མ་མར་པའི་དྲུང་ནས་རྔོག་ལ། ངའི་བུ་མཐུ་ཆེན་ཁྱོད་ཅན་དུ་སོང་བ་ལ་གདམས་ངག་ཨེ་བྱིན་གསུངས་ལ། ཏེ་ལོ་ན་རོའི་དབུ་སྐྲ་ཕྱག་ཕྲེང་ན་བཟའ་ཚོ་བསྐུར་བྱུང་བས་བྱིན་ལགས་ཞུས་པས། དེར་ཡུམ་གྱི་ཞལ་ནས། ངས་བསྐུར་བ་ཡིན་ཞུས་པ། ཡུམ་ལ་བེར་མ་ལྕག་བརྒྱབ་སྟེ། ཡུམ་བྲོས་ནས་སོང་། དེར་ཅུང་ཟད་ཅིག་དགོངས་པ་ལ་བཞུགས་ཏེ། བདག་མེད་མ་ཡར་ཤོག་གྱིས་དང་གསུང་། དེར་ཡུམ་ལ་ནང་མཆོད་ཀྱི་ཀ་པ་ལ་དེ་ཡར་ཐོགས་གསུང་། དེར་མི་ལ་མཐུ་ཆེན་འཐུང་གསུང་། མི་ལས་ལྷག་མ་མ་ལུས་པར་གསོལ། ངས་ཁྱོད་ལ་འབར་ཞིང་ཡོད་ལས་བཅོལ་བརྡུང་བཏག་བྱས། ལོག་ལྟ་མ་སྐྱེས་པ་དེ་བུ་ཁྱོད་སྣང་བ་དག་པ་ཡིན། ཁྱོད་བུད་མེད་ཀྱི་རིགས་འདི་བློ་ཆུང་། ངས་བུ་འདི་ལ་ཡིད་ཆད་ལན་ཐེབ་དགུ་ཐོང་ན་བོད་འདིར་འཇའ་ལུས་ཐོབ་པ་མང་དུ་འབྱུང་ཞིང་ཁྱོད་རང་ཕུང་པོ་ལྷག་མེད་ལ་སངས་རྒྱས་པ་ཡིན་གསུང་། དེ་ནས་བྱིན་པོ་གཟིམ་པ་དང་བླ་མ་ཡབ་ཡུམ་གཉིས་རྔོག་དང་མི་ལ་གཉིས་དང་བཞི་མིན་པ་མེད་པ་ལ། ཇོ་མོ་ལ་ཕུད་གཅིག་ཁྱེར་ལ་ཤོག་གསུང་ནས་ཟབ་མོའི་བརྡའི་དབང་བཞི་དང་། གདམས་ངག་གཏུམ་མོའི་ངོ་སྤྲོད་དང་རྒྱུད་སྡེ་ཟབ་མོའི་བཀའ་ལུང་ཐམས་ཅད་གནང་བས་མི་ལ་ཡང་བླ་མ་གཉིས་ཀ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བློ་ཁ་ཞེ་མེད་པར་སྐྱེས་སོ། །ཕྱིར་དགའ་སྟོན་གྱི་སྟོན་མོ་ཆེན་པོ་མཛད། དེའི་ཚོགས་གྲལ་དུ་རྗེ་མར་པས་མགུར་འདི་གསུངས་སོ། །
ན་མོ་བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ང་ཡི་བརྒྱུད་པ་རིན་ཆེན་ལ། །ཉེས་ལྟུང་མེད་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །གདམས་ངག་ཟབ་མོའི་ཉེ་ལམ་ལ། །ནོར་འཁྲུལ་མེད་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ང་རང་མར་པ་ལོཙྪ་ལ། །ཟབ་མོ་གནད་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བླ་མ་ཡི་དམ་མཁའ་འགྲོ་ལ། །བྱིན་རླབས་དངོས་གྲུབ་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་ཆེན་སློབ་མ་འཁོར་ཚོགས་ལ། །དད་པ་དམ་ཚིག་གི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཡོན་བདག་ཡུལ་མི་ཉེ་རིང་ལ། །མཐུན་རྐྱེན་ཚོགས་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ལས་དང་བྱ་བ་ཐམས་ཅད་ལ། །རོགས་དན་བྱང་ཆུབ་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །ཆད་མདོ་བཙན་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །འདིར་ཚོགས་ཁྲོམ་གྱི་ལྷ་མི་ལ། །བདེ་སྐྱིད་སྨོན་ལམ་གྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཅེས་གསུངས་སོ། །
དེ་ནས་རྔོག་ལ་བསྙེན་བཀུར་གནང་སྟེ་གྲྭ་ས་མང་པོ་ལ་ཆོས་བཤད་དགོས་པས་སོང་གསུང་། རྔོག་ཀྱང་ཉམས་དགའ་ནས་ལན་གཅིག་སྡོད་དགོས་སྙམ་ནས་ཡོད་ཙ། བཞུགས་མ་བཅུག་པར་མགྱོགས་སུ་བཏང་། སང་ཕོད་ང་ཡིས་ཇོ་སྲས་མདོ་སྡེ་འདི་འཚམས་འདོན་པའི་དུས་སུ་ཐམས་ཅད་འཚོག་པ་ཡིན་གསུང་། བླ་མའི་ཞལ་ནས། མི་ལ་ཁྱོད་འགྲོའམ་སྡོད་གསུང་། མི་ལས་ང་ལན་ཅིག་ཁོང་སྐྱེལ་དུ་འགྲོ་ཞུས་པ་ལ། འོ་ན་སྐྱེལ་དུ་སོང་ལ་རྔོག་ལ་མ་ཟེར་བར་ཕ་ཀི་གཞུང་དུ་ཕྱིན་ཙ་མ་སྡོད་ལ་ཤོག་གསུང་། དེ་ནས་མི་ལས་ཀྱང་རྔོག་བསྐྱལ་བ་ལ། ཕར་ལམ་རྔོག་གི་ཡོན་བདག་སློབ་རིས་རྣམས་གྱིས་སྣ་ལེན་བྱས་ཤིང་སོང་བ་དང་། གཞིར་ཕྱིན་ནས་སློབ་རིས་ཡོན་བདག་ཐམས་ཅད་ཀྱིས་སྣ་ལེན་ལ་ཡེངས་པས་ཟླ་བ་གཅིག་ཐོག །དེ་ནས་མི་ལས་བླ་མ་རྔོག་ལ། ང་བླ་མ་ལྷོ་བྲག་པའི་དྲུང་དུ་ལན་གཅིག་འགྲོ་ཞུས་པ་ལ། བླ་མ་དང་ཇོ་མོ་གཉིས་ཀྱིས་ད་འདིར་སྡོད་དང་ཁྱོད་སྐྱིད་པ་བྱ། ཁྱོད་སྒོམ་པས་ཆོག །ངེད་ཀྱིས་ཞབས་ཏོག་ལ་འབད། ངེད་ཀྱི་བསྟན་པ་ལ་ཡང་ཕན་གསུངས་པ་ལ། ང་ལན་ཅིག་འགྲོ་བར་ཞུ་ཞུས་པས། བླ་མ་དང་ཇོ་མོ་གཉིས་ཀྱིས་ཞལ་ནས། ལན་ཅིག་སོང་ལ་ཡང་འདིར་ཤོག་གསུང་ནས། དེར་མི་ལ་ཤད་ཀྱི་སོང་བས་ལྷོ་བྲག་དུ་བླ་མའི་དྲུང་དུ་ཕྱིན་པ་དང་། ཕྱག་འཚལ་བླ་མས་མི་ལ་ཁྱོད་ཕྱིན་ནམ་གསུང་ནས་དྲི་རྨེད་ཐམས་ཅད་བྱས། ཇོ་མོ་ཡང་ཤིན་ཏུ་མཉེས་ནས་ཁོང་ལ་བསྙེན་བཀུར་བྱས། དེ་ནས་ཕྱིར་ནང་བླ་མའི་ཞལ་ནས། ཇོ་མོ་ལ་ཁྱོད་རང་གི་མི་ལའི་མཆོད་པ་བཟང་པོ་གཅིག་གི་གྲབས་གྱིས་དང་། མི་ལའི་ཆོས་ཤིག་ཞག་བཅུ་བྱ་དགོས། དེའི་ཚེ་སློབ་མ་གྲ་པ་ཐམས་ཅད་ལ་བླ་མས་རྨང་ལམ་ངན་པས་ཞག་འགའ་རྨིང་བསྒྱུར་ཆོས་སྤྱོད་ཅིག་བྱེད་པས། སུ་ལ་ཡང་མ་འོང་གྱིས་ལ་མ་བསྙེན། ཁྱོད་ཀྱིས་ཀྱང་ངེད་གཉིས་ལ་ཟ་མ་བུག་པ་ནང་དུ་ཡར་བྱིན། ངེད་གཉིས་མཚམས་ཤིག་གཅོད་པ་ཡིན་གསུང་། ཇོ་མོས་ཀྱང་དེ་ལྟར་བྱས་ནས་ཤ་ཆང་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་གྲབས་བྱས་ནས་མཆོད་པ་བཤམས་ནས། དང་པོའི་ནུབ་མོ་ས་ཆོག །གཉིས་པ་སྟ་གོན། གསུམ་པ་དངོས་གཞི། ནུབ་བཞི་པ་ལ་བཏང་རག་བྱས་ནས་དབང་དང་བྱིན་རླབས། གཉིས་སྤྲུགས་མཛད། དེའི་ཕྱི་དེ་ནུབ་མོ་གཏང་རག་གི་མཆོད་པ་ཆེན་པོ་བཤམས་ནས་ཚོགས་ཐོན་པའི་ཐོ་རངས་ཁར། དཔལ་འཁོར་ལོ་སྡོམ་པའི་ནང་གིས་ལྷ་ཚོགས་དང་། ཞིང་སྐྱོང་གི་ཌཱཀྐི་མ་སུམ་ཅུ་སོ་གཉིས་དང་། རིག་མའི་ལྷ་མོ་བཅུ་དྲུག །མཆོད་པའི་ལྷ་མོ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བཞུགས་པ་སྐད་ཅིག་ཡུད་ཙམ་ལ་ཞལ་གཟིགས། དེ་ཉིད་ཀྱི་དུས་སུ་བླ་མ་དང་ཌཱཀྐི་མས་རྗེས་སུ་གནང་བའི་གསང་མཚན་དཔལ་བཞད་པའི་རྡོ་རྗེ་ཞེས་བྱའོ། །བུ་དེ་དེ་ཡིན་ཏེ་དེ་ཉིད་མིན། ང་ལ་འདི་འདྲའི་གདམས་ངག་ཡོད། མཁའ་འགྲོ་མ་དང་ཏེ་ལོ་པ་བླ་མ་ན་རོ་པ་དང་ང་ལ་ཡང་གཅིག་བརྒྱུད་ཡིན། འདི་མདོ་སྡེ་ལ་སྦྱིན་སྙམ། མདོ་སྡེ་ཁྱོད་གཉིས་སྣོད་ལྡན་དུ་འདུག །ཁྱེད་གཉིས་ཀྱང་གནམ་ས་འགྲན་དུ་མ་བཏུབ། མཁའ་འགྲོ་མ་ཐམས་ཅད་ཁྱོད་ལ་དགའ་བར་འདུག་པས། ད་གདམས་ངག་འདི་ཁྱོད་ལ་སྦྱིན་དགོས། དེ་ནས་ཁྱོད་ཀྱིས་ཀྱང་མདོ་སྡེ་ལ་སོགས་པ་གཅིག་ལ་བྱིན། སྣོད་དང་མི་ལྡན་པ་སུ་ཐོད་ཐོད་ལ་མ་སྦྱིན་གསུང་ནས་བཀའ་རྒྱ་དམ་པར་མཛད། དེ་ནས་སྙན་བརྒྱུད་ཚོ་རིམ་པར་ཁྲིགས་ཀྱིས་བཤད་ནས་ཚར་བར་བྱས། གཞན་ཡང་རྒྱུད་འགྲེལ་མན་ངག་དུ་མ་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་མཛད། ཁྱད་པར་དུ་ཡེ་ཤེས་ཌཱཀྐིའི་ཐུགས་ཁ་ནས་ཕྱུང་པའི་གདམས་པ་ཆོས་དྲུག་བསྲེ་འཕོའི་མན་ངག་ཞིབ་རྒྱས་སུ་གནང་། གཞན་ཡང་ཐབས་ལམ་གྱི་གདམས་ངག་མང་པོ་བྱིན་ནས་ཐམས་ཅད་རྫོགས་པར་བྱས་ནས། རྗེ་ཏེ་ལོ་པ་ལ་ཡེ་ཤེས་ཀྱི་ཌཱཀྐི་མས་བླ་མ་ན་རོ་པ་ཆེན་པོ་ལུང་བསྟན། དཔལ་ན་རོ་པ་ལ་རྗེ་ཏེ་ལོ་པ་ཆེན་པོས་ཁོ་བོ་ལུང་བསྟན་པ་ཡིན། ཁོ་བོ་ལ་ཡང་དཔལ་ན་རོ་པ་ཆེན་པོས་གདུལ་བྱ་སྣོད་དང་ལྡན་པ་ཁྱོད་ལུང་བསྟན་པ་ཡིན་ཞེས་གསུངས།
དེའི་ཚེ་མི་ལས་འོ་ན་རྗེ་བཙུན་ཆེན་པོས་བདག་དྲུང་དུ་སླེབ་པའི་ཚེ་གཅེས་པར་སྐྱོང་བར་མ་མཛད། ཡུན་དང་ཡུན་དུ་ཆོས་ཀྱང་མ་གནང་། འཕྲུ་བྱེད་པ་དང་། སྐུ་མཁར་དགུ་ཐོག་པ་བརྩིགས་པ་ལ་སོགས་པ་འདི་དག་དགོས་པ་ཅི་ལགས་ཞུས་པས། རྗེ་མར་པའི་ཞལ་ནས་ཡང་དེང་སང་གི་དུས་ལྟ་བུ་ཡིན་ན་ཅི་ལྟར་བྱས་ཀྱང་བཏུབ་དེ། ཕྱི་རབས་ཀྱི་དུས་སུ་སློབ་མ་ངན་པས་བླ་མ་གནད་ལ་འབེབས་པའི་དུས་འོང་སྟེ། དེ་ལྟ་བུ་དགག་པའི་ཕྱིར་ཁོ་བོས་ཁྱོད་ལ་དེ་ལྟར་བསྟན་པ་ཡིན་ནོ། །བུ་ཁྱོད་ཀྱང་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བའི་ལས་ཅན་གྱི་སྐྱེས་བུ་ཡིན་ཅིང་། གནས་གསུམ་གྱི་མཁའ་འགྲོ་མ་ཐམས་ཅད་ཀྱང་ཁྱོད་ཁོ་ན་ལ་དགའ་ནས་འཚོག་པར་འདུག་སྟེ། ངའི་བཀའ་ཟུར་གཅིག་བཅག་པའི་ཉེས་པ་བརྒྱུད་པ་ལ་འོང་བར་འདུག་གསུངས། དེ་ཇི་ལྟར་ལགས་ཞུས་ཀྱང་། བུ་ཁྱོད་ཀྱི་མཁར་དགུ་ཐོག་བརྩིགས་པ་དེའི་བར་མ་བཞག་པར་ཚར་བར་བྱས་ན། ཁྱོད་རང་དང་རྟོགས་པ་ཡོན་ཏན་མཉམ་པའི་བརྒྱུད་པ་དགུའི་བར་བྱིན་གྱིས་རླབས་པར་འདུག་པ་ལ། ད་བརྒྱུད་པ་བདུན་ཁྱོད་རང་དང་མཉམ་པ་འོང་། བརྒྱུད་པ་གཉིས་ཀྱིས་བར་དུ་སྤྱོད་པ་རྩིང་པོ་འགའ་རེ་འབྱུང་གསུང་། འོ་ན་བདག་གི་རྡོ་ཁུར་ནས་བརྩིག་ན་འོང་ལགས་སམ་ཞུས་པས། མི་འོང་སྟེ་ཁྱོད་ཀྱིས་ང་ལས་དད་ཅན་དུ་མཐོང་བ་དང་། རྟེན་འབྲེལ་གྱི་འགྲིག་ཚུལ་དང་སེམས་ཅན་སོ་སོའི་ལས་ཡིན་གསུང་།
དེ་ནས་བླ་མའི་ཕྱག་མི་ལའི་སྤྱི་བོར་བཞག་སྟེ། དད་ལྡན་མོས་གུས་ལྡན་པ་ལ། །འོད་གསལ་བ་ནི་རྒྱུན་ཆད་མེད། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །དོན་གཉིས་མཁྱེན་པ་དུ་མ་འཆར། །ཐེག་པའི་མཐར་ཐུག་སྙིང་པོའི་དོན། །མཐའ་བྲལ་ཡིད་ལ་མི་བྱེད་པ། །འོད་གསལ་རྒྱུན་ཆད་མེད་བསྒོམ་ན། །བར་དོའི་སྣང་བ་དེ་ལ་མེད། །གཞན་དོན་གཟུགས་སྐུ་སྣ་ཚོགས་འཆར། །ཞེས་གསུངས་ཏེ་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་ཐོབ་པར་ལུང་བསྟན་པའོ། །
དེ་ནས་བླ་མ་མར་པ་ལ་མི་ལ་རས་པས་མཉམ་བཞག་རྗེས་ཐོབ་ལམ་གྱི་དུས་སུ་ནི་ཅི་ལྟར་བགྱི་ཞུས་པས་མགུར་འདི་གསུངས་སོ། །
ཐ་མལ་གྱི་དུས་སུ་སྲོག་རྩོལ་སྒོམ། །བཙན་ཐབས་སུ་བགྱིད་ཅིང་བགྱིད་ཅིང་སྒོམ། །འབྱུང་བཞི་འཁྲུགས་ཀྱང་ཉམ་མི་ང་། །བོགས་འདོད་དུ་ཤེས་པའི་གདམས་ངག་ཞིག་བདོག །གཉིད་ཀྱི་དུས་སུ་འོད་གསལ་སྒོམ། །སྣང་བ་སྡུད་ཅིང་སྡུད་ཅིང་སྒོམ། །གཏི་མུག་ཏུ་སོང་ཡང་ཉམ་མི་ང་། །ཆོས་སྐུར་ཤེས་པའི་གདེང་ཞིག་བདོག །རྨི་ལམ་གྱི་དུས་སུ་སྒྱུ་ལུས་སྒོམ། །སྣང་བ་སྤྲོ་ཞིང་སྤྲོ་ཞིང་སྒོམ། །རྣམ་རྟོག་ཏུ་སོང་ཡང་ཉམ་མི་ང་། །ཟུང་འཇུག་ཏུ་ཤེས་པའི་གདེང་ཞིག་ཡོད། །ཐབས་ལམ་གྱི་དུས་སུ་གཞན་ལུས་བརྟེན། །བདེ་བ་སྒོམ་ཞིང་སྒོམ་ཞིང་སྒོམ། །ཆགས་པར་སོང་ཡང་ཉམ་མི་ང་། །ལྷན་སྐྱེས་སུ་ཤེས་པའི་གདེང་ཞིག་བདོག །འཆི་བའི་དུས་སུ་འཕོ་བ་སྒོམ། །སྦྱོངས་ཤིང་སྦྱོངས་ཤིང་འཕོ་བ་བགྱི། །འཆི་ལྟས་བྱུང་ཡང་ཉམ་མི་ང་། །བཙན་ཐབས་སུ་འཕོ་བའི་གདེང་ཞིག་བདོག །ལུས་སེམས་བྲལ་ནས་བར་དོ་འཛིན། །བར་དོ་སྤྲིན་དང་ན་བུན་འདྲ། །འོད་གསལ་གཞན་སྣང་དུ་སོང་ཡང་ཉམ་མི་ང་། །སྔར་འདྲིས་མི་འཕྲད་ལྟ་བུའི་གདེང་ཞིག་བདོག །གདེང་དྲུག་འདི་དང་མ་བྲལ་ན། །ཁམས་གསུམ་འཁོར་བར་འཁྱམས་ཡང་ཉམ་མི་ང་། །ཞེས་གསུངས་སོ། །
དེ་ནས་ཡང་སྐབས་ཅིག་ཏུ་རྔོག་གིས་སྙན་དྲིལ་ཡིད་བཞིན་ནོར་བུ་ཞུ་ཞུས་པས། ང་ལ་སྙན་དྲིལ་ཞུ་ན་འབུལ་བ་དགོས་གསུངས་པ་ལ། འབུལ་བ་ནོར་ལུག་ཐམས་ཅད་དེད་ནས་འོང་སྟེ་ཕུལ་བ་ལ་འབུལ་བ་ཆུང་གསུངས་པ་ལ། བླ་མ་ལགས། ངའི་ཞོལ་མོ་རྒན་མོ་དེ་ནི་ནོར་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་མ་ཐོན་ལགས་ཞུས་པས། འོ་ན་ང་ཡི་སྙན་དྲིལ་ཡང་ཆོས་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་ཐོབ་གཅིག་ལ་མི་ཐོན་གསུངས་པས། ཞོལ་མོ་ཐག་རིང་བྱས་ནས་འོང་སྟེ། འོ་ན་ད་འོང་བ་རང་གིས་ཆོག །ང་ལ་ཞོལ་མོ་འདིས་བྱེད་རྒྱུ་མེད་དེ། ཆོས་ཀྱི་གཟུགས་མེད་ན་ཆོས་ཤི་བ་ཡིན་པ་གོ་བར་མཛོད། ལར་ངའི་གདམས་ངག་འདི་རྣམས་འཇིག་རྟེན་བློས་བཏང་བའི་མི་ལས་འབུལ་བ་ལེན་དུ་མི་རུང་། སྒོམ་ནུས་ན་འབུལ་བ་ཐམས་ཅད་ཞོར་ལ་འོང་བ་ཡིན། ཚེ་འདིས་མིག་བྲིད་པའི་སྐྱེ་བོ་ལ་བསྟན་མི་རུང་། ཁྱེད་རྔོག་ལྟ་བུ་རེ་རེ་ལ་ནི་བསྐལ་པ་དུ་མར་ཚོགས་བསགས་པའི་ལས་ལྡན་ཡིན་པས། གཞན་ལ་དེ་བཞིན་དུ་མི་བཏུབ་གསུངས་ཏེ། སྙན་ནས་སྙན་དྲིལ་བཏོན་ནས་རྔོག་དང་མི་ལ་གཉིས་ལ་གནང་སྟེ་མཉེས་པར་མཛད་དོ། །
དེ་ནས་ཡང་ལན་གཅིག་གིས་ཚེ་མེས་སྟོན་ཚོན་པོ་དང་། མཚུར་སྟོན་དབང་ངེ་དང་། གཞུང་གི་རྔོག་སྟོན་ཆོས་རྡོར་དང་། གུང་ཐང་གི་མི་ལ་རས་པ་བཞི་བུ་ཆེ་བ་བཞི་ཡིན་པ་ལ། གཞན་དང་མི་འདྲ་བའི་གདམས་ངག་དང་། དབང་བསྐུར་ཟབ་མོ་མཛད་དེ། ནམ་སྟོད་ལ་དབང་མཛད། ནམ་སྨད་ལ་སྒོམ་མཛད། སྔ་དྲོ་ཆོས་བཤད། དགོང་མོ་སྒོམ་མཛད་ཅིང་བཞུགས་པ་ལ། ནུབ་ཅིག་བདག་མེད་མའི་ཟབ་དབང་མཛད་པའི་ཐོ་རངས་ཁ་ཞིག་བུ་ཆེན་རྣམས་ཅི་མཛད་གཟིགས་པས། གཙང་རོང་གི་མེས་སྟོན་ཚོན་པོས་འོད་གསལ་སྒོམ་ཞིང་བཞུགས་པས། བདག་ལ་འོད་གསལ་བུམ་ནང་གི་མར་མེ་འདྲ་བ་གཅིག་ཡོད་དེ་འདིས་ཁྱེར་བར་འདུག་དགོངས། དོལ་གྱི་མཚུར་སྟོན་དབང་ངེ་དེས་འཕོ་བ་སྒོམ་ཞིང་འདུག་པས། བདག་ལ་འཕོ་བ་སྐར་ཁུང་དུ་མདའ་འཕང་བ་ཅིག་ཡོད་པ་དེ་འདིས་ཁྱེར་བར་འདུག་དགོངས། གཞུང་གི་རྔོག་སྟོན་ཆོས་རྡོར་དེས་དཔེ་ལ་གཟིགས་ཤིང་འདུག་པས། བདག་ལ་བཤད་རྒྱུད་ཆུ་བོའི་གཞུང་དང་འདྲ་བ་ཅིག་ཡོད་པ་དེས་འདིས་ཁྱེར་བར་འདུག་དགོངས། མི་ལ་རས་པས་རླུང་འཛིན་ཞིང་འདུག་པས་བདག་ལ་གཏུམ་མོ་སྡོང་སྐམ་ལ་མེ་འབར་བ་འདྲ་བ་ཅིག་ཡོད་པ་དེ་འདིས་ཁྱེར་བ་འདུག་དགོངས་ཏེ། གྲུབ་ཐོབ་ཅིག་དེ་འདི་ལ་འོང་བར་འདུག་དགོངས་སོ། །དེ་ནས་མི་ལ་ལ་འགོལ་སར་ཇོ་མོ་ལ་བུའི་ཚོགས་འཁོར་བཤོམ་ཤིག་གསུང་། སྙན་བརྒྱུད་བརྡའི་དབང་བཞི་དང་། གཏུམ་མོ་གནད་ཀྱི་གདམས་ངག་སྲོག་རྩོལ། བསྲེ་འཕོ་སྙན་རྒྱུད་ཀྱི་མན་ངག །རིམ་ལྔ་དམར་ཁྲིད་ལ་སོགས་པ་རྣམས་ལེགས་པར་ངོ་སྤྲད་དེ། སྦ་སྲི་དང་ཁ་ཞེ་མེད་པར་གནང་ནས་མགུར་འདི་གསུངས་སོ། །
ན་མོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །བསམ་པའི་གདམས་ངག་དེ་ཀ་ཉིད། །མང་པོ་ཐོས་འདོད་གཡེང་བའི་རྒྱུ། །གནད་ཀྱི་གདམས་ངག་སེམས་ལ་འཆང་། །དེ་དེ་མང་ཡང་འདི་ཉིད་མེད། །སྡོང་བུ་མང་ཡང་འབྲས་བུ་མེད། །ཡོན་ཏན་མང་ཡང་དོན་བསྟན་མེད། །དེ་སྔ་བསླབ་ཡང་འདི་མཐོང་མེད། །བཤད་རྒྱུད་མང་ཡང་ཕན་པ་མེད། །ཕན་སྙིང་ལ་ཐོགས་པ་དམ་པའི་ནོར། །ནོར་ཕྱུག་པོ་འདོད་ན་འདི་ལ་དྲིལ། །ཆོས་ཉོན་མོངས་འདུལ་བ་ཐབས་ཀྱི་མཆོག །ལམ་བཙན་ས་ཟིན་པ་འདི་ལ་དྲིལ། །སེམས་ཁོ་ཐག་ཆོད་པ་ཆོག་ཤེས་ཀྱི་དཔོན། །དཔོན་བཟང་པོ་འདོད་ན་འདི་ལ་དྲིལ། །འཁོར་བ་ལ་ངུ་བྲོའི་སྒྱིད་ལུག་སྐྱུར། །མི་མེད་རྫ་བྲག་ཕ་ཡི་མཁར། །གྲོགས་མེད་གཅིག་པུ་ལྷ་ཡི་ལུས། །སེམས་ལ་སེམས་ཞོན་ཆད་མེད་རྟ། །རང་ལུས་དགོན་པ་ལྷ་ཡི་ཁང་། །ཡེངས་མེད་དགེ་སྦྱོར་སྨན་གྱི་མཆོག །དོན་དང་ལྡན་པའི་སྐྱེས་བུ་ལ། །དོན་ལ་ཐོགས་མེད་ཀྱི་གདམས་ངག་སྦྱིན། །ང་དང་གདམས་ངག་ཁྱོད་དང་གསུམ། །མ་རུལ་མ་སད་མ་སྐམ་པར། །བུ་ཡི་ལག་ཏུ་བཞག་པ་འདིས། །འབྲས་བུ་ལོ་འདབ་རྒྱས་པར་ཤོག །ཅེས་གསུངས་ཏེ། ངའི་གདམས་ངག་འདི་ཇོ་སྲས་མདོ་སྡེ་འདྲ་བ་རེ་རེ་མིན་པ་ལ་སྦྱིན་དུ་མི་རུང་བ་ལ། གང་ཡིན་ལ་མ་སྦྱིན་གསུང་ནས་བཀའ་རྒྱས་བཏབ་བོ། །ད་ཁྱོད་ལྷོ་བྲག་རྟ་ཉའི་ཕུག་ཏུ་སྒོམ་དུ་སོང་གསུང་། མི་ལ་རྟ་ཉའི་ཕུག་པར་བྱོན་ཏེ་ཐུགས་དམ་མཛད་པའི་ཚེ། ཉིན་ཅིག་གི་སྐབས་སུ་ཉམས་དགའ་བ་དང་ཏིང་ངེ་འཛིན་ངང་གིས་རྒྱུད་ལ་སྐྱེ་མྱུར་བའི་དུས་གཅིག་བྱུང་བ་དང་། བླ་དབྱེའི་མཐོང་སུ་སྤྲ་བའི་འབོལ་ཆུང་བཏིང་ནས་སྒོམ་ཞིང་ཡོད་པའི་དུས་སུ། མཁའ་འགྲོ་མ་མ་ཧཱ་སུ་ཁ་སིདྡྷི་ཞེས་བྱ་བ། བུ་མོ་ལོ་བཅུ་དྲུག་གི་ན་ཚོད་ཙམ་ཞིག་གིས་ཕྱག་གཡས་ཌཱ་མ་རུ་འཁྲོལ་བ། གཡོན་སྦ་དཀར་གྱི་བེར་མ་ལྕག་ལ་དར་སྣ་ལྔས་བརྒྱན་ནས་མཁའ་འགྲོ་མ་དབང་དུ་སྡུད་པའི་བརྡ་རུ་གཡབ་པ་ཞིག་བྱོན། རྗེ་བཙུན་ལ་རྣལ་འབྱོར་པ་ཁོ་དེ་བསྒོམ་པས་སངས་རྒྱས་པ་ཕྱག་རྒྱ་ཆེན་པོ་དང་། མ་བསྒོམ་པར་སངས་རྒྱས་པ་བསྲེ་བ་དང་འཕོ་བ་གྲོང་འཇུག་གི་གདམས་པ་ཁྱད་པར་ཅན་ཡོད་པ་ཡིན་ཏེ། ཁྱོད་ལ་དེ་གཉིས་གང་ཡོད་པ་ཡིན་གསུངས་པ་ལ། རྗེ་བཙུན་གྱི་ཐུགས་དགོངས་ལ། མཁའ་འགྲོ་མའི་ལུང་སྟོན་ཡིན་ནམ། ཚེ་རིང་མའི་བར་ཆད་ཡིན་དགོངས་ནས། སྤྱན་ཅེ་རེ་ལེགས་པར་གཟིགས་པས། བར་སྣང་ལ་འཇའ་ཡལ་བ་བཞིན་སོང་བ་ལ། རྗེ་བཙུན་གྱི་ཐུགས་དགོངས་ལ། བསྒོམ་པས་སངས་རྒྱས་པ་ཕྱག་རྒྱ་ཆེན་པོ་ང་རང་གིས་བསྒོམ་པ་འདི་ཡིན། མ་བསྒོམ་པར་སངས་རྒྱས་པའི་གདམས་པ་བླ་མ་ལ་ཡོད་དེ་འོང་དགོངས་ནས། སྙན་རྒྱུད་ཀྱི་བེའུ་བུམ་གཅིག་ཡོད་པ་དང་། གཏོར་གཞོང་གཅིག་དང་། ཀ་པ་ལ་རྣམས་དྲྭ་བར་བཅུག་ནས་རྒྱབ་ཏུ་ཁུར། གཙོད་རུ་ནག་ཆུང་ཕྱག་ཏུ་བཟུང་། རས་གོས་སྐུ་ལ་གསོལ་ནས། བླ་མའི་དྲུང་དུ་བྱོན་པ་ལ། ཇོ་མོ་ཆུ་ལེན་བྱུང་བ་དང་འཕྲད་པས་ཐུགས་ཀྱི་དགོངས་པ་སྔ་མ་བེམ་སྟོང་དང་འཕྲད་ལུགས་ཀྱི་མ་བསྒོམ་པར་སངས་རྒྱས་པའི་གདམས་པ་མེད་དམ་སྙམ། རྟོག་པ་ཕྱི་མ་ལ་སྟོང་པར་འགྲོ་བའི་དཔེ་མེད་པས་གདམས་པ་རང་ཡོད་དགོངས་པ་བྱུང་། དེ་ནས་ཇོ་མོ་དང་འགྲོགས་ནས་བླ་མའི་དྲུང་དུ་བྱོན་ནས། ཁྱད་པར་གྱི་འཕོ་བའི་གདམས་པ་ཞུས་པས། ཕྱག་དཔེ་ཐམས་ཅད་ལ་གཟིགས་པས་ཀྱང་མི་འདུག །སྙན་ནས་སྙན་དྲིལ་བཏོན་ནས་གཟིགས་པས་ཀྱང་མི་འདུག་པ་དང་། ཁོ་བོ་རྒྱ་གར་དུ་འགྲོའོ་གསུང་ནས་རྒྱ་གར་དུ་གཤེགས། མི་ལས་ཡུམ་སྲས་ཀྱི་གཡོག་མཛད་ནས་བཞུགས། བླ་མ་ཆེན་པོ་རྒྱ་གར་དུ་ཕྱག་ཕེབས། རྗེ་ན་རོ་པ་དང་མཇལ། ཡི་དམ་ལྷའི་ཞལ་མཐོང་། འཕོ་བའི་གདམས་པ་ཐམས་ཅད་བཀའ་ཐོབ་ལུང་ཐོབ་ཏུ་མཛད། རྐང་མགྱོགས་ཀྱི་དངོས་གྲུབ་གནང་། གཞན་ཡང་ཆོས་གདམས་ངག་མང་དུ་གནང་། ལུང་བསྟན་དང་རྗེས་སུ་གནང་བའི་མགུར་ཡང་མང་དུ་གསུང་། དེ་ནས་རྒྱ་གར་ནས་བོད་དུ་ཚུར་བྱོན། ལོ་གཅིག་མ་ལོན་ཙམ་ནས་བླ་མ་ཆེན་པོ་ཕྱག་ཕེབས། ཇོ་མོས་བསུ་བ་མཛད། དེ་ནས་བླ་མ་མར་པ་རྔོག་གིས་གདན་དྲངས་ནས་ཆོས་གསུངས་པའི་དུས་སུ། རྒྱུན་མཆོད་ཀྱི་ཤ་མ་རྙེད་པ་ལ། བླ་མའི་ཞལ་ནས། ཁྱོད་ལ་ལུག་མེད་དམ་གསུང་། ཡང་ཡང་ཞུས་ཀྱང་དེ་ལྟར་གསུངས་པས། ངའི་བླ་མ་འདི་མུ་སྟེགས་པ་ཅིག་མིན་ན་རུང་སྙམ་པ་སྐྱེས། དེར་ལུག་དོན་པོ་གཅིག་ཡོད་པ་བསྒྲལ་བའི་སྙིང་དེ་མྱུར་དུ་ཁྱེར་ཤོག་གསུངས་པས། མདུན་དུ་བཞག་པས་ཕྱག་དེ་གདེངས་ནས། སྤྱན་ཟིམ་མེ་བཞུགས་པ་དང་། ཡུད་པ་ཞིག་ནས་ཐག་ཟེར་ནས་སྙིང་དེ་ནམ་མཁའ་ལ་ཡར་ནས་འཇའ་མཚོན་སྤུང་ངེ་སོང་ངོ་། །བླ་མའི་ཞལ་ནས། ང་ལ་མ་བསྒོམ་པར་སངས་རྒྱས་པའི་གདམས་ངག་འཕོ་བ་དེ་ལྟ་བུ་ཡོད་པ་ཡིན་གསུང་། དེ་ནས་ཆོས་ཚར་བ་དང་། བླ་མ་ཕར་སྐྱེལ་བ་ལ་ཆིབས་པ་དང་འདོ་ལི་གང་ཡང་མ་མཛད་ནས་ཁར་ཉིན་ལོག་ལྟ་སྐྱེས་པ་དེའི་སྒྲིབ་སྦྱོངས་ལ་རྔོག་ཡབ་ཡུམ་གྱིས་ཕྲག་པ་ལ་ཁུར་ནས་ཚུར་ཕྱག་ཕེབས། དེའི་ཕྱི་ལོ་ཇོ་སྲས་དར་མ་མདོ་སྡེ་སྐུ་གཤེགས། དེའི་ལོ་དུས་ཀྱི་མཆོད་པའི་ནུབ་མོ་མི་ལས། བླ་མ་ཆེན་པོའི་དྲུང་དུ་བཞུགས་ནས། བླ་མ་ཆེན་པོ་ལགས། སྲས་འགྲན་ཟླ་དང་བྲལ་བ་དེ་གདུལ་བྱ་རྣམས་ཀྱི་བསོད་ནམས་ལ་མ་ཤོང་། ད་ཆོས་བརྒྱུད་འདི་གང་གིས་འཛིན། གང་དང་གང་དུ་ཇི་ལྟར་དར་གསུང་བར་ཞུ་ཞུས་པས། བུ་ཁྱོད་རང་རྨི་ལམ་རྟོག་དང་གསལ་བར་འོང་གི་གསུང་། དེར་དེ་ནུབ་མི་ལའི་རྨི་ལམ་དུ་ཕྱོགས་བཞིར་ཀ་བ་ཆེན་པོ་བཞི་བཙུགས། དེ་རྣམས་ཀྱི་སྟེང་དུ་སེང་གེ་མཆོང་བ་དང་། སྟག་མོ་ངར་བ་དང་། ཁྱུང་ཆེན་འཕུར་བ་དང་། རྒོད་པོ་ལྡིང་བ་རྣམས་བྱུང་སྟེ། མནལ་སད་པ་དང་བླ་མ་ཆེན་པོ་ལ་ཕྱག་འཚལ་ནས་མཎྜལ་ཕུལ་ཏེ། རྨི་ལམ་བརྡ་མཐོང་གི་ཞུ་དོན་གླུ་འདི་ཕུལ་ལོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་རྡོ་རྗེ་འཆང་། །རྒྱལ་བ་སྲས་བཅས་སྐུ་འཁོར་ལ། །གུས་པ་མཆོག་གིས་སྐྱབས་སུ་མཆི། །མདང་ཐམ་ཐུམ་ལོག་པའི་རྨི་ལམ་དུ། །ཉི་མ་ཤར་དུ་ཀ་ཆེན་གཅིག་བཙུགས་པ་རྨིས། །ཀ་ཐོག་ཏུ་སེང་ཆེན་འགྱིང་བ་རྨིས། །གཡུ་རལ་མཐའ་ནས་རྒྱས་པ་རྨིས། །གངས་དཀར་ལྟོངས་སུ་འཕྱོ་བ་རྨིས། །ཤར་རྨི་ལམ་མི་ངན་རྨི་ལམ་བཟང་། །རྗེ་རིན་པོ་ཆེ་ལ་ཞུས་པ་ལགས། །ཉི་མ་ལྷོ་རུ་ཀ་ཆེན་གཅིག་བཙུགས་པ་རྨིས། །ཀ་ཐོག་ཏུ་སྟག་མོ་ངར་བ་རྨིས། །སྟག་གྲྭ་འཛོམ་མཐའ་ནས་རྒྱས་པ་རྨིས། །ཁོང་འཛུམ་ལན་གསུམ་བྱས་པ་རྨིས། །ཐང་ཤིང་རྒྱུད་ལ་སྦྲེལ་བ་རྨིས། །ནགས་མའི་གསེབ་དུ་འཕྱོ་བ་རྨིས། །ལྷོར་རྨི་ལམ་མི་ངན་རྨི་ལམ་བཟང་། །རྗེ་རིན་པོ་ཆེ་ལ་ཞུ་བ་ལགས། །ཉི་མ་ནུབ་ཏུ་ཀ་ཆེན་གཅིག་བཙུགས་པ་རྨིས། །ཀ་ཐོག་ཏུ་ཁྱུང་ཆེན་ལྡིང་བ་རྨིས། །ཁྱུང་རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །བྱ་སྤུ་གནམ་དུ་གཟིངས་པ་རྨིས། །བྱ་མིག་གྱེན་དུ་བལྟ་བ་རྨིས། །ནམ་མཁའི་དབྱིངས་སུ་འཕུར་བ་རྨིས། །ནུབ་རྨི་ལམ་མི་ངན་རྨི་ལམ་བཟང་། །རྗེ་རིན་པོ་ཆེ་ལ་ཞུ་བ་ལགས། །ཉི་མ་བྱང་དུ་ཀ་ཆེན་གཅིག་བཙུགས་པ་རྨིས། །ཀ་ཐོག་ཏུ་རྒོད་པོ་ལྡིང་བ་རྨིས། །རྒོད་རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །རྒོད་སྤུ་གནམ་དུ་གཟེངས་པ་རྨིས། །རྒོད་ཚང་བྲག་ལ་བཅས་པ་རྨིས། །བྱ་བྲན་གྱིས་ནམ་མཁའ་གང་བ་རྨིས། །རྒོད་དེ་ལ་བུ་ཅིག་སྐྱེས་པ་རྨིས། །རྒོད་ནམ་མཁའི་དབྱིངས་སུ་འཕུར་བ་རྨིས། །བྱང་རྨི་ལམ་མི་ངན་རྨི་ལམ་བཟང་། །རྗེ་རིན་པོ་ཆེ་ལ་ཞུས་པ་ལགས། །
ཞེས་ཞུས་པས། བླ་མའི་ཞལ་ནས། བུ་སློབ་ཐམས་ཅད་བོས་ཤོག་གསུངས་ཏེ་ཐམས་ཅད་འདུས་པའི་ཚེ། མདང་མི་ལ་རས་པའི་རྨི་ལམ་ལ་ཀ་ཆེན་བཞི་བཙུགས་པ་རྨིས་ཟེར། དེ་ཁོ་བོས་བཤད་ཀྱི་ཉོན་ཅིག་ཅེས་ཀ་བཞི་ངོ་སྤྲོད་གྱིས་མགུར་འདི་གསུངས་སོ། །
ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་དེ། །དོལ་གྱི་མཚུར་སྟོན་དབང་ངེ་ཡིན། །ཀ་ཐོག་ཏུ་སེང་གེ་འགྱིང་བ་དེ། །ཁོང་མི་གཞི་སེང་དང་འདྲ་བ་ཡིན། །གཡུ་རལ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་པ་ཐོབ་པ་ཡིན། །གངས་དཀར་ལྟོངས་སུ་འཕྱོ་བ་དེ། །གདམས་ངག་བརྒྱུད་པ་ཟིན་པ་ཡིན། །རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་དེ། །གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན། །ཀ་ཐོག་ཏུ་སྟག་མོ་ངར་བ་དེ། །ཁོང་མི་གཞི་སྟག་དང་འདྲ་བ་ཡིན། །གྲྭ་འཛུམ་མཐའ་ནས་རྒྱས་པ་དེ། །རྒྱུད་སྡེ་ཉན་བཤད་བྱས་པ་ཡིན། །ཁོང་འཛུམ་ལན་གསུམ་བྱས་པ་དེ། །བཤད་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། །ཐང་ཤིང་རྒྱུད་ལ་སྦྲེལ་བ་དེ། །བུ་ཚ་བོས་བརྒྱུད་པ་ཟིན་པ་ཡིན། །ནགས་མའི་གསེབ་ཏུ་འཕྱོ་བ་དེ། །ཐར་པའི་ཞིང་དུ་གཤེགས་པ་ཡིན། །རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་དེ། །གཙང་རོང་གི་མེས་སྟོན་ཚོན་པོ་ཡིན། །ཀ་ཐོག་ཏུ་ཁྱུང་ཆེན་ལྡིང་བ་དེ། །ཁོང་མི་གཞི་ཁྱུང་དང་འདྲ་བ་ཡིན། །རྩེ་སྒྲོ་མཐའ་ནས་རྒྱས་པ་དེ། །ནང་གི་ཡོན་ཏན་རྒྱས་པ་ཡིན། །བྱ་སྤུ་གནམ་དུ་གཟིངས་པ་དེ། །གདམས་ངག་བརྒྱུད་པ་ཟིན་པ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །ནམ་མཁའི་མཐོངས་སུ་འཕུར་བ་དེ། །ཐར་པའི་ལམ་སྣ་ཟིན་པ་ཡིན། །རྨི་ལམ་མི་ངན་རྨི་ལམ་བཟང་། །བྱང་དུ་ཀ་ཆེན་བཙུགས་པ་དེ། །ཁྱོད་གུང་ཐང་གིས་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ། །ཁྱོད་མི་གཞི་རྒོད་དང་འདྲ་པ་ཡིན། །དང་སྒྲོ་མཐའ་ནས་རྒྱས་པ་དེ། །ལྟ་བའི་གདར་ཤ་ཆོད་པ་ཡིན། །བྱ་སྤུ་གནམ་དུ་གཟེངས་པ་དེ། །རླུང་སྲོག་རྩོལ་གནད་དུ་ཚུད་པ་ཡིན། །རྒོད་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་བས་སྲ་བ་ཡིན། །བྱ་བྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། །རྒོད་དེ་ལས་བུ་གཅིག་སྐྱེས་པ་དེ། །འགྲན་གྱིས་དོ་མེད་པ་གཅིག་འོང་བ་ཡིན། །བུ་སློབ་མ་བས་ཀྱང་ཡང་སློབ་བཟང་། །ཁྲོམ་ཆེ་ལ་ཇེ་བཟང་ཇེ་བཟང་འགྲོ། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། །ང་མི་རྒན་ཁ་ལ་གཏད་ཡོད་ན། །ཆོས་སྒྲུབ་བརྒྱུད་བསྟན་པ་དར་ཏེ་མཆི། །
ཞེས་གསུངས་ཏེ། ཁོ་བོ་ནི་ན་རོ་པ་ཆེན་པོས་ལུང་བསྟན་ཅི་ལྟ་བ་བཞིན་དུ་དར་མ་མདོ་སྡེ་ནི་མེད། ད་ཁྱེད་རྣམས་འགྲོ་དོན་འཕེལ་ཞིང་བསྟན་པ་དར་བ་འོང་སྟེ། ཁྱེད་རང་རྣམས་ཚོགས་འཁོར་གྱིས་ཤིག །ངས་ཆོས་ཀྱི་ཕས་ཕོག་བྱའོ་གསུང་། དེར་ཐམས་ཅད་ཀྱིས་ཚོགས་ཀྱི་འཁོར་ལོ་བཤམས་ཤིང་གསོལ་བ་བཏབ་པས། བླ་མའི་ཞལ་ནས། གཞུང་གི་རྔོག་སྟོན་ཆོས་རྡོར་ལ་བཤད་རྒྱུད་མུ་ཏིག་གཙར་ལ་བརྒྱུས་པ་ལྟ་བུའི་གདམས་ངག་གནང་། གྲྭ་སློབ་སྐྱོངས་ཤིག་གསུང་། དོལ་གྱི་མཚུར་སྟོན་དབང་ངེ་ལ་འཕོ་བ་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུའི་གདམས་ངག་གནང་། འགྲོ་དོན་གྱིས་ཤིག་གསུང་། རྩང་རོང་གི་མེས་སྟོན་ཚོན་པོ་ལ་འོད་གསལ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་གདམས་ངག་གནང་། བར་དོ་ཆོད་ཅིག་གསུང་། མི་ལའི་ཐུགས་ཁར་ཕྱག་འཁར་གཏད་དེ། གཏུམ་མོ་ཤིང་གཤགས་ལ་མེ་སྦར་བ་ལྟ་བུའི་གདམས་ངག་གནང་། གངས་ཁྲོད་འགྲིམས་ཤིག་གསུངས།
ད་མི་ལ་ངེད་གཉིས་མཚམས་ལ་སྡོད་གསུངས་ནས་སྐུ་མཚམས་མཛད། མཚམས་ཁུང་དུ་བླ་མས་ཆོས་གསུང་སྟེ། གཞན་རྣམས་ལ་གདམས་པ་སྣ་རེ་ལས་མ་བྱིན། ཁྱོད་ལ་ཁོ་བོས་གདམས་ངག་བུམ་པ་གང་བྱོ་བྱིན་ཡོད་པས་ཉམས་སུ་ལོངས་ཤིག་གསུང་། དེར་མི་ལས་བླ་མ་དང་ཉེ་བ་ཅིག་ཏུ་བསྒྲུབ་པ་མཛད་པས། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས། བླ་མ་ཡབ་ཡུམ་གྱིས་ཤིན་ཏུ་ཐུགས་ལ་བཏགས་སོ། །
དེ་ལྟར་མི་ལས་བླ་མའི་དྲུང་དུ་ལོ་མང་དུ་བཞུགས་ཏེ། ཤིན་ཏུ་འཕངས་པའི་ལུས་དང་སྲོག་ལའང་ལྟོས་པ་མེད་པར་བླ་མ་བསྟེན། བླ་མ་མཉེས་པས་རྒྱུད་གདམས་ངག་མ་ལུས་པ་རྫོགས་པར་གནང་། སྔོན་སྦྱང་གི་ལས་འཕྲོ་སད་པས་ཉམས་ཕུལ་དུ་ཕྱིན་པ་སྐྱེས་ཏེ། དེའང་བླ་མའི་སྐུ་དྲིན་དུ་དགོངས་ནས། ད་བདག་གིས་བླ་མ་སྐུ་དྲིན་ཅན་ཡབ་ཡུམ་ལ་ནོར་རྫས་དངོས་པོའི་ཞབས་ཏོག་ནི་བདག་ལ་མེད། དབེན་པའི་གནས་སུ་བསྒྲུབ་པའི་ཞབས་ཏོག་གིས་མཉེས་པར་བྱའོ་དགོངས་ཤིང་ཡོད་པ་ལ། ནུབ་གཅིག་རྨང་ལམ་ན། ཌཱཀྐི་མ་བུད་མེད་ཀྱི་ཆ་བྱད་དུ་བྱས་པ་གཅིག་གི་ཞལ་ནས། ཁྱོད་ལྷོ་བལ་གྱི་མཚམས་སུ་སོང་ཞིག་དང་། ཌཱཀྐིའི་བྱིན་རླབས་འཇུག་ཅིང་གྲུབ་ཐག་ཉེ་བར་འོང་ངོ་། །ཞེས་རས་དཀར་པོ་ཞིག་ནམ་མཁའ་ལ་དཔྱངས་པ་རྨིས། ཡང་དེའི་རྗེས་སུ་མནལ་ཐུན་གཅིག་གི་རྨི་ལམ་ན། འཁྲུངས་ཡུལ་དུ་ཕེབས་པས་ཡུམ་འདས། ཁང་པ་ཞིག །སྲིང་མོ་འཁྱར་བ་ཅིག་རྨིས་ནས། ཡུན་དུ་མ་འཕྲད་པའི་སྟོབས་ཀྱིས་མང་དུ་བཤུམ་པས་མནལ་སད་ཙ་སྔས་སྤྱན་ཆབ་ཀྱིས་བང་བ་ཙམ་བྱུང་སྟེ། སྐྱོ་བ་ལ་བཟོད་བླག་མེད་པ་བྱུང་། དེར་མཚམས་སྒོ་ཕྱེ་ནས་ནམ་ལངས་པ་དང་། བླ་མའི་དྲུང་དུ་བྱོན་ཙ་བླ་མ་མནལ་དུ་གདའ་བའི་ཞབས་ལ་ཕྱག་བྱས་ཏེ། ཞུ་དོན་འདི་གླུ་རུ་ཕུལ་ལོ། །
རྗེ་མི་བསྐྱོད་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་གཏོང་བར་ཞུ། །ཡུལ་ངན་རྩྭ་ཡི་ཀོ་རོན་ན། །ཉེ་བ་དགྲར་ལང་གི་མ་མད་གསུམ། །སོ་སོར་གྱེས་ནས་ལོ་འགའ་སོང་། །སྤྲང་ལན་གཅིག་ཡུལ་དུ་གཏོང་བར་ཞུ། །ཞེས་ཞུས་པ་དང་། བླ་མ་ཆེན་པོ་རྣལ་སད་པ་དང་། གཟིམ་ཁང་དུ་ཉི་མ་ཤར་བ་དང་། ཡུམ་གྱིས་བཞེས་པ་འདྲེན་དུ་བྱོན་པ་རྣམས་འཛོམས་ཏེ། བླ་མའི་ཞལ་ནས་བུ་ཁྱོད་མཚམས་དམ་པོར་ཡོད་པ་ཧར་འདོན་བྱེད་པའི་ལུགས་མེད། སྒོ་ང་མའི་དྲོད་ལ་སྐྱེ་བ་ཡིན། ཡུལ་དུ་འགྲོ་ལོང་ཡོད་སྒྲུབ་པ་གྱིས། ལར་བུ་ཁྱོད་ལ་འཕྲེང་བ་ཡུལ་ན་མེད། མཚམས་ཧར་འདོན་བྱེད་པ་ཅི་ཡིན་གསུངས་པས། མི་ལ་རས་པས་མགུར་ལ་སྔ་བ་གཙང་ཡར་འགྲོའི་མགུར་འདི་ཕུལ་ལོ། །
རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་གཏོང་བར་ཞུ། །ཡུལ་ངན་རྩ་ཡི་ཀོ་རོན་ན། །ནོར་ལུས་པ་བྱ་བ་མི་གདའ་སྟེ། །སེམས་ལ་འཕྲེང་བ་འདི་རྣམས་ཡོད། །ཡི་དམ་དཀོན་བརྩེགས་བརྒྱད་དུམ་དེ། །དུས་ད་ལྟ་བཞུགས་སམ་མི་བཞུགས་བལྟ། །ཨ་མ་ལུས་ཀྱི་སྒྲོམ་བུ་དེ། །དུས་ད་ལྟ་འགུམ་མམ་མ་འགུམ་བལྟ། །སྲིང་མོ་པྲེ་ཏ་དཔལ་འདྲེན་དེ། །དུས་ད་ལྟ་ཤི་འམ་མ་ཤི་ལྟ། །ལས་ཀྱིས་བསྐོས་པའི་ལེགས་སེ་དེ། །ཁྱིམ་སོ་ཟིན་ནམ་མ་ཟིན་བལྟ། །ཁྱིམ་མཚེས་ཨ་ཁུ་གཡུང་དཔལ་དེ། །དུས་ད་ལྟ་ཤི་འམ་མ་ཤི་བལྟ། །ཨ་ནེ་ཁྱུང་ཟ་དཔལ་འདྲེན་དེ། །དུས་ད་ལྟ་སྐྱིད་དམ་མི་སྐྱིད་བལྟ། །ཁང་པ་ཀ་བཞི་གདུང་དྲུག་དེ། །དུས་ད་ལྟ་འགྱེལ་ལམ་མི་འགྱེལ་བལྟ། །བཙན་མཁར་ཟུར་བཞི་ལོགས་བརྒྱད་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་ལྟ། །གཞོང་ཞིང་འོར་མོ་གྲུ་གསུམ་དེ། །འཇག་སྐྱ་འཕྱུར་རམ་མ་འཕྱུར་བལྟ། །བླ་མཆོད་དཀོར་གཉེར་ལྷ་འབུམ་དེ། །དུས་ད་ལྟ་སྐུ་ཁམས་ཨེ་བཟང་ལྟ། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །བདག་ལན་གཅིག་ཡུལ་དུ་འགྲོ་བ་ལ། །སྐྱེལ་མ་དང་བསུ་མ་ཐམས་ཅད་མཛོད། །བར་ཆད་རྐྱེན་ངན་གྱིས་བཟློག་པ་མཛོད། །ལུས་ངག་དང་བསམ་པའི་སྲུང་མ་མཛོད། །སྨོན་ལམ་དང་ཐུགས་ཁུར་གྱིས་རྟེན་འབྲེལ་མཛོད། །ཐུགས་རྗེ་དང་ནུས་པའི་དབང་བསྐུར་མཛོད། །རྒྱུད་ལུང་དང་མན་ངག་གིས་རྒྱབ་རྟེན་མཛོད། །ཚེ་རིང་དང་ནད་མེད་ཀྱི་བཀྲ་ཤིས་མཛོད། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་ཞུས་པས།
ང་རང་ཡུལ་དུ་འགྲོ་འདོད་པས་འགྲོ་ལགས་ཞུས་པས། ད་རུང་ཁྱོད་ཞག་ཁ་ཡར་ཞིག་ལ་མ་འགྲོ་དང་། ངས་རྟེན་འབྲེལ་ཟབ་མོ་སྒྲིག་རྒྱུ་ཡོད་གསུངས་ཏེ། དེ་ནས་ཉིན་ཅིག་བླ་མའི་དྲུང་ནས། ད་ཁྱོད་འགྲོ་ན་ཡང་སོང་ལ་སྒོམ། རྒྱ་གར་དུ་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡོད་པ་ལ་བཞི་ངས་བླངས་པ་ཡིན། ལྔ་ད་རུང་ཡོད་པས་ན་རོའི་བུ་བརྒྱུད་གཅིག་སོང་ན་ལོན་པར་ཡོད་པས། ཁྱོད་འགྲོ་ནུས་ན་སེམས་ཅན་ལ་ཕན་པས་སོང་། སྒྲུབ་པ་ལ་ནུས་ན་བླ་མའི་ཞབས་ཏོག་དང་། ཕ་མའི་དྲིན་ལན། སེམས་ཅན་གྱི་འགྲོ་དོན་ཐམས་ཅད་དུས་གཅིག་ལ་འགྲུབ་པ་ཡིན། སྒྲུབ་པ་མ་ནུས་ན་ཚེ་རིང་པོ་བསྡད་ཀྱང་དགོས་པ་མེད། ཚེ་ངན་རིང་དང་ལས་ངན་དབང་ལ་མ་སོང་བ་ལ་འབུངས་ཤིག །བུ་ཁྱོད་ཕྱིན་ཡང་ཨ་མ་དང་ནི་མི་འཕྲད་པར་འདུག །སྲིང་མོ་དབུས་གཙང་གི་ཕྱོགས་འདིར་འོང་ནས་ལོ་མང་པོ་རེད་འདུག །འགྲོ་ན་བཏང་བས་ཆོག་གི །ལར་ཁྱོད་ནང་དུ་འོང་བ་དང་ང་གཉིད་སོང་བ་གཉིས་ཕྲད་པས། ངེད་རང་ཕ་བུ་གཉིས་ཕྱིས་མི་འཕྲད་པར་འདུག །འོན་ཀྱང་མཁའ་ལ་ཉི་མ་ཤར་བ་དེ་བཀའ་བརྒྱུད་ཀྱི་བསྟན་པ་ཟླ་བ་ཡར་གྱི་ངོ་བཞིན་ཁྱོད་ཀྱིས་དར་བ་ཅིག་འོང་བར་འདུག །ཡུམ་བཞེས་པ་འདྲེན་བྱུང་བ་དང་འཛོམས་པས་བུ་ཁྱོད་ཕྱིས་བསམ་གཏན་ཟས་ཀྱིས་འཚོ་བ་ཅིག་འོང་བར་འདུག །ལར་ཁོ་བོས་རྒྱ་གར་ནས་དཀའ་ལས་བྱས་པའི་ཆོས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་བྱིན་ཟིན། ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ཙམ་དུ་ངོ་སྤྲོད་པས་བུ་ཁྱོད་ཀྱིས་ཀྱང་དེ་ལྟར་ཤེས་པར་གྱིས་ཤིག །ཡུལ་དུ་ཡང་ཞག་བདུན་ལས་ལྷག་པར་མ་སྡོད། རྩ་རླུང་ཐབས་ལམ་གྱི་གདམས་ངག་རྣམས་བཀའ་རྒྱས་ཐོབ་ལ་མང་པོ་ལ་མ་སྤེལ། གནས་གཡའ་ཁྲོད་དང་གངས་ཁྲོད་ཁོ་ན་འགྲིམས། སྐབས་སུ་ལན་གཅིག་རྩ་རླུང་གི་གེགས་ཅུང་ཟད་ཅིག་འོང་བར་འདུག །དེ་ཙམ་ན་འདི་ལ་ལྟོས་ཤིག་ཅེས་ཤོག་དྲིལ་རྒྱས་བཏབ་པ་ཞིག་གནང་། དེ་ཚུན་ལ་མ་བལྟ་ཡང་དང་ཡང་དུ་དྲན་པར་གྱིས་ཤིང་འབུངས། ངས་ཀྱང་ཁྱོད་ཡང་དང་ཡང་དུ་དྲན་པར་བྱེད། དྲན་རེས་མ་འཛོལ་ན་ངེད་རང་གཉིས་འཛོལ་བའི་ཐབས་མེད་པ་ཡིན་གསུང་བ་རྣམས་ཀྱིས་སེམས་ལ་ཕན་ཏེ་སྙིང་ལ་བཅག་ཤ་ལ་བྲད་པ་ཞིག་བྱུང་བས། ཕྱིས་སྒྲུབ་པ་ལ་སྙིང་རུས་བྱེད་དུས་ཀྱང་གསུང་རེ་རེ་དྲན་ཅིང་ཡང་སྒོམ་ཤེད་ཇེ་ཆེར་སོང་སྐད། དེ་ནས་མི་ལ་འགྲོ་ཟེར་ནས། བདག་མེད་མས་མི་རྟག་པའི་ཉམས་དབྱངས་མང་པོ་མཛད་དེ། མཐུ་ཆེན་ལ་འདི་སྐད་གསུངས་སོ། །ཁྱོད་སྙིང་རུས་ཅན་གྱིས་སྡུག་བསྲན་ཅན། །ཕྱི་ཐག་རིང་ཞིང་ངང་རིང་པོ། །སྐལ་བ་ཅན་གྱི་བུ་ཁྱོད་ཀྱིས། །བླ་མའི་བདུད་རྩི་ཡེ་ཤེས་ཆང་། །ངོམས་པར་འཐུང་ལ་བཞུད་པར་ཞུ། །ཕ་དང་མ་གཉིས་མ་བརྗེད་པར། །གསོལ་བ་འོ་འདོད་ཡང་ཡང་བོས། །སྙིང་ལ་ཕན་པའི་གདམས་ངག་ཡོད། །འགྲངས་པར་ཟོ་ལ་བཞུད་པར་ཞུ། །དྲིན་དང་ཕན་པ་མ་བརྗེད་པར། །བཀའ་དྲིན་བསམ་ཞིང་སྙིང་རུས་མཛོད། །མཁའ་འགྲོའི་ཁ་རླངས་ཟབ་མོའི་གོས། །དྲོ་བར་གྱོན་ལ་བཞུད་པར་ཞུ། །མ་ནུས་སེམས་ན་མ་བརྗེད་པར། །རང་སེམས་བྱང་ཆུབ་ལམ་ལ་ཚུད། །སྐལ་བ་བཟང་མོ་བདག་མེད་མས། །བུ་ལ་སྙིང་གཏམ་བསྐུལ་བསྐུལ་བས། །བུས་ཀྱང་མ་བརྗེད་སྙིང་ལ་ཟུངས། །མས་ཀྱང་ཡི་དམ་མགོན་དུ་སྐྱབས། །སེམས་ཡིད་མཐུན་པའི་མ་བུ་གཉིས། །ཨུ་རྒྱན་ཡུལ་དུ་མཇལ་བར་ཤོག །དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །ཅེས་གསུངས་པས་མི་ལ་དགའ་སྟེ། ངས་ད་རུང་ཆོས་ཤིག་མི་བྱེད་རེ་ཨེ་ཀོ་བསམ་པ་བྱུང་ངོ་། །
དེ་ནས་བླ་མ་དང་ཇོ་མོས་ཐུགས་ལ་བཏགས་ཤིང་གདམས་ངག་ཐམས་ཅད་རྫོགས་པས། འོ་མཐུ་ཆེན་ཡིད་གཉིས་དང་ཐེ་ཚོམ་མི་དགོས། ཁྱོད་ལ་ཡང་ང་བཤེས། ང་ལ་ཡང་ཁྱོད་བཤེས། ཆོས་ནུས་ན་ང་ཡང་གང་ནས་དགའ་དང་འདི་ནས་དགའ་མེད་པར་དགའ། ཁྱོད་ལ་ཡང་གང་ནས་སྐྱིད་དང་འདི་ནས་སྐྱིད་མེད་པར་རེམ་ཞིག་རེམ་ཞིག་གསུངས་ཏེ། རྗེ་མར་པས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ལས་བྱ་བ་ཆོས་དང་མཐུན་པའི་བུ། །ལུས་སྤྲུལ་སྐུ་སངས་རྒྱས་འགྲུབ་པར་ཤོག །ངག་རྡོ་རྗེའི་བཟླས་པ་བདུད་རྩིའི་རོ། །རྟེན་འབྲེལ་ལོངས་སྐུ་འགྲུབ་པར་ཤོག །སེམས་རྩ་བ་བྱང་ཆུབ་སྡོང་པོ་ལ། །ཆོས་སྐུའི་ལོ་འདབ་རྒྱས་པར་ཤོག །བླ་མའི་བཀའ་ཚིག་རྡོ་རྗེའི་གསུང་། །སྙིང་ལ་བརྗེད་མེད་གནས་པར་ཤོག །ཡི་དམ་མཁའ་འགྲོའི་བྱིན་རླབས་དེ། །སྲོག་གི་རྩ་བར་གནས་པར་ཤོག །ཆོས་སྐྱོང་སྲུང་མའི་རྒྱབ་རྟེན་དེ། །འབྲལ་བ་མེད་པར་སྐྱོང་བར་ཤོག །རྟེན་འབྲེལ་ཟབ་མོའི་སྨོན་ལམ་དེ། །མྱུར་བ་ཉིད་དུ་འགྲུབ་པར་ཤོག །ཆོས་མཛད་ཀུན་གྱི་བྱ་བ་དེ། །དུས་རྣམས་ཀུན་ཏུ་འཛིན་པར་ཤོག །ཁྱོད་གཙང་སིལ་མ་ལ་ཡི་ལ་ཐོག་ཏུ། །བསྟན་མ་བཅུ་གཉིས་ཀྱི་བསུ་མ་ཡོད། །སང་ཉིན་འགྲོ་བའི་ལམ་ཀ་ན། །དཔའ་བོ་མཁའ་འགྲོའི་སྐྱེལ་མ་ཡོད། །ཕ་ཡུལ་ཞེན་པའི་འཁོར་ཞིང་ན། །མི་རྟག་སྒྱུ་མའི་དམ་ཆོས་ཡོད། །ཨ་ནི་སྲིང་མོའི་ཉེ་འཁོར་ན། །སྒྱུ་མ་ཞིག་པའི་གདམས་ངག་ཡོད། །མི་མེད་ལུང་པའི་བྲག་ཕུག་ན། །འཁོར་འདས་བརྗེ་བའི་ཚོང་འདུས་ཡོད། །སྙིང་རུས་ལུས་ཀྱི་དགོན་པ་ན། །ལྷ་བདེ་གཤེགས་འདུས་པའི་མཆོད་ཁང་ཡོད། །ན་མེད་ཟྭ་ཡི་ཚོགས་འཁོར་ལ། །མཁའ་འགྲོ་མཉེས་པའི་བདུད་རྩི་ཡོད། །འཁྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཡུལ་མི་རྩིས་ཆུང་བའི་རང་ཡུལ་དེར། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །མཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟགས་མྱུར་དུ་མཐོང་བའི་སྒྲོན་མེ་ཡོད། །ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་བ་ལྷ་ཡི་ཕ་འབབ་ཡོད། །གྲིབ་དྭངས་པ་ལྷ་ཡི་གཞལ་ཡས་ན། །རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། །ངོ་ལྐོག་མེད་པའི་ལྷ་ཆོས་ལ། །དམ་ཚིག་གཙང་མའི་ཕྲིན་ལས་ཡོད། །བཀའ་བཞིན་བསྒྲུབ་པའི་སོ་ནམ་ལ། །དངོས་གྲུབ་ཀུན་གྱི་གཏེར་ཁ་ཡོད། །དམ་ཆོས་མཁའ་འགྲོའི་སྲོག་སྙིང་ལ། །འཁོར་འདས་གཉིས་ཀྱི་གྱེས་སོ་ཡོད། །མར་པ་ལོ་ཙྪའི་བུ་བརྒྱུད་ལ། །གདམས་ངག་མང་པོའི་ཡང་སྒོ་ཡོད། །མི་ལ་རས་པའི་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། །བུ་དམ་ཆོས་སྙིང་ནས་བྱེད་པ་ལ། །ང་ཡི་ཤེས་ཚད་ཁྱོད་ལ་སྤུག །ངས་ནོར་ཕྱིར་དམ་ཆོས་ག་ལ་གཏོང་། །ཚུལ་བཞིན་ཉམས་སུ་ལེན་པའི་མིས། །རྨི་ལམ་དུ་ཡང་ག་ལ་རྙེད། །བུ་ཁྱོད་ནོར་མེད་དམ་ཆོས་ཚོལ། །ཚོལ་ས་མ་ནོར་ང་དང་འཕྲད། །ངས་སྙིང་གཏམ་དྲིལ་ནས་བཤད་གྱུར་ན། །ན་རོ་མཱཻ་ཏྲིའི་གདམས་ངག་འདི། །གཞན་ལ་ཕན་ཕྱིར་དཀའ་བ་སྤྱད། །རང་གི་དོན་དང་ནོར་ཕྱིར་དུ། །དམ་ཆོས་བླང་ན་ང་ལ་སྡིག །བུ་སྙིང་ནས་ང་ལ་ཉོན་དང་ལོ། །སྙིང་ནས་དམ་ཆོས་ལོང་དང་ལོ། །འཁོར་བའི་སྡུག་བསྔལ་སོམ་དང་ལོ། །འཇིག་རྟེན་བློ་ཡིས་ཐོང་དང་ལོ། །སྙིང་ནས་དམ་ཆོས་བྱེད་གྱུར་ན། །རྒྱུད་སྡེའི་མཁྱེན་རྒྱ་མ་འཚལ་གྱིས། །གདམས་ངག་ཉམས་སུ་ལོང་ལ་སྒོམ། །བུ་འཇིག་རྟེན་བློ་ཡིས་མ་ཐོངས་པར། །ཚེ་འདིའི་བྱ་བ་དམ་པའི་ཆོས། །བསྲེས་ན་ཆོས་དེ་ཤོར་བ་ཡིན། །བུ་ཡིས་འཁོར་བའི་སྡུག་བསྔལ་སོམས། །འཁོར་བའི་རང་བཞིན་འདི་རང་ཞེས། །བདག་གིས་ལྕེ་བརྒྱར་རབ་སྤྲུལ་ནས། །བསྐལ་བ་བྱེ་བ་བསམ་ཡས་སུ། །བཤད་ཀྱང་བརྗོད་ཀྱིས་མི་ལང་བས། །ངས་བཤད་དམ་ཆོས་ཆུད་མ་གསན། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact