Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (6)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

ཡང་ལྕམ་ལྷན་ཅིག་སྐྱེས་པའི་སྒྲོན་མས་གདམས་ངག་ཅིག་གསུང་བར་ཞུ་འཚལ་ཞུས་པས་མགུར་འདི་གསུངས་སོ། །
བལྟ་རུ་མེད་དེ་མཐོང་བའི་མཆོག །དེ་ནི་སེམས་ཀྱི་འོད་གསལ་ལགས། །བཙལ་དུ་མེད་དེ་རྙེད་པའི་མཆོག །དེ་ནི་རིན་ཆེན་སེམས་གཏེར་ལགས། །བཟའ་རུ་མེད་དེ་འགྲངས་པའི་མཆོག །དེ་ནི་མི་རྟོག་རྣམ་གྲོལ་ཟས། །བཏུང་དུ་མེད་དེ་ངོམ་པའི་མཆོག །བྱང་ཆུབ་སེམས་ལ་བཏུང་དུ་མེད། །རང་རིག་སེམས་ཀྱི་ཡེ་ཤེས་ལ། །ངག་ཏུ་བརྗོད་པའི་ལམ་མ་མཆིས། །ཉན་ཐོས་བྱིས་པའི་ཡུལ་མིན་ཏེ། །རྟོག་གེ་པ་ཡིས་དེ་མི་ཤེས། །བསྐུར་ཐོབ་མེད་པའི་དོན་རྟོགས་ན། །དབང་གི་མཆོག་ཀྱང་དེ་ལ་བྱ། །མཐོན་དམན་མེད་པའི་དོན་རྟོགས་ན། །ས་ཡི་མཆོག་ཀྱང་དེ་ལ་བྱ། །བགྲོད་དུ་མེད་པའི་དོན་རྟོགས་ན། །ལམ་གྱི་མཆོག་ཀྱང་དེ་ལ་བྱ། །སྐྱེ་ཤི་མེད་པའི་དོན་རྟོགས་ན། །སྐུ་ཡི་མཆོག་ཀྱང་དེ་ལ་བྱ། །འདུ་བྲལ་མེད་པའི་དོན་རྟོགས་ན། །གྲོགས་ཀྱི་མཆོག་ཀྱང་དེ་ལ་བྱ། །བརྗོད་དུ་མེད་པའི་དོན་རྟོགས་ན། །ཚིག་གི་མཆོག་ཀྱང་དེ་ལ་བྱ། །གཞལ་དུ་མེད་པའི་དོན་རྟོགས་ན། །ཚད་མའི་མཆོག་ཀྱང་དེ་ལ་བྱ། །ཆེ་ཆུང་མེད་པའི་དོན་རྟོགས་ན། །ཐབས་ཀྱི་མཆོག་ཀྱང་དེ་ལ་བྱ། །བཟང་ངན་མེད་པའི་དོན་རྟོགས་ན། །ཐེག་པའི་མཆོག་ཀྱང་དེ་ལ་བྱ། །གཉིས་སུ་མེད་པའི་དོན་རྟོགས་ན། །ལྟ་བའི་མཆོག་ཀྱང་དེ་ལ་བྱ། །རྩོལ་སྒྲུབ་མེད་པའི་དོན་རྟོགས་ན། །སྒོམ་པའི་མཆོག་ཀྱང་དེ་ལ་བྱ། །དེ་ཉིད་དོན་ལ་མ་གཡོས་ན། །འབྲས་བུའི་མཆོག་ཀྱང་དེ་ལ་བྱ། །དེ་ལྟའི་དོན་དང་མི་ལྡན་པར། །ལྟ་བར་སྙེམ་པའི་སྟོན་པ་དང་། །ཚིག་ཚོགས་མཁས་པའི་གྲྭ་པ་དང་། །སྤངས་ལེན་བྱེད་པའི་སྒོམ་ཆེན་གསུམ། །གྲོལ་དུ་རེ་སྟེ་དཀའ་བར་མཆི། །གཉིས་འཛིན་གྱི་ཐག་པས་བཅིངས་པར་མཆི། །ཐར་དུ་རེ་སྟེ་བཅིངས་པར་མཆི། །གཟུང་འཛིན་གྱི་ལྕགས་ཀྱུས་བཟུང་སྟེ་མཆི། །ཁམས་གསུམ་འཁོར་བར་འཁྱམས་ཏེ་མཆི། །ལར་ནི་ཉམས་སུ་ལེན་པ་འཐད། །ཅེས་གསུངས་སོ། །
དེ་ནས་མར་སྟེང་གི་ཐང་ཕུར་བྱོན་དུས། རྗེ་བཙུན་སྐུ་ཁམས་བཟང་པོར་སྙེ་ནམ་དུ་བྱོན་ཟེར་བ་ཐོས་ནས། བྲིན་ནས་ཡོན་བདག་བཀྲ་ཤིས་བརྩེགས་པ་དང་། ལེགས་སེ་མོ་དང་། དར་མ་མཚོ་དང་། ཁུ་བྱུག་མ་ལ་སོགས་པར་རྣམས་སྐུ་ཁམས་འདྲི་ཞིང་ཕྱག་སྐྱེལ་དུ་འོང་བས། ལེགས་སེ་མོས་རྗེ་བཙུན་ལགས་ཁྱེད་ལ་རྣམ་རྟོག་མི་མངའ་ཡང་། མི་ནག་པ་མི་མོས་པ་སྐྱེ་སྲིད་པས། ཆ་ལུགས་འགའ་རེ་སྦ་ན་མི་འཐད་དམ་ཞུས་པས། ཀོག་གིས་བཞེངས་ནས་མགུར་འདི་གསུངས་སོ། །
རྗེ་སྒྲ་བསྒྱུར་རྒྱལ་པོའི་ཞབས་ལ་འདུད། །ངས་རྟག་ཏུ་མི་ཡུལ་འགྲིམ་འགྲིམ་ནས། །རང་ཡུལ་ངང་གིས་བརྗེད་དེ་ཐལ། །དམ་པ་རྗེ་དང་འགྲོགས་འགྲོགས་ནས། །གཉེན་ཚན་ངང་གིས་བརྗེད་དེ་ཐལ། །ལྷ་ཆོས་དོན་དུ་གཉེར་གཉེར་ནས། །མི་ཆོས་ངང་གིས་བརྗེད་དེ་ཐལ། །གཅིག་པུར་རི་ཁྲོད་འགྲིམ་འགྲིམ་ནས། །གཡེང་བ་ངང་གིས་བརྗེད་དེ་ཐལ། །སྤྲ་སྤྲེལ་གྱི་ཡང་རྩལ་བལྟས་བལྟས་ནས། །བེལ་ལུག་ངང་གིས་བརྗེད་དེ་ཐལ། །མེ་ལྕགས་རྣོན་པོ་བཏོན་བཏོན་ནས། །ཁྱིམ་མཚེས་ངང་གིས་བརྗེད་དེ་ཐལ། །དཔོན་མེད་གཡོག་མེད་སྡོད་སྡོད་ནས། །ཞེ་ས་ངང་གིས་བརྗེད་དེ་ཐལ། །གཅིག་པུར་བག་ཡང་སྡོད་སྡོད་ནས། །ངོ་ཚ་ངང་གིས་བརྗེད་དེ་ཐལ། །སེམས་ལ་གང་བྱུང་བྱས་བྱས་ནས། །སྦ་གསང་ངང་གིས་བརྗེད་དེ་ཐལ། །ལུས་ལ་གཏུམ་མོ་སྦར་སྦར་ནས། །ཀེའུ་ཙེ་ངང་གིས་བརྗེད་དེ་ཐལ། །མི་རྟོག་ཡེ་ཤེས་བསྒོམ་བསྒོམ་ནས། །རྟོག་པ་ངང་གིས་བརྗེད་དེ་ཐལ། །འོད་གསལ་ཟུང་འཇུག་བསྒོམ་བསྒོམ་ནས། །སྤྲོས་པ་ངང་གིས་བརྗེད་དེ་ཐལ། །དེ་དག་བརྗེད་པ་བཅུ་གཉིས་སྟེ། །རྣལ་འབྱོར་པ་ཡི་ཆོས་ལུགས་ལགས། །རྣལ་འབྱོར་ཡོངས་ཀྱིས་དེ་བཞིན་མཛོད། །ཁྱེད་འདིར་བཞུགས་དད་འདུས་ཕོ་མོ་རྣམས། །ང་འཁྲུལ་པའི་རང་བཞིན་ཞིག་པ་ལ། །མི་ཁྱོད་ཀྱིས་ངོ་ཚ་མ་རེ་མཛོད། །ང་གཟུང་འཛིན་གྱི་མདུད་པ་གྲོལ་བ་ལ། །ཡོན་བདག་སྲོལ་ཀ་མ་རེ་མཛོད། །ལར་བཅོལ་མ་ཅིག་ལ་བྱང་ཆུབ་རེ། །མི་ཁྱོད་ཀྱིས་ལྷ་ཆོས་དཀའ་མོར་གདའ། །ལར་ང་བག་ཡངས་སུ་སྡོད་པ་ཡིན། །ངོ་ཚ་བྱེད་ན་ཟོལ་དང་ཁྲམ་མི་བྱེད་དགོས་པ་ཡིན། །ངས་བཅོས་མའི་སྤྱོད་པ་མི་ཤེས་གསུངས།
དེར་འཚོགས་པའི་ཡོན་བདག་བུ་སློབ་རྣམས་དད་པར་གྱུར་ཅིང་། འབུལ་བ་མང་པོ་བྱེད་ཟེར་བ་མ་བཞེད་དེ། སྙེ་ནམ་གྱི་རི་ལ་བྱོན་ནས་བཞུགས་སོ། །དེ་ཕྱིན་ཆད་རྗེ་བཙུན་ཆེན་པོའི་སྙན་པ་ཉི་ཟླ་ལྟར་ཕྱོགས་ཐམས་ཅད་དུ་གྲགས་སོ། །དེ་ཐམས་ཅད་གངས་མགུར་གྱི་སྐོར་རོ།། །།

༈ དེ་ནས་ལྔ་པ་ཉམས་མྱོང་བདེ་བར་ཤར་བའི་ཡོན་ཏན་ནི། སྙེ་ནམ་གྱི་བྲག་ཅིག་ལ་བཞུགས་པས་རྐྱེན་བཟང་ངན་ཐམས་ཅད་བདེ་བར་ལམ་ལམ་ཤར་བས་རྗེ་བཙུན་གྱིས་བློ་བདེ་བདུན་གྱི་མགུར་འདི་གསུངས་སོ། །
ལས་དང་སྐལ་བར་ལྡན་པ་ཡི། །གྲུབ་ཐོབ་བརྒྱུད་པའི་བླ་མ་ལ། །དད་གུས་རྒྱུན་ཆད་མ་མཆིས་པས། །སྟེང་ནས་རྗེ་ཡི་བྱིན་གྱིས་རློབས། །གྲུབ་ཐོབ་བརྒྱུད་པའི་བླ་མ་འདི། །མུ་ཏིག་ཙར་ལ་བརྒྱུས་པ་འདྲ། །མཆོག་ཐུན་མོང་རྩ་བ་བླ་མ་ཡིན། །ཕ་བླ་མའི་བྱིན་རླབས་བག་རེ་དྲོ། །རྒྱབ་རྟེན་དཀོན་མཆོག་གསུམ་ལ་བྱེད། །དུས་ཡེངས་པ་མེད་པར་སྐྱོབ་པ་དེ། །མ་མཛངས་མས་བུ་ཅིག་སྐྱོང་བ་འདྲ། །འགལ་འཁྲུལ་མེད་པས་བློ་རེ་བདེ། །གཡས་ནས་དཔའ་བོས་བྱིན་གྱིས་རློབས། །བར་ཆད་བདུད་ཀྱི་དམག་དཔུང་བཟློག་པ་དེ། །མཚོན་རྣོན་པོ་ཀླད་ལ་བསྐོར་བ་འདྲ། །འགལ་རྐྱེན་མེད་པས་བློ་རེ་བདེ། །གཡོན་ནས་དཔའ་མོས་བྱིན་གྱིས་རློབས། །མཆོག་ཐུན་མོང་དངོས་གྲུབ་སྟེར་བ་དེ། །མ་སྲིང་བྱམས་པས་བསྐོར་བ་འདྲ། །དགོས་འདོད་འབྱུང་བས་བློ་རེ་བདེ། །ཐབས་ཤེས་ཀྱི་གཤོག་པ་ནང་ནས་རྒྱས། །ཆོས་ཉིད་ཀྱི་མཁའ་ལ་ལྡིང་བ་དེ། །རྒོད་པོས་ནམ་འཕང་གཅོད་པ་འདྲ། །ལྷུང་དོགས་མེད་པས་བློ་རེ་བདེ། །སེམས་ལ་སྟོང་ཉིད་ཀྱི་རྩལ་ཆེན་རྫོགས། །གཞན་སྣང་ཟིལ་གྱིས་གནོན་པ་དེ། །སེང་གེ་གངས་ལ་འགྱིང་བ་འདྲ། །ཉམས་ང་མེད་པས་བློ་རེ་བདེ། །མདུན་ན་ཆོས་སྐྱོང་དམ་ལ་འདུ། །ཁོང་བྱ་བའི་ལས་ཚོགས་བསྒྲུབ་པ་དེ། །བྲན་ཁོལ་པོ་ལས་ལ་འགྱེད་པ་འདྲ། །ང་ཅི་བསྒོ་ཉན་པས་བློ་རེ་བདེ། །ངེད་སྐབས་སུ་གདམས་ངག་གླུ་རུ་ལེན། །བློ་དམན་ཟིལ་གྱིས་གནོན་པ་དེ། །གཡུ་འབྲུག་མཁའ་ལ་སྒྲ་སྒྲོགས་འདྲ། །རེ་དོགས་མེད་པས་བློ་རེ་བདེ། །ངེད་དེ་ལྟར་ཐལ་བའི་རང་བཞིན་གྱིས། །མི་བདེ་མ་མཆིས་བདེ་མོར་མཆིས། །བདེ་རུ་རེ་ནས་བགྱིས་པ་ལགས། །བདེ་རུ་རེ་ན་ཁྱེད་ཀྱང་མཛོད། །ངེད་སྐྱིད་དུ་རེ་ནས་བགྱིས་པ་ལགས། །སྐྱིད་སྐྱིད་འདྲ་ན་ཁྱེད་ཀྱང་མཛོད། །ཅེས་གསུངས་སོ།། །།

༄༅༅༅༅།། །།དེ་ནས་རས་ཆུང་རྡོ་རྗེ་གྲགས་བྱ་བ། ཡུལ་གུང་ཐང་འཕྲང་གི་རལ་པ་རུ་སྐྱེས་ཏེ། ཕ་ཆུང་དུས་ནས་ཤི་ནས་མ་དང་ཨ་ཁུ་གཉིས་འདུས་ཏེ་ཤིན་ཏུ་སྡང་སྐད། རུས་ནི་གཉེན། མིང་ནི་རྡོ་རྗེ་གྲགས་ཞེས་བྱ་སྟེ། ཆུང་ངུ་ནས་ཀློག་ཡིག་ལ་མཁས་པར་སྦྱངས་ནས་ཀློག་འདོན་ཞིང་ཡོད་པ་ལ། ཉིན་ཞིག་སྐྱོ་བསང་ལ་སྙེ་ནམ་གྱི་རི་ཐང་ཞིག་ནས་ཡར་ཕྱིན་པས། གད་པ་ཞིག་གི་ཁ་ཞིག་ན་རྗེ་བཙུན་གྱིས་སྒོམ་མཛད་ཅིང་བཞུགས་པ་དང་ལོ་བཅུ་གསུམ་གྱི་སྟེང་དུ་མཇལ་བས་ཤིན་ཏུ་དད་པ་ཞིག་བྱུང་བ་ལ། བླ་མས་གསུང་ནས། ཁྱོད་ལ་ཕ་མ་ཡོད་དམ་གསུང་པས། ཕ་མེད་མ་དང་ཨ་ཁུ་ཞིག་ཡོད་ཞུས་པས། བྱམས་སམ་གསུང་པས་ཤིན་ཏུ་སྡང་ཞུས་པས། ཁྱོད་རང་ཆོས་ཤིག་བྱེད་དམ་གསུང་པ་ལ། ཆོས་ཅིག་བྱེད་ལགས་ཞུས་པས། འོ་ན་ངའི་ཕྱི་ལ་ཕྱིན་པས་ཆོག་གི་གསུང་པ་ལ། ཐུགས་རྗེས་འཛིན་པར་ཞུ་ཞུས་ནས་དེར་ཟན་ལྷག་མ་ཡོད་པ་དྲངས། རྗེ་བཙུན་གྱིས་ཆོས་ཀྱི་ལོ་རྒྱུས་མང་དུ་གསུང་། ཡང་ཉིན་ཅིག་ཆོས་འདོན་པ་ལ་ཕྱིན་པས་ཤ་ཟུགས་གཅིག་ཡོད་པ་དང་ཟན་ལྷག་མ་བསགས་ནས། ང་རང་གི་སློབ་དཔོན་དེ་ལ་འདྲེན་དགོས་སྙམ་ནས་ཁྱེར་ཕྱིན་ཏེ། རྗེ་བཙུན་དཔོན་སློབ་གཉིས་ཀྱིས་གསོལ་ཞིང་ཡོད་པའི་སར། མ་དང་ཨ་ཁུ་སླེབ་བྱུང་ནས་རྗེ་བཙུན་ལ་རྡོས་བཏགས་ཏེ། སྤྲང་རྒན་འདིས་བྱིས་པ་བྲིད་ནས་ཟེར་ཏེ་སྡིག་པ་མང་པོ་བསགས། དེར་བཟའ་མི་གཉིས་ཀྱིས་བུ་ཚའི་ལག་པ་ལ་འཇུས་ནས་ཁྲིད་དེ། ད་ཕྲུག་ཁ་སེར་མར་ལ་འདོང་ཟེར་ཏེ་འཁྲིད་ནས་སོང་། དེ་ནས་མ་དང་ཨ་ཁུས་ཞིང་ཅིག་གི་སྒང་ས་ཤིན་ཏུ་གཉན་པ་ཅིག་ཡོད་པ་དེ་དབང་མེད་དུ་འཕྲུ་བྱེད་བཅུག་པས། འཕྲུ་བྱེད་ཟིན་ཙམ་ན། ཁམས་གཞིའི་ནད་བྱུང་། དེར་མས་ད་ཁྱོད་རང་མི་ལ་ཅན་དུ་སོང་ཟེར་བ་ལ། ཁོ་རང་གི་ཡི་གེ་སླབ་པའི་སློབ་དཔོན་གཅིག་གིས་ཁང་ཞིང་ང་རང་གི་ཡིན་གྱིས་ཁྱིམ་དུ་སྡོད་གསུང་པས་དེ་སྐད་བྱས་ནས། ཀླུ་ཆེན་གྱི་དཀྱིལ་འཁོར་སློབ་པའི་སློབ་དཔོན་གཅིག་ཡོད་པ་དེ་ལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་ཅན་ཞུས་ནས་སྙིང་པོ་བགྲང་ཞིང་བསྡད་པས་མ་དྲག །དེར་མས་ཡོས་ཐུམ་གཅིག་བྱིན་ནས་བསྐྱལ་ཏེ་སྡོད་དུ་མ་བཅུག་ནས། ལྷ་ཁང་མཆོད་པ་དང་བྲལ་བའི་གོག་པོ་ཞིག་ཏུ་མཚམས་བཅད་ནས་བསྡད་པ་ལ། ཉིན་མོ་འཇིགས་པར་བྱུང་། རྒྱགས་ཡོས་བྲེ་བཞི་ལས་མེད། དེ་ཟ་ཞིང་བསྡད་པས་ཞལ་རས་ཀྱི་ཆུ་སེར་རྒྱས་པས་དམར་ལམ་ལམ་བྱུང་སྟེ། ཤིན་ཏུ་ཉམ་ཐག་ནས་ཡོད་ཙ། ཨ་ཙ་ར་བཞི་བྱུང་ནས་དཔོན་ཆེ་བ་དེ་ན་རེ། འཛོ་ཀི་ཆུང་ཆུང་འདི་ལ་ཙི་ཏི་ཛྭ་ལ་བྱུང་འདུག །ངའི་བླ་མའི་བར་རྟོལ་ན་འཚོ་བ་ཡིན་ཟེར། འོ་ན་ང་བསྐྱོལ་དང་བྱས་པས། ཁོང་ལྟོགས་ཟེར་བ་ལ། ཡོས་འདི་བཟོ་བྱས་ནས་བྱིན། ད་ང་རྒྱ་ནག་རི་བོ་རྩེ་ལྔ་ལ་འགྲོ་བ་ཡིན་ཏེ། ཁྱེད་སྙིང་རྗེ་བ་ཅིག་འདུག་པས། ང་ཡར་ལོག་ནས་བསྐྱལ་ཟེར་ནས། དེར་ཁོང་གིས་ཁྲིད་ནས་རྒྱ་གར་དུ་བླ་མ་ཝ་ལ་ཙན་ཏྲ་དང་སྤྲད་ནས་ཕྱག་ན་རྡོ་རྗེ་ཁྱུང་ཤམ་ཅན་བསླབས་པས་སྔར་གྱི་དང་གཉིས་ཁྱད་མི་འདུག་སྟེ། སྔགས་བཟླས་ཤིང་བྲབ་པས། ཞག་ཉི་ཤུ་རྩ་ལྔ་ནས་ནད་ལས་གྲོལ། དེ་ནས་ཏི་པུ་པ་ལ་མཇལ་དུ་སོང་གསུང་ནས་རས་ཡུག་གཅིག་བསྐུར་བ་ཁྱེར་བླ་མ་ཏི་པུ་པ་དང་མཇལ། གདམས་ངག་མང་དུ་གནང་ནས། ད་བོད་དུ་རྣལ་འབྱོར་བ་ཅན་དུ་སོང་གསུང་ནས་ལུང་བསྟན། དེ་ནས་རས་ཆུང་བ་རྒྱ་གར་ནས་ཚུར་བྱོན་ཏེ། བླ་མ་རྗེ་བཙུན་སྙེ་ནམ་དུ་བཞུགས་པ་དང་མཇལ། སྙན་བརྒྱུད་ཀྱི་དབང་བསྐུར་ཞིང་གཏུམ་མོའི་གདམས་ངག་གནང་ནས་སྒོམ་བཅུག་པས་ཉམས་བཟང་པོ་སྐྱེས་ནས་བླ་མ་མཉེས་ཏེ་མགུར་འདི་གསུངས་སོ། །
རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲང་ཉམས་ལེན་བདེ་བར་བྱིན་གྱིས་རློབས། །ཁྱོད་གསར་པའི་ཁྲིད་ཕྲུག་ང་ལ་ཉོན། །ལས་དགེ་སྡིག་གཡོ་སྒྱུའི་གྲོང་ཁྱེར་ན། །བུ་སྐལ་བ་མ་ཆད་ལྷ་ཆོས་དྲན། །ལམ་ལོག་པར་མ་སོང་ང་དང་འཕྲད། །ཚོགས་ཡང་ཡང་བསགས་པའི་སྒོམ་སྒྲུབ་བྱེད། །བྱིན་རླབས་ཀྱི་ཉམས་རྟོགས་ན་བུན་སྐྱེས། །སྐྱེས་པས་མི་ཕན་མགོ་འདོན་དགོས། །མགོ་འདོན་པའི་མན་ངག་འདི་རྣམས་བཟུང་། །དབེན་གནས་རི་ཁྲོད་འགྲིམ་དུས་སུ། །གྲོང་ཡུལ་གྱི་ལྟད་མོ་མ་དྲན་ཅིག །དྲན་ན་རང་སེམས་བདུད་ཀྱིས་གཡེང་། །སྒོམ་སྙིང་རུས་ཀྱི་གནད་ནས་འདོན་དུས་སུ། །སྡུག་བསྲན་གྱིས་ལ་རང་མགོ་ཐོན། །ཟབ་མོའི་སྒོམ་ཁྲིད་ཞུ་དུས་སུ། །སློབ་གཉེར་གྱི་ཤེས་འདོད་མ་ཆེ་ཞིག །འདོད་ན་གྲོང་པའི་ཆོས་སྤྱོད་དྲན། །དྲན་ན་མི་ཚེ་སྟོང་ཟད་འོང་། །ཉམ་ཆུང་གྱིས་ལ་རང་མགོ་ཐོན། །ཉམས་རྟོགས་མྱུག་མྱུག་སྐྱེ་དུས་སུ། །བརྗོད་འདོད་ཀྱི་རང་རྩིས་མ་ཆེ་ཞིག །བརྗོད་ན་མ་དང་མཁའ་འགྲོ་འཁྲུགས། །ཡེངས་མེད་བསྒོམ་ཞིང་རང་མགོ་ཐོན། །བླ་མ་དང་མཉམ་དུ་འགྲོགས་དུས་སུ། །བཟང་ངན་གྱི་སྐྱོན་ཡོན་མ་བརྟག་ཅིག །བརྟག་ན་སྐྱོན་གྱི་ཕུང་པོར་མཐོང་། །དག་སྣང་གྱིས་ལ་རང་མགོ་ཐོན། །མཆེད་གྲོགས་དང་དབང་གྲལ་ཐུན་དུས་སུ། །གྲལ་འགོ་དང་ཁ་རྒན་མ་འདོད་ཅིག །འདོད་ན་ཆགས་སྡང་གི་དམ་ཚིག་འཁྲུག །མཐུན་པར་གྱིས་ལ་རང་མགོ་ཐོན། །གྲོང་ཡུལ་དུ་ལྡོམ་བུ་བྱེད་དུས་སུ། །ཆོས་ཟོག་གིས་མི་མགོ་མ་སྐོར་ཅིག །བསྐོར་ན་རང་ཉིད་ངན་འགྲོར་ལྟུང་། །ལས་དྲང་པོར་གྱིས་ལ་རང་མགོ་ཐོན། །ལར་དུས་དང་རྣམ་པ་ཐམས་ཅད་དུ། །རང་རྩིས་དང་རང་འདོད་མ་ཆེ་ཞིག །ཆེ་ན་ཆོས་པའི་གཟུགས་ཀྱིས་སྐྲང་བར་འགྲོ། །རྫུན་ཟོལ་ཟོག་སྤངས་ལ་རང་མགོ་ཐོན། །རང་མགོ་འདོན་པའི་སྐྱེས་བུ་ལ། །རང་དྲིན་ཆེ་བའི་གདམས་ངག་རྣམས། །རང་གཞན་དོན་དུ་ད་རུང་སྟེར། །སྦྱིན་པ་སྙིང་གི་དཀྱིལ་དུ་བཟུང་། །ཞེས་གསུངས་སོ། །
བུ་ཆུང་དེ་ལ་རས་ཆུང་བ་བྱ་བའི་སློབ་མ་ཅིག་བྱུང་བས་དཔོན་སློབ་གཉིས་འགྲོགས་ནས་རི་ཁྲོད་འགོལ་ས་རུ་འགྲོ་གསུངས་པས། རས་ཆུང་པས། བླ་མ་ལགས། ད་རུང་འདི་རང་དུ་འདུག་པས་སྐྱིད་ཞུས་པས། བླ་མས་ཁོ་ཡི་ཞེན་པ་བཟློག་པའི་མགུར་འདི་གསུངས་སོ། །
རྗེ་བླ་མའི་བྱིན་རླབས་རི་ཁྲོད་འགྲིམ། །རི་ན་བུན་སྤྲང་པོའི་གཏན་ཡུལ་སྐྱིད། །རང་གཅིག་པུའི་ལུས་ལ་ལྷ་ཚོགས་འཁོར། །ལྷ་དྲིན་ཅན་འཁོར་བའི་ངང་གིས་སྐྱིད། །མ་མཁའ་འགྲོ་རྣམས་མི་མེད་ལུང་པར་འབྱོན། །མཁའ་འགྲོའི་བརྡ་སྐད་རྣམས་ཀྱི་ཞི་བ་སྐྱིད། །སྒོམ་བཟང་པོ་བར་ཆད་མེད་པས་སྐྱིད། །ཉམས་རྟོགས་སེམས་ལ་ཤར་བས་ང་རེ་སྐྱིད། །གྲོགས་བཟང་པོ་བསོད་ནམས་བསགས་ལ་འཁོར། །སྒོམ་སྙིང་རུས་ཅན་ཡོད་ན་ཐུགས་སེམས་སྐྱིད། །ཟས་བཟང་པོ་དཀོར་མེད་རང་འཚོ་ཞིམ། །ནང་ཏིང་འཛིན་གྱི་ཟས་མཆོག་ཟོས་ཤིང་སྐྱིད། །སྒོམ་བཟང་པོ་དྲན་ཤེས་གཉེན་པོ་མང་། །འཕྲལ་ཡེངས་མེད་བཏུང་བ་འཐུང་ཞིང་ཚིམ། །སྒོམ་རང་མགོ་ཐོན་པའི་སྒོམ་ཆེན་ལ། །གནས་གང་དུ་སོང་ཡང་ཤིན་ཏུ་སྐྱིད། །བུ་རས་ཆུང་ཞེན་འཁྲིས་སྐྱིད་འདོད་ཆོད། །ལར་མི་རྟག་ལོང་མེད་གོ་ཆ་གྱོན། །གནས་མི་མེད་ཀྱི་དབེན་པར་བསྒོམ་དུ་འགྲོ། །
ཞེས་གསུངས་པས། རས་ཆུང་པས། བླ་མ་ལགས། རི་ཁྲོད་དུ་བསྒོམ་འགྲོ་བ་ལ་རྒྱགས་ཆུ་དུམ་པ་རེ་མེད་པས། སྙེ་ནམ་ཚོང་འདུས་ན་ཚོང་པ་མང་པོ་ཡོད་པ་ལ་བསོད་སྙོམས་བྱེད་ནས་གང་གསུངས་པའི་གནས་ལ་འགྲོ་ཞུས་ནས། དཔོན་སློབ་གཉིས་བསོད་སྙོམས་ལ་བྱོན་ཙ་ན། ཕར་ལ་ཉེ་བ་དང་། ཚོང་པ་ནི་སེམས་ཅན་མང་པོ་བསད་པའི་དམར་ཚང་བ་རེད་པས། ཤ་མང་པོ་བརྩིག །ཁྲག་མང་པོ་ལྤགས་པའི་ནང་དུ་བསྐྱིལ། མགོ་མང་པོ་ཡུང་མ་སྤུང་སྤུང་བྱས་འདུག་པ་རྣམས་གཟིགས་པས། ཕྱི་ནུད་ཕྱི་ནུད་མཛད་དེ། རས་ཆུང་པ་ལ་མ་འགྲོ་མ་འགྲོ་ང་འཇིགས་ང་འཇིགས། མི་རེ་རེའི་ཁ་གསོ་བ་ལ་སེམས་ཅན་ཕ་ཀི་ཙམ་བསད་འདུག །སྡིག་པ་ཁམ་པོ་ཆེ་བྱེད་པའི་རྩར་མི་དགོས། རླུང་ཁར་ཡང་འགྲོ་མི་རུང་། མི་འཆི་བ་མ་དྲན་པ་དང་འཕྲད་ཙ། སྐྱབས་འགྲོ་རང་དབང་མེད་པར་འཁྲུག་ལེ་ཡིན་གསུང་ནས་མགུར་འདི་གསུངས་སོ། །
ཨེ་མ་འཁོར་བའི་སེམས་ཅན་རྣམས། །ཐར་པའི་ལམ་ལ་ཡར་ལྟོས་དང་། །ཨ་ཙ་མ་སྡིག་པ་ཅན་སྙིང་རེ་རྗེ། །ལས་རེ་རྨོངས་མི་ཡི་ལོད་པ་ལ། །ཞེ་རེ་འཕོང་སེམས་ཅན་གྱི་བསད་ལུགས་ལ། །གྱང་རེ་ཆེ་རང་ནོར་གྱི་མགོ་བོ་ལ། །ཅུག་རེ་སོང་ཤ་ཡི་རྩིག་ལུགས་ལ། །ཅི་རེ་བྱེད་ཁྲག་གི་མང་ལུགས་ལ། །ཅི་ཙམ་ལྟོགས་ཤ་ཡི་ཟ་ལུགས་ལ། །ཅི་རེ་བྱེད་སྙིང་རྗེ་མེད་ལུགས་ལ། །ཅི་ཙམ་ལས་སྒྲིབ་རྨོངས་པའི་གཏི་མུག་ལ། །ཅི་རེ་བྱུང་ཞེ་སྡང་གི་སོ་ནམ་ལ། །སུ་ཡིས་གཅིར་འདོད་པའི་མང་ལུགས་ལ། །གང་གིས་དྲན་ཡུལ་ལུགས་རྐྱག་པ་ལ། །ཅུག་རེ་བྱེད་སྐྱེ་བོའི་འཕོངས་པ་ལ། །གང་དུ་འགྲོ་ཡི་མུག་གི་ཆེ་ལུགས་ལ། །ཅུག་སོང་ཨ་ཕ་ཀི་ཚོ་བྲེལ་བ་ལ། །ཕ་ཀི་ཚོ་མཐོང་ཞིང་འཇིགས་པ་ལ། །སྡིག་སྤྱོད་ཚོ་དྲན་ཞིང་སྣང་བ་འཁྲུགས། །རས་ཆུང་པ་ལྷ་ཆོས་ཤིག་ཨེ་དྲན་ཨང་། །དྲན་ན་སྐྱོ་ཤས་ཀྱི་སྙིང་རླུང་སྐྱེ། །སྒོམ་ན་རི་ཁྲོད་ཀྱི་གནས་སུ་གཤེགས། །བསམ་ན་བླ་མའི་བཀའ་དྲིན་སོམ། །འབྲོས་ནས་སྡིག་ཅན་གྱི་རྩེ་ནས་བྲོས། །གཏོང་ན་འཇིག་རྟེན་གྱི་བྱ་བ་ཐོང་། །འཛིན་ན་སྒྲུབ་པའི་དམ་བཅའ་བཟུང་། །ཤེས་ན་མི་ཚེ་ཆོས་ལ་སྐྱོལ། །
ཅེས་གསུངས་པས་རས་ཆུང་བ་ཡང་བ་སྤུ་ཚ་རྩེ་ཟེང་བ་ཅིག་བྱུང་། རྗེ་བཙུན་ལ་ནི་སྤྱན་ཆབ་མང་པོ་བྱུང་ངོ་། །དེར་རས་ཆུང་པས་ད་གང་དུ་འགྲོ་ཞུས་པས། ད་སྒོམ་དུ་རི་ཁྲོད་དུ་འགྲོ་གསུངས་ནས་བསྒོམ་གཤེགས་མི་རྟག་པའི་མགུར་འདི་གསུངས་སོ། །
ཨེ་མ་འཁོར་བའི་སེམས་ཅན་རྣམས། །ལས་ངན་སྒྲིབ་པའི་མུན་པ་རྣམས། །རྣམ་རྟོག་གི་རྐུན་མ་མང་ལ་རྒོད། །སེམས་ཉིད་ནོར་བུ་འཆོར་ལས་ཆེ། །ཡེངས་མེད་མེལ་ཚེ་བྱེད་རེ་རན། །མི་ཕ་ཀི་ཚོ་འཆི་བ་འོང་སྙམ་མེད། །ངེད་རང་རས་ཆུང་གཉིས་བསྡེབས་ལ་བསྒོམ་དུ་གཤེགས། །འཁོར་བའི་རྒྱུད་ནས་ལམ་འཕྲང་རིང་། །དུག་ལྔའི་ཇག་པ་འཚུབ་ལ་རྒོད། །བུ་རིག་པའི་ཁྱེའུ་ཆུང་འཛིན་ལས་ཆེ། །ཡེ་ཤེས་ཀྱི་སྐྱེལ་མ་བཙལ་རེ་རན། །མི་ཕ་གི་ཚོ་འཆི་བ་འོང་སྙམ་མེད། །ངེད་རང་རས་ཆུང་གཉིས་བསྡེབས་ལ་བསྒོམ་དུ་གཤེགས། །སྐྱོན་གྱི་རི་བོ་དཔང་རེ་མཐོ། །ཉོན་མོངས་ཀྱི་རྔོན་པ་ཁྱི་རེ་བཟང་། །ཏིང་འཛིན་གྱི་རི་དྭགས་གསོད་ལས་ཆེ། །ཡང་དག་གི་མཐའ་ལ་འབྲོས་རེ་རན། །མི་ཕ་ཀི་ཚོ་འཆི་བ་འོང་སྙམ་མེད། །ངེད་རང་རས་ཆུང་གཉིས་བསྡེབས་ལ་བསྒོམ་དུ་གཤེགས། །སྒྱུ་མ་ལུས་ཀྱི་ཁང་རུལ་ལ། །ཞག་དང་ཟ་མའི་ཆར་པ་བབ། །ལོ་དང་ཟླ་བའི་ཐིགས་པ་བྱུང་། །སྒྱུ་ལུས་ཀྱི་ཁང་རྒན་འགྱེལ་ལས་ཆེ། །ད་འཆི་བྲོས་ཐིགས་འཚགས་བྱེད་རེ་རན། །མི་ཕ་ཀི་ཚོ་འཆི་བ་འོང་སྙམ་མེད། །ངེད་རང་རས་ཆུང་གཉིས་བསྡེབས་ལ་བསྒོམ་དུ་གཤེགས། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །རིག་པའི་ཉེའུ་ཆུང་རྐྱལ་རེ་རན། །གཡོ་འཁྲུགས་རྦ་ལ་གཡེང་ལས་ཆེ། །ད་གཉིས་མེད་ཀྱི་ཀློང་དུ་འབྲོས་རེ་རན། །མི་ཕ་ཀི་ཚོ་འཆི་བ་འོང་སྙམ་མེད། །ངེད་རང་རས་ཆུང་གཉིས་བསྡེབས་ལ་བསྒོམ་དུ་གཤེགས། །འཁྲིག་ཆགས་བདེ་བའི་ན་ཐང་ན། །ཁྱིམ་ཐབ་དུག་གི་འདམ་རྫབ་རྒྱས། །སེམས་ཉིད་གླང་པོ་ཆུད་ནས་ཟིན། །ཐར་པའི་སྐམ་ལ་བསྙག་རེ་རན། །མི་ཕ་ཀི་ཚོ་འཆི་བ་འོང་སྙམ་མེད། །ངེད་རང་རས་ཆུང་གཉིས་བསྡེབས་ནས་བསྒོམ་དུ་གཤེགས། །ཐེག་དམན་གྱི་ལྟ་སྒོམ་གཡང་ས་ཆེ། །བློ་དམན་གྱི་བྱིས་པ་བྱ་བྱེད་མང་། །རིགས་དྲུག་གི་གཡང་ལ་ལྷུང་ལས་ཆེ། །ཆོས་ཐེག་ཆེན་གྱི་བཙན་ས་འཛིན་རེ་རན། །མི་ཕ་ཀི་ཚོ་འཆི་བ་འོང་སྙམ་མེད། །ངེད་རང་རས་ཆུང་གཉིས་བསྡེབས་ནས་བསྒོམ་དུ་གཤེགས། །
ཞེས་གསུངས་ཏེ་ལྷོ་མོན་གྱི་རི་ཁྲོད་ཅིག་ཏུ་དཔོན་སློབ་གཉིས་བྱོན་ནོ། །དེ་ཐམས་ཅད་རས་ཆུང་ཞལ་མཇལ་གྱི་སྐོར་རོ།། །།

༈ དེ་ནས་རྗེ་བཙུན་མི་ལའི་ཞལ་ནས། རས་ཆུང་བ་གང་སྣང་རྟོགས་པར་འཁྱེར་མ་ཤེས་ན་རེ་མེད་གསུང་ནས། མིས་མི་རྙེད་པའི་འཚོ་བ་དཀོན་ས་སྡོད་སྙིང་མི་འདོད་པའི་ཤིང་ཕུག་ཅིག་ཏུ་བཞུགས་པ་ལ། རས་ཆུང་བས་འདི་འདྲ་ན་མི་ཟུག་པར་འདུག །ཆུ་ཡང་ལེན་དཀའ་བར་འདུག་པས་མཐུན་རྐྱེན་དུམ་པ་ཡོད་པ་གང་ལ་ཡང་མི་འགལ་བའི་ས་ཞིག་ཏུ་བྱོན་ནས་བཞུགས་དགོས་ཞུས། རས་ཆུང་པ་ཁབ་རྩེ་གཉིས་ཀྱིས་བཟོ་མི་འོང་། སེམས་རྩེ་གཉིས་ཀྱིས་དོན་མི་འགྲུབ། །ཚེ་འདི་ལ་ཨེ་སྐྱིད་ལ་ཆོས་པའི་མིང་མེད་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མའི་རྣམ་ཐར་སེམས་ལ་བཅགས། །གསུང་ཞལ་ཏའི་བདུད་རྩི་བརྗེད་ཐབས་མེད། །ཆོས་ལོང་ཡོད་ལ་བཞག་ན་སྐལ་བ་ཆད། །ཆོས་རང་རྒྱུད་ལ་བསྲེས་ལ་འབུངས་ལ་བསྒོམ། །ཚེ་འདི་ལ་ཆགས་ན་ཕྱི་མ་སྡུག །འཕྲལ་སྐྱིད་ལ་དགའ་ན་བར་ཆད་ཆེ། །ཆོས་ལོང་ཡོད་སྙམ་ན་གླེན་པ་ཡིན། །རང་འཆི་བས་འཇིགས་ན་འབུངས་ལ་བསྒོམ། །ལར་སྡིག་པ་སྤྱད་ན་ངན་འགྲོར་ལྟུང་། །སེམས་གཡོ་ཟོལ་འདུག་ན་རང་ཉིད་བརླག །རང་བསམ་ངན་སྐྱེས་ན་བསོད་ནམས་འཛད། །ལས་རྣམ་སྨིན་སྦྱོང་ན་འབུངས་ལ་བསྒོམ། །གོས་བཟང་པོ་གྱོན་འདོད་སྣང་བ་འཁྲུལ། །ཟས་ཞིམ་པོ་ཟ་འདོད་སྡིག་སྤྱོད་རེམ། །གཏམ་སྙན་པོ་འོང་འདོད་ལྷ་ཁ་བརྡུག །བློ་ཆོས་བརྒྱད་སྤངས་ནས་འབུངས་ལ་བསྒོམ། །ནོར་ཕྱུག་པོ་འོང་འདོད་དགྲ་དང་འཕྲད། །འཁོར་མང་པོའི་བསྐོར་འདོད་བློ་འགྱོད་ཆེ། །ཚོགས་མང་མང་བསགས་འདོད་ལོག་ལྟ་མང་། །བློ་ཆོས་དང་བསྟུན་ལ་འབུངས་ལ་བསྒོམ། །སྒོམ་ནུས་ན་རྟོགས་པ་སེམས་ལ་འཆར། །བསྒོམ་མ་ནུས་ཁ་བཤད་ཁྲམ་པའི་བཤགས། །ཡུན་རིང་པོ་སྒོམ་ལོང་མ་མཆིས་པས། །ཡེངས་མེད་དུ་སྒོམ་དང་གར་ཡང་སྤྲོ། །རོགས་མེད་དུ་སྡོད་དང་ཅུག་ཡང་དྲག །སྒོམ་གསལ་སྟོང་གི་བསམ་གཏན་རིན་པོ་ཆེ། །བུ་རས་ཆུང་གི་སྙིང་ལ་འབབ་པར་ཤོག །
ཅེས་གསུངས་པས། རས་ཆུང་པ་ཡང་སྣང་བ་འགྱུར་ནས། སྒོམ་པས་ཉམས་རྟོགས་བཟང་པོ་སྐྱེས་ནས་སེམས་དྭང་སྙིགས་ཕྱེད་པའི་རྒྱུ་འབྲས་རང་ས་ནས་ཤར་བས། རས་ཆུང་བས་རྟོག་དཔྱོད་སྒྱུ་མའི་ཉམས་དབྱངས་འདི་ཕུལ་ལོ། །
ཕ་བླ་མའི་བཀའ་དྲིན་ལྷ་ཆོས་བྱེད། །སེམས་འཕྲེང་བའི་དྲིན་ཆེན་ཕ་མ་བསྐྱུར། །སྤངས་དཀའ་བའི་ཕ་ཡུལ་རྒྱབ་ཏུ་སྤངས། །གྲོགས་ཉེ་དུའི་གདུང་སེམས་ད་རུང་འདུག །འཕྲལ་ཟས་ནོར་གོས་གསུམ་གསོག་འཇོག་བཤོལ། །སེར་སྣའི་སྡུག་བསྔལ་གསོག་པའི་མཐུན་རྐྱེན་མེད། །དཀའ་ཐུབ་དང་བཅུད་ལེན་གྱིས་བྲག་ལ་བསྒོམ། །སེམས་གསོག་འཇོག་གི་སྣང་བ་ཅིག་ད་རུང་འདུག །མཇལ་ནི་གྲུབ་ཐོབ་དངོས་དང་མཇལ། །ཐོབ་ནི་སྙན་བརྒྱུད་ཀྱི་གདམས་ངག་ཐོབ། །སྒོམ་ནི་ཡེངས་མེད་ཀྱི་བརྩོན་འགྲུས་བྱེད། །མཇལ་འདོད་དང་ཞུ་འདོད་ད་རུང་འདུག །བྱེད་ནི་ཕ་ཡི་ཞབས་ཏོག་བྱེད། །སྒྲུབ་ནི་ཚེ་གཅིག་སངས་རྒྱས་སྒྲུབ། །བཞུགས་ནི་རི་ཁྲོད་ཀྱི་གནས་སུ་བཞུགས། །བྱ་ལོ་དང་བྱེད་ལོ་ད་རུང་འདུག །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །བུ་ཡི་སྣང་བ་འགྱུར་བར་བྱིན་གྱིས་རློབས། །
ཞེས་ཞུས་པས། བླ་མའི་ཞལ་ནས། ཁྱོད་རི་ཁྲོད་ཀྱི་གནས་སུ་བག་ཆགས་ཀྱི་སྣང་བ་སྤུན་ནས། མི་དྲན་དགུ་དྲན་གྱི་ཏྲང་བ་ཅིག་འོང་བ་ལ་ཚེགས་མེད། གདམས་ངག་དང་བླ་མའི་སྐྱོན་ཡོན་བརྟག་ན། ལོག་ལྟའི་རྫུན་མ་ཅིག་འོང་བ་ལ་ཚེགས་མེད། ཅུག་དྲག་དང་གང་དྲག་གིས་སེམས་རྩ་གཙེས་ན། རང་ཕུང་གི་རྐུན་མ་ཅིག་འོང་བ་ལ་ཚེགས་མེད། མི་ཤེས་དགུ་ཤེས་ཀྱི་ཆེན་པོ་ཞིག་འདོད་ན། མགོ་གཡོག་གི་ཟོག་པོ་ཞིག་འོང་བ་ལ་ཚེགས་མེད། །ཅེས་གསུངས་ནས་རས་ཆུང་པའི་སེམས་རྟོག་སེལ་བའི་མགུར་འདི་གསུངས་སོ། །
རྗེ་བླ་མའི་བྱིན་རླབས་རི་ལ་ཞུགས། །གནས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཁྱོད་སྐལ་བ་ཅན་གྱི་རས་ཆུང་བ། །སེམས་དབང་པོ་བསྒྲིམས་ལ་གླུ་འདི་ཉོན། །དབེན་གནས་རི་ཁྲོད་འགྲིམ་དུས་སུ། །ཉེ་བའི་ཁ་ཚིས་མ་དྲན་ཞིག །དྲན་ན་དགྲ་སྡང་གསོན་ལང་བྱེད། །བླ་མའི་དྲུང་དུ་བསྒོམ་དུས་སུ། །ཚོགས་ཀྱི་ཁ་ལན་མ་དྲན་ཞིག །དྲན་ན་སྤྱོད་ངན་དམག་དཔུང་འཁྲུག །འབྱུང་པོའི་གཏོར་མ་གཏོང་དུས་སུ། །གཏོར་དྲིལ་གྱི་གསོག་འཇོག་མ་དྲན་ཞིག །དྲན་ན་རང་ཉིད་འབྱུང་པོར་འགྲོ། །ཡེངས་མེད་ཀྱི་བསམ་གཏན་སྒོམ་དུས་སུ། །གྲོགས་པོ་དང་མཇལ་སྤྲད་མ་དྲན་ཞིག །དྲན་ན་མཆེད་གྲོགས་ཀྱི་དགེ་སྦྱོར་སྤུར། །དཀའ་ཐུབ་ཀྱི་སྙིང་རུས་བྱེད་དུས་སུ། །ཤ་ཆང་གི་ཞིམ་ལྟོ་མ་དྲན་ཞིག །དྲན་ན་ཡི་དྭགས་ཀྱི་གནས་སུ་སྐྱེ། །སྙན་བརྒྱུད་ཀྱི་ཐབས་ལམ་སྒོམ་དུས་སུ། །ཤེས་འདོད་ཀྱི་སློབ་གཉེར་མ་དྲན་ཞིག །དྲན་ན་ལོག་པའི་ལམ་དུ་འཇུག །མོན་གྱི་ཤིང་རིར་སྡོད་དུས་སུ། །འགྲོ་འདོད་ཀྱི་བྱ་ར་མ་དྲན་ཞིག །དྲན་ན་ཡིད་ངན་འཕྲལ་ལ་ལྡང་། །བུ་སྙིང་རུས་ལྷ་ཆོས་མགོ་བོ་ཐོན། །སྡུག་སྒུར་གྱིས་འཁོར་བའི་སྡུག་བསྔལ་སྤོང་། །སྨོན་ལམ་གྱིས་འབྲེལ་བའི་བུ་སློབ་ལ། །ཕ་ཡི་རྟོགས་པ་སྐྱེ་བར་ཤོག །སྣང་སྲིད་ཆོས་སྐུར་རྟོགས་པ་འདི། །བུ་ཡི་ཉམས་ལ་རྫོགས་པར་ཤོག །
ཅེས་གསུངས་པས། རས་ཆུང་བ་ལེགས་པར་འགྱུར་ནས་རི་ལ་ཟུག་པ་དང་། སྒོམ་ལ་འཕེལ་སྐྱེད་ཆེན་པོ་བྱུང་ནས་བླ་མ་འདི་དང་དུས་རྟག་ཏུ་མི་འབྲལ་ཨང་བསམ་པའི་ངེས་ཤེས་དྲག་པོ་སྐྱེས་ནས། ཐུགས་དམ་འཕེལ་བར་བྱུང་ནས་འཁོར་བ་ལ་ཞེན་པ་ལོག་པས། ཡང་རས་ཆུང་བའི་ཉམས་རྟོགས་གོང་དུ་འཕེལ་བའི་དོན་དུ་མགུར་འདི་གསུངས་སོ། །
ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །ལུས་ཁྲག་གི་ཕུང་པོ་སྡིག་པོ་ཆེ། །ལྟོ་གོས་ཀྱི་ཞེན་པ་བསྒྲུབ་བསྒྲུབ་ནས། །འཇིག་རྟེན་གྱི་བྱ་བ་ཐོངས་དུས་མེད། །བུ་རྩོལ་སྒྲུབ་སྐྱུར་ཅིག་རས་ཆུང་བ། །སྒྱུ་མ་ལུས་ཀྱི་དུར་ཁྲོད་ན། །སེམས་རིག་པ་དངོས་མེད་སྡིག་པོ་ཆེ། །གཟུགས་ཤ་ཁྲག་ལུས་ལ་ཆགས་ཆགས་ནས། །སྐྱེ་ཤིའི་རྩ་གདར་ཆོད་དུས་མེད། །སེམས་གཞི་རྩ་ཆོད་ཅིག་རས་ཆུང་པ། །མ་རིག་འཁྲུལ་པའི་གྲོང་ཁྱེར་ན། །གཏི་མུག་རྣམ་རྟོག་སྡིག་པོ་ཆེ། །དོན་མེད་ཉེ་རིང་བྱེད་བྱེད་ནས། །སེམས་བཏང་སྙོམས་ངང་ལ་གནས་དུས་མེད། །སེམས་ཆགས་སྡང་སྐྱུར་ཅིག་རས་ཆུང་བ། །མཐོ་མི་མངོན་ནམ་མཁའི་དབྱིངས་ཤེད་ན། །རྗེ་དུས་གསུམ་སངས་རྒྱས་ཞལ་རྫུན་མཁན། །ཆོས་དྲང་དོན་བསླུ་བྲིད་གསུང་གསུང་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །སེམས་སྤྲོས་པ་ཆོད་ཅིག་རས་ཆུང་པ། །རླུང་རིག་གཉིས་ཀྱི་བར་དོ་ན། །སེམས་གཟུང་འཛིན་ང་བདག་གི་སྡིག་པོ་ཆེ། །གློ་བུར་གྱི་རྐྱེན་ཁ་འགྲིམ་འགྲིམ་ནས། །སེམས་གནས་ལུགས་ངང་ལ་གནས་དུས་མེད། །སེམས་ཀློད་ལ་ཞོག་ཅིག་རས་ཆུང་བ། །སྐྱེ་ཤི་གཉིས་ཀྱི་བར་དོ་ན། །བར་དོའི་རྣམ་ཤེས་སྡིག་པོ་ཆེ། །ལུས་མེད་ལུས་དང་འགྲོགས་འགྲོགས་ནས། །ཆོས་ཉིད་ཀྱི་མ་དང་མཇལ་དུས་མེད། །སེམས་བཙན་ས་ཟུངས་ཤིག་རས་ཆུང་པ། །ཆོས་ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། །ཞེས་གསུངས་སོ། །
ཡང་ཉམས་ལེན་འདི་གསུངས་སོ། །
འཆི་བདག་གཤིན་རྗེའི་ཕོ་ཉ་ལ། །དུས་ལ་ངེས་པ་མི་གདའ་ན། །གློ་བུར་དུ་ཤི་ན་ཡི་མུག་ཆེ། །ད་ལྟ་རང་ནས་འཆི་ཚིས་གྱིས། །ཟང་ཟིང་སྒྱུ་མའི་ནོར་རྫས་ཀྱང་། །གཞན་གྱི་ཁྱེར་ན་ཞེ་སྡང་སྐྱེ། །ཤུལ་དུ་ལུས་ན་མི་ཡིས་འཕྱ། །ཞེན་ཆགས་མེད་པའི་སྦྱིན་པ་ཐོངས། །ཐ་སྙད་ཚིག་གི་དམ་ཆོས་ཀྱང་། །སློབ་པར་དཀའ་ལ་ཕན་ཡོན་ཆུང་། །ཤེས་ན་ང་རྒྱལ་འདོད་པ་སྐྱེས། །བླ་མའི་གསུང་བཞིན་ཉམས་སུ་ལོངས། །གྲོང་ཡུལ་ཡོན་བདག་ངོ་སྲུང་ཡང་། །མགུ་བ་ཉུང་ལ་འཁང་བ་མང་། །བསླབ་ཉེས་ལོངས་སུ་མ་བཏང་ཞིག །བྱ་བ་ཐོང་ལ་རི་ཁྲོད་ཟུངས། །རྟག་ཏུ་དགོས་པའི་ལྟོ་གོས་ཀྱང་། །བཟང་པོར་བྱས་ཀྱང་ཚིམ་པ་མེད། །ངན་པར་བྱས་ཀྱང་དེ་ཀ་ཙམ། །རྩོལ་སྒྲུབ་སྐྱུར་ལ་སྡུག་བསྲན་བསྐྱེད། །སེམས་སྐྱོ་བ་སྐྱེས་པའི་དབྱངས་ཆུང་འདི། །སེམས་ལ་ཞོག་ཅིག་རས་ཆུང་བ། །ཞེས་གསུངས་པས། ཉམས་དང་རྟོགས་པ་གོང་ནས་གོང་དུ་འཕེལ་བ་བྱུང་ངོ་། །དེ་ཐམས་ཅད་མོན་གྱི་ཤིང་རིའི་སྐོར་རོ།། །།
༈ དེ་ནས་རས་ཆུང་བས་བལ་ཡུལ་དུ་འགྲོ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། བལ་ཡུལ་ན་ད་ལྟ་བལ་ཚད་བྱ་བ་ཡང་ཡོད། སྤྱིར་ཡང་ངའི་སར་བསྡད་ནས་གདམས་ངག་ལྷག་མ་རྣམས་ལ་ཉམས་ལེན་དང་ནན་ཏན་རང་དྲག་སྟེ་མཆི། ཕྱིའི་གནས་ཁྱད་པར་འཕགས་པ་རྫོང་དྲུག་བྱ་བ། ས་མཐོ་ལ་དབེན་པ། མཁའ་འགྲོའི་བྱིན་རླབས་ཞུགས་པས་ཤེས་པ་བདེ་ལ་ཉམས་དགའ་བ་ཡོད། ད་རེས་ང་ཕ་རྒན་གྱི་རྗེས་སུ་བུ་ཁྱོད་སློབ་དགོས་པས་ངའི་གླུ་འདི་ལ་ཉོན་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གུང་ཐང་གི་མི་ལ་རས་པ་ང་། །སྐྱེས་པ་གུང་ཐང་གི་སྨད་དུ་སྐྱེས། །ལྟེ་བ་ཕ་རྒན་གྱི་པང་དུ་བཅད། །སློབ་གཉེར་དབུས་གཙང་གི་མཐིལ་དུ་བྱས། །ལས་འཕྲོ་ལྷོ་བྲག་གི་མཐིལ་དུ་སད། །དཔེ་དེ་ལྟར་ཐལ་བའི་རང་བཞིན་གྱིས། །མི་ལ་མ་བདེ་མ་མཆིས་བདེ་མོར་མཆིས། །ལར་ཡང་བདེ་སྟེ་བདེ་ཡང་བདེ། །ད་རེས་མི་ལའི་འདུ་གསུམ་ཆད། །ཉིན་མོ་ལྷ་ཡི་ཚོགས་སུ་འདུ། །མཚན་མོ་མཁའ་འགྲོའི་ཚོགས་སུ་འདུ། །ནང་ནུབ་ཟས་ནོར་ཚོགས་སུ་འདུ། །མི་ལ་འདུ་གསུམ་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །ད་རེས་མི་ལའི་ཆེ་བཞི་འཆད། །བླ་མ་དཀོན་མཆོག་བཀའ་དྲིན་ཆེ། །མ་དང་མཁའ་འགྲོ་བྱིན་རླབས་ཆེ། །ཆོས་སྐྱོང་སྲུང་མ་ནུས་མཐུ་ཆེ། །མི་ལ་རས་པ་སྒོམ་བསྲན་ཆེ། །མི་ལ་ཆེ་བཞི་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །ད་རེས་མི་ལའི་བདེ་ལྔ་འཆད། །སྟེང་ན་བལ་པོའི་ཤིང་རས་བདེ། །འོག་ན་སྤྲ་བའི་འབོལ་སྟན་བདེ། །སེམས་ལ་ཕྱག་རྒྱ་ཆེན་པོ་བདེ། །འགྲང་ལྟོགས་རན་པའི་སྒྱུ་ལུས་བདེ། །བྲག་དཀར་ལོགས་ལ་མི་ལ་བདེ། །མི་ལ་བདེ་ལྔ་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །ད་རེས་མི་ལའི་རྫོང་དྲུག་འཆད། །ཕྱག་རྒྱ་ཆེན་པོ་ལྟ་བའི་རྫོང་། །ན་རོ་ཆོས་དྲུག་སྒོམ་པའི་རྫོང་། །ཐབས་ལམ་ཟབ་མོ་སྤྱོད་པའི་རྫོང་། །སྐུ་གསུམ་ལྷུན་གྲུབ་འབྲས་བུའི་རྫོང་། །མི་ལ་རས་པ་དབྱངས་ཀྱི་རྫོང་། །བྲག་དམར་སྤོ་མཐོན་གནས་ཀྱི་རྫོང་། །མི་ལ་རྫོང་དྲུག་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །ད་རེས་མི་ལའི་རྫུན་གསུམ་འཆད། །ཆུ་ཤིང་འཛོམས་པའི་དགོན་པ་རུ། །ཉེ་གནས་ཟེར་བ་རྫུན་དུ་གདའ། །ཟ་རོགས་འདིས་ཀྱང་དགོས་རྒྱུ་ཆུང་། །ལུས་ལ་བདེ་དྲོད་འབར་ཙམ་ན། །འཇམ་གོས་ཟེར་བ་རྫུན་དུ་གདའ། །སྣལ་གོས་འདིས་ཀྱང་དགོས་རྒྱུ་ཆུང་། །ཟས་སུ་ཏིང་འཛིན་ཟོས་ཙམ་ན། །ཤ་ཆང་ཟེར་བ་རྫུན་དུ་གདའ། །ཞིམ་འགྲངས་འདིས་ཀྱང་དགོས་རྒྱུ་ཆུང་། །མི་ལ་རྫུན་གསུམ་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །བདེ་བདེ་འདྲ་ན་བགྱིས་ཀྱང་བགྱིས། །ཁྱེད་ཀྱང་འདི་བཞིན་ཉམས་སུ་ལོངས། །
ཞེས་གསུང་ནས། རང་རེ་ཕ་སྤད་ད་རེས་ལྷོ་བལ་གཉིས་ཀྱི་མཚམས་ཁུ་བྱུག་དབེན་པ་རྫོང་བྱ་བ་བལ་པོ་དང་འདྲ་སྟེ་ས་ཆུ་ནུས་པ་ཆེ་ལ་སྣུམ་བག་ཆེ་བ། གྲང་དྲོ་སྙོམ་པ། བལ་བོད་གང་གིས་ཀྱང་བདག་ཏུ་མ་བཟུང་། ཟས་ཆུ་བལ་བོད་གཉིས་ཀའི་མྱོང་བ་ཅིག་ཡོད་པ་དེར་འདོང་། ད་རེས་ངའི་ཁ་ལ་ཉོན་གསུང་ནས་ཁུ་བྱུག་རྫོང་ལ་བྱོན་པས། ལམ་དུ་ཡོན་བདག་རྒན་པོ་གཅིག་གཤིས་ངན་པ། ནོར་ཆེ་བ། འཁོར་མང་བའི་དབུས་སུ་བསྡད་ནས། ཐམས་ཅད་ལ་སྨྲ་བ་གཅིག་སྦྲ་ཆེན་པོ་གཅིག་གི་ནང་དུ་འདུག་པ་ལ། རྗེ་བཙུན་དཔོན་སློབ་ཀྱིས་བསོད་སྙོམས་ཞུས་པས། རྒད་པོ་ན་རེ། ཡུད་པ་ཅིག་སྡོད། ངའི་ཁ་བརྡ་མ་ཚར་ཟེར། ཡང་ཞུས་པས། རས་པ་འདི་འདོད་ཐག་ཉེ་བ། རིང་སྟོབས་ཆེ་བ། ཁྱོད་གཅིག་པུ་དེ་ཙམ་ཅི་ལ་རིངས། བྲེད་ཚབ་དེ་ཙམ་འོང་བ་ཟེར་བས་མགུར་འདི་གསུངས་སོ། །
ཉོན་ཅིག་གསོན་ཅིག་བགྲེས་པོ་བ། །ང་བྲེད་ཚབས་ཆེ་བ་བདེན་པར་མཛོད། །ང་མི་ལ་རས་པ་འཆི་བ་ཡོད། །དེ་ཡང་མྱུར་དུ་མྱུར་དུ་འཆི། །ཡོན་བདག་ཁྱོད་དག་མི་འཆི་སྟེ། །ཁྱོད་སྡོད་ཀྱང་རྟག་ཏུ་རྟག་ཏུ་སྡོད། །སྡོད་པས་སྡོད་པའི་ཚིས་ལ་འབུངས། །ཆོས་ཐོག་ཏུ་ཕེབས་ན་ང་ཡི་ལན། །ཞེས་གསུངས་པས། རྒད་པོ་ན་རེ། རྣལ་འབྱོར་པ་ཅོལ་མཁན་ཟེར་བས་མགུར་འདི་གསུངས་སོ། །
ང་དང་ཁ་ཅོལ་མི་འཆད་དེ། །ཡོན་བདག་ཁ་ཅོལ་སྒོ་ཡི་བསྐྱེད། །ང་དང་རྫུན་པོ་མི་སྨྲ་སྟེ། །བགྲེས་པོ་རྫུན་གྱི་འཁོར་གྱིས་བསྐོར། །ཁོ་དེ་ཡོན་བདག་བགྲེས་པོ་བ། །ཁྱོད་ཀྱིས་འཆི་བ་མ་གཟིགས་ན། །ཕ་མ་ལ་སོགས་ག་ན་བཞུགས། །ཡང་ན་བགྲེས་པོས་ཚེ་བུན་བཏང་། །ཚེ་ཡི་འབུན་སྐྱེད་ལོན་པར་རན། །རན་པ་ལས་ཀྱང་འཕྱིས་པ་ཙམ། །འཕྱིས་སམ་མ་འཕྱིས་དབུ་ལ་གཟིགས། །ཤོ་མེད་ཀྱང་བྲོ་མོ་བགྱིས་པ་ལགས། །ཡོན་བདག་བགྲེས་པོ་ག་ལ་འཆི། །མར་མེ་རླུང་གིས་ག་ལ་བསྐྱོད། །ཆུ་ཡི་ལྦུ་བ་ག་ལ་ཡལ། །ཆུ་ཤིང་སྙིང་པོ་ལྕགས་ལས་མཁྲེགས། །དེ་གོ་བར་གདའ་འམ་བློ་བདེ་པོ། །མཁྱེན་པར་གདའ་འམ་ཕྱི་ཚིས་ཅན། །ཞེས་གསུང་པས།
ཡོན་བདག་དེ་དད་པར་གྱུར་ཏོ། །དེ་ནས་རྗེ་བཙུན་ཁུ་བྱུག་དབེན་པ་རྫོང་དུ་བྱོན། དེར་ལོ་གཅིག་བཞུགས་པས་བུ་སློབ་བཟང་དགུ་ཅོག་རྣམས་ཀྱང་དེར་བྱུང་སྟེ། རས་པ་དཔོན་གཡོག་སུམ་ཅུ་ཙམ་བྱུང་ནས། དེ་རྣམས་ལ་དབྱར་དེ་བདེ་མཆོག་སྙན་བརྒྱུད་བུམ་དབང་དང་འབྲེལ་བ་ཐུན་མོང་ཡིད་བཞིན་ནོར་བུ། གསང་དབང་དང་འབྲེལ་བ་སྟེང་སྒོ་རྣམ་གྲོལ་གྱི་ཆོས་དྲུག །གསུམ་པ་དང་འབྲེལ་བ་འོག་སྒོ་བདེ་བ་ཆེན་པོ། ཚིག་དབང་དང་འབྲེལ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་གནང་བའི་རྗེས་སུ་མགུར་འདི་གསུངས་སོ། །
བྱིན་རླབས་བསྒྲུབ་པའི་རྩལ་དང་ལྡན། །ཉམས་མྱོང་རྟོགས་པའི་མཆོག་དང་ལྡན། །མོས་གུས་གདམས་པའི་མཆོག་དང་ལྡན། །བུ་ཅིག་རས་ཆུང་རྡོ་རྗེ་གྲགས། །ང་ཡི་གདམས་པ་ཁྱད་འཕགས་འདི། །མཁའ་འགྲོའི་ལུང་བསྟན་བྱུང་ནས་ནི། །དད་གུས་སྣོད་དང་ལྡན་པའི་ཕྱིར། །རིན་ཆེན་གསེར་གྱི་ག་བུ་རུ། །ནོར་བུས་བཀང་བ་འདྲ་བ་འདི། །རས་ཆུང་ལག་ཏུ་གཏད་པ་ཡིན། །ཡིད་ཆེས་གྱིས་ལ་སེམས་ལ་ཆོངས། །ཀུན་གྱི་ཐུན་མོང་མ་ཡིན་པས། །དཀོན་མོད་རྒྱལ་ཁམས་མི་ལ་དྲིས། །བདེན་རྫུན་ལག་ཏུ་ལོངས་ལ་ལྟོས། །འབྲས་བུ་ཕྱི་དུས་འགྱངས་གྱུར་ན། །རྣལ་འབྱོར་ང་ཡིས་བསླུས་པ་ཡིན། །སེམས་བསྐྱེད་ཆུང་བ་མ་ཡིན་ཏེ། །མཁའ་འགྲོའི་ཚོགས་རྣམས་ཀོ་ལོང་ངམ། །བླ་མ་བརྒྱུད་པའི་བཀའ་རྒྱ་ཡོད། །ཆོས་བདག་མཁའ་འགྲོའི་དམ་ཚིག་ཡོད། །ང་ཡི་ཚེ་ལ་ཁར་མ་འདོན། །ཉམས་ཀྱི་དྲོད་ཚད་སྤེལ་བ་དང་། །དུས་ཕྱིས་འགྲོ་དོན་སྤེལ་བ་དང་། །དུས་ཕྱིས་འགྲོ་དོན་དར་བའི་ཕྱིར། །གཅིག་རྒྱུད་གནད་དུ་ཤེས་པར་བྱ། །དྲིན་དང་ལྡན་པའི་སློབ་དཔོན་དང་། །བརྩེ་གདུང་ཅན་གྱི་མཆེད་ལྕམ་དང་། །ཟས་ནོར་ཅན་གྱི་འཕེན་པོ་དང་། །ཁེ་གྲགས་ཅན་གྱི་བཙན་པོ་དང་། །བྱས་ཡུས་ཅན་ལའང་མི་སྦྱིན་ནོ། །གཞན་མ་རྣམས་ལ་སྨོས་ཅི་དགོས། །མཁའ་འགྲོའི་ལུང་བསྟན་བྱུང་བ་ཡི། །རང་ལ་དད་ཅིང་གུས་པར་ལྡན། །སྣོད་ལྡན་སྤྲང་པོ་ཡིན་ཀྱང་བྱིན། །ཀྱཻ་ཧོ་རས་ཆུང་རྡོ་རྗེ་གྲགས། །དཔེར་ན་ནོར་བུ་རིན་ཆེན་ནི། །ཚོགས་མ་བསགས་དང་འཕྲད་པ་མེད། །བསོད་ནམས་ལྡན་པའི་སྤྱོད་ཡུལ་ཡིན། །དེས་ན་སྙན་བརྒྱུད་གདམས་པ་འདི། །གདུལ་བྱ་བསགས་པ་དམན་པ་ཡི། །སྐལ་མེད་རྣམས་དང་འཕྲད་པར་དཀའ། །ལས་ཅན་བསགས་པའི་སྤྱོད་ཡུལ་ཡིན། །དད་མེད་སྐྱེ་བོ་རུ་ཤིང་རགས། །སྐལ་མེད་རྒྱུད་ངན་ལོག་རྟོག་སྐྱེ། །གོ་མེད་ཆོས་ལ་གཤེ་སྐུར་འདེབས། །དེ་ཕྱིར་ཀུན་ལ་ཤིན་ཏུ་གསང་། །དབང་ཁྲིད་གདམས་པ་བཞི་པོ་འདི། །ཁྲིད་དུ་རྫོགས་པར་མ་ཐོབ་པར། །ནོར་ཐོབ་ལུང་ཐོབ་བྱེད་པའི་མིས། །བླ་མ་ལྟས་ངན་མཐོང་བཞིན་གསང་། །ཆོས་འདི་མཐོང་ན་གཞོགས་ངོམ་བྱེད། །ཉམས་ལེན་མི་བྱེད་འཆད་སེམས་ཅན། །དེ་ཉམས་སློབ་མ་བྱུང་སྲིད་ན། །ནག་པོ་ཆེན་པོས་ཆད་པ་ཆོད། །ཟ་བྱེད་མཁའ་འགྲོས་བཀའ་ཆད་ཕོབ། །ལས་ཅན་གུས་ལྡན་སློབ་མ་ཡིས། །ཆོས་འདི་གཙོ་བོར་འཛིན་གྱུར་ན། །ལུས་དང་གྲིབ་བཞིན་སྡོང་གྲོགས་མཛོད། །མཆོག་དང་ཐུན་མོང་མྱུར་དུ་སྩོལ། །བླ་མ་བདེ་མཆོག་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མི་ལ་རས་པ་མི་རྫུན་པས། །འཁོར་བ་ཅི་སྲིད་མ་སྟོངས་བར། །ཆོས་འདི་དར་ཞིང་རྒྱས་པར་ཤོག །དེ་སོགས་དགེ་བའི་རྩ་བ་འདིས། །སངས་རྒྱས་བསྟན་པ་དར་བ་དང་། །ནག་པོའི་ཕྱོགས་རྣམས་ཕམ་པར་ཤོག །མཁའ་མཉམ་རྡོ་རྗེ་འཛིན་ཐོབ་ཤོག །སྙན་བརྒྱུད་ཡི་གེ་མེད་པ་ལ། །བླ་མ་མཁའ་འགྲོའི་གསུང་བཞིན་དུ། །སྙེ་ནམ་གྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བྲིས། །ཡུལ་ཕྱོགས་བདེ་ལེགས་ལྡན་གྱུར་ཅིག །རྗེ་བཙུན་མི་ལ་རས་ཆེན་གྱིས། །རས་ཆུང་ཁྱོད་ལ་གཏད་དོ་རྒྱ། །ཅེས་གསུངས་སོ། །དེ་ཐམས་ཅད་རས་ཆུང་བ་ལ་གདམས་པའི་སྐོར་རོ།། །།
༈ དེ་ནས་དྲུག་པ་རྟོགས་པ་ལམ་དུ་ཤར་བའི་ཡོན་ཏན་ནི། རྗེ་བཙུན་སིང་ག་ལའི་ནགས་ཀ་ཏི་ཤེལ་ཕུག་ཏུ་བྱོན་པས་ཡུལ་མི་རྣམས་ཀྱིས་གར་བཞུགས་ཀྱི་ཁུངས་མ་རྙེད་པས། གཤེན་སྒོམ་རས་པ་བལ་ཡུལ་དུ་འཚོལ་དུ་ཕྱིན་ཏེ་མ་རྙེད་པས། དུས་ཕྱིས་བལ་རྐུན་ཚན་གཅིག་གིས་རྣལ་འབྱོར་བ་ཚན་ཅིག་བཅོམ། ངེད་རྣལ་འབྱོར་བ་ཡིན་མ་བཅོམ་བྱས་པས། ཁྱེད་རྣམས་འདྲ་བ་རྣལ་འབྱོར་བ་ཟེར་བ་མིན། ཛོ་ཀི་ཕ་ལ་བྱ་བ་སིང་ག་ལའི་ནགས་ན་ཡོད་དེ། མདའ་བརྒྱབ་ཀྱང་མི་ཕིགས་པ་ཡོད་པ་ཡིན་ཟེར་ཙ་ན། དེའི་དུས་སུ་བླ་མ་རྗེ་བཙུན་ལ་རྐུན་མ་རྣམས་ཀྱིས་མདའ་མང་དུ་བརྒྱབ་པས་བྲག་ལ་བརྒྱབ་པ་ལྟར་ཡར་ཞིང་སོང་སྟེ་དད་པ་སྐྱེས་པ་ཡིན་གསུང་། དེར་ཤིང་ཐོག་འབའ་ཞིག་གསོལ་ཞིང་ཟླ་བ་མང་དུ་བཞུགས། དེ་ནས་དབྱར་མོན་གྱི་ཤིང་རི་ལ་བཞུགས། སྟོན་གྱི་དུས་སུ་སྙེ་ནམ་པའི་ཡོན་བདག་གཤེན་རྡོར་མོས་མགོ་བྱས་མི་བདུན་གདན་འདྲེན་དུ་ཕྱིན་ནས། མཇལ་བའི་སྐུ་ཁམས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །
རྗེ་བླ་མའི་བྱིན་རླབས་གནས་ལ་ཞུགས། །མོན་གྱི་ཤིང་རི་བདེ་བའི་མཁར། །སྤང་རི་མེ་ཏོག་བཀྲ་བའི་ཡུལ། །ལྗོན་ཤིང་གར་སྟབས་བྱེད་པའི་གསེབ། །སྤྲ་སྤྲེའུ་རྩེད་མོ་རྩེ་བའི་ས། །བྱ་སྐད་སྣ་ཚོགས་སྒྲོགས་པའི་གནས། །འབུང་བ་ལང་ལིང་འཕུར་བའི་ས། །ཉིན་མཚན་མེད་པར་འཇའ་རིས་འཁྱུག །དབྱར་དགུན་མེད་པར་སྦྲང་ཆར་འབབ། །སྟོན་དཔྱིད་མེད་པར་ན་བུན་འཁྲིགས། །དེ་ལྟ་བུ་ཡི་དབེན་གནས་ན། །ང་མི་ལ་རས་པ་རྣལ་འབྱོར་པ། །སེམས་སྟོང་ཉིད་སྒོམ་པའི་རྣལ་འབྱོར་བདེ། །འཆར་སྒོ་མང་ན་ཤིན་ཏུ་བདེ། །མཐོན་དམན་ཆེ་ན་དེ་བས་བདེ། །ལུས་ངན་སློང་བའི་སྐྱེ་ཟུགས་བདེ། །སྣ་ཚོགས་འཁྲུགས་ན་ཤིན་ཏུ་བདེ། །འཇིགས་སྣང་ཆེ་ན་དེ་བས་བདེ། །ཉོན་མོངས་ཤི་འཆིའི་ཤི་འབྲས་བདེ། །གདུག་རྩུབ་ཆེ་ན་ཤིན་ཏུ་བདེ། །ན་ཚ་མང་ན་དེ་བས་བདེ། །སྡུག་བསྔལ་བདེ་བར་གྱུར་བས་བདེ། །ཉམས་ཤུགས་ལ་འཁྲུལ་འཁོར་ཤིན་ཏུ་བདེ། །མཆོང་རྒྱུག་གི་གར་སྟབས་དེ་བས་བདེ། །ངག་བྱུང་རྒྱལ་གླུ་ཡི་དཀོར་མཛོད་བདེ། །སྒྲ་སྣ་ཚོགས་སུ་བསྒྱུར་ན་དེ་བས་བདེ། །སེམས་ངར་དྲང་གི་སྤྲོས་པ་ཤིན་ཏུ་བདེ། །རང་ཤུགས་ཀྱི་རང་ཤར་ཤིན་ཏུ་བདེ། །སྣ་ཚོགས་སུ་ཤར་ན་དེ་བས་བདེ། །ཉམས་བདེ་ཞིང་སྐྱིད་པའི་རྣལ་འབྱོར་ལ། །བུ་དད་པ་ཅན་མཇལ་བའི་བྱོན་སྐྱེམས་མཛོད། །
ཅེས་གསུངས་པས། ཡོན་བདག་རྣམས་ན་རེ། ཁྱོད་ལ་ཉམས་བཟང་པོ་ཡོད་པ་ཐུགས་ལ་བཏགས། གནས་འདི་ལ་ལམ་བཟང་པོ་མི་འདུག་པས་འོ་བརྒྱལ་དྭོགས་པ་ལགས་ཞུས་པས། གནས་འདི་ཤིན་ཏུ་བདེ་ཁྱེད་ཚོས་མ་བརྟག་པ་ཡིན་གསུངས་ནས་ཡང་མགུར་འདི་གསུངས་སོ། །
གནས་རི་ཁྲོད་ཤིང་རིའི་དབེན་གནས་འདིར། །གཅིག་པུར་བསྡད་པས་བདེ་ཡང་བདེ། །འདུ་འཛི་མེད་པས་ཡེངས་ཀྱང་བདེ། །འོག་ན་སྤྲ་བའི་འབོལ་གདན་བདེ། །འགྲོ་འདུག་མེད་པས་ཡོངས་ཀྱང་བདེ། །ལུས་ལ་བལ་པོའི་ཤིང་རས་བདེ། །རྩོལ་བསྒྲུབ་མེད་པས་ཡོངས་ཀྱང་བདེ། །ནང་དུ་གཏུམ་མོ་འབར་བས་བདེ། །གྲང་དྲོ་མེད་པའི་ཡོངས་ཀྱང་བདེ། །ངག་ལ་སྨྲ་བ་བཅད་པས་བདེ། །ལབ་རོགས་མེད་པས་ཡོངས་ཀྱང་བདེ། །དབུགས་ལ་འགྲོ་འོང་མེད་པས་བདེ། །འགྱུ་བ་ཁེགས་པས་ཡོངས་ཀྱང་བདེ། །སེམས་ལ་དྭོགས་པ་མེད་པས་བདེ། །བྱིང་རྒོད་མེད་པས་ཡོངས་ཀྱང་བདེ། །ཏིང་འཛིན་འོད་གསལ་ཤར་བས་བདེ། །གསལ་འགྲིབ་མེད་ན་ཡོངས་ཀྱང་བདེ། །ནོར་ལ་འཛིན་ཆགས་མེད་པས་བདེ། །ཞེན་པ་མེད་ན་ཡོངས་ཀྱང་བདེ། །ཟས་ལ་སེར་སྣ་མེད་པས་བདེ། །སྲེད་པ་མེད་ན་ཡོངས་ཀྱང་བདེ། །གཉེན་ལ་འབྲེལ་པ་མེད་པས་བདེ། །ཞེ་སྡང་མེད་ན་ཡོངས་ཀྱང་བདེ། །དགྲ་ལ་ཞེ་སྡང་མེད་པས་བདེ། །ཀུན་དང་མཐུན་ན་ཡོངས་ཀྱང་བདེ། །གཉིས་སུ་མེད་པའི་ལྟ་བ་བདེ། །ངོས་བཟུང་མེད་ན་ཡོངས་ཀྱང་བདེ། །རྒྱུན་ཆད་མེད་པའི་སྒོམ་པ་བདེ། །མཉམ་རྗེས་མེད་ན་ཡོངས་ཀྱང་བདེ། །ཚུལ་འཆོས་མེད་པའི་སྤྱོད་པ་བདེ། །སྤང་བླངས་མེད་ན་ཡོངས་ཀྱང་བདེ། །ཐེག་པ་ཆེ་ཆུང་མེད་པས་བདེ། །དོན་གཅིག་ཏུ་རྟོགས་ན་དེ་བས་བདེ། །སེམས་ལ་ཅི་ལྟར་བྱས་ཀྱང་བདེ། །རྩོལ་སྒྲུབ་མེད་ན་ཡོངས་ཀྱང་བདེ། །རྣལ་འབྱོར་རས་པའི་བདེ་བ་འདིས། །སེམས་ཅན་ཐམས་ཅད་བདེ་བར་ཤོག །
ཅེས་གསུངས་པས་ཡོན་བདག་རྣམས་ན་རེ། ཁྱེད་དེ་བཞིན་བདེ་བ་དེས་གར་སོང་ཡང་བདེ། གར་བཞུགས་ལ་ཁྱད་མེད་པས། ངེད་ཀྱི་ཡུལ་དུའང་འབྱོན་ཡང་ཨེ་མི་བདེ་བས་འབྱོན་པར་ཞུ་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མའི་སྐུ་དྲིན་ཆོས་ཀྱིས་འཇལ། །ཆོས་བྱིན་བརླབས་དབང་བསྐུར་རང་རྒྱུད་སྨིན། །རྒྱུད་ཟབ་མོ་མན་ངག་གླུ་རུ་ལེན། །ཁྱེད་འདིར་བཞུགས་སྙན་གྱི་དབང་པོ་གཏོད། །གངས་དཀར་གྱི་སེང་ལྕམ་དཀར་མོ་དེ། །སེང་གངས་དཀར་ཀློང་དུ་འདུག་སྟངས་འགྱིང་། །སེང་སྲོག་ཆགས་འཇིགས་པ་མ་མཆིས་ཏེ། །གངས་སྟོད་འཛིན་པ་ཡ་ཚུལ་ཡིན། །བྲག་དཀར་གྱི་ཐང་དཀར་རྒོད་པོ་དེ། །རྒོད་གཤོག་དྲུག་ནམ་མཁའི་དབྱིངས་སུ་བརྐྱང་། །རྒོད་གཡང་ལ་ལྷུང་དྭོགས་མ་ཡིན་ཏེ། །ནམ་འཕང་གཅོད་པ་ཡ་ཚུལ་ཡིན། །མ་ཀི་ཆུ་བོའི་རྒྱ་མཚོ་ན། །ཀྱུར་སྲམ་མ་བུས་ཡང་རྩལ་སྦྱོང་། །ཉ་འཚུབ་ཀྱིས་དྭོགས་པ་མ་ལགས་ཏེ། །གྱ་གྱུར་འཁྱུག་པ་ཡ་ཚུལ་ཡིན། །མོན་གྱི་ཤིང་རིའི་ལོ་མ་ལ། །སྤྲ་སྤྲེའུ་རྩེད་མོ་རྩེ་བ་དེ། །སྤྲེའུ་འགྱེལ་གྱི་དྭོགས་པ་མ་ཡིན་ཏེ། །རྩེ་སྣ་མང་བ་རང་གཤིས་ཡིན། །ཤིང་གསེབ་ནགས་ཀྱི་ས་འཕྲང་ན། །རྒྱ་སྟག་ཁྲ་བོས་ཡང་རྩལ་སྦྱང་། །སྟག་འཇིགས་ཀྱིས་དྭོགས་པ་མ་ལགས་ཏེ། །རྩལ་གསུམ་རྫོགས་པ་རང་གཤིས་ཡིན། །ནགས་གསེབ་ཀ་ཏིའི་རྫོང་གསེབ་ཏུ། །རྣལ་འབྱོར་རས་པས་སྟོང་ཉིད་བསྒོམ། །སྒོམ་ཤོར་གྱིས་དྭོགས་པ་མ་ལགས་ཏེ། །སྒོམ་ཡུན་དུ་བསྲིང་བ་ཡ་ཚུལ་ཡིན། །ཆོས་ཉིད་དབྱིངས་ཀྱི་དཀྱིལ་འཁོར་ན། །ཡེངས་པ་མེད་པར་ལྟ་བ་དེ། །དོན་ནོར་གྱིས་དྭོགས་པ་མ་ལགས་ཏེ། །གནད་རང་ས་འཛིན་པ་ཡ་ཚུལ་ཡིན། །ནང་ཆོ་འཕྲུལ་ཏིང་འཛིན་གྱི་རྟེན་འབྲེལ་ལ། །གེགས་དང་གོལ་ས་འཁྲུལ་པ་དེ། །ཆོས་སྐྱོན་ཅན་ཡིན་པ་མ་ལགས་ཏེ། །རྟགས་མྱུར་དུ་ཐོན་པའི་ཁ་བོ་ཡིན། །རང་ཤར་སྤྱོད་པའི་རང་འགྲོས་ལ། །མཐོན་དམན་རྣམ་འགྱུར་མང་བ་དེ། །བློ་གཉིས་སྣང་གི་རྟོག་པ་མ་ལགས་ཏེ། །བརྡ་སྣ་ཚོགས་སྣང་བ་རྟེན་འབྲེལ་ཡིན། །ལས་རྒྱུ་འབྲས་འབྲས་བུ་སྨིན་པ་ལ། །དགེ་སྡིག་རང་གཟུགས་མཐོང་བ་དེ། །སྒོམ་གོལ་སར་སོང་བ་མ་ལགས་ཏེ། །རིག་སོ་སོར་གསལ་བའི་བདེན་ཚིག་ཡིན། །སྒོམ་རང་ཚུགས་ཐུབ་པའི་སྒོམ་ཆེན་དེ། །འཇིག་རྟེན་ལ་སྲེད་པ་ཆུང་བ་དེ། །གཏམ་ཟེར་ལོའི་གྲགས་སྙན་མ་ཡིན་ཏེ། །འཕྲལ་ཞེན་པ་ལོག་པའི་དམ་ཚིག་ཡིན། །ཆོས་ཟབ་མོ་སྒོམ་པའི་རྣལ་འབྱོར་ང་། །རི་དང་བྲག་ལ་སྐྱོ་བ་དེ། །ཟོག་དང་ཐོ་ཅོ་མ་ལགས་ཏེ། །རྩེ་གཅིག་ཏུ་སྒོམ་པ་རང་འདོད་ཡིན། །རས་པའི་གླུ་དབྱངས་མང་པོ་དེ། །ཡེངས་འདོད་ཀྱི་ཁ་ཁྲམ་མ་ཡིན་ཏེ། །སྤྲོ་དགའི་ཡོན་བདག་དད་པ་ཅན། །ཕན་པའི་སྙིང་གཏམ་སེམས་ལ་བཟུང་། །
ཞེས་གསུངས་པས་ཡོན་བདག་རྣམས་ཀྱིས་ཤིན་ཏུ་དད་པའི་ཕྱག་དང་བསྐོར་བ་མང་དུ་བྱས་ཏེ་ཡུལ་དུ་སོང་ངོ་། །དེ་ཐམས་ཅད་སིང་ག་ལ་ཡི་ནགས་གསེབ་ཀྱི་སྐོར་རོ།། །།

༈ དེ་ནས་ཁྲིད་ཞུ་བའི་བན་དེ་ལྔ་བྱུང་བས། སྙན་བརྒྱུད་ཀྱི་ཁྲིད་ཞུས་ནས་བསྒོམ་པས། ཆོས་ལ་སྙིང་རུས་ཆེ་བ་དང་། འདོད་པ་ཆུང་རས་ཐུབ་པར་བྱུང་བ་དེ་རྣམས་ལ་ཞལ་ཏ་བདུད་རྩིའི་ཉམས་དབྱངས་མགུར་དུ་གསུངས་སོ། །
རྗེ་བཙུན་བླ་མ་སངས་རྒྱས་ཆོས་ཀྱི་སྐུ། །འགག་མེད་ཐར་པའི་ལམ་སྟོན་པ། །མཛད་པའི་ཐུགས་རྗེ་འགྲོ་བའི་བདག །རྩེ་གཅིག་སེམས་ལ་གནས་པར་བྱིན་གྱིས་རློབས། །སྙན་བརྒྱུད་ཟབ་མོ་སྒོམ་པ་སྐལ་པ་བཟང་། །ཁྱེད་གཞོན་ནུ་རབ་ཏུ་བྱུང་དུས་སུ། །རང་རྩིས་དང་རང་འདོད་མ་ཆེ་ཞིག །ཆེ་ན་དགེ་སྡིག་སྣ་ཚོགས་སྤྱོད། །སྤྱད་ན་ངན་འགྲོར་ལྟུང་བར་འགྱུར། །བླ་མའི་ཞབས་ཏོག་བྱེད་དུས་སུ། །ངས་བྱས་དང་ཁོང་ཡུས་མ་ཆེ་ཞིག །ཆེ་ན་དཔོན་པོ་དང་རེ་ཆོད་འཛོལ། །འཛོལ་ན་བསམ་པའི་དོན་མི་འགྲུབ། །སྡོམ་པ་དམ་ཚིག་བསྲུང་དུས་སུ། །མི་ནག་གི་གྲོང་དུ་མ་ཉལ་ཅིག །ཉལ་ན་མིག་སློབ་ངན་པ་སྐྱེ། །སྐྱེས་ན་དམ་ཚིག་སྡོམ་པ་འཆོར། །ཐོས་པ་སློབ་གཉེར་བྱེད་དུས་སུ། །ཐ་སྙད་ང་རྒྱལ་མ་ཆེ་ཞིག །ཆེ་ན་དུག་ལྔའི་མེ་རོ་ལྡང་། །ལྡང་ན་དགེ་སྦྱོར་གྱི་བསམ་པ་འཁྲུག །མཆེད་གྲོགས་དང་ལྷན་དུ་བསྒོམ་དུས་སུ། །བྱ་རྒྱུ་དང་བྱེད་རྒྱུ་མ་མང་ཞིག །མང་ན་ཟབ་མོའི་དགེ་སྦྱོར་འཕུར། །འཕུར་ན་ཆོས་ཀྱི་སྐལ་བ་ཆད། །ཐབས་ལམ་སྙན་བརྒྱུད་སྒོམ་དུས་སུ། །བྱིན་རླབས་དང་འདྲེ་བརྡུང་མ་དྲན་ཞིག །དྲན་ན་རང་རྒྱུད་འདྲེ་རུ་ལྡང་། །ལངས་ན་གྲོང་པའི་ཆོས་སྤྱོད་རེམ། །ཉམས་དང་རྟོགས་པ་ཤར་དུས་སུ། །མངོན་ཤེས་དང་རང་ཚོད་མ་ལབ་ཅིག །ལབ་ན་གསང་བའི་བརྡ་སྐད་འཆོར། །ཤོར་ན་ཉམས་རྟོགས་ཀྱི་ཡོན་ཏན་འགྲིབ། །སྐྱོན་དུ་ཤེས་པས་སྤང་བར་མཛོད། །སྡིག་སྤྱོད་ཀྱི་ཁྲམ་ཟས་མ་ཟ་བར། །གཤིན་པོའི་ཁུ་རུ་མ་ཁུར་བར། །ངོ་སྲུང་གི་མདུན་མ་མ་བསྒྲིག་པར། །སྙོམས་ཆུང་གི་ཆོས་འགོ་བྲག་ལ་ཐོན། །
ཞེས་གསུངས་པས། ཡང་རས་པ་རྣམས་ཀྱིས་གསེར་དུམ་པ་རེ་འདུག་པ་ཕུལ་ནས། ལྟ་སྒོམ་སྤྱོད་པའི་གནད་འགག་གི་ཆོས་རེ་ཞུ་ཞུས་པས། གསེར་ཁྱེད་རང་ཚོའི་སྒྲུབ་པའི་རྒྱགས་གྱིས་གསུངས་ནས་མགུར་འདི་གསུངས་སོ། །
རྗེ་བླ་མའི་ལྟ་སྒོམ་སྤྱོད་པའི་འགྲོས། །རང་གྲུབ་ཏུ་གནས་པར་བྱིན་གྱིས་རློབས། །ལྟ་བ་འདི་ལ་གཟེར་གསུམ་གདའ། །སྒོམ་པ་འདི་ལ་གཟེར་གསུམ་གདའ། །སྤྱོད་པ་འདི་ལ་གཟེར་གསུམ་གདའ། །འབྲས་བུ་འདི་ལ་གཟེར་གསུམ་གདའ། །ལྟ་བའི་གཟེར་གསུམ་བཤད་ཙམ་ན། །སྣང་སྲིད་སེམས་སུ་འདུས་ཏེ་གདའ། །སེམས་ཉིད་གསལ་བའི་ངང་དུ་གདའ། །དེ་ལ་ངོས་བཟུང་མེད་པར་གདའ། །སྒོམ་པའི་གཟེར་གསུམ་བཤད་ཙམ་ན། །རྣམ་རྟོག་ཆོས་སྐུར་གྲོལ་བར་གདའ། །རིག་གསལ་བདེ་བའི་ངང་དུ་གདའ། །མ་བཅོས་མཉམ་པར་བཞག་པར་གདའ། །སྤྱོད་པའི་གཟེར་གསུམ་བཤད་ཙམ་ན། །དགེ་བཅུ་སྤྱོད་པའི་ཤུགས་ལ་འཆར། །སྡིག་བཅུ་རང་བཞིན་གནས་སུ་འགག །གཉེན་པོ་གསལ་སྟོང་བཅོས་སུ་མེད། །འབྲས་བུའི་གཟེར་གསུམ་བཤད་ཙམ་ན། །མྱང་འདས་གནས་སུ་བསྒྲུབ་རྒྱུ་མེད། །འཁོར་བ་གཞན་དུ་སྤངས་པ་མེད། །རང་སེམས་སངས་རྒྱས་སུ་བློ་ཐག་ཆོད། །གཟེར་གསུམ་ནང་ནས་གཟེར་ཅིག་འདེབས། །གཟེར་ནི་ཆོས་ཉིད་སྟོང་པའི་གཟེར། །འདེབས་མཁན་བླ་མ་རིམ་གྱིས་མཛད། །མང་དུ་དཔྱོད་ན་ཐེབ་མི་འགྱུར། །ལྷན་ཅིག་རྟོགས་ན་ཐེབ་པ་ཡིན། །སྤྱིར་ཆོས་མཛད་ཡོངས་ཀྱི་སྤྱི་ནོར་ཡིན། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཁྱེད་བུ་སློབ་རྣམས་ཀྱི་ཐུགས་དམ་མཛོད། །
ཅེས་གསུངས་པས། རས་པ་རྣམས་ཀྱིས་ཞུས་པ། དེ་ལྟ་བུའི་ཆོས་དེ་ལ་བླ་མ་རང་བསྒོམ་པས་ཨེ་ཆོག་ཞུས་པས་མགུར་འདི་གསུངས་སོ། །
བླ་མ་དང་གདམས་ངག་སློབ་མ་གསུམ། །སྙིང་རུས་དང་སྡུག་བསྲན་དད་པ་གསུམ། །ཤེས་རབ་དང་སྙིང་རྗེ་མི་གཞི་གསུམ། །འདི་རྣམས་རྒྱུན་གྱི་ལམ་མཁན་ཡིན། །འདུ་འཛི་མེད་པའི་དབེན་པ་འདི། །བསྟན་མ་སྐྱོང་བའི་ལམ་མཁན་ཡིན། །གྲུབ་ཐོབ་བླ་མ་རྗེ་བཙུན་དེ། །མུན་པ་སེལ་བའི་ལམ་མཁན་ཡིན། །སྐྱོ་ངལ་མེད་པའི་དད་པ་འདི། །བདེ་འགྲོར་འཁྲིད་པའི་ལམ་མཁན་ཡིན། །དབང་པོ་རྣམ་ལྔའི་རྟོགས་པ་དེ། །ཐུག་འཕྲད་བགྲོད་པའི་ལམ་མཁན་ཡིན། །བཀའ་བརྒྱུད་བླ་མའི་ཞལ་གདམས་དེ། །སྐུ་གསུམ་སྟོན་པའི་ལམ་མཁན་ཡིན། །སྐྱབས་ཡུལ་དཀོན་མཆོག་གསུམ་པོ་དེ། །ནོར་ས་མེད་པའི་ལམ་མཁན་ཡིན། །ལམ་མཁན་དྲུག་གིས་སྣ་དྲངས་པའི། །སྣང་མེད་བདེན་ཚིག་ལམ་དུ་འགྲོ། །སྤྲོས་མེད་མི་རྟོག་ངང་ལ་སྡོད། །རང་གྲོལ་རང་ཤེས་ཀྱི་རང་ཡུལ་སྐྱིད། །ངེས་ཤེས་དོན་ཤེས་ཀྱི་རང་ཚུགས་ཟིན། །རྒྱལ་ཁམས་མི་མེད་ལུང་སྟོང་དུ། །རྣལ་འབྱོར་གྱིས་སྐྱིད་གླུ་འབྲུག་བཞིན་གྲགས། །སྙན་པའི་ཆར་པ་ཕྱོགས་བཅུར་འབབ། །སྙིང་རྗེའི་མེ་ཏོག་ལོ་འདབ་རྒྱས། །བྱང་སེམས་ཀྱི་འབྲས་བུ་དག་པར་སྨིན། །བྱང་ཆུབ་འཕྲིན་ལས་ཐམས་ཅད་རྒྱས། །
ཞེས་གསུངས་པས། རས་པ་རྣམས་ན་རེ། གནས་དང་བླ་མ་འཛོམས་པའི་སློབ་མ་ངེད་ཚོ་སྐྱིད་པ་རང་བྱུང་། ད་དབེན་གནས་འདི་ཚོ་བས་དབེན་པའི་གནས་ཅིག་ཏུ་དགོན་པ་འགའ་བརྩིག་དགོས་ཞུས་པས། བླ་མའི་ཞལ་ནས། དགོན་པ་རྩིག་མི་དགོས། ངའི་བྲག་ཕུག་འདི་རང་སྐྱིད། འདི་དཔལ་གྲོ་སྟག་ཚང་གི་ཕུག་བྱ་བ་ཡིན་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མའི་ཞབས་དྲུང་སྡོད་པའི་རྫོང་། །ཐུགས་རྗེའི་བཀའ་དྲིན་བྱིན་རླབས་ཀྱི་མཁར། །དབེན་པ་རང་ལུས་ལྷ་ལ་གསོལ་བ་འདེབས། །ནུས་པས་རང་རྒྱུད་སྨིན་པར་བྱིན་གྱིས་རློབས། །ངས་འཇིགས་ཀྱིས་དྭོགས་ནས་མཁར་གཅིག་བརྩིགས། །མཁར་དེ་ནི་ཆོས་ཉིད་སྟོང་པའི་མཁར་། །ད་འཇིགས་ཀྱི་དྭོགས་སྙམ་བདག་ལ་མེད། །ངས་གྲང་གི་དྭོགས་ནས་གོས་གཅིག་བཙལ། །གོས་དེ་ནི་གཏུམ་མོ་ལྷུན་གྲུབ་གོས། །ད་གྲང་གི་དྭོགས་སྙམ་བདག་ལ་མེད། །ངས་དབུལ་གྱི་དྭོགས་ནས་ནོར་ཞིག་བཙལ། །ནོར་དེ་ནི་འཕགས་པའི་ནོར་བདུན་མཆོག །ད་དབུལ་གྱིས་དྭོགས་སྙམ་བདག་ལ་མེད། །ངས་ལྟོགས་ཀྱིས་དྭོགས་ནས་ཟས་ཤིག་བཙལ། །ཟས་དེ་ནི་ཆོས་ཉིད་སྟོང་པའི་ཟས། །ད་ལྟོགས་ཀྱིས་དྭོགས་སྙམ་བདག་ལ་མེད། །ངས་སྐོམ་གྱི་དྭོགས་ནས་ཧུབ་གཅིག་བཙལ། །སྐོམ་དེ་ན་དྲན་ཤེས་བདུད་རྩིའི་ཆང་། །ད་སྐོམ་གྱི་དྭོགས་སྙམ་བདག་ལ་མེད། །ངས་སྐྱོ་ཡི་དྭོགས་ནས་གྲོགས་གཅིག་བཙལ། །གྲོགས་དེ་ནི་བདེ་སྟོང་སྒྱུ་མའི་གྲོགས། །ད་སྐྱོ་ཡི་དྭོགས་སྙམ་བདག་ལ་མེད། །ངས་ནོར་གྱི་དྭོགས་ནས་ལམ་ཞིག་བཙལ། །ལམ་དེ་ནི་ཟུང་འཇུག་ཡངས་པའི་ལམ། །ད་ནོར་གྱིས་དྭོགས་སྙམ་བདག་ལ་མེད། །དགོས་འདོད་དགུ་ཚང་བའི་རྣལ་འབྱོར་པ། །གནས་གང་དུ་བསྡད་ཀྱང་སྐྱིད་པར་འདུག །སྟག་ཚང་དཔལ་གྲོ་སེང་གེ་ཕུག །སྟག་མོས་ངར་སྐད་སྐྱི་ཤ་ཚ། །དེས་དབང་མེད་དུ་སྐུ་མཚམས་བསྡམ་དུ་བཅུག །སྟག་ཕྲུག་གི་ཙི་ཆོས་སྙིང་རྗེ་སྐྱེས། །དེས་དབང་མེད་བྱང་ཆུབ་བསྒྲུབ་ཏུ་བཅུག །སྤྲེའུ་ཡི་སྐྱག་སྒྲས་ཞེ་བ་གཅུ། །དེས་དབང་མེད་དུ་སྐྱོ་ཤས་སྐྱེ་རུ་བཅུག །སྤྲེལ་ཕྲུག་གི་མྱ་སྒྲས་རྒོད་སྙིང་འདོད། །དེས་དབང་མེད་དུ་སེམས་བསྐྱེད་བསྒོམ་དུ་བཅུག །ཁུ་བྱུག་གི་ངག་སྙན་ཡིད་རྩ་སྐྱོ། །དེས་དབང་མེད་དུ་མཆི་མ་འཆོར་དུ་བཅུག །ཅོག་གའི་འགྱུར་སྐད་རྣ་བར་སྙན། །དེས་དབང་མེད་དུ་སྣང་བ་སྐྱིད་དུ་བྱུང་། །བྱ་རིགས་ཀྱི་སྐད་རིགས་སྣ་ཚོགས་ཀྱི། །རྣལ་འབྱོར་གྱི་འདུག་རོགས་སེམས་ལ་ཕན། །གནས་འདི་འདྲར་བསྡད་ན་ངང་གིས་སྐྱིད། །རོགས་གཅིག་ཀྱང་མེད་ན་དེ་བས་སྐྱིད། །རྣལ་འབྱོར་སྐྱིད་པའི་ཉམས་དབྱངས་འདིས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །
ཅེས་གསུངས་པས་དེར་ཡོད་པའི་རས་པ་རྣམས་ཀྱང་སྐྱོ་ཤས་བཟང་པོ་སྐྱེས་ནས་དགེ་སྦྱོར་ལ་བརྩོན་ཏིང་ངེར་སོང་བས། དཔོན་སློབ་རྣམས་ཐུགས་དམ་འཕེལ་བར་བྱུང་ངོ་།། །།
ཡང་དུས་དེར་མཁས་བཙུན་དཔོན་གཡོག་གསུམ་བྱུང་ནས། མར་ཧྲིལ་གཅིག་ཕྱག་རྟེན་བྱས་ཏེ། རྗེ་བཙུན་ལགས། ཉམས་སུ་ལེན་སླ་བ་དོན་ལྟ་བ་ལ་ཁམ་ཆེ་བའི་གདམས་ངག་གཅིག་ཞུ་ཞུས་པས་མགུར་འདི་གསུངས་སོ། །
ཉོན་ཅིག་གསོན་དང་ཆོས་མཛད་ཀུན། །མེད་ཐབས་མེད་པའི་ཆོས་ཤིག་འཆད། །དད་དང་མཁས་དང་བཙུན་དང་གསུམ། །འདི་གསུམ་སེམས་ཀྱི་སྲོག་ཤིང་ལགས། །བཙུགས་ན་བརྟན་ལ་འཛེག་ན་བདེ། །སྲོག་ཤིང་མཛད་ན་དེ་ལ་མཛོད། །ཆགས་མེད་སྡང་མེད་རྨོངས་མེད་གསུམ། །འདི་གསུམ་སེམས་ཀྱི་གོ་ཆ་ལགས། །གྱོན་ན་ཡང་ལ་མཚོན་ཁར་སྲ། །གོ་ཆ་མཛད་ན་དེ་ལ་མཛོད། །སྒོམ་དང་བརྩོན་དང་བསྲན་ཚུགས་གསུམ། །འདི་གསུམ་སེམས་ཀྱི་རྟ་ཕོ་ལགས། །བྲོས་ན་ཐར་ལ་བདས་ན་ཟིན། །རྟ་ཕོ་མཛད་ན་དེ་ལ་མཛད། །རང་རིག་རང་གསལ་རྟོག་མེད་གསུམ། །འདི་གསུམ་སེམས་ཀྱི་འབྲས་བུ་ལགས། །བཏབ་ན་སྨིན་ལ་ཟས་ན་བཅུད། །འབྲས་བུ་མཛད་ན་དེ་ལ་མཛོད། །སེམས་དོན་བྱ་བ་བཅུ་གཉིས་ཡིན། །ང་ཤེས་རབ་མཚོན་ཆེན་ཁོང་ནས་འཕྱོ། །ལར་ཆོས་མཛད་རྣམས་ལ་དེ་ཚོ་གཅེས། །དེ་ཚོ་འཛོམ་པ་བརྒྱ་ལ་དགའ། །དེ་ཕྱིར་ཡོན་ཏན་ཐོབ་པ་དཀའ། །ཞེས་གསུང་པས་སྟོན་པ་གསུམ་དད་ནས་གདམས་ངག་ཞུས་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས་སྐད་དོ། །
ཡང་རྗེ་བཙུན་དཔོན་སློབ་རྣམས་དང་། ཡོན་བདག་གསར་རྙིང་མང་དུ་འཚོགས་པ་ལ་ཁོང་ཚོས་ཆོས་ཀྱི་ལོ་རྒྱུས་ཐོར་བ་ཅིག་ལབས་པས། རྗེ་བཙུན་མ་མཉེས་ནས་གདན་ལས་ཀགས་ཀྱིས་བཞེངས་ཏེ། མ་རེ་མཛོད་ཀྱི་མགུར་འདི་གསུངས་སོ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact