Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (4)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །སྲིང་མོས་གདུང་སེམས་ཡི་མུག་ལུས། །སྐྱིད་སྡུག་གང་ཡང་མི་རྟག་པས། །དབྱངས་འདི་ལ་དར་གཅིག་གསན་པར་ཞུ། །ངའི་གནས་ལ་བལྟས་ན་རི་དང་འདྲ། །མི་གཞན་གྱིས་མཐོང་ན་སྙིང་རླུང་ལྡང་། །ང་ཡི་ཟས་ལ་བལྟས་ན་དུད་འགྲོ་འདྲ། །མི་གཞན་གྱིས་མཐོང་ན་སྐྱུག་བྲོ་ལྟ། །ངའི་ལུས་ལ་བལྟས་ན་ཀེང་རུས་འདྲ། །དགྲ་སྡང་བས་མཐོང་ན་མཆི་མ་འཆོར། །ང་ཡི་སྤྱོད་པ་ལ་བལྟས་ན་སྨྱོན་པ་འདྲ། །ཁྱོད་སྲིང་མོས་བསམ་ཞིང་ཡི་མུག་སྐྱེས། །ངའི་སེམས་ལ་བལྟས་ན་སངས་རྒྱས་དངོས། །བླ་མ་གོང་མས་གཟིགས་ན་སྤྲོ་བ་སྐྱེ། །ང་ཡི་འོག་ཏུ་རྡོ་བའི་གྲམ་བཅལ་ལ། །ཤ་པགས་པ་འབིགས་པའི་སྙིང་རུས་བྱས། །ལུས་ཕྱི་ནང་ཟྭ་ཡི་རང་བཞིན་ལ། །མདོག་སྔོན་པོ་ཅིག་ལ་འགྱུར་བ་མེད། །མི་མེད་བྲག་གིས་ཕུག་པ་ན། །སྐྱོ་ཕྱོད་དེ་བ་ལ་སྐྱོ་འདྲི་མེད། །བླ་མ་དམ་པ་སངས་རྒྱས་ལ། །སྐྱོ་དུང་ངེ་བ་ལ་འབྲལ་བ་མེད། །ང་སྙིང་རུས་འདི་ཡི་ཆེ་ལུགས་ཀྱིས། །ཉམས་རྟོགས་པ་སྐྱེ་བར་ཐེ་ཚོམ་མེད། །པྲེ་ཏ་ཡི་མུག་མ་བྱེད་ཟྭ་ཚོད་ཚོས། །
ཞེས་གསུངས་ཏེ། སྲིང་མོ་ལ་ནི་འབུལ་རྒྱུ་མེད། མིང་པོ་ལ་ནི་གནང་རྒྱུ་མེད་པས། ཟྭ་འཚོད་དུ་བཅུག་པ་ལ་སྲིང་མོའི་བསམ་པ་ལ་ཨ་ནེས་ཚོགས་སོགས་བསྐྱལ་ཟེར་བས། དུམ་པ་ཅིག་ཨེ་ཡོད་བསམ་པས་ཟྭ་ལ་སྡོར་དགོས་ཞུས་པས། ཟྭ་ལ་སྡོར་ཡོད་ན་ཟས་ཡིན། ཟྭ་ཡི་སྡོར་ལ་ཟྭ་རང་ཐོབ་གསུང་། ཟྭ་ལ་ཡལ་དགོས་ཞུས་པས། ཟྭ་ལ་ཡལ་ཡོད་ན་ཟས་ཡིན་ཏེ། ཟྭའི་ཡལ་ལ་ཡང་ཟྭ་ཐོབ་གསུང་། ཟྭ་ལ་ཚྭ་དགོས་ཞུས་པས། ཟྭ་ལ་ཚྭ་ཡོད་ན་ཟས་ཡིན་ཏེ། ཟྭ་ཡི་ཚྭ་ལ་ཡང་ཟྭ་ཐོབ་གསུངས་ཏེ། སེམས་མི་བདེ་ཏིང་ངེ་བ་ལ་ཟྭ་ལན་གསུམ་བཏབ་ནས་དྲངས་པས། རྗེ་བཙུན་གྱིས་ཞིམ་ཤ་དང་བཅས་ནས་གསོལ། སྲིང་མོ་ནི་སྤྲང་མོ་ཡིན་ཡང་སྐྱུག་བྲོ་བ་ཅིག་བྱུང་ནས། ཡང་མཆི་མ་མང་པོ་ཤོར་ཞིང་འོ་སྐོལ་མིང་སྲིང་གིས་ཉིན་གཅིག་ཀྱང་ཚེ་མི་ཐོན་པར་འདུག་པས། ཁྱེད་རང་ཡང་བསོད་སྙོམས་དུམ་པ་མཛད་ན་ཞུས་ཙ། ངས་སྐྱབས་འགྲོ་དུམ་པ་ཨེ་འོང་བསམ་པས་བསོད་སྙོམས་བྱེད་ཐབས་མེད་བྱས་པས། འོ་ན་ཅུག་དྲག་བསམ་ནས་ཡིད་ཕྱོང་ངེ་བ་ཅིག་ལ་ཡུལ་དུ་འོང་ནས། ཕུ་རྒྱུག་མདའ་རྒྱུག་བྱས་པས་སྤྲང་ཕྱེ་དུམ་པ་ཅིག་རྙེད་པ་དེ་ཁྱེར་ནས་འོང་ཙ། ན་བཟའ་མེད་པར་སྔོ་ཧྲང་ཧྲང་འདུག་པས། ང་སྲིང་མོ་ལ་ཡང་ངོ་ཚ་མི་ཤེས་པར་འདུག །ད་མི་མིང་མི་འདུག་བྱས་པས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ངས་རྟག་ཏུ་མི་ཡུལ་འགྲིམ་འགྲིམས་ནས། །རང་ཡུལ་ངང་གིས་བརྗེད་དེ་ཐལ། །གཅིག་པུར་རི་ཁྲོད་འགྲིམ་འགྲིམས་ནས། །གྲོང་ཡུལ་ངང་གིས་བརྗེད་དེ་ཐལ། །སྤྲ་སྤྲེའུ་ཡི་རྩལ་ལ་བལྟས་བལྟས་པས། །བེལ་ལུག་ངང་གིས་བརྗེད་དེ་ཐལ། །བླ་མ་སྤྱི་བོར་བསྒོམ་བསྒོམ་ནས། །གཉེན་འདུན་ངང་གིས་བརྗེད་དེ་ཐལ། །ལྷ་ཆོས་ཡིད་ལ་བྱས་བྱས་ནས། །མི་ཆོས་ངང་གིས་བརྗེད་དེ་ཐལ། །ལུས་ལ་གཏུམ་མོ་སྤར་སྤར་ནས། །ལུས་གོས་ངང་གིས་བརྗེད་དེ་ཐལ། །ཟས་སུ་ཏིང་འཛིན་ཟོས་ཟོས་ནས། །ཤ་ཆང་ངང་གིས་བརྗེད་དེ་ཐལ། །འོད་གསལ་ཟུང་འཇུག་བསྒོམ་བསྒོམ་ནས། །སྤྲོས་བཅས་ངང་གིས་བརྗེད་དེ་ཐལ། །མི་རྟོག་ཡེ་ཤེས་བསྒོམ་བསྒོམ་ནས། །རྣམ་རྟོག་ངང་གིས་བརྗེད་དེ་ཐལ། །མེ་ཆ་རྣོན་པོ་བཟུང་བཟུང་ནས། །ཁྱིམ་མཚེས་ངང་གིས་བརྗེད་དེ་ཐལ། །སེམས་ལ་གང་བྱུང་བྱས་བྱས་ནས། །སྦ་གསང་ངང་གིས་བརྗེད་དེ་ཐལ། །གཅིག་པུར་བག་ཡངས་བྱས་བྱས་ནས། །ངོ་ཚ་ངང་གིས་བརྗེད་དེ་ཐལ། །འཇིག་རྟེན་སོ་ནམ་དུག་གི་རྫོང་། །དེ་ལ་རྣལ་འབྱོར་ཐར་ཐར་འདྲ། །
ཞེས་གསུང་པས། ཡང་སྲིང་མོ་སྤྲང་དུ་སོང་བའི་ལམ་ཁ་ན། བླ་མ་བ་རི་ལོཙྪ་བ་བྱ་བ་ལོངས་སྤྱོད་དང་ཐབ་ཀ་དང་རྟ་དང་བེར་ཐུལ་དང་། གདུགས་བསྐོར་ཞིང་ཆོས་གསུང་བའི་ཚོགས་གྲལ་དུ་སོང་བས། མིའི་ཆོས་པ་ལ་འདི་འདྲ་ཞིག་ཡོད་པ་ཡིན། ང་ཡི་མིང་པོ་ཚེ་མ་ཕྱིད་པའི་ཆོས་པས་ཅི་འོང་བསམ་པ་བྱུང་ནས་ཕུ་རྒྱུག་མདའ་རྒྱུག་བྱས་པས་རུ་བའི་མཚེར་མལ་དུ་བལ་དུམ་དང་། ཁྱི་སྤུ་ར་བལ་རྣམས་ལ་བྱས་པའི་སྣམ་བུ་སྲེ་བོ་ཅིག་ཐོན་པ་ཁྱེར་ནས་རྗེ་བཙུན་ལ་ཕུལ་ཏེ། མིའི་ཆོས་པ་བླ་མ་བ་རི་ལོཙྪ་བ་འདྲ་བ་ཞིག་དགོས་པ་ཡིན། མིང་པོའི་ཆོས་འདིས་ཅང་མི་འོང་བས། སྣམ་བུ་འདི་ལ་གོས་གྱིས་ཤིག་དང་། བླ་མ་བ་རི་བའི་ཉེ་གནས་ལ་འགྲོ་བྱས་པས་མགུར་འདི་གསུངས་སོ། །
རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྤྲང་པོས་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །གདུགས་ཡ་ཐོག་གསེར་གྱི་བུམ་ཆུང་དང་གཅིག །མ་ཐོག་དར་གྱི་ཤམ་བུ་དང་གཉིས། །བར་ན་རྨ་བྱའི་ལྡིང་ཁང་དང་གསུམ། །ཚོན་རྩི་སྣ་ལྔའི་གདུགས་རྩིབས་དང་བཞི། །འདི་བཞི་བསྐོར་ན་ང་འབུས་ཀྱང་འཁོར་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོང་ཤིག་པྲེ་ཏ་མ། །གྲོང་ལྟག་གི་དགོན་ཆུང་ཁྲ་མོ་དང་གཅིག །སྟོན་ཆུང་གསར་པའི་བཤད་སྟོན་དང་གཉིས། །ཡུ་མར་ཇ་ཡི་ཐབ་ཀ་དང་གསུམ། །བཙུན་ཆུང་གཞོན་ནུའི་ལག་བདེ་དང་བཞི། །འདི་བཞི་བསྐྱང་ན་ང་འབུས་ཀྱང་འོང་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པྲེ་ཏ་མ། །རག་དུང་སེར་པོ་ལྕགས་ཀྱི་ཁ་རྒྱན་དང་གཅིག །དེ་ལ་མཛེས་པའི་འབུད་ལུགས་དང་གཉིས། །ལྕེ་དབུགས་རྐན་གསུམ་འཛོམས་པའི་དུང་མཁན་དང་གསུམ། །མགོ་ནག་མི་ཡི་འདུ་འཛི་དང་བཞི། །འདི་བཞི་བསྒྲུབ་ན་ང་འབུས་ཀྱང་འོང་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པྲེ་ཏ་མ། །རྟ་ནག་བྲན་གྱི་མགོ་འཕང་མཐོ་དང་གཅིག །
དེ་ལ་མཛེས་པའི་དར་སྟན་དང་གཉིས། །སེང་ལྡེང་ཆུ་རིས་ཀྱི་སྒ་སྲབ་དང་གསུམ། །མདོ་བོང་ལྕགས་ཀྱི་གློ་ནན་དང་བཞི། །འདི་བཞི་བཙལ་ན་ང་འབུས་ཀྱང་རྙེད་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པྲེ་ཏ་མ། །མ་ཇོ་སྒོམ་མའི་ཚོགས་དཔོན་དང་གཅིག །མོ་བོན་རྩིས་གསུམ་གྱི་གྲོང་ཆོག་དང་གཉིས། །ཁ་ཟ་འདོད་འབར་བའི་ཚོགས་འཁོར་དང་གསུམ། །ཉ་མ་མགོ་སྐོར་གྱི་གླུ་ཆུང་དང་བཞི། །འདི་བཞི་བསྐོར་ན་ང་འབུས་ཀྱང་འཁོར་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པྲེ་ཏ་མ། །ས་མཁར་མཐོན་པོའི་བདག་པོ་དང་གཅིག །ཞིང་ལྷུ་མོ་བྲེད་པའི་རྨོ་རྐོ་དང་གཉིས། །ཕ་སྤུན་མཉམ་གཉིས་ཀྱི་འགྲན་སེམས་དང་གསུམ། །ཉེ་དུ་འབྲེལ་བའི་གདུང་སེམས་དང་བཞི། །འདི་བཞི་བྱས་ན་ང་འབུས་ཀྱང་འོང་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པྲེ་ཏ་མ། །གཉེན་ཉེ་དུའི་གདུང་སེམས་སེམས་ལ་གཟན། །ཕ་བླ་མའི་ཉེ་གནས་དགེ་སྦྱོར་སྤུར། །ཆོས་ལོང་ཡོད་ཀྱི་ཕྱི་བཤོལ་ལག་སྟོང་འགྲོ། །ཁྱོད་པྲེ་ཏའི་ཨ་ལྕམ་སྤྲང་དུ་སོང་། །ང་ན་མེད་ཀྱི་རྣལ་འབྱོར་དགེ་སྦྱོར་བྱེད། །
ཅེས་གསུངས་པས། དོན་ནི་ཡིན་ན་དགའ་སྟེ། ཨེ་ཡིན་ཨེ་ཡིན་ཟེར། དེ་ནས་སྲིང་མོ་སྤྲང་དུ་སོང་ནས་ཉིན་གཅིག་སྤྲང་ཕྱེ་དང་སིང་པོ་ཟོ་བ་གང་འོང་བ་ལ་ཚོགས་འཁོར་མཛད་དོ། །ད་དེ་སྲིང་མོ་ཁྱོད་ཀྱང་མ་འོང་གསུངས་ཏེ། མགུར་འདི་གསུངས་སོ། །
རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ང་སྐྱིད་པ་དགྲ་ཡིས་མ་ཚོར་ཞིང་། །སྡུག་པ་གཉེན་གྱིས་མ་ཚོར་བར། །རི་ཁྲོད་འདི་ན་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་གྲང་བ་ཕ་ཡིས་མ་ཚོར་ཞིང་། །ལྟོགས་པ་མ་ཡི་མ་ཚོར་བར། །རི་ཁྲོད་འདི་ན་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་རྒས་པ་གྲོགས་ཀྱིས་མ་ཚོར་ཞིང་། །ན་བ་སྲིང་མོས་མ་ཚོར་བར། །རི་ཁྲོད་འདི་ན་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་ཤི་བ་མི་ཡིས་མ་ཚོར་ཞིང་། །རོ་རུལ་བྱས་ཀྱང་མ་མཐོང་བར། །རི་ཁྲོད་འདི་ན་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ངའི་ཤ་རུས་ལ་སྦྲང་བུས་འཇིབ་པ་དང་། །རྩ་རྒྱུས་འབུ་ཡིས་ཟ་བ་རུ། །རི་ཁྲོད་འདི་ན་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་སྒོ་ན་མི་རྗེས་མེད་པ་དང་། །ནང་ནས་ཁྲག་རྗེས་མེད་པ་རུ། །རི་ཁྲོད་འདི་ན་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ངའི་རོ་ལ་ཁུར་མི་མེད་པ་དང་། །ཤི་བས་ངུ་མི་མེད་པ་རུ། །རི་ཁྲོད་འདི་ན་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་གར་སོང་འདྲི་མི་མེད་པ་དང་། །འདིར་སོང་གཏད་ར་མེད་པ་རུ། །རི་ཁྲོད་འདི་ན་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །མི་མེད་ལུང་པའི་བྲག་ཕུག་ཏུ། །སྤྲང་པོ་འཆི་བའི་སྨོན་ལམ་འདི། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་གསུངས་སོ། །
རྗེ་བཙུན་རང་ཡུལ་མཐོང་བའི་ལམ་ཀ་ཞིག་ཏུ་ཕྱིན་པས། རྩས་མ་བརྔ་བདོ་བ་གཟིགས་པས། དེར་འགྲོ་སེམས་ཅིག་བྱུང་ནས་བྱོན་པ་དང་། སྟོན་མོ་བྱེད་པ་ཅིག་ཏུ་ཕྱིན་ཙ་ན་མི་ཅིག་གིས་མི་ལ་ཐོས་པ་དགའ་ཟེར་བ་དེས་གྲུབ་པ་ཐོབ་འདུག་ཟེར་ནས་གཏམ་འཆད་ཅིང་འདུག་པས། རྗེ་བཙུན་གྱི་ཐུགས་ལ་སྔར་ང་ལ་དེ་ཙམ་གྱིས་བསྟོད་པ་གཏོང་མི་མེད་དེ། ད་ངས་ཁྱོ་ཟེར་བའི་ཡོན་ཏན་དེ་བས་ལྷག་པའི་གོ་ཆ་མ་གྱོན་རེ་སྙམ་པའི་ཞེན་བཅད་དམ་པོ་མཛད་དེ་དམ་བཅའི་མགུར་འདི་གསུངས་སོ། །
ངས་དམ་ཆོས་རོ་མཆོག་མ་མྱོང་བར། །ཕྱི་རོལ་ཡུལ་ལ་སེམས་འཇུག་རེ། །སྒྲ་སྒྱུར་གསུང་བཞིན་མ་གྲུབ་པར། །ཡུལ་དུ་ལྟོ་ཕྱིར་བདག་འགྲོ་རེ། །ཐབས་ལམ་ཀློང་དུ་མ་ཚུད་བར། །བརྟུལ་ཞུགས་སྤྱོད་པ་ཕྱིར་གཏོང་རེ། །ན་རོའི་གདམ་པ་རྗེས་གནང་བས། །ངས་བཀའ་བརྒྱུད་བསྟན་པ་མི་འཛིན་རེ། །ཐོག་མར་སྨོན་འཇུག་གནང་བ་བཞིན། །རང་དོན་དམ་ཆོས་བདག་བྱེད་རེ། །མར་པའི་གསང་སྤྱོད་ལྷུན་གྲུབ་འདི། །ངས་བོད་དུ་དར་བར་མི་བྱེད་རེ། །བླ་མ་ང་ལ་མགུ་བ་བཞིན། །ད་ལྟ་འབད་པས་མི་སྒྲུབ་རེ། །
ཞེས་གསུང་ནས་ཐུགས་དམ་ལ་གོ་ཆ་གྱོན་ཏེ། ད་འགྲོ་དགོས་སྙམ་པ་དང་རྩ་ན་མི་རྒད་པོ་ཅིག་འདུག་པ་ན་རེ། ཐོས་པ་དགའ་ཟེར་བ་འདི་ཡིན་ནམ། འདིའི་སོ་དང་དཔྲལ་པར་ཞང་པོ་ཤེས་རབ་རྒྱལ་མཚན་འདྲ་ཟེར་བས། ཁོང་བྲོས་ནས་ཕྱིན། དེའི་དུས་སུ་ཅར་རྟག་ཞེས་བྱ་བའི་ཆུ་ཆེན་པོ་ལ་མི་བྱིང་བར་བཞུད་པ་དང་། རས་ཉི་ཟེར་ལ་འགེལ་བ་དང། བོན་པོ་ཞིག་གིས་ཤེལ་གྱི་མཆོད་རྟེན་དུ་མཐོང་བ་དང་། འཇམ་དཔལ་དུ་མཐོང་བ་དང་། ཡེ་མ་མཐོང་བ་དང་། གནས་གཞི་ཞིག་གི་རྩེ་ལ་ཐོགས་རྡུགས་མེད་པར་གཤེགས་པ་ལ་སོགས་པ་སྙན་གྲགས་ཀྱིས་ཐམས་ཅད་དུ་ཁྱབ་བོ། །
ཡང་ཉིན་ཅིག་ཁྱི་སྒྲ་ཆེན་པོ་གསན་ཏེ་གཟིགས་པས། ཁྱི་ར་བ་མང་པོས་རི་དྭགས་བསད་པ་དང་འཕྲད། ཁྱོད་སུ་ཡིན་ཟེར་བ་ལ་རྒྱུ་མཚན་གསུངས་པས་དད་པ་བྱས་ཏེ་ཤ་མང་པོ་ཕུལ། ཡང་ལན་ཅིག་སྐྱེ་རང་བའི་ཁྱི་ར་བ་མི་གསུམ་བྱུང་། ཁོང་གི་གསོལ་རྩམ་ཅུང་ཟད་ཡོད་པ་དེ་ཕྲོགས། སྒོམ་ཆེན་པ་བཏེགས་ནས་བརྡབས་ན་བསོད་ནམས་ཆེ་བ་ཡིན་ཟེར་ནས་བཏེག་ཅིང་ས་ལ་བརྡབས། རྗེ་བཙུན་ནི་སེམས་ལ་སེམས་སྙོམ་པའི་ཐུགས་རྗེ་དང་ལྡན་པས་འཁོན་དུ་འཛིན་པ་མེད་ཀྱང་རང་བཞིན་གྱིས་བཀའ་ཆད་བྱུང་སྟེ། རིང་པོ་མ་ཐོགས་པར་ཁྱི་ར་བ་དཔོན་དེ་མིས་བསད། གཡོག་གཉིས་ཀྱི་མིག་བཏོན་ནོ། །རྗེ་བཙུན་བྲག་དམར་སྤོ་མཐོན་དུ་ཟྭ་ཚྭ་མེད་ཁོ་ན་གསོལ་བས་སྐུ་ལུས་ཟྭ་ཤིང་ལྟ་བུ་ལ་སྤུ་རིང་པོ་སྐྱེས་ནས་བྱུང་། ཉིན་ཅིག་ཁྱི་ར་བ་འགའ་དང་ཕྲད་དེ། དེ་དག་གིས་འདྲེ་ཡིན་ནམ་སྙམ་ནས་མདའ་བརྡེག་པར་བརྩམས་པས། ཁོ་བོ་མི་ལ་རས་པ་བྱ་བ་ཡིན་མདའ་མ་བརྡེག་བྱས་པས། འོ་ན་ངེད་རྣམས་ལ་གྲོ་ཞིག་སླང་ཟེར་བས། དེ་བྱའོ་གསུང་ནས་ཟ་འཚོད་བཅུག་པས་ཁོང་རྣམས་ན་རེ། ད་འདི་ལ་ཡལ་དང་སྡོར་དགོས་པར་འདུག་ཟེར། དེ་ཡོད་ན་ལེགས་ཏེ་མེད་ནས་ལོ་མང་སོང་གསུངས་པས། ཁོང་རྣམས་ན་རེ། ལྷོ་འཛམ་བུ་གླིང་དུ་སྐྱེས། དབང་པོ་སྒོ་ལྔ་ཚང་བའི་དུས་འདིར་མི་གཡོག་འདྲ་བྱས་ན་ཟས་ཟ་ཚད་གོས་གྱོན་ཚད་འོང་བ་ལ། ཁྱོད་འདྲ་བའི་མི་སྡུག་བསྔལ་བ་ཅན་སྙིང་རྗེ་བ་ལ། མདུན་མ་འདི་ཉེས་འདུག་ཟེར། རྗེ་བཙུན་གྱི་ཞལ་ནས། ང་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་ཆོས་བྱར་ཡོད་པས་དཀའ་བ་སྤྱད་པས་ཤིན་ཏུ་ལེགས་པ་ཡིན། ང་རྗེ་མར་པ་ལྷོ་བྲག་པ་ལྟ་བུ་དང་མཇལ། དམ་ཆོས་ཉི་མ་ཤར་བ་ལྟ་བུ་བསྒྲུབ་པ་བྱས་པས་སྡུག་རྒྱུ་མི་འདུག་གསུངས་ནས་བདེ་བ་ལྔའི་མགུར་འདི་གསུངས་སོ། །
རྟེན་ཀུན་ནས་གྲུབ་པའི་དཀོན་མཆོག་གསུམ། །མ་བཅོས་རིག་པའི་ངང་དུ་རྫོགས། ། དེ་ལ་གསོལ་བ་བཏབ་ཀྱང་མ་དགོས་སོ། །ངག་བཟླས་བརྗོད་བྲལ་བའི་རྣལ་འབྱོར་བདེ། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །ལྷ་སྒྲུབ་མེད་འོད་གསལ་ངང་དུ་རྫོགས། །དེ་ལ་བསྐྱེད་རིམ་སྒོམ་ཡང་མ་དགོས་སོ། །རང་ལུས་ལྷ་སྐུར་ཤར་བའི་རྣལ་འབྱོར་བདེ། །རྐྱེན་བར་ཆད་སེལ་བ་མཁའ་འགྲོའི་ཚོགས། །མཁའ་འགྲོ་རང་བཞིན་གཉུག་མའི་ངང་དུ་རྫོགས། །དེ་ལ་གཏོར་མ་གཏོང་ཡང་མ་དགོས་སོ། །ཚོགས་དྲུག་ལྷུག་པར་འཇོག་པའི་རྣལ་འབྱོར་བདེ། །ཐ་སྙད་ཚིག་ཏུ་བརྗོད་པའི་བསྟན་བཅོས་ཀུན། །ཉམས་མྱོང་འོད་གསལ་གྱི་ངང་དུ་རྫོགས། །དེ་ལ་སློབ་གཉེར་བྱེད་ཀྱང་མ་དགོས་སོ། །སྣང་བ་དཔེ་ཆར་ཤར་བའི་རྣལ་འབྱོར་བདེ། །རྣམ་རྟོག་གདོན་བགེགས་འབྱུང་པོ་འདི། །འདྲེ་སྣང་ཆོས་ཉིད་ཀྱི་ངང་དུ་རྫོགས། །དེ་ལ་ཛ་རྡུང་བྱ་ཡང་མི་དགོས་སོ། །རྣམ་རྟོག་ཆོས་སྐུར་ཤར་བའི་རྣལ་འབྱོར་བདེ། །
ཞེས་གསུངས་པས། ཁྱི་ར་བ་དེ་རྣམས་ཡུལ་དུ་ཕྱིན་ནས་བདེ་བ་ལྔའི་གླུ་དེ་བླངས་པ་སྲིང་མོ་པྲེ་ཏས་ཐོས་ནས་དེ་ཀུན་གྲུབ་ཐོབ་གཅིག་ཡོད་པར་འདུག་ངོ་མཚར་ཆེ་བྱས་པས། གྲུབ་ཐོབ་ཡིན་ན་ཁྱོད་རང་གི་མིང་པོར་འདུག །བྲག་དཀར་རྟ་སོའི་རྫོང་ལ་སོང་དང་འཕྲད་འོང་ཟེར། དེར་པྲེ་ཏ་ན་རེ། ངའི་མིང་པོ་བྱིས་ཐག་རིང་པོར་སོང་ཕ་མ་རྣམས་ཀྱང་སྔ་མོ་ནས་ཤི་སྤྲང་འཁྱམ་མ་ལ་སྙིང་ཚིམ་བརྡ་མི་དགོས་བྱས་ནས་ངུས་པས། དེར་ལེགས་སེ་ན་རེ། མིང་པོ་ཡོད་པར་སྣང་ཁྱོད་རང་སོང་དང་ཟེར། དེ་ནས་པྲེ་ཏས་ཟན་རྐྱལ་ཆུང་གང་། ར་ཤ་ལག་གཅིག །ཆང་སྐྱུར་ཟོར་བ་གང་ཁྱེར་ནས་བྲག་དཀར་རྟ་སོ་ལ་འཚོལ་ཕྱིན་པའི་ཚེ། རྗེ་བཙུན་གྱི་ཐུགས་དགོངས་ལ། ཁར་ཚང་ཁྱི་ར་བ་དེ་ཚོ་ལ་ངས་ཁ་བོ་འགའ་རེ་བཏང་ཡོད། ད་གཏོར་མ་ཐོང་ཟེར་བའམ་སྲིའུ་གསོས་ཟེར་བ་བྱུང་ན་བསམ་གཏན་གྱི་བར་ཆད་དུ་འགྲོ་དགོངས་ཏེ། བྲག་དམར་སྤོ་མཐོན་ལ་བྱོན། པྲེ་ཏ་དེའི་ཤུལ་དུ་སླེབས་ཚེ་བཙལ་བས་མ་རྙེད། དེ་ནུབ་ལེགས་སེ་ཅན་དུ་ལོག་ནས་ཕྱིན་པས། ལེགས་སེ་ན་རེ། འོ་ན་སང་ཉིན་ངེད་གཉིས་ཀ་ཚོལ་དུ་འགྲོ་ཟེར་ནས། མར་དང་ཤ་ཁོག་གཅིག་དང་རྩམ་ཞིབ་མང་པོ་རྣམས་ཁྱེར་ནས་གར་སྣང་འདྲི་ཞིང་ཕྱིན་པས། བྱ་ལ་ལ་བརྒལ་ནས་ཐལ་ཟེར། ཁོང་གཉིས་ཕྱི་བཞིན་དུ་སོང་སྟེ་ཀོ་རོན་ཟེར་བ་ཅིག་ཏུ་སླེབས་ཏེ་དྲིས་པས། ཁར་སང་ཉིན་ཕྱེད་རྣལ་འབྱོར་བ་གཅིག་ཐང་དཔལ་མོ་དཔང་ཐང་ན་ཐལ་ཟེར། ཡང་ཁོང་གཉིས་ཚོང་འདུས་ལྡིང་མ་ན་སོང་སྟེ་དྲིས་པས། བྲག་དམར་སྤོ་མཐོན་ན་སོང་ཟེར། བྲག་དམར་སྤོ་མཐོན་ལ་སོང་བས་བྲག་དམར་སྤོ་མཐོན་གྱི་སྐྱིད་ཕུག་ཉི་མ་རྫོང་དུ་རྗེ་བཙུན་དང་མཇལ། དེའི་ཚེ་རྗེ་བཙུན་གྱིས་ཟྭའི་བཅུད་ལེན་བྱས་པས་མདོག་སྔོ་ལྗང་དུ་གྱུར། ལུས་ལ་སྤུ་རིང་པོ་སྐྱེས་ནས་ངའི་མིང་པོ་ཡིན་ནམ་སྙམ་ནས་ཐེ་ཚོམ་ཟ་ཞིང་བལྟ་ཡགས་བྱས་པས་སོ་དེ་འདྲ་བར་འདུག །མིང་པོ་ཡིན་པར་འདུག་སྙམ་ནས་ཕྱག་ལ་འཇུས་ཏེ་ངུས་ནས། མིང་པོ་བྱིས་ཐག་རིང་པོ་ལ་སོང་། ཕ་ནི་ཤི་ཡུལ་མི་རྣམས་ཀྱིས་ང་ལ་སྡང་མོ་བྱས་ཟེར། རྗེ་བཙུན་གྱིས་ཀྱང་སྔར་གྱི་ལོ་རྒྱུས་དྲི་བ་ཞིབ་ཏུ་མཛད། དེ་ནས་པྲེ་ཏས་ཚ་བ་བསྐོལ་བ་ལ་ཚ་རྡོར་གང་ཡང་མེད་པས། ཆོས་བྱས་ན་སྐྱིད་དུ་འགྲོ་བ་ལ། མིང་པོས་ཆོས་བྱས་ནས་ཇེ་སྡུག་ཏུ་འགྲོ་ལུགས་ཀྱིས། ཁྱོད་ཀྱི་ཆོས་དེ་ཆོས་ལོག་རང་མིན་ནམ་ཟེར་བ་ལ་མགུར་འདི་གསུངས་སོ། །
རྗེ་མི་བསྐྱོད་བླ་མའི་ཞབས་ལ་འདུད། །ང་ཕྱི་ཡང་ཟྭ་ཡི་རང་བཞིན་ལ། །མདོག་སྔོན་པོ་གཅིག་ལ་འགྱུར་བ་མེད། །ནང་ཡང་ཟྭ་ཡི་རང་བཞིན་ཡིན། །མདོག་སྔོན་པོ་གཅིག་ལ་འགྱུར་བ་མེད། །ཁོག་པ་ཟྭ་ཡི་རང་བཞིན་ཡིན། །མདོག་སྔོན་པོ་གཅིག་ལ་འགྱུར་བ་མེད། །གོས་ཀྱང་བེམ་པོ་གོང་མེད་ཡིན། །མདོག་སྔོན་པོ་གཅིག་ལ་འགྱུར་བ་མེད། །སྐེ་རགས་ཀྱང་ཀོ་རྐེད་འཁོར་ཅིག་ཡིན། །མདོག་སྔོན་པོ་གཅིག་ལ་འགྱུར་བ་མེད། །ཞྭ་ཡང་ནག་པོ་ལྕགས་མདོག་ཡིན། །མདོག་སྔོན་པོ་གཅིག་ལ་འགྱུར་བ་མེད། །ལུས་ལ་བལྟས་ན་ཀེང་རུས་འདྲ། །སྡང་དགྲ་ཡིས་མཐོང་ཡང་ཞེན་པོ་ལོག །ཕ་སྒྲ་བསྒྱུར་རྒྱལ་པོ་སྐུ་དྲིན་ཅན། །འབངས་ཅོད་པན་རྒྱན་དུ་བཞུགས་སུ་གསོལ། །ང་སྙིང་རུས་དང་ཞེ་བཅད་ཆེ་ལུགས་འདིས། །ཉམས་རྟོགས་པ་འདི་ལ་དྲག་ན་ཐང་། །ཕ་ཐུགས་རྗེས་ཟུངས་ཤིག་སྤྲུལ་པའི་སྐུ། །ཞེས་གསུངས་སོ། །
དེ་ནས་ལེགས་སེ་ན་རེ། རྗེ་བཙུན་ཁྱེད་ཀྱིས་གཞོན་དུས་མཐུ་སེར་བསླབས་ནས་སྡང་བའི་དགྲ་བཏུལ། ད་ཆོས་བྱས་ནས་རང་རྒྱུད་བཏུལ། དབེན་པར་བསམ་གཏན་མཛད་པ་ངོ་མཚར་ཆེ། སྐུ་ཁམས་བདེ་མོ་བྱུང་ལགས་སམ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ལེགས་སེ་ཁྱོད་ད་རུང་ཁྱིམ་ཐབས་ལ་མ་སོང་བ་ཕྱི་ཐག་རིང་པོ་ཡིན་གསུང་ནས་བདེ་བ་ངོ་སྤྲོད་ཀྱི་མགུར་འདི་གསུངས་སོ། །
གནས་བྲག་དཀར་རྟ་སོ་ནམ་མཁའི་རྫོང་། །ནམ་མཁའ་རྫོང་གི་རྫོང་རྩེ་ལ། །བོད་ཀྱི་མི་ལ་རས་པ་ང་། །རྩེ་གཅིག་བསམ་གཏན་སྒོམ་དུ་ཕྱིན། །སྟེང་ན་བལ་པོའི་ཤིང་རས་བདེ། །འོག་ན་སྤྲ་བའི་འབོལ་ཆུང་བདེ། །འགྲང་ལྟོགས་རན་པའི་སྒྱུ་ལུས་བདེ། །པུས་མཁྱུད་སྒོམ་ཐག་འཁོར་ཅིག་བདེ། །སེམས་ལ་བླ་མའི་གདམས་ངག་བདེ། །ཟག་མེད་ལྟ་བ་རྟོགས་པས་བདེ། །འོད་གསལ་ཟུང་འཇུག་སྒོམ་པས་བདེ། །འབད་མེད་རང་གྲོལ་སྤྱོད་པ་བདེ། །སྲུང་མཚམས་མེད་པའི་དམ་ཚིག་བདེ། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་བདེ། །དེ་ལྟར་བདེ་བའི་རང་བཞིན་གྱིས། །མི་བདེ་མ་མཆིས་བདེ་མོར་མཆིས། །
ཞེས་གསུང་པས། པྲེ་ཏ་ན་རེ། མི་གཞན་གྱི་ཆོས་དེ་ལུས་སེམས་གཉིས་ཀ་བདེ་བདེ་དགའ་དགའ་འདྲ་བ་ཅིག་འདུག་པ་ལ། མིང་པོའི་ཆོས་འདི་སེམས་བདེ་ཡང་ལུས་མནར་བར་འདུག་པས་སྤངས་པས་མི་དྲག་གམ་ཟེར། དེར་རྗེ་བཙུན་གྱི་དགོངས་པ་ལ། སྲིང་མོ་བདེན། ཁོ་བོ་ལ་བླ་མའི་གདམས་ངག་ཟབ་མོ་ཡོད་ཀྱང་། ཉམས་ལེན་བརྩོན་འགྲུས་ཀྱིས་མ་ཆུན་པ་འདྲ་སྙམ་དུ་དགོངས་ཏེ་མགུར་འདི་གསུངས་སོ། །
ལྟ་བའི་རྒྱལ་པོ་ནམ་མཁའ་ལ། །རིག་པའི་ཁྱུང་ཕྲུག་ཡང་རྩལ་སྦྱོང་། །ཁྱུང་ཕྲུག་ཡང་རྩལ་མ་ཞན་ཅིག །བརྒྱ་ལ་འཕུར་རྩལ་ཞན་པ་ན། །སེམས་ཆགས་སྡང་གི་འདམ་དུ་ལྷུང་ཉེན་ཡོད། །སྒོམ་པའི་རྒྱལ་པོ་མཚོ་མོ་ལ། །སེམས་རིག་པའི་ཉེའུ་ཆུང་སྟོང་རྩལ་སྦྱོང་། །ཉེའུ་ཆུང་ཡང་རྩལ་མ་ཞན་ཅིག །བརྒྱ་ལ་ཡང་རྩལ་ཞན་པ་ན། །སེམས་བྱིང་རྨུག་གི་འདམ་དུ་བྱིང་ཉེན་གདའ། །སྤྱོད་པའི་རྒྱལ་པོ་གངས་རི་ལ། །སེམས་རིག་པའི་སེང་ཕྲུག་ཡང་རྩལ་སྦྱོང་། །སེང་ཕྲུག་མཆོང་རྩལ་མ་ཞན་ཅིག །སེང་ཕྲུག་འཆོང་རྩལ་ཞན་པ་ན། །རྣམ་རྟོག་བུ་ཡུག་འཚུབ་ཉེན་གདའ། །འབྲས་བུའི་རྒྱལ་པོ་ཚོང་འདུས་ལ། །སེམས་རིག་པའི་ཁྱེའུ་ཆུང་ཚོང་ཅིག་འདོན། །ཁྱེའུ་ཆུང་སྐྱེལ་མ་མ་ཞན་ཅིག །ཁྱེའུ་ཆུང་སྐྱེལ་མ་ཞན་པ་ན། །སེམས་འཁོར་བའི་རྒྱ་མཚོར་བྱིང་གཉེན་གདའ། །མི་མེད་ལུང་སྟོང་གི་རི་ཁྲོད་ན། །མི་ལ་རས་པ་ཉམས་མྱོང་སྐྱོང་། །མི་ལ་ཉམས་མྱོང་མ་ཞན་ཅིག །བརྒྱ་ལ་ཉམས་མྱོང་ཞན་པ་ན། །སེམས་འཁོར་བའི་རྒྱ་མཚོར་བྱིང་ཉེན་གདའ། །
ཞེས་རང་སེམས་ལ་བརྩོན་འགྲུས་ཀྱི་ལྕག་འདེབས་ཀྱི་མགུར་བཞེས་པས་ཁོང་གཉིས་དད་པ་ཐོབ་ནས་རང་ཡུལ་དུ་ལོག་ནས་ཕྱིན་ཏོ།། །།

༈ ཡང་རྣམ་ཐར་ཅིག་ལ། རྗེ་བཙུན་རང་ཡུལ་དུ་བྱོན་པ་དང་། ཕ་མ་གཉིས་སྔ་མོ་རྫོགས་ཆེན་ཉན་དུས་ནས་ཤི། ཞིང་ཐ་སྐམ་དུ་སོང་། ཁང་ཐོག་ཏུ་རྩྭ་སྐྱེས། སྒོ་ཕྱལ་བར་འདུག་པ་དེར་ཡུད་པ་ཅིག་གཟིམས་པས། ཀྱེ་མ་འཁོར་བའི་མཚན་ཉིད་འདི། ངའི་བླ་མས་གསུང་པ་དེ་བདེན་པ་ལ་ཆ་འདི་ཡོད། བུ་ང་འདྲ་སྐྱེས་པ་ལ་ཕ་མས་དགའ་ཚོར་དང་བྱས་ཏེ། ད་ང་འོངས་པ་དང་ཕ་མ་གཉིས་གར་ཡོད་བསམ་སྟེ། འཁོར་བའི་མཐའ་ལ་བསམ་ན་སྙིང་པོ་མི་འདུག་དགོངས་ཏེ། འཁོར་བ་ལ་སྙིང་པོ་མེད་པའི་གླུ་དེ་བླངས་སོ། །དུས་དེར་རྒན་པ་ཅིག་ན་རེ། ཐོས་པ་དགའ་ཁོ་ཚེ་འདི་ལ་དགོས་པའི་བུ་མེད། ཕྱི་མ་ལ་དགོས་པའི་ཆོས་མི་བྱེད་པར་དབུས་ན་མོ་སྲས་ཀྱི་ཕྱིར་སེར་བ་འབེབ་ཅིང་འདུག །ན་སོ་གླང་རྒན་ལ་སེམས་བེའུའི་སེམས། ཁང་སྟོང་དེར་ལྟོགས་དྲིར་བསྡད་ཅིང་གླུ་སྔར་བཞིན་ཀྱུ་རུ་རུ་ལེན་ཅིང་འདུག་ཟེར་རོ། །ཁོང་མཐུ་སེར་ལ་གྲགས་པ་ཐོབ་པས། རང་ཡུལ་དེར་ཡང་གཞན་གྱིས་ལྕམ་བུ་ཡོག་པ་གཅིག་ལ་ཡང་གནོད་པ་བྱེད་མ་ནུས་འདུག་གོ །དེ་ནས་ཁོང་རང་ཁང་པའི་སྤེའུ་མཐོ་ཤོས་ཅིག་ཏུ་ཕྱིན་ཏེ་འོ་འདོད་བོས་ནས། ཀ་ཡེ་ཤིང་དགོས་པ་ཡོད་ན་འདིར་ཤོག །ཞིང་དགོས་པ་ཡོད་ན་འདིར་ཤོག །ཕ་བསགས་པ་ཅན་གྱི་ཡུལ་མཁར་དང་། ཞིང་དང་ཡོ་བྱད་ཐམས་ཅད་ལ། བུ་གཏོང་ཕོད་ཅན་གྱི་ཐོས་པ་དགའ། ཞེན་ཆགས་རྡུལ་ཙམ་མི་བདོག་པས། དགྲ་མེད་གཉེན་མེད་བཤེས་ཀྱང་མེད། ཕ་ནམ་ལང་གསེར་ཁར་འགྲོ་བ་ལ། བུ་བཞི་ནམ་གཅིག་གི་ཁ་ན་མེད། །ཅེས་གསུང་སྟེ་ཁང་ཞིང་ཕལ་ཆེར་ཀློག་བསླབ་པའི་སློབ་དཔོན་ཅིག་ཡོད་པ་དེ་ལ་ཕུལ། ཁང་པའི་དམིག་རྩེ་རུ་ཟླ་བ་དྲུག་གནམ་མི་མཐོང་བར་བསྒོམ་པས། ཉིན་ཅིག་ནེ་ནེས་ཆང་ཅིག་ཁྱེར་འོངས་ནས། འདིར་ཤོག་བྱས་པས་སྐད་ལ་སོགས་པ་ཅི་ཡང་མ་བྱུང་བས། ནེ་ནེ་དང་སྲིང་མོས་སྒོ་བརྩེགས་པ་དེ་བཤིག་ནས་བལྟས་པས་དབུགས་ཀྱང་མི་འདུག །ལུས་ཀྱང་ཡི་དྭགས་ལྟ་བུར་སོང་འདུག་པས་ནེ་ཚན་གཉིས་ཀས་བརྟེན་ནེ་བྱས་ཏེ་ཉི་མ་ལ་བཏོན། སྐུ་མཉེ་བྱས་རུས་ཐང་བླུད་ཅིང་ངེད་ཀྱི་མིང་པོ་གསོན་རབ་འདིས། མི་ཆོས་མི་ཆོས་མ་བྱུང་། ལྷ་ཆོས་ལྷ་ཆོས་མ་བྱུང་། གཞན་མ་ཀུན་དབུས་གཙང་དུ་ཆོས་སློབ་ཏུ་ཕྱིན་ནས། རྟ་བཟང་པོ་ཞོན། འཁོར་མང་པོ་ཁྲིད་ནས་སྤོས་དྲི་ཆི་ལི་ལི་ཡོད་པ་ཡིན་ཟེར་བས། རྗེ་བཙུན་ན་རེ། ཁྱེད་རྣམས་བདེན་ཏེ་ལེགས་པར་འོང་ཅིག་གསུང་། ཡང་ནེ་ཚན་གཉིས་ཀྱིས་ཁྱེད་ཀྱི་སློབ་དཔོན་དེ་ཅི་འདྲ་བ་ཅིག་ཡོད་དམ། བཙུན་པའི་ཆས་ཞིག་ཀྱང་མ་བྱིན་ནམ། བྱས་པས། ཁོང་ན་རེ། སློབ་དཔོན་ཅི་འདྲ་ཡོད་ང་རང་ལ་ཆ་ཡོད་ཀྱི། ཁྱེད་གཉིས་ཀྱིས་དེ་རིང་གི་བསྙེན་བཀུར་འདི་སྐབས་ལ་ཕོག །ང་འབྱུང་བ་ཅུང་མ་སྙོམས་པས་ཁམས་གསོས་བཟང་བར་བྱུང་། ད་ནི་ང་རི་ཁྲོད་ན་འགྲོ་བ་ཡིན་གསུང་ནས། དེའི་དབྱར་དེ་བྲག་ནག་བྱ་བ་ལ་བཞུགས། དེར་རྒྱགས་མེད་པས་ཟྭ་ཚོད་གསོལ། གོས་མེད་པས་ཐུལ་གོག་ཅིག་གི་སྨད་ནས་བྲེགས་ཤིང་སྟོད་དུ་ལྷན་པ་བྱས་པ་ཅིག་ཡོད། སྲིང་མོ་པྲེ་ཏས་སྣམ་བུ་ཅིག་བྱིན་པ་ཕྱིར་གཏད། དེ་ནས་ཞག་འགའ་ནས་སྲིང་མོ་པྲེ་ཏ་མས་ཆང་བུམ་པ་གང་འཁྱེར་བྱུང་བ་འཐུང་མ་ནུས་པས། ནེ་ཚན་གཉིས་ན་རེ། ངེད་ཀྱི་མིང་པོ་འདི་སྔར་ལྷའི་སྲས་པོ་འདྲ་བ་ཅིག་ཡོད་པ་ལ་ད་འདིར་སོང་ཟེར་ཏེ་ངུས་སོ། །དེ་ནས་བྲག་དམར་ལིང་བྱ་བ་ལ་བྱོན་ཏེ་བསྒོམ། ཟྭ་ཚོད་འབའ་ཞིག་གསོལ་ཞིང་། སྲིང་མོས་བསྲུས་པ་དང་ལས་བྱས་པའི་ཕྱེ་དམ་དུམ་བསྲེས་ནས་ཡུན་རིང་བཞུགས་སོ། །དེར་མི་ལ་སོགས་པས་མཐོང་བ་ཙམ་ཡང་མེད། རྔོན་པ་དང་བྲག་དེ་ལ་བྱ་རྒོད་ཀྱི་སྒྲོ་ཚོལ་བ་རེ་རེ་ཙམ་གྱིས་མཐོང་སྟེ་རྔོན་པ་ཞིག་ན་རེ། ངས་རྒྱགས་འབུལ་ཟེར་ཏེ་ཁོ་འཇིག་རྟེན་གྱི་བྱ་བ་ལ་ཡེངས་པས་མ་བྱུང་གསུང་། དབྱར་བྲག་དེ་ལ་བསྒོམ། དགུན་ནགས་ལ་བསྒོམ་ཡང་ཉམས་དང་རྟོག་པ་ཡེ་མ་བྱུང་། ཟྭ་འབའ་ཞིག་གསོལ་བས་སྐུ་ལུས་དང་སྣོད་ཐམས་ཅད་སྔོན་པོར་སོང་སྟེ། དེའི་དུས་སུ་ཁྱི་ར་བ་ཚན་ཆེ་བ་ཅིག་བྲག་དེ་དང་ཉེ་བ་ཅིག་གི་ས་ན་ཁོང་རྣམས་གྲོ་བྱེད་པ་ལ་སྲུ་ཕྱིན་པས། ཁོང་གི་སྐུ་ལུས་ལ་ཟྭ་སྤུ་སྔོ་ཡ་ལེ་ཡོད་པས་ཁོང་རྣམས་ན་རེ། ཐེའུ་རང་འདྲ་ཟེར་ནས་འདེད་བྱུང་བ་དང་། ལུས་མཉོམ་ཆུང་བས་བྲོས་མ་ཐར་བ་དང་། ང་མི་ལ་ཐོས་པ་དགའ་ཡིན། འཚོ་བས་བཀྲེན་པས་ལུས་འདི་ལྟར་སོང་། ང་ལ་མ་བརྡེག་བྱས་པས་དེའི་ནང་ནས་གཅིག་གིས་སྐད་ངོ་ཤེས་ཏེ། ཐོས་པ་དགའ་ཡིན་པར་འདུག །ངེད་རང་ཚོའི་ཕྱེ་ཐམས་ཅད་ཕུལ་ཟེར་ནས་ཕྱིན། དེ་ལ་རྒྱགས་བྱས་ཏེ་བྲག་དམར་ལ་ཡུན་རིང་བཞུགས། མལ་ཞོ་ནི་གུ་བྱ་བ་ཁམས་སྐྱོན་ཅན་ཅིག་གིས་རྒྱགས་བག་ཙམ་ཕུལ་བས། རྗེ་བཙུན་གྱི་ཐུགས་དགོངས་ལ། ཚོགས་ནི་ཁོས་གསོག་བྱང་ཆུབ་ནི་རང་གིས་སྒྲུབ། དངོས་གྲུབ་བྱ་བ་འདི་འདྲ་ཡིན་གསུང་། དེའི་བར་ལ་འཚོ་བ་བཀྲེན་པོ་ཡང་མ་བྱུང་། དེ་ནས་རག་མ་ནམ་མཁའི་རྫོང་ལ་སྤོས་ནས་དུག་གདུགས་པ་ཕུག་པ་ན་ཡོད་པའི་དུས་སུ་འཚོ་བས་ཉེན་ཏེ། ཨ་ནེ་དང་ཨ་ཁུའི་རྩར་བྱོན་པའི་ལོ་རྒྱུས་གོང་དང་མཐུན། ཡང་དུག་གདུགས་ཕུག་པ་ན་བྱོན་པའི་ལམ་ཁར་ཁང་པ་བྱེད་པ་ཅིག་ན་སྤྲང་པོ་མང་པོ་འདུག །སྤྲང་མོ་ཞིག་ཟུར་ན་ངོ་ནག་ཆི་ལེ་འདུག་པ་དེའི་རྩར་ཕྱིན་ནས། ཁྱོད་སུ་ཡིན་ཉེ་བ་ཡོད་དམ་བྱས་པས། མོ་ན་རེ། ང་ཁྱུང་བཟའ་མགོན་སྐྱིད་བྱ་བ་ཡིན། ཉེ་བ་གཞན་མེད། མི་ལ་ཐོས་པ་དགའ་བྱ་བ་རི་ཁྲོད་གཅིག་པུ་འགྲིམ་པ་ཅིག་ཡོད་པ་དེ་གར་ཤི་ཆ་མེད། ཕ་མ་སྔ་མོ་ནས་ཤི་ཟེར། ཁོང་གིས་ཁྱོད་ཀྱི་མིང་པོ་དེ་མ་ཤི་བར་ད་ལྟ་རག་མ་ནམ་མཁའ་རྫོང་ལ་དགེ་སྦྱོར་འཕེལ་བར་ཡོད། ཁྱོད་རང་དེར་བཅའ་པོ་ཡོད་ན་ཁྱེར་ལ་སོང་བྱས་པས། མོ་དགའ་ནས་མོས་ཅི་རྙེད་ལ་བྱས་པའི་སྣམ་བུ་ཁྲ་བོ་གཅིག །ཡུར་མ་བྱས་པའི་ཟན་ལྷག་དང་། སྤྲ་ཕྱེ་བྲེ་ཤས་གཅིག་རྙེད་པ་ཁྱེར་ནས་འོངས་པས། རྗེ་བཙུན་མཉེས་ཏེ་སྔར་དྲི་བ་ཞིབ་པར་མཛད་དེ། པྲེ་ཏ་མ་ཚ་བ་ཅིག་སྐོལ་གསུངས་པས། མོས་མེ་བཏང་ནས་ཚ་བ་འདི་ལ་སྡོར་ཅིག་དགོས་པར་གདའ་ཞུས་པས། བུ་མོ་སྡོར་ཡོད་ན་ཞིམ་ལྟོ་དང་མ་བྲལ་བ་ཡིན་ཏེ་གསུང་། འོ་ན་ཚྭ་ཅིག་དགོས་པར་གདའ་ཞུས་པས། ཚྭ་ཡོད་ན་རོ་མཆོག་དང་མ་བྲལ་བ་ཡིན་ཏེ་གསུང་། འོ་ན་ཡལ་ཅིག་དགོས་པར་གདའ་ཞུས་པས། ཡལ་ཡོད་ན་ཆོས་བརྒྱད་དང་མ་བྲལ་བ་ཡིན་གསུང་། མི་གཞན་མ་ཀུན་ཆོས་བྱས་ན་ཇེ་སྐྱིད་ལ་འགྲོ་འདུག་པར། ངའི་ཇོ་ཇོ་འདིས་ཆོས་བྱས་ན་ཇེ་སྡུག་ལ་འགྲོ་ཞིང་འདུག །ཁྱོད་ཀྱི་ཆོས་འདི་ཆོས་ལོག་མིན་ནམ་ཟེར་བས་མགུར་འདི་གསུངས་སོ། །རྗེ་མི་བསྐྱོད་བླ་མའི་ཞབས་ལ་འདུད། །ང་ཕྱི་ཡང་ཟྭ་ཡི་རང་བཞིན་ལ། །མདོག་སྔོན་པོ་ཅིག་ལ་འགྱུར་བ་མེད། །ཅེས་སོགས་ཀྱི་མགུར་དང་། ཡང་མགུར་འདི་གསུངས་སོ། །
སྤྱིར་སྟོང་ཉིད་ཀྱི་ལུང་པ་ཡངས་དང་གཅིག །མཉམ་ཉིད་ཀྱི་རྩི་ཐོག་རྒྱས་པ་དང་གཉིས། །གནད་ཀྱི་ས་འཕྲང་བདེ་དང་གསུམ། །དོན་དེ་གསུམ་དང་ལྡན་པའི་ཕ་ཡུལ་ན། །འཕྲུལ་བའི་འཕོ་མཆུག་མ་བྱུང་ན། །ང་རྣལ་འབྱོར་ཕ་ཡུལ་དེ་ལ་ཉན། །ཆགས་སྡང་གི་ཕ་ཡུལ་མེད་ཀྱང་བཟོད། །མི་ཚེ་རྒྱལ་ཁམས་འགྲིམས་པས་ཆོག །ཀུན་གཞིའི་ཞིང་ས་བཟང་བ་དང་གཅིག །གདམས་ངག་གི་ས་བོན་ཐེབས་དང་གཉིས། །དགེ་སྦྱོར་གྱི་རྨོ་རྐོ་ཡགས་པ་དང་གསུམ། །དོན་དེ་གསུམ་དང་ལྡན་པའི་ཕ་ཞིང་ལ། །རྣམ་རྟོག་གི་སད་སེར་མ་བྱུང་ན། །ང་རྣལ་འབྱོར་གྱི་ཕ་ཞིང་དེ་ལ་ཉན། །ཕ་ཞིང་ཀལ་ཀོལ་མེད་ཀྱང་བཟོད། །མི་ཚེ་བསོད་སྙོམས་བྱེད་པས་ཆོག །གཞི་དད་པའི་མཁར་རྨང་བརྟན་པ་དང་གཅིག །ཐོས་བསམ་གྱི་སྒོ་མོ་མཁྲིགས་པ་དང་གཉིས། །ལྟ་བའི་ཐོག་འཕང་མཐོ་བ་དང་གསུམ། །དོན་དེ་གསུམ་འཛོམས་པའི་སྐུ་མཁར་ལ། །གཡེང་བའི་སྒྱོགས་ཀྱིས་མ་བཅོམ་ན། །ང་རྣལ་འབྱོར་གྱི་སྐུ་མཁར་དེ་ལ་ཉན། །ས་མཁར་གྲུ་བཞི་མེད་ཀྱང་བཟོད། །མི་ཚེ་བྲག་ལ་སྐྱལ་བས་ཆོག །བརྩོན་འགྲུས་ཀྱི་རྟ་ཕོ་མགྱོགས་པ་དང་གཅིག །ཐབས་ཤེས་ཀྱི་སྒ་སྟན་འཇོག་པ་དང་གཉིས། །ནང་འཛིན་པའི་ཡང་བུ་བདེ་བ་དང་གསུམ། །དོན་དེ་གསུམ་འཛོམས་པའི་རྟ་ཕོ་ལ། །ལེ་ལོའི་སྒྲོག་ཏུ་མ་བཅུག་ན། །ང་རྣལ་འབྱོར་གྱི་རྟ་ཕོ་དེ་ལ་ཉན། །ཁྲག་ཆགས་ཀྱི་རྟ་ཕོ་མེད་ཀྱང་བཟོད། །མི་ཚེ་རྐང་ཐང་དུ་འགྲོ་བས་ཆོག །བཀའ་བརྒྱུད་ཀྱི་ཆོས་རིས་འཛོམས་པ་དང་གཅིག །ནང་ཉམས་མྱོང་གི་སྐྱེ་གཟུགས་བཟང་བ་དང་གཉིས། །དམ་ཚིག་བརྩེ་གདུང་ཆེ་བ་དང་གསུམ། །དོན་དེ་གསུམ་འཛོམས་པའི་ཆུང་མ་ལ། །ནང་ཁོང་ཁྲོའི་བཟའ་ཐབས་མ་བྱུང་ན། །ང་རྣལ་འབྱོར་གྱི་ཆུང་མ་དེ་ལ་ཉན། །མོ་ཁྲོ་གཏུམ་མ་གཉིས་མེད་ཀྱང་བཟོད། །མི་ཚེ་ཕོ་རིང་གིས་སྐྱལ་བས་ཆོག །ང་མི་ལའི་བཟོད་པ་རྣམ་ལྔ་ཡིན། །དོན་གོ་བ་རྣམས་ཀྱི་གདམས་ངག་མཛོད། །མ་གོ་བ་ཡི་གླུ་ཆུང་མཛོད། །ཅང་མ་ཤེས་པ་ཡི་མཚར་མཚར་གྱིས། །དོན་དེ་ལྟར་ལགས་སོ་པྲེ་ཏ་མ། །ཅེས་གསུངས་སོ། །
དེ་ནས་པྲེ་ཏ་ཁྱོད་རང་གི་སྣམ་བུ་ཁྱེར་ཅིག་གསུང་པས། མོ་ན་རེ། ཇོ་ཇོར་དོར་མ་མི་འདུག་པས་འདི་ལ་དོར་མ་གྱིས་ཟེར་བས། བུ་མོ་ང་ལ་དྲོད་དམ་དུམ་ཡོད་པས་ལེགས་པར་འོང་གསུང་། མོ་ན་རེ། དྲོད་བྱ་བ་ཅི་ལ་ཟེར་བ་ཡིན་བྱས་པས། རྗེ་བཙུན་གྱིས་དྲོད་བྱ་བ་ཆེར་སངས་རྒྱས་པ་དང་། གྲུབ་པ་ཐོབ་པ་ལ་ཟེར་བ་ཡིན། ངས་དེ་ཁོ་ན་བསྒྲུབ་པ་ཡིན་གསུངས་པས། ངའི་མིང་པོ་སྡུག་ཏུ་འཕོངས་པ་འདིས། ད་གྲུབ་པ་ཐོབ་པ་འདྲ་ཟེར་ནས་བྲོ་བརྡུང་། ཡང་ཐང་ལ་ལྷན་བསྡད་ནས། ད་གྲུབ་པ་ཐོབ་ན་ཡང་ཐོབ་རན། མོས་བློ་བདེའོ་བྱས་པས། རྗེ་བཙུན་ན་རེ། ཁྱོད་བློ་བདེ་ན་ང་བདེ་བས་ཡང་བློ་བདེའི་གསུང་ནས་མགུར་འདི་གསུངས་སོ། །
འདུ་འཛི་སྤངས་པའི་དབེན་གནས་བདེ། །ན་ཚ་མེད་པའི་ལུས་པོ་བདེ། །གྲང་དྲོད་མེད་པའི་རས་གོས་བདེ། །གཏུམ་མོ་འབར་ན་ཡོངས་ཀྱང་བདེ། །རླུང་གི་འགྲོ་འོང་མེད་ན་བདེ། །དྷུ་ཏིར་ཚུད་ན་ཡོངས་ཀྱང་བདེ། །ལུས་ན་བདེ་བ་རྒྱས་ཏེ་བདེ། །བྱང་སེམས་འཕེལ་ན་ཡོངས་ཀྱང་བདེ། །སེམས་ལ་འོད་གསལ་ཤར་བས་བདེ། །གཉིས་མེད་བརྟན་ན་ཡོངས་ཀྱང་བདེ། །རླུང་གཉིས་ནང་དུ་ཞུགས་ཏེ་བདེ། །སྨད་ན་གཏུམ་མོ་འབར་བས་བདེ། །སྟོད་ན་བྱང་སེམས་ཕེབས་ཏེ་བདེ། །ལུས་ལ་བདེ་བ་རྒྱས་ཏེ་བདེ། །སེམས་ལ་འོད་གསལ་འཆར་ཏེ་བདེ། །ཉམས་མྱོང་ཆོས་ཉིད་འདྲེས་ཏེ་བདེ། །དེ་ནི་མི་ལའི་མན་ངག་གོ །
ཞེས་གསུངས་པས་མིང་སྲིང་གཉིས་ཀ་དགའོ། །དེ་ནས་པྲེ་ཏ་ཡུལ་དུ་སོང་། རྗེ་བཙུན་ནམ་མཁའ་རྫོང་ན་བཞུགས། འཚོ་བས་ཉེན་ཡང་ཅི་སྙམ་པར་ཡོད་པ་ལ། འོན་ཀྱང་ད་ཡུན་རིང་དུ་སོང་བས་ཉམས་རྟོགས་འདྲ་བ་འཆར་ཐང་བ་ལ་སྙམ་པ་བྱུང་ཡང་། བསམ་པ་མཐར་མ་ཕྱིན་གྱི་བར་དུ་བརྩོན་པ་ག་ལ་འདོར་སྙམ་དུ་ཐུགས་ཐག་རྦད་ཀྱིས་བཅད་དོ།། །།

༈ ཡང་ལོ་རྒྱུས་གཅིག་ལ། པྲེ་ཏས་སྣམ་བུ་དེ་ཕུལ་ནས། ཨ་པོ་ལ་འཁྲུལ་བ་མི་མངའ་ཡང་། འཇིག་རྟེན་པ་རྣམས་མ་དད་པ་སྐྱེ་བས་སྣམ་བུ་འདི་ལ་ན་བཟའ་ཅིག་མཛད་དེ་གསོལ་བར་ཞུ་ཞུས་པས། ང་ལ་གོས་ཀྱི་དགོས་པ་མེད་ཀྱང་། ཁྱོད་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་དུ་གྱོན་གསུང་ནས། ན་བཟའ་མཛད་དེ་སྐུ་སྨད་དཀྲིས་ནས་མགུར་འདི་གསུངས་སོ། །
ཕ་སྒྲ་བསྒྱུར་གྱི་རྒྱལ་པོ་སྐུ་དྲིན་ཅན། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཆུ་ཤིང་འཛོམས་པའི་དགོན་པ་ན། །གཡོག་པོ་བགྱི་བ་རྫུན་དུ་གདའ། །ཟ་རོགས་འདིས་ཀྱང་དགོས་རྒྱུ་ཆུང་། །གཏུམ་མོ་ལུས་ལ་འབར་ཙམ་ན། །གོས་སློག་བགྱི་བ་རྫུན་དུ་གདའ། །སྣལ་མ་འདིས་ཀྱང་དགོས་རྒྱུ་ཆུང་། །སྐྱེ་འགྲོ་སྒྱུ་མར་རྟོགས་ཙམ་ན། །གཉེན་འབྲེལ་ཟེར་བ་རྫུན་དུ་གདའ། །གདུང་སེམས་འདིས་ཀྱང་དགོས་རྒྱུ་ཆུང་། །སྒོམ་པ་རང་བྱུང་ཤར་ཙམ་ན། །དུག་ལྔ་བགྱི་བ་རྫུན་དུ་གདའ། །རྣམ་རྟོག་འདིས་ཀྱང་དགོས་རྒྱུ་ཆུང་། །སྤྲོས་བྲལ་ནང་ནས་ཤར་ཙམ་ན། །སྒྲ་ཚད་ཟེར་བ་རྫུན་དུ་གདའ། །ཚིག་ཚོགས་འདིས་ཀྱང་དགོས་རྒྱུ་ཆུང་། །རིན་ཆེན་སེམས་ཀྱི་གཏེར་རྙེད་ཙ། །ནོར་རྫས་བགྱི་བ་རྫུན་དུ་གདའ། །གསེར་དངུལ་འདིས་ཀྱང་དགོས་རྒྱུ་ཆུང་། །ཐམས་ཅད་རྫུན་གྱི་རང་བཞིན་ལ། །ཉམས་སུ་མ་བླངས་པ་ལ་ཅི་ཆ་ཡོད། །ཅེས་གསུང་སྟེ་པྲེ་ཏ་མ་ཡང་མང་ཡུལ་དུ་སོང་ངོ། །

༒ དེ་ནས་ཡང་རྗེ་བཙུན་མི་ལ་རས་པའི་ཕ་སྤུན་གྱི་སྲིང་མོ་ཉི་ཤར་སྒྲོན་མེ་ཞེས་བྱ་བ་ཞིག་ཡོད་པ་དེ་གནས་ལ་འགྲོ་རན་ནས་ཡོད་པ་ལ་མ་མཐོང་མི་ཡུལ་དུ་ཕྱིན་མ་མྱོང་བས། སྲིང་མོ་ལ་ཐུགས་རྗེས་དགོངས་ནས་ཞལ་ལྟ་མགུར་འདི་གསུངས་སོ། །
ཉོན་ཅིག་སྲིང་མོ་བཞིན་བཟང་མ། །རང་བསྟོད་གཞན་སྨད་བྱེད་པ་མིན། །རང་ཆེ་རང་འདོད་བྱེད་པ་མིན། །སྐྱོན་རྣམས་སྤངས་ནི་དགོས་པ་ཡིན། །རང་མཐོ་འདོད་ན་དམན་ས་སྐྱོང་བ་ཡིན། །ང་རྒྱལ་མ་ཆེ་ཀུན་གྱིས་བཀུར་བ་ཡིན། །ཤེས་ཀྱང་རྒན་གྱི་ཁ་ལ་ཉོན། །ཕྱིས་ཀྱང་འགྱོད་པ་མེད་པ་ཡིན། །ཟུར་ཟ་རང་སྐྱོན་སྤྲོ་མ་ཐུང་། །སྣང་བ་དགྲ་རུ་ལང་བ་ཡིན། །མང་པོའི་ནང་ན་ཁ་ཉུང་དགོས་པ་ཡིན། །ཕྱིས་ནས་ཁ་ལྕེ་རྩོད་གླེང་མེད་པ་ཡིན། །ཕོར་སྣོད་གཙང་མ་གྱིས་ལ་བྱིན་ཆུ་གཟོབ། །ཁ་ལ་བྱམས་ཤིང་ལྟོ་ལ་གཤིན་པ་ཡིན། །གསར་འགྲོགས་གཤོག་ཕྲད་ཆེ་བ་མིན། །ཉེ་རིང་ཀུན་གྱི་བློ་ཡང་ཐུབ་པར་གྱིས། །གསོལ་འདེབས་སྡོམ་པ་སྲུང་བ་དེ། །ཚེ་ཕྱི་མའི་དོན་ལ་དགོས་པ་ཡིན། །ཉེ་རིང་འཁོར་གཡོག་ཐམས་ཅད་ལ། །ཆེ་དབང་ཆུང་དབང་ཟས་ཀྱིས་བཀུར་བ་ཡིན། །དེ་ལྟར་གྱིས་དང་མཛའ་བ་ཡིན། །རོགས་ལ་གདུག་པའི་གཏམ་མ་བྱེད། །ཀུན་དང་ཞེ་འགྲས་ཁུར་བ་ཡིན། །ངོ་འཛུམ་མ་གནག་གཏམ་སྙན་སྨྲོས། །ཀུན་གྱི་ཡིད་དུ་འོང་བ་ཡིན། །ཉེ་རིང་ཀུན་གྱི་ཡིད་མ་གཅོད། །ཚིག་ངན་ཐོས་ཀྱང་བཟོད་པ་སྒོམ་པ་ཡིན། །ཡར་སེམས་སོ་ནམ་འབད་པ་ཐོངས། །དེ་དང་ཟས་ནོར་འཕེལ་བ་ཡིན། །བཟང་ངན་གང་ཡང་མ་སྨྲ་ལ། །ཚིག་གི་ངོ་སྲུང་གཏམ་པར་གྱིས། །ཡར་འདྲེན་གྱིས་ལ་བརྩོན་འགྲུས་བསྐྱེད། །དེ་ལྟར་གྱིས་དང་སྐྱིད་པ་ཡིན། །མར་འདྲེན་ལེ་ལོ་བྱེད་པ་མིན། །སེམས་ཆུང་རང་སྡུག་བྱེད་པ་མིན། །རྒས་ཙ་ཞེ་བློ་བདེ་བ་ཡིན། །མ་ཡེངས་ཡིད་ལ་དེ་ལྟར་ཞོག །དགོས་པའི་བསྒྲུབ་དོན་ཆེ་བ་ཡིན། །ཕོ་གཏོར་བྱུང་ཡང་ཁ་མ་འགྱོད། །དེ་ནས་རང་སེམས་བདེ་བ་ཡིན། །ཟས་ནོར་དགོས་སར་གཏོང་བ་ཡིན། །དེས་ན་གོམས་བསྐྱེད་འོང་བ་ཡིན། །ཚད་མེད་སྦྱིན་པ་ཕྱོགས་མེད་ཐོངས། །བསོད་ནམས་ཚོགས་ཆེན་རྫོགས་པ་ཡིན། །མོས་གུས་བསྐྱེད་རྫོགས་ཟུང་འཇུག་སྒོམ། །ཡེ་ཤེས་ཚོགས་ཆེན་རྫོགས་པ་ཡིན། །དཔེ་དོན་རྣམས་ལ་དཔེ་སྟེ་གྱིས། །རྒས་ཙ་ཐེ་ཚོམ་ཆོད་པ་ཡིན། །ཉོན་ཅིག་སྲིང་མོ་བཞིན་བཟང་མ། །རང་དོན་སོ་ནམ་བྱེད་པ་ལ། །ཕྱི་བཤོལ་ལེ་ལོ་བྱེད་པ་མིན། །ཐེབ་མཛུབ་བྲང་ལ་སྦྱར་བ་མིན། །རང་གིས་ལྐོག་ཏུ་ཟ་བ་མིན། །ཁྱི་ལ་ཁ་སྐྱུར་བྱེད་པ་མིན། །ཆུ་ལ་འཕོངས་སེམས་བྱེད་པ་མིན། །བཀྲུ་བཤལ་གཙང་མ་བྱེད་པ་ཡིན། །ལོ་ཐོག་ཟླ་ཕུད་བྱེད་པ་མིན། །སྐྱིན་པོ་ལན་ལ་ངན་པ་མིན། །ཁྱིམ་མཚེས་དག་ལ་རྐུ་བ་མིན། །ཟ་འདོད་བཞག་རྐུན་བྱེད་པ་མིན། །རྟག་ཏུ་ཟས་ལ་ངན་པ་མིན། །བརྒྱག་དུས་གཏམ་རྒོད་སྲེ་བ་མིན། །བཀྲེས་དུས་འཁྲོ་འཁང་བྱེད་པ་མིན། །རྟག་ཏུ་དམོད་མོ་བྱེད་པ་མིན། །སྟོན་མོ་ལན་ལ་ངན་པ་མིན། །མི་སེམས་ཚོད་གཏམ་བྱེད་པ་མིན། །ཁ་བཟླ་ངན་པ་བྱེད་པ་མིན། །ཁ་བརྡ་ངན་པ་བཟློགས་པ་མིན། །གཟའ་འཚོ་འཚོགས་དུས་རང་ཆུ་བཅིང་བ་མིན། །ལྐོག་ཏུ་ཟ་ཞིང་བསྣོག་པ་མིན། །རྟག་ཏུ་ཡེངས་ལ་དགའ་བ་མིན། །འདུག་ཅིང་ཟ་འདོད་བྱེད་པ་མིན། །བྱིས་པ་དག་ལ་ངན་པ་སློབ་པ་མིན། །རྒྱུས་མེད་སྔུན་དུ་ཁ་འཐོར་ཟློ་བ་མིན། །ཐབ་ཁུང་ཐལ་བས་བཀང་བ་མིན། །རྟག་ཏུ་སྨྲ་བླག་མང་བ་མིན། །མཆིལ་སྣབ་གོ་ཁར་འཕོ་བ་མིན། །བག་མེད་ཚུལ་ཤོར་བྱེད་པ་མིན། །སྲོ་ཤིག་འཁྱེར་འགམ་བྱེད་པ་མིན། །ཁ་ངོ་དྲི་མས་གླུད་པ་མིན། །ང་རྒྱལ་རང་མཐོ་བྱེད་པ་མིན། །གཡོག་པོ་བྱུར་ལྟར་བྱེད་པ་མིན། །གཡོག་མོ་འདྲེ་ལྟར་རྡུང་པ་མིན། །བེའུ་ལ་ཡོག་ཐོད་བྱེད་པ་མིན། །སྒོ་ཁྱི་ལ་སྒ་རུ་བྱེད་པ་མིན། །མགྲོན་པོའི་སྔོན་ལ་བྱིས་པ་བརྡུང་པ་མིན། །གཡོག་མོས་རང་རྩིས་བྱེད་པ་མིན། །སྟོང་ལ་ངོ་ཤག་བྱེད་པ་མིན། །སྐྱིད་དུས་ལྕེབ་བསྡིག་བྱེད་པ་མིན། །མོ་མཆུ་ཁ་ལྕེ་བྱེད་པ་མིན། །གྲོང་རྐུན་ཟས་བརྡའ་བྱེད་པ་མིན། །དབུལ་པོའི་རྒྱུ་ཡང་དེ་ལས་བྱུང་། །ཡང་ཅིག་ཉོན་དང་སྲིང་མོ་ཁྱོད། །གྱོད་རྒྱུག་ལྷ་ལྟར་བཀུར་བ་ཡིན། །མཛའ་རོགས་མ་རྗེ་ངོ་སྲུང་གྱིས། །ནོར་ལ་ཆགས་འཛིན་དགོས་པ་ཡིན། །གཏམ་གྱི་དུས་སུ་འཛུམ་དང་སྦྱར། །འགྲོགས་པའི་དབུ་ལ་འགྲས་མ་བཙལ། །ཡམ་སྐུད་མིག་ལྟར་ལྟ་བ་ཡིན། །མཐོ་དམན་མེད་པར་ངོ་སྲུང་གྱིས། །དེ་ནས་མི་ལ་མཛེས་པ་ཡིན། །རང་གཞན་བྲན་ལྟར་དགོས་པ་ཡིན། །ཟས་ལ་ཡ་རབ་བྱེད་པ་ཡིན། །ངོ་འཛུམ་གསལ་པོ་བྱེད་པ་ཡིན། །ལག་ཚག་གཙང་མ་བྱེད་པ་ཡིན། །འཁོར་གཡོག་ཟས་ཀྱིས་བཀུར་བ་ཡིན། །ཁས་བླངས་ཐམས་ཅད་དྲང་པོར་བྱེད་པ་ཡིན། །ནང་པར་སྔ་མོར་ལང་བ་ཡིན། །ནུབ་མོ་ཉལ་ཕྱི་བྱེད་པ་ཡིན། །ཁང་ཁྱིམ་ཕྱག་བདར་བྱེད་པ་ཡིན། །ཡར་ཡི་དམ་ལྷ་ལ་མཆོད་པ་གྱིས། །དགེ་འདུན་རྣམས་ལ་ཚོགས་གསོག་གྱིས། །ལོང་སྤྲང་རྣམས་ལ་སྙིང་རྗེ་ལྟོས། །སྦྱིན་པ་དབུལ་པོའི་བུ་ལ་ཐོང་། །འཆེ་བར་ངེས་སོ་དགོ་བ་གྱིས། །ངག་ཏུ་འདོན་པ་གང་མོས་གྱིས། །ལུས་ཡི་དམ་ལྷ་ཡི་བསྐྱེད་རིམ་སྒོམ། །ཡིད་ནི་སྟོང་ཉིད་ངང་དུ་ཞོག །བདག་འདྲ་ནོར་མེད་ཉམས་ཆུང་གིས། །སྔོན་ཚེ་སྦྱིན་པ་མ་བཏང་བས། །དུས་འདིར་འབྱོར་བ་མ་ལྡན་ཟིན། །སྔོན་ཚེ་བཟོད་པ་མ་བསྒོམ་པས། །དུས་འདིར་སྐྱེ་གཟུགས་ངན་པར་སྐྱེས། །སྔོན་ཚེ་བྱང་ཆུབ་མ་བསྒྲུབ་པས། །དུས་འདིར་ཕོ་རྒོད་ངན་པར་སྐྱེས། །ཡོན་ཏན་མེད་པའི་སྤྲང་པོ་ངས། །བླ་བོ་ཉོག་རིང་གཏམ་པ་ཡང་། །བདེན་པར་བསམ་ན་ཡིད་ལ་ཞོག །རྣལ་འབྱོར་བདག་གི་དལ་གཏམ་ཡིན། །ཐམས་ཅད་ཀྱིས་ཐུགས་ལ་དེ་ལྟར་ཞོག །
ཅེས་རྗེ་བཙུན་གྱིས་དེ་ལྟར་གསུང་པ་དང་། སྲིང་མོ་ཡང་ཤིན་ཏུ་དད་པ་སྐྱེས་ཤིང་གོ་བ་ཟིན་པར་གྱུར་ཏོ། །
དེ་ཐམས་ཅད་སྔ་མའི་སྐོར་གསུམ་མོ།། །།

༈ དེ་ནས་གསུམ་པ་བདེ་དྲོད་ངོ་འཕྲོད་པའི་ཡོན་ཏན་ནི། ཡང་སྲིང་མོ་ན་རེ། ཁྱོད་ཉིན་མོ་གླུ་ལེན་མཚན་མོ་ཉལ་བས་སེམས་ཡང་ཡེངས་ལ་སོང་ནས་ཨེའུ་ཟུག་ཟེར་བས། མོ་བདེན་ཁོ་བོ་ལ་བླ་མ་དམ་པའི་གདམས་ངག་ཟབ་མོ་ཡོད་ཀྱང་། ཉམས་ལེན་བརྩོན་འགྲུས་ཀྱིས་མ་ཆུན་པ་འདྲ་སྙམ་སྟེ། དེ་ནས་རིང་པོར་མ་ལོན་པར་མཁའ་འགྲོ་མས་ལུང་བསྟན་ཏེ། ཙོག་པུའི་གནད་ཀྱིས་ལུས་ཀྱི་བདེ་བ་བཙལ། རྒྱ་མདུད་ཀྱི་འཆིང་གིས་ངག་གི་བདེ་བ་བཙལ། སྦྲུལ་མདུད་ཀྱི་ལྷོད་ཀྱིས་སེམས་ཀྱི་བདེ་བ་བཙལ་ཏེ། ལུས་ངག་ཡིད་གསུམ་གནད་རྣམ་པ་གསུམ་ལ་བཅུན་ནས། ཤི་མ་ཤི་མེད། འགྱེལ་མ་འགྱེལ་མེད་པར་བསྒོམ་པས། ཞག་བཅོ་བརྒྱད་ནས་བདེ་དྲོད་རང་འབར་ལ་སོང་། ཉམས་རྟོགས་དཔག་ཏུ་མེད་པ་སྐྱེས་གསུང་།
བདེ་དྲོད་དང་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པས། སྲིང་མོ་པྲེ་ཏ་ལ། ནེ་ནེ་ཁྲིད་ལ་མྱུར་དུ་ཤོག་དང་ངས་སྔར་ཕན་ཆད་མི་ལ་མ་བསྟན། སྒོས་སུ་ཁྱོད་གཉིས་ལ་སྟོན་མ་མྱོང་བའི་ནོར་ཅིག་ཡོད་གསུང་བས། དེར་ཁོང་གཉིས་དགའ་དྲགས་རིངས་པར་ཕྱིན་ཏེ། ཇོ་ཅོ་ནོར་ཅི་ཡོད་ངེད་གཉིས་སླེབ་ཡོད་བྱས་པས། ཁྱོད་གཉིས་ལ་སྟོན་རྒྱུ་ལ་ཡ་མཚན་ཅན་ཅིག་ཡོད་གསུང་ནས། གསང་བའི་ཕོ་རྟགས་བསྟན་ཏེ་བུ་མོ་གཉིས་འདི་ལ་བལྟོས་ཅིག་གསུང་པས། ཁོང་གཉིས་ན་རེ། ངེད་གཉིས་ཀྱི་ཇོ་ཅོ་འདི་ལ་མི་ཐམས་ཅད་ན་རེ། ཁོ་ལ་ཆོས་མེད་པར་སྨྱོས་ནས་མི་མེད་ལུང་སྟོང་དུ་བསྡད་པས། ད་ཁོ་མ་ཤི་ཡང་མིར་མི་བཏུབ་པར་འདུག་ཟེར་བ་དེའི་བདེན་ཤས་ལ། ཇོ་ཅོ་འདི་ལྟར་སྨྱོས་འདུག་པ་བྱས་པས། རྗེ་བཙུན་གྱི་ཞལ་ནས། ང་སྔར་སྨྱོ་བ་ཡིན་ཏེ་ད་མ་སྨྱོས་པ་ཡིན་གསུངས་པས། ཁོང་གཉིས་ན་རེ། ཇོ་ཅོ་འདི་འདྲ་བའི་སྨྱོ་ཚབ་ཆེ་བ་ལ་མ་སྨྱོས་མ་གསུང་པར་དྲན་པ་ཟུང་ཞིག་བྱས་པས། ཁྱོད་རྣམས་བདེན་ང་ནན་ཏར་སྨྱོས་ནས་ཡོད་པས་སྨྱོ་ལུགས་ཞིག་བླང་གི་གསུངས་ནས་མགུར་འདི་གསུངས་སོ། །
ཕ་སྒྲ་བསྒྱུར་རྒྱལ་པོའི་ཞབས་ལ་འདུད། །ཁོ་བོ་རྣལ་འབྱོར་མི་ལ་ང་། །མི་ཀུན་གྱིས་སྨྱོའམ་སྨྱོའམ་ཟེར། །ང་རང་ཡང་སྨྱོའམ་སྨྱོའམ་སྙམ། །ཕ་སྨྱོ་བུ་སྨྱོ་མེས་པོ་སྨྱོ། །བརྒྱུད་པ་རྡོ་རྗེ་འཆང་ཆེན་སྨྱོ། །ཡང་མྱེས་ཏེ་ལོ་བཟང་པོ་སྨྱོ། །མྱེས་པོ་ན་རོ་པཎ་ཆེན་སྨྱོ། །དྲིན་ཅན་མར་པ་ལོཙྪ་སྨྱོ། །བུ་གཅིག་མི་ལ་རས་པ་སྨྱོ། །སྨྱོ་ཡི་མི་ཆོག་འབོག་ཀྱང་འབོག །ཕོ་གདོན་བླ་མའི་གདམས་ངག་གདོན། །མོ་གདོན་ཌཱཀྐིའི་བྱིན་རླབས་གདོན། །བློ་བདེའི་འགོང་པོ་ཕུག་ན་ཞུགས། །ཡིད་ཆེས་འདྲེ་མོ་ཕྱི་ནས་འབྲང་། །འབོག་གི་མི་ཆོག་ན་ཡང་ན། །སྟོད་གསལ་སྟོང་གི་ཚད་པ་མེ་ལྟར་འབར། །སྨད་བདེ་སྟོང་གི་གྲང་བ་ཆུ་ལྟར་འབྲུབ། །རྒྱབ་ན་ཕྱག་རྒྱ་ཆེན་པོས་གཟེར། །མདུན་ནས་རྫོགས་པ་ཆེན་པོས་གཟེར། །ཁ་ནས་གདམས་ངག་ཁྲག་ལྟར་སྐྱུགས། །ཡེ་ཤེས་རླུང་དམར་གྱིས་རྒྱབ་ནས་བདས། །སྟོང་ཉིད་མུན་པས་མདུན་ནས་བསུས། །ད་ན་ཡང་མི་ཆོག་འཆི་ཡང་འཆི། །འཆི་བའི་འཆི་ལུགས་འདི་ལྟར་འཆི། །བདེ་བའི་ཀློང་དུ་སྡུག་བསྔལ་འཆི། །ཡེ་ཤེས་ཀློང་དུ་དུག་ལྔ་འཆི། །འོད་གསལ་ཀློང་དུ་གཏི་མུག་འཆི། །གཉིས་མེད་ངང་དུ་གཉིས་འཛིན་འཆི། །ཟག་མེད་ཀློང་དུ་ཟག་བཅས་འཆི། །རྣལ་འབྱོར་ཤི་བའི་རོ་འདི་སྐྱོལ། །རོ་འཁུར་གྱིས་ཁུར་བ་མ་ལགས་ཏེ། །བུ་རིག་པའི་ཁྱེའུ་ཆུང་གིས་རོ་འདི་ཁུར། །གོས་སྣལ་མའི་གོས་སློག་མ་ལགས་པ། །ཕྱི་སྣང་བ་ཁྲོ་བོའི་རོ་ཐུམ་ལ། །རྩ་ཐག་དྲེད་ཐག་མ་ལགས་པ། །རྩྭ་ཨ་ཝ་དྷུ་ཏིའི་ཐག་པས་འཁྱིག །ལམ་ས་ལམ་སྐྱ་མ་ལགས་པ། །བྱང་ཆུབ་ཆེན་པོའི་ལམ་ལ་ཞུགས། །ཤ་དུར་དང་སྐྱི་དུར་མ་ལགས་པ། །ཆོས་ཉིད་བདེ་བའི་ཐང་ལ་སྐྱོལ། །ཤ་སྤྱང་དང་ཁྱི་སྤྱང་མ་ལགས་པའི། །མི་དད་པ་ཅན་གྱི་སྙིང་ལ་སྐྱོལ། །ཕྱི་འདི་འབལ་མ་འབོལ་མར་ཐོང་། །ནང་འདི་ཤག་མ་ཤིག་མར་ཐོང་། །བར་འདི་ཁྲལ་མ་ཁྲོལ་མར་ཐོང་། །ཞེས་གསུངས་སོ། །
དེ་ནས་སྲིང་མོས་བྱིན་པའི་སྣམ་བུ་ཡང་འབུ་མུག་མས་ཟོས་ནས་དམ་དུམ་བྱས་པ་ལ། ཡང་ཉིན་གཅིག་སྲིང་མོ་སླེབ་བྱུང་བ་ལ་ཁྱེད་ཀྱི་སྣམ་བུ་ཨེ་བཟོས་ཞུས་པས། སྣམ་བུ་བཟོ་བ་མ་བྱུང་འབུས་ཟོས་གསུངས་པས། ཁྱེད་ཀྱིས་སྣམ་བུ་ཆུད་ཟོས་བྱས་ནས་ད་གཅེར་བུ་ངོ་མི་ཚ་བ་ཨེ་ལགས་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྤྲང་པོས་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ངོ་མི་ཚ་བ་ལ་ངོ་ཚ་བྱེད། །ངོ་ཚའི་བུ་ཕོ་པང་དུ་བླང་། །ངོ་ཚའི་བུ་མོ་རིན་གྱིས་ཉོས། །ངོ་ཚའི་ལས་ལ་ཐོད་པ་བརྒལ། །འདི་ནི་རང་བྱུང་གི་ཕོ་རྟགས་ཡིན། །ཕོ་མོར་མིང་བཏགས་ཕྱིན་ཆད་ནས། །འདི་ཉིད་ཡོད་པ་སུས་ཀྱང་ཤེས། །ཁྲེལ་ངོ་ཚ་གཉིས་ལ་ཁྱེད་མི་འཛེམ། །ངན་སྤྱོད་གཡོ་སྒྱུ་རྐུ་བ་དང་། །སྤྱོད་ངན་ཞེ་ངན་ལོག་ལྟ་དང་། །ངོ་ཤེས་ཉེ་བ་བཅོམ་པ་རྣམས། །ཁྲེལ་ངོ་ཚ་ཡིན་ཏེ་འཛེམ་པ་མེད། །རྡོ་རྗེ་ཟབ་མོའི་གསང་སྤྱོད་དང་། །མན་ངག་ཟབ་མོའི་སྒོམ་ཆེན་ཀུན། །མི་ཚེ་ཆོས་ལ་སྐྱེལ་བ་ལ། །ངོ་ཚས་འཇིགས་པ་སྐད་ཅིག་མེད། །ཁྱོད་པྲེ་ཏ་རེ་སྡུག་སེམས་མ་ཆུང་། །ཡིད་ཆད་མ་སྔ་སྤྲང་དུ་སོང་། །
ཞེས་གསུངས་ནས་འབུངས་ནས་བསྒོམ་བསྒོམ་པ་ལ། ཟྭ་རང་གིས་མ་འཁྱོངས་བར་སྒོམ་ཤེད་ཇེ་ཆུང་ལ་སོང་ནས། ལུས་གཉོམ་པོ་ལས་མ་བྱུང་བ་ལ། ཉིན་ཅིག་ཁྱི་ར་བ་ཤ་བ་བསད་པའི་ཤ་ཁུར་ནས་བྲག་རྩེ་དེར་བྱུང་ནས་རྟོག་འདོད་བྱས་ཏེ་སྐད་མང་དུ་བཏང་བ་ལ། རྗེ་བཙུན་གྱིས་གཟིགས་ཙ། ཁྱོད་མི་ལ་ཐོས་པ་དགའ་ཨེ་ཡིན་ཟེར་བས། ཡིན་གསུངས་པ་ལ་ཁྱོད་བྲག་འདི་ལ་བསྡད་པ་ལ་བྲག་འདི་ལ་ཡོན་ཏན་ཅི་ཡོད་ཟེར་བ་ལ་མགུར་འདི་གསུངས་སོ། །
རྗེ་བླ་མའི་བྱིན་རླབས་བྲག་ལ་ཞུགས། །བྲག་འདི་ཡི་ཡོན་ཏན་མ་ཤེས་ན། །སྤོ་རི་སྤོ་མཐོན་ནམ་མཁའ་རྫོང་། །ནམ་མཁའ་རྫོང་གི་རྫོང་ཕྲེང་ན། །སྟེང་ན་ལྷོ་སྤྲིན་སྨུག་པོ་འཐིབས། །འོག་ན་གཙང་ཆབ་སྔོན་མོ་འབབ། །རྒྱབ་ཏུ་བྲག་དམར་ནམ་མཁའི་དབྱིངས། །མདུན་ན་སྤོས་ཐང་མེ་ཏོག་བཀྲ། །ཟུར་ན་གཅན་གཟན་ངར་སྐད་སྒྲོགས། །ལོག་ན་བྱ་རྒྱལ་རྒོད་པོ་ལྡིང་། །དུས་སུ་སྦྲང་ཆར་ཟིམ་བུ་འབབ། །རྒྱུན་དུ་བུང་བས་རྒྱང་གླུ་ལེན། །ཤ་རྐྱང་མ་བུས་རྩེ་བྲོ་བརྡུངས། །ཅོ་ག་མ་བུས་འགྱུར་སྐད་མང་། །ལྷ་བྱ་གོང་མོས་གསུང་སྙན་ལེན། །རྫ་ཆབ་སིལ་མས་སྙན་པ་བརྗོད། །དུས་ཀྱི་སྐད་རིགས་ཉམས་ཀྱི་གྲོགས། །གནས་འདི་ཡི་ཡོན་ཏན་བསམ་མི་ཁྱབ། །ཉམས་དགའ་གླུ་རུ་བླངས་པ་ཡིན། །གདམས་ངག་ཁ་རུ་བཏོན་པ་ཡིན། །ཁྱོད་ཁྱི་ར་བ་ལ་བཤད་པ་ཡིན། །ལས་སྡིག་པ་མ་མཛད་དགེ་བ་མཛོད། །
ཅེས་གསུངས་པས། ཁྱི་ར་བ་རྣམས་གྱིས་ངོ་མཚར་ཆེ་ཟེར་ནས། ཤ་བའི་ཤ་དང་ཕྱེའི་ལྷག་མ་དུམ་པ་ཅིག་འདུག་པ་རྣམས་ཕུལ་བ་ལ། ཤ་ཚོད་མཛད་དེ་གསོལ་བས་སྐུ་ལུས་འབུལ་ཤིག་སེ་བཏང་ནས་སྒོམ་ཤེད་ཇེ་ཆེར་སོང་། ཁམས་དངས། ལུས་བདེ། སེམས་གསལ་དུ་སོང་བས་དགེ་སྦྱོར་བཟང་པོ་བྱུང་བ་ལ། ཡང་ཞག་གཅིག་གཉིས་ནས་ཁྱི་ར་བ་རྒན་པ་ཅིག་གིས་རྩམ་པ་ཞིག་ཁྱེར་ནས་ཡོང་བས་ད་ཞག་སྐུ་ཁམས་བདེ་འམ་ཞུས་པས། ལེགས་པོར་བདེ་གསུངས་ནས་མགུར་འདི་གསུངས་སོ། །
བྲག་སྤོ་རི་སྤོ་མཐོན་ཕོ་བྲང་ན། །མི་ལ་རས་པ་སྒོམ་ལུགས་བདེ། །འཛིན་ཆགས་མེད་པའི་འགྲོ་ལུགས་བདེ། །ན་ཚ་མེད་པའི་སྒྱུ་ལུས་བདེ། །ཉམས་ང་མེད་པའི་འདུག་ལུགས་བདེ། །ལྟོགས་པ་མེད་པའི་ཏིང་འཛིན་བདེ། །གྲང་བ་མེད་པའི་གཏུམ་མོ་བདེ། །ཞུམ་པ་མེད་པའི་བརྟུལ་ཞུགས་བདེ། །འབད་རྩོལ་བ་མེད་པའི་སོ་ནམ་བདེ། །ཡེངས་པ་མེད་པའི་དབེན་པ་བདེ། །དེ་ཚོ་ལུས་ཀྱི་འཁྱེར་སོ་ཡིན། །ཐབས་ཤེས་གཉིས་ཀྱི་ཐེག་པ་བདེ། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་བདེ། །རླུང་འགྲོ་འོང་མེད་པའི་སེམས་ཉིད་བདེ། །ལབ་རོགས་མེད་པའི་སྨྲ་བཅད་བདེ། །དེ་ཚོ་ངག་གི་འཁྱེར་སོ་ཡིན། །ངོས་བཟུང་མེད་པའི་ལྟ་བ་བདེ། །སྒོམ་རྒྱུན་ཆད་མེད་པའི་སྒོམ་པ་བདེ། །ཉམ་ང་མེད་པའི་སྤྱོད་པ་བདེ། །རེ་དོགས་མེད་པའི་འབྲས་བུ་བདེ། །དེ་ཚོ་སེམས་ཀྱི་ཁྱེར་སོ་ཡིན། །འགྱུར་མེད་རྟོག་མེད་འོད་གསལ་བདེ། །བདེ་ཆེན་རྣམ་དག་དབྱིངས་སུ་བདེ། །འགག་མེད་འཆར་སྒོའི་ཀློང་དུ་བདེ། །ཤིན་ཏུ་བདེ་བའི་དབྱངས་ཆུང་འདི། །ཉམས་མྱོང་གླུ་རུ་བླངས་པ་ཡིན། །གདམས་ངག་ཁ་ནས་ཤོར་བ་ཡིན། །ལྟ་སྤྱོད་ཟུང་དུ་སྡེབ་པ་ཡིན། །སླད་ནས་བྱང་ཆུབ་བསྒྲུབ་འདོད་རྣམས། །དོན་ཉམས་སུ་ལེན་ན་དེ་ལྟར་མཛོད། །
ཅེས་གསུངས་པས། ཡོན་བདག་དེ་དགའ་ནས་ཕྱག་མང་དུ་འཚལ་ནས་ཁྱིམ་དུ་སོང་ནས་ཞག་གཅིག་གཉིས་ནས་ཡོན་བདག་རོགས་འགའ་དང་འགྲོགས་ནས་རྩམ་པ་དུམ་པ་རེ་ཁྱེར་ནས་འོང་སྟེ། བླ་མ་ལགས་ཁ་ཉིན་གྱི་མགུར་མ་དེ་ལེགས་པོ་རང་ཞིག་བྱུང་སྟེ། ངས་ཤེས་རབ་ཆུང་བས་མ་ཟིན་ཚིག་ཉུང་ལ་དོན་གསལ་བ་ཞིག་གསུང་དང་ཟེར་བ་ལ་མགུར་འདི་གསུངས་སོ། །
རྗེ་བླ་མའི་བྱིན་བརླབས་བྲག་ལ་ཞུགས། །སྤྲང་བྲག་ལ་གནས་པར་བྱིན་གྱིས་རློབས། །དད་དང་མཁས་དང་བཙུན་དང་གསུམ། །འདི་གསུམ་སེམས་ཀྱི་སྲོག་ཤིང་ཡིན། །བཙུགས་ན་བརྟན་ལ་འཇུ་ན་བདེ། །སྲོག་ཤིང་མཛད་ན་དེ་ལ་མཛོད། །ཆགས་མེད་ཞེན་མེད་རྨོངས་མེད་གསུམ། །འདི་གསུམ་སེམས་ཀྱི་གོ་ཆ་ཡིན། །གྱོན་ན་ཡང་ལ་མཚོན་ཁར་སྲ། །གོ་ཆ་མཛད་ན་དེ་ལ་མཛོད། །བསྒོམ་དང་བརྩོན་དང་བསྲན་ཚུགས་གསུམ། །འདི་གསུམ་སེམས་ཀྱི་རྟ་ཕོ་ཡིན། །བརྒྱུག་ན་མགྱོགས་ལ་བྲོས་ན་ཐར། །རྟ་ཕོ་མཛད་ན་དེ་ལ་མཛོད། །རང་རིག་རང་གསལ་རང་བདེ་གསུམ། །འདི་གསུམ་སེམས་ཀྱི་འབྲས་བུ་ལགས། །བཏབ་ན་སྨིན་ལ་བཟའ་ན་བཅུད། །འབྲས་བུ་མཛད་ན་དེ་ལ་མཛོད། །སེམས་དོན་རྣམ་པ་བཅུ་གཉིས་འདི། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཁྱོད་ཡོན་བདག་དད་པའི་གདབ་ལན་མཛོད། །
ཅེས་གསུངས་པས་ཡོན་བདག་དེ་དད་པ་ཅན་གཤེན་རྡོར་མོ་བྱ་བ་ཡིན་པས། ད་རུང་མདོར་བསྡུས་པ་ཚིག་ཅིག་ལ་དྲིལ་བ་ཅིག་གསུང་བར་ཞུ་ཟེར་བས་མགུར་འདི་གསུངས་སོ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact