| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (8)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །མཚན་བརྗོད་པར་དཀའ་བའི་ལོཙྪ་བ། །ཕ་སྐུ་དྲིན་ཅན་གྱི་ཞབས་ལ་འདུད། །ང་རིག་བྱེད་གླུ་མཁན་མ་ཡིན་ཏེ། །འདྲེ་ཁྱོད་ཀྱིས་གླུ་ལོང་གླུ་ལོང་ཟེར། །ད་རས་པ་གནས་ལུགས་ཀྱི་དབྱངས་ཤིག་ལེན། །ཡང་འབྲུག་དང་གློག་དང་ལྷོ་སྤྲིན་གསུམ། །བྱུང་ཡང་ནམ་མཁའ་རང་ལས་བྱུང་། །ཐིམ་ཡང་ནམ་མཁའ་རང་ལ་ཐིམ། །འཇའ་ཚོན་ལྷོ་སྤྲིན་ཁུ་རླངས་གསུམ། །བྱུང་ཡང་བར་སྣང་རང་ལ་བྱུང་། །ཐིམ་ཡང་བར་སྣང་རང་ལ་ཐིམ། །རྩི་བཅུད་འབྲས་བུ་ལོ་ཐོག་གསུམ། །བྱུང་ཡང་ས་གཞི་རང་ལ་བྱུང་། །ཐིམ་ཡང་ས་གཞི་རང་ལ་ཐིམ། །ནགས་ཚལ་མེ་ཏོག་ལོ་འདབ་གསུམ། །བྱུང་ཡང་རི་བོ་རང་ལ་བྱུང་། །ཐིམ་ཡང་རི་བོ་རང་ལ་ཐིམ། །ཆུ་རླངས་ཆུ་ལྦུ་ཆུ་རླབས་གསུམ། །བྱུང་ཡང་ཆུ་བོ་རང་ལ་བྱུང་། །ཐིམ་ཡང་ཆུ་བོ་རང་ལ་ཐིམ། །བག་ཆགས་འཛིན་ཆགས་ཞེན་ཆགས་གསུམ། །བྱུང་ཡང་ཀུན་གཞི་རང་ལ་བྱུང་། །ཐིམ་ཡང་ཀུན་གཞི་རང་ལ་ཐིམ། །རང་རིག་རང་གསལ་རང་གྲོལ་གསུམ། །བྱུང་ཡང་སེམས་ཉིད་རང་ལ་བྱུང་། །ཐིམ་ཡང་སེམས་ཉིད་རང་ལ་ཐིམ། །སྐྱེ་མེད་འགག་མེད་བརྗོད་མེད་གསུམ། །བྱུང་ཡང་ཆོས་ཉིད་རང་ལ་བྱུང་། །ཐིམ་ཡང་ཆོས་ཉིད་རང་ལ་ཐིམ། །འདྲེར་སྣང་འདྲེར་འཛིན་འདྲེར་རྟོག་གསུམ། །བྱུང་ཡང་སེམས་ཉིད་རང་ལ་བྱུང་། །ཐིམ་ཡང་སེམས་ཉིད་རང་ལ་ཐིམ། །ལར་བགེགས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། །རང་སྣང་དུ་འཛིན་ན་སྒོམ་ཆེན་འཁྲུལ། །ལར་འཁྲུལ་པའི་རྩ་བ་སེམས་ལས་བྱུང་། །སེམས་ཉིད་ངོ་བོ་རྟོགས་པ་ལ། །འོད་གསལ་འགྲོ་འོང་མེད་པར་མཐོང་། །ཕྱི་ཡུལ་གྱི་སྣང་བ་འཁྲུལ་པའི་སེམས། །སྣང་བའི་མཚན་ཉིད་རྟོགས་པ་ལ། །སྣང་སྟོང་སྐྱེ་བ་མེད་པར་རྟོགས། །ལར་སྒོམ་པ་ཉིད་ཀྱང་རྟོག་པ་ལ། །མི་སྒོམ་པ་ཡང་རྟོག་པ་སྟེ། །སྒོམ་དང་མི་སྒོམ་གཉིས་སུ་མེད། །གཉིས་འཛིན་ལྟ་བ་འཁྲུལ་པའི་སེམས། །མཐར་ཐུག་དོན་ལ་ལྟ་རྒྱུ་མེད། །འདི་ཀུན་སེམས་ཀྱི་མཚན་ཉིད་ཡིན། །རང་སེམས་ལ་ཡང་མཚན་ཉིད་མེད། །ནམ་མཁའི་མཚན་ཉིད་དཔེར་བཞག་ན། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །མཚན་ཉིད་མེད་པ་བསྒོམ་བསྒོམ་ནས། །ཆོས་ཉིད་གཏན་ལ་ཕེབས་པར་བྱེད། །ཆོས་ཉིད་ལ་ཡང་མཚན་ཉིད་མེད། །མཐར་ཐུག་དོན་ལ་དགག་སྒྲུབ་མེད། །ཡང་དག་དོན་ལ་བསམ་རྒྱུ་མེད། །བསམ་རྒྱུ་མེད་པ་སྒོམ་ཤེས་ན། །ཉོན་མོངས་གྲི་ཟད་བདར་ཟད་ཡིན། །བསམ་བློ་མང་པོ་སྐྱེས་ཕྱིན་ཆད། །ཅི་ལྟར་བསྒོམ་ཡང་གྲོལ་མི་ནུས། །བསམ་མེད་རྟོག་པ་ཟད་པ་ན། །སྡིག་པ་ལས་ངན་ཟད་པ་ཡིན། །ལས་ངན་རྟོག་པ་མ་སྐྱེས་པར། །སྐྱེ་མེད་ངང་དུ་སྒོམ་ཟུག་ན། །འཁོར་བ་རྫུན་གྱི་ཟོ་རིས་ཡལ། །ལར་ལྟ་རྒྱུ་མེད་པའི་དོན་ལ་ལྟོས། །ཡེངས་པ་མེད་པའི་ངང་དུ་བསྒོམ། །སྤྱོད་པ་གང་བྱུང་ངེས་མེད་སྤྱོད། །འབྲས་བུ་རེ་དྭོགས་ཐ་སྙད་སྤངས། །འདྲེ་ཁྱོད་ཀྱིས་དམ་ཆོས་དེ་ལ་མཛོད། །ངག་སྟོང་འབྱམས་གླུ་ལ་ཡེངས་མི་ཁོམ། །ཁྱོད་དྲི་རྒྱུ་མ་མང་ཁ་རོག་སྡོད། །ཁྱོད་ལོངས་ཤིག་ཟེར་བས་བླངས་པ་ཡིན། །ད་ལྟ་ཁོ་བོའི་སྨྱོ་ཚིག་ཡིན། །ད་ཁྱོད་ཀྱིས་ཁ་རོག་སྡོད་ཟུག་ན། །ཟས་སུ་བདེ་ཆེན་ཟན་ལ་ཟོ། །སྐོམ་དུ་ཟག་མེད་བདུད་རྩི་འཐུང་། །ལས་སུ་རྣལ་འབྱོར་སྡོང་གྲོགས་མཛོད། །
ཅེས་གསུངས་པས། བྲག་སྲིན་མོ་ལ་སོགས་པ་དད་པར་གྱུར་པས། ཕྱག་དང་བསྐོར་བ་མང་དུ་བྱས་ནས་འཇའ་ཡལ་བ་བཞིན་དུ་སོང་། དེ་ཕྱིན་ཆད་བྲག་དགོན་པ་དེར་སུ་བསྡད་ལ་གནོད་པ་མེད་ཅིང་སྡོང་གྲོགས་བྱེད་དོ། །རྗེ་རས་པ་ཆེན་པོ་དང་། བྲག་སྲིན་མོ་གཉིས་ཀྱི་ཞུ་བ་ཞུས་ལན་ལིང་བའི་སྐོར་ཏེ་སྐོར་ཆེ་བའོ།། །།
༈ དེ་ནས་བརྒྱད་པ་ཆོས་བརྒྱད་རང་སར་གྲོལ་བའི་ཡོན་ཏན་ནི། གཉེན་འདུན་རང་གྲོལ་བ་དང་། ཆོས་བརྒྱད་རང་གྲོལ་བ་གཉིས་ཡིན་ལ།
༈ གཉེན་འདུན་རང་གྲོལ་བ་ནི། བུ་སློབ་རྣམས་འོངས་ནས་ལིང་པའི་བྲག་ནས་གདན་དྲངས་ནས། སྙེ་ནམ་གྲོད་ཕུག་བྱ་བ་ན་དགོན་པ་མཛད་པར་ཞུ་ཞུས་པས། ཁྲིད་ཞུ་མི་དང་ཡོན་བདག་ཕོ་མོ་མང་དུ་འཚོགས་པ་ལ། སྲིང་མོ་པྲེ་ཏས་ཀྱང་ཟས་གོས་དུམ་པ་རེ་རྙེད་པ་ཙམ་དུ་ཡོད་པ་མཇལ་དུ་བྱུང་སྟེ། སྲིང་མོ་དགའ་ཆེས་པས་ངུ་བྲོའི་མཆི་མ་མང་དུ་ཤོར་ཏེ། མིང་པོས་སྡུག་ཐུག་པའི་ལས་ལ་མི་ཚེ་བསྐྱལ་ཨང་། མི་མ་ཤི་བ་ལ་འཕྲད་དུས་འོང་བར་འདུག །ད་དགོན་པ་འདི་རང་ལ་བཞུགས་ན་ཚོགས་སོགས་སྐྱེལ་ཟེར་བ་མང་པོ་དང་། ཆོས་ཞུ་ཟེར་མི་མང་པོ་འོང་ཟེར་བས་བཞུགས་པར་ཞུ་བྱས་པས། རྗེ་བཙུན་གྱིས་ཞེན་པ་རང་སར་ལོག་པའི་མགུར་འདི་གསུངས་སོ། །
རྡོ་རྗེ་འཆང་ཆེན་མར་པའི་ཞབས། །སྤྲང་ཞེན་པ་ལོག་པར་ཐུགས་རྗེས་བཟུང་། །ཚེ་འདི་ལ་ཞེན་ཅིང་ཆགས་ཙམ་ན། །འཆི་དུས་འོང་སྙམ་མི་དྲན་ཏེ། །འཆི་བ་ཏུག་གེ་རྩ་ནས་སླེབས། །ཡང་ཡེངས་རྟོག་འདོད་ཅན་ལ་ཞེན་པ་ལོག །གྲོགས་མང་འཁོར་གྱིས་བསྐོར་དུས་སུ། །འབྲལ་བ་འོང་བ་མི་དྲན་ཏེ། །གཉེན་གྲོགས་མཐུན་ཡང་མྱུར་དུ་འབྲལ། །གཉེན་ཚན་གདུང་སེམས་ཅན་ལ་ཞེན་པ་ལོག །སེར་སྣས་ཞིབ་ཏུ་གསོག་དུས་སུ། །གློ་བུར་འོང་བ་མི་དྲན་ཏེ། །བསགས་ཚད་མི་ཡིས་མྱུར་དུ་སྤྱོད། །ཆོག་ཤེས་མེད་པའི་མི་ལ་ཞེན་པ་ལོག །སྐྱིད་ཅིང་ན་ཚ་མེད་དུས་སུ། །སྡུག་བསྔལ་འོང་བ་མི་དྲན་ཏེ། །སྡུག་བསྔལ་དགྲ་འདྲེས་ཡིད་མེད་སློང་། །སོ་གསོད་ལྐོག་ཉལ་མཁན་ལ་ཞེན་པ་ལོག །རྙེད་ཚད་ཁ་ན་བྲུབ་དུས་སུ། །ལྟོགས་མོ་འོང་བ་མི་དྲན་ཏེ། །འགྲངས་ལྟོགས་ཕྱུག་པོའི་བུ་ལ་འོང་། །ཆགས་སྲེད་གདུང་ཤ་ཅན་ལ་ཞེན་པ་ལོག །ཉོན་མོངས་དུག་ལྔས་ནོན་ཙམ་ན། །ཆོས་ཀྱིས་ཕན་པ་མི་དྲན་ཏེ། །ཟས་ཁམ་གང་ཟ་བ་ཆོས་ཀྱི་དྲིན། །ལོག་ལྟ་གཏི་མུག་ཅན་ལ་ཞེན་པ་ལོག །རང་ལ་རང་རྩིས་སྐྱེས་ཙམ་ན། །སྡིག་གིས་གནོད་པ་མི་དྲན་ཏེ། །སྡུག་བསྔལ་བྱུང་ཚད་སྡིག་པའི་ལས། །སྡིག་པ་ཁྲེལ་འཛེམ་མེད་ལ་ཞེན་པ་ལོག །ཞེན་པ་ནང་ནས་སྐྱེས་ཙམ་ན། །གཏམ་ཕན་པར་སྨྲས་ཀྱང་ཉན་པ་ཉུང་། །ཆོས་ལ་འབྲོས་ཤིང་སྡིག་ལ་སྤྱོད། །བསམ་ཞིང་ཞེན་པ་གཏིང་ནས་འཁྲུགས། །ཕ་ལ་བུ་སྐྱེས་མི་ལ་རས་པ་ལ། །སྲིང་མོའི་ཁ་ཏས་ཞེན་པ་ལོག་པའི་རྐྱེན། །འཁོར་བའི་ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས། །ཞེས་གསུངས་པས། སྲིང་མོ་ཡང་སྐྱེངས་པར་གྱུར་ཏོ། །
དེ་ནས་ཡང་བྲག་དམར་སྤོ་མཐོན་ལ་བྱོན་ནས་བསྒོམ་པའི་དུས་བསྙེན་བཀུར་བྱེད་མི་མང་དུ་བྱུང་། སྲིང་མོ་པྲེ་ཏས་ངས་སྐྱོ་ཚ་སྐོལ་མཁན་བྱེད་ཟེར་བ་ལ། རྗེ་བཙུན་གྱིས་ངའི་དགེ་སྦྱོར་གྱི་སེལ་དུ་འགྲོ་བས། ཁྱོད་རང་ཡུལ་སོང་ལ་བསྙེན་བཀུར་སྐྱེལ་དུ་བྱུང་ན་ཡང་མ་འོང་གྱིས་ལ་ཁྱོད་ཀྱིས་བཟློག་གསུང་། མོ་ན་རེ། ཇོ་ཅོ་འདི་སྔར་ལྟོ་མེད་པས་སྦྱངས། ད་མོ་མི་གསོད་དགེ་སྦྱོར་ཆག་ཟེར་ནས་ད་ཡོ་བྱད་བྱུང་གི་དྭོགས་ནས་སྦྱང་བར་འདུག་ཟེར། ཆོས་པ་བྱ་བ་བ་རི་ལོཙྪ་བ་འདྲ་བ་འོང་བ་ཡིན་ཏེ། ཁོང་ཇ་ཞིམ་པོ། འབོལ་མཐུག་པོ། གདུགས་ལེགས་པོ་འདུག་ཞུས་པས། པྲེ་ཏ་ཁྱོད་སྙམས་ན། བ་རི་ལོཙྪ་བ་ལ་སོགས་དགེ་བཤེས་མི་ཆེན་གྱི་རྣམ་ཐར་དེ་རང་ཆོས་ཡིན་སྙམ་འདུག་པ། སྔོན་ལ་ངའི་གླུ་འདི་ལ་ཉོན་གསུང་སྟེ་འདི་གསུངས་སོ། །ཕ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །མི་འབྲལ་སྤྱི་གཙུག་གི་རྒྱན་དུ་བཞུགས། །ཁོ་བོ་མི་ལ་རས་པ་ངས། །གདུགས་ཡ་ཐོག་གསེར་གྱི་བུམ་ཆུང་དང་གཅིག །ཅེས་སོགས་གོང་ལྟར་གསུངས་སོ། །
ཡང་རྗེ་བཙུན་བྲག་དཀར་རྟ་སོ་ལ་བྱོན་ཏེ་དཔོན་སློབ་བཞུགས་དུས་སུ། གྲྭ་པ་ཡང་བཅོ་ལྔ་ཙམ་འདུས། སྲིང་མོ་པྲེ་ཏ་ཡང་ཡོད་པ་ལ། ཉིན་གཅིག་སྔར་གྱི་ནེ་ནེ་མོ་དེ་གཡག་ཡུ་བོ་གཅིག་ལ་ཤ་མར་བཀལ། མོ་རང་བོང་བུ་གཅིག་ལ་ཞོན་ནས་བྱུང་བས། པྲེ་ཏ་ན་རེ། ནེ་ནེ་མ་ཀི་ནས་ཡར་བྱུང་སྟེ། ང་འཐབ་ཏུ་འགྲོ་བ་ཡིན། འོ་སྐོལ་མིང་སྲིང་ལ་དགྲ་ལ་འདི་བས་ཆེ་བ་མེད་ཇོ་ཅོ་དེའུ་བས་ད་མ་སྤྲད་ཅིག་ཟེར་བས། རྗེ་བཙུན་གྱིས་དགྲ་གཉེན་ལ་དབྱེ་བ་མེད་པས་འོང་ཆུག་གསུངས་པས། སྲིང་མོ་ངོ་ནག་ཆེ་སོང་བ་ལ། ཁྱོད་མ་ཁྲོ་ཞིག །དགྲ་ལ་འདུན་མ་གྲུབ་པ་དེ་སོ་ནམ་རྣམས་ཀྱི་ཡང་རབ་ཡིན་བྱས་པས། ནེ་ནེས་རྗེ་བཙུན་ལ་ཁམས་དྲི་བྱས་པ་ལ་ལན་དུ་མགུར་འདི་གསུངས་སོ། །
རྗེ་སྐུ་དྲིན་ཅན་ལ་གསོལ་བ་འདེབས། །ལན་རེ་བ་ཟད་པར་བྱིན་གྱིས་རློབས། །གུང་ཐང་སྐྱ་སླ་རྩ་རོན་ན། །ཉེ་འབྲེལ་དགྲར་ལང་མ་མད་གསུམ། །སྲན་ཕུང་བེར་ཀས་གཏོར་བ་བཞིན། །འདྲིས་མེད་ཡུལ་དུ་འཁྱམ་དུས་སུ། །ཨ་ནེ་བྱ་བ་གཅིག་ཀྱང་མེད། །ལར་བྱམས་པའི་གཉེན་ལ་རེ་ཙ་སྡུག །སྡང་བའི་དགྲ་ལ་དྭོགས་ཙ་ཐར། །ལས་ངན་གྱི་མི་དེ་སྐྱིད་ཙ་སྡུག །རིགས་ངན་གྱི་བུ་དེ་ཚར་ཙ་ལོད། །དྲིན་ཅན་གྱི་ཕ་མ་རྒས་ཤིང་ལོད། །མི་ངན་གྱི་མདུན་མ་ཞུས་ཤིང་རྐྱག །ཁྲམ་པའི་ངོ་དེ་བསྲུང་ཞིང་སྡང་། །ལྟས་ངན་གྱི་ཉེ་བ་འདྲིས་ཤིང་ངན། །ཨ་ནེའི་ཁ་ལ་རེ་བ་མེད། །ང་བྲག་དཀར་རྩེ་ལ་བསྒོམ་དུས་སུ། །ཁ་ཟས་ཟ་ལྕགས་ཀྱི་བྲབ་དུས་སུ། །ཁྱོད་ཨ་ནེས་ཕན་པ་རྩྭ་ཙམ་མེད། །གྲོད་ཕུག་རི་ལ་ཕྱིན་དུས་སུ། །ཨ་ནེའི་ཚོགས་གསོག་ཕན་པ་ཆུང་། །ཨ་ནེའི་བདེ་སྐྱིད་འབྱོར་པའི་ནོར། །ཆོས་ལ་བཏང་ན་ཕྱི་མ་བདེ། །བསམ་ན་ནོར་ལ་སྙིང་པོ་མེད། །བསགས་ན་ཟས་ལ་དགྲ་འདྲེ་ལྡང་། །གཅེས་ན་བུ་ལ་ན་ཚ་འོང་། །མི་ལ་བརྙས་ན་རང་གི་བྱུར། །རོགས་ལ་སྡང་ན་རང་སྲོག་ཆད། །རྗེ་ལ་བསྡོས་ན་ཐལ་ཁུང་ལྷུང་། །གྲོས་ལ་ངན་ན་མི་ཡིས་འཁྱེར། །འགྲོ་འདུག་མང་ན་ཁྱི་དང་ཐུག །བྱ་སྤྱོད་ངན་ན་རླུང་གིས་གཏོར། །རང་ཚིས་ཆེ་ན་རོགས་དང་འགྲས། །དེ་ལྟར་ཉན་ན་ཕན་པའི་དབྱངས། །ཨ་ནེའི་སེམས་ལ་འཇོག་པར་ཞུ། །དུས་དེ་རིང་ཨ་ནེ་ཕྱག་བྱེད་བཟང་། །འཇིག་རྟེན་མི་ལ་ཆོག་ཤེས་མེད། །མི་ང་ལ་ཤ་མར་གྱི་དགོས་པ་མེད། །ཁ་ལ་ཉན་ན་རྒྱལ་པོ་ཡིན། །མི་ང་དང་མཐུན་ན་ཡང་རྒྱལ་ཡིན། །ཆོས་དང་མཐུན་ན་ཆོས་རྒྱལ་ཡིན། །ཀུན་དང་མཐུན་ན་ཀུན་རྒྱལ་ཡིན། །དགྲ་དང་མཐུན་ན་དོན་རྒྱལ་ཡིན། །མི་ང་དང་ཨ་ནེ་དེ་རིང་མཐུན། །ཆོས་ལེགས་བཤད་སྙིང་པོ་ཨ་ནེར་བཤད། །དེ་ཕན་པར་སེམས་ཤིང་ཡིད་ལ་བཟུང་། །དུས་རྟག་ཏུ་ཀུན་མཐུན་རྒྱལ་པོར་ཤོག །
ཅེས་བྱས་པས། ཨ་ནེ་དུམ་པ་ཅིག་སྐྱེངས་ཏིང་ངེ་སོང་། རྗེ་བཙུན་གྱི་དྲུང་དུ་ཕྱག་དང་བསྐོར་བ་བཤགས་པ་མང་དུ་བྱས་ཤིང་དད་པར་བྱས་པ་ལ། དེར་སྲིང་མོ་ན་རེ། ཁྱོད་ཨ་ནེས་ཀྱང་ངེད་མིང་སྲིང་གཉིས་ལ་དེ་ཙམ་སྡང་ཡང་དེ་རིང་ཡགས་ནས་ཐལ་ཟེར། རྗེ་བཙུན་གྱིས་དེ་རིང་མི་ཚད་སྔར་ནས་ཡགས་པའི་སྨོན་ལམ་མང་དུ་སོང་བ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །
རྗེ་བཙུན་བླ་མའི་ཞབས་ཏོག་ཞབས་ཏོག་རེམ། །དད་གུས་གདུང་བ་རྒྱུད་ཆད་མེད། །རྗེ་མཉེས་པར་གྱུར་པས་ཡགས་པ་ཡིན། །ཕ་ཡུལ་བདུད་ཀྱི་གྲོང་ཁྱེར་སྤངས། །ཉེ་དུ་ཤན་པའི་གཤིན་རྗེ་བསྒྱུར། །ལས་བྱ་བ་ཐེངས་པས་ཡགས་པ་ཡིན། །མི་མེད་ལུང་པ་ཡུལ་དུ་བཟུང་། །བྲག་ཕུག་སྟོང་པ་མཁར་དུ་བརྩིགས། །གཅིག་པུར་ཟུག་པས་ཡགས་པ་ཡིན། །སྙིང་རུས་སྡུག་བསྲན་སྙིང་ཁམས་ཆེ། །དད་པ་དང་སྙིང་རྗེ་ཤེས་རབ་བཟང་། །ཡེངས་མེད་དུ་བསྒོམས་པས་ཡགས་པ་ཡིན། །བླ་མ་དང་སློབ་མ་གདམས་ངག་བཟང་། །བྱིན་བརླབས་དང་ནུས་པ་སྙིང་རྗེ་ཆེ། །ཉམས་རྟོགས་འཁྲུངས་པས་ཡགས་པ་ཡིན། །ཉམས་ལེན་དང་སེམས་བསྐྱེད་གནད་དུ་སོང་། །ལྷ་འདྲེ་མི་གསུམ་དམ་ལ་ཐོགས། །འགྲོ་དོན་འགྲུབ་པས་ཡགས་པ་ཡིན། །ཨ་ནེ་དང་སྲིང་མོ་རེ་འཁང་མེད། །བླ་མ་དང་སློབ་མ་ཡོན་བདག་རྣམས། །མཉམ་པོར་མཇལ་བས་ཡགས་པ་ཡིན། །ད་དེ་ལྟར་ཡགས་པའི་ལྕམ་སྲིང་མ། །ཤ་ཁྲག་གིས་འབྲེལ་པའི་ཨ་ནེ་སྐྱིད། །ལྷ་ཆོས་བྱས་ན་དེ་བས་ཡགས། །བསགས་ཚད་ཆོས་ལ་བཏང་ན་ཕྱུག་པོ་ཡིན། །སུ་དང་འཁོན་པ་མེད་ན་བཙན་པོ་ཡིན། །རང་ཉིད་སྤྱོད་པ་བཟང་ན་འཕེན་པོ་ཡིན། །སེམས་ཆགས་སྡང་མེད་ན་ཆོས་པ་ཡིན། །ཀུན་ལ་བྱམས་པས་སྐྱོང་ན་དཔོན་པོ་ཡིན། །གཡོ་སྒྱུ་ངོ་ལྐོག་མེད་ན་བཟང་པོ་ཡིན། །ཡིན་ལུགས་ལག་ལེན་བྱེད་ན་མཛངས་པ་ཡིན། །
ཞེས་གསུངས་པས། ཨ་ནེ་ཡང་ཤིན་ཏུ་དད་པ་སྐྱེས་ཏེ་དགྲ་གཉེན་མཉམ་ཟེར་བ་དེ་བདེན་པར་འདུག་ཟེར་ནས། ཕྱིས་ཁ་ཞེ་མེད་པའི་ཞབས་ཏོག་བྱས་ཏེ་སྣང་བ་ཆོས་ལ་འགྱུར། མ་ཎི་ཕྱག་སྐོར་བྱེད་པ་ཞིག་བྱུང་ནས་ཡུལ་དུ་སོང་ཙ་ན་མི་ཚོ་ན་རེ། ཨ་མཚར་པོ་ཆོས་པའི་མདུན་མ་ལས་སླ་བ་མི་འདུག །བར་པ་ཡང་མི་དགོས་པར་འདུག་ཟེར། སྲིང་མོ་པྲེ་ཏ་མ་ཕྱིས་ཆོས་སྒོར་ཞུགས་པས། རང་བྱུང་གི་རྣལ་འབྱོར་མ་བཟང་མོ་ཞིག་བྱུང་སྟེ། རྗེ་བཙུན་ལ་སྐྱེ་དམན་གྱི་སློབ་མ་བརྒྱ་རྩ་བརྒྱད་ཡོད་པའི་ཡ་བར་གྱུར་པ་ཞིག་ཡིན་གསུངས་སོ། །དེ་ཐམས་ཅད་གཉེན་འདུན་རང་སར་གྲོལ་བའི་སྐོར་རོ།། །།
༈ གཉིས་པ་ཆོས་བརྒྱད་རང་སར་གྲོལ་བ་ལ། དེར་འཚོགས་པའི་བུ་སློབ་རྣམས་ན་རེ། ད་དེ་དགོན་པ་ཆེན་པོ་ཞིག་འདེབས་ནས། ངེད་རང་དཔོན་སློབ་རྣམས་ཀྱང་ཇ་ཆང་གི་ལོངས་སྤྱོད་དུམ་པ་རེ་ཡང་བྱེད། ཡོན་བདག་ཚོ་ཡང་འོང་དུས་ཟ་རྒྱུ་དུམ་པ་རེ་གནང་བ་མཛད་པའི་མཛོ་མོ་དང་འབུལ་བ་ཐམས་ཅད་ལེན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། འཇིག་རྟེན་ཆོས་བརྒྱད་འདི་ཆོས་པའི་ཕུང་འདྲེ་ཡིན། དེ་བས་ངའི་གླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །
རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་མེད་སྐྱེ་བར་བྱིན་གྱིས་རློབས། །ཕ་བླ་མ་མི་ཆེན་དཔོན་འདོད་འདི། །སྟབས་ཉེས་ན་ཆགས་སྡང་སེམས་ངན་སྐྱེ། །དེ་བས་བྱ་བྲལ་གཅིག་པུར་དགའ། །གནས་བདེ་མོ་གྲོང་ལྟག་གི་དགོན་པ་འདི། །ཡུན་རིང་ན་གྲོང་ཡུལ་མི་ནག་འགྲས། །དེ་བས་དབེན་གནས་རི་ཁྲོད་དགའ། །འཁོར་སློབ་མ་ཁ་ཕྱིད་ཟ་འདུས་འདི། །འགྲོགས་ཐལ་ན་འཁྲུག་པ་ཁ་པོ་བྱེད། །དེ་བས་ཡེངས་མེད་དུ་བསྒོམ་ན་དགའ། །དུས་ངན་པས་ཡོན་བདག་ངོ་སར་དེ། །ངོ་བསྲུང་ན་གཤེ་སྐུར་ངན་པ་འདེབས། །དེ་བས་ཕྱོགས་མེད་བསོད་སྙོམས་དགའ། །མི་ཆེན་པོའི་ངོ་སྲུང་ཞབས་ཏོག་དེ། །ཞུས་ཐལ་ན་ནག་མེད་ཁྲིམས་ལ་གཏུགས། །དེ་བས་དམན་ས་བཟུང་ན་དགའ། །ཟས་ཞིམ་པོ་ཇ་ཆང་ཚོགས་འཁོར་དེ། །མང་ཐལ་ན་དགེ་སྦྱོར་བར་ཆད་ཡིན། །དེ་བས་གྱི་ནའི་འཚོ་བས་དགའ། །དཀོར་གཉན་པོ་སྲོག་གི་སྤུ་གྲི་དེ། །ཟོས་ཐལ་ན་ཐར་པའི་སྲོག་རྩ་གཅོད། །དེ་བས་ཀྱང་སེམས་ཁུར་ཆུང་ན་དགའ། །གཉེན་ཉེ་བ་རྐང་པའི་ཐག་ནག་དེ། །འབྲེལ་ཆེ་ན་ངན་སོང་ལམ་ལ་འཁྲིད། །དེ་བས་ཉེ་མེད་བཤེས་མེད་དགའ། །གྲོགས་ངན་པ་གཤིས་ངན་རུ་ཅོ་འདིས། །ལན་ཤོར་ན་འཇིགས་པའི་གཡང་སར་འཕེན། །དེ་བས་ཀྱང་གྲོགས་མེད་གཅིག་པུར་དགའ། །ནོར་ཕྱུག་པོ་བེའུ་ལུག་འཚོ་སྐྱོང་དེ། །མང་ཐལ་ན་འབྱུང་པོའི་དམག་དཔུང་སྡུད། །དེ་བས་ཀྱང་ཆོག་ཤེས་ཟིན་ན་དགའ། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་པ་མེད་པར་བྱིན་གྱིས་རློབས། །
ཞེས་གསུངས་པས། ཁོང་རྣམས་ན་རེ། བླ་མ་ལགས། སྐུ་ན་གཞོན་དུས་དང་མི་འདྲ། བགྲེས་ཙ་དཀར་དུམ་པ་རེ་གསོལ་བའི་མཛོ་མོ་རེ་བཟུང་ན་ལེགས་ཞུས་པས་ཡང་མགུར་འདི་གསུངས་སོ། །
རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་པ་ཟད་པར་ཐུགས་རྗེས་བཟུང་། །ང་སྒྱུ་མ་ལུས་ཀྱི་ནགས་ཁྲོད་ན། །སྟོང་ཉིད་སྙིང་རྗེའི་ན་སྤང་རྒྱས། །ཞེན་མེད་དད་པའི་ཤེ་མ་ཡིས། །སྤྱོད་པ་གཙང་མའི་ལག་པ་བཀྲུས། །ཐབས་ཤེས་གཉིས་ཀྱི་འཛོ་སྐྱོགས་སུ། །སེམས་ཉིད་རིན་ཆེན་བ་མཛོ་བཞོ། །རྣམ་དག་གཉུག་མའི་སྒོམ་ཆེན་ལ། །ཟག་མེད་བདེ་ཆེན་འོ་མ་འདྲེན། །སྤྲོས་མེད་ཆོས་ཉིད་ཞལ་གྱིས་གསོལ། །ཆགས་མེད་ལོངས་སྤྱོད་མགུལ་དུ་འགྲིམ། །དམིགས་མེད་སྙིང་རྗེས་ཐུགས་ལ་བསྟིམ། །འཕྲིན་ལས་ཕྱོགས་མེད་ཟག་པ་གཏོང་། །འགྲོ་དོན་ལྷུན་གྲུབ་ཀྱི་བསྒྲགས་པ་ཀློག །དེ་འདྲའི་བ་མཛོ་བཞོ་བ་ལ། །ཁྱོད་འཇིག་རྟེན་བ་མཛོས་དགོས་པ་མེད། །ཆོས་བརྒྱད་ཀྱི་དགོན་པར་ང་མི་སྡོད། །ཁྲེལ་མེད་ཀྱི་སྤྱོད་པ་བྱེད་ལ་ཐུག །
ཅེས་གསུངས་པས། ཡང་བུ་སློབ་རྣམས་ན་རེ། འོ་ན་འོ་སྐོལ་དཔོན་སློབ་མོན་ཡུལ་འདྲ་བའི་འབྲུ་རྩམ་མོད་པ་ཞིག་ཏུ་འགྲོ་ནས་བསོད་སྙོམས་བྱེད་དགོས་ལགས་ཞུས་པས་བླ་མས་འདི་གསུངས་སོ། །ངས་རྒྱལ་ཁམས་ཞོ་དར་བཞིན་དུ་བཤིག །སྒོ་ཁ་རང་འཐག་བཞིན་དུ་བསྐོར། །མི་སྤྱོད་སོ་པ་བཞིན་དུ་བལྟས། །སྐྱིད་སྡུག་ཚོད་མ་བཞིན་དུ་མྱོང་། །འགྲང་ལྟོགས་སྲང་ཁ་བཞིན་དུ་འཇལ། །ཕ་ཡུལ་བཙོན་དོང་བཞིན་དུ་སྤངས། །གཅིག་པུར་ཤ་ཟ་བཞིན་དུ་བསྡད། །སྡུག་བསྔལ་ཕྱེ་རྐྱལ་བཞིན་དུ་ཁུར། །ད་དུས་ལ་མ་བབ་པའི་བསོད་སྙོམས་ལ་ང་མི་འགྲོ་གསུངས་ནས་མགུར་འདི་གསུངས་སོ། །
རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་པ་ཟད་པར་བྱིན་གྱིས་རློབས། །མི་འདོད་པ་ཅན་ཁོང་ཡུས་ཆེ་ཙ་ན། །རྒྱལ་ཁམས་ཡོངས་ལ་འགྲིམ་ཡང་རྙེད་དུས་མེད། །ཁ་ན་བྱུང་ཚད་ཟོས་ཀྱང་རྒྱགས་དུས་མེད། །ལར་སུག་གེ་དུམ་པ་སྐུམ་ཞིག་རས་ཆུང་པ། །ཁྲེལ་མེད་པོས་ཉེ་བ་བཅོམ་ཙ་ན། །དྲིན་ཆེན་ཕ་མ་ཡིན་ཡང་གཉེན་རྒྱུ་མེད། །བླ་མ་སློབ་དཔོན་ཡིན་ཀྱང་འཛེམ་རྒྱུ་མེད། །བསམ་བློ་དུམ་པ་ཐོང་ཞིག་རས་ཆུང་པ། །ཞེ་སྡང་ཅན་གདུག་སེམས་འཁྲུགས་ཙམ་ན། །ཚེ་རང་སྲོག་ཡིན་ཡང་འཕངས་རྒྱུ་མེད། །མཚོན་མང་པོས་གཏུབ་ཀྱང་འགྱོད་རྒྱུ་མེད། །གོ་ཆ་སེམས་ལ་གྱོན་ཅིག་རས་ཆུང་པ། །འདོད་ཆགས་ཅན་ཞེན་པ་ཁོལ་ཙ་ན། །རྟ་བརྒྱ་བརྒྱ་ཡོད་ཀྱང་རིའུ་ལུག་རྐུ། །ནོར་སྟོང་སྟོང་ཡོད་ཀྱང་སྙོམས་ཆུང་འཇོམས། །སེར་སྣ་སྡུག་གསོག་སྤོངས་ཤིག་རས་ཆུང་པ། །གཏི་མུག་ཅན་ཉལ་འགོ་ཟིན་ཙམ་ན། །དགྲ་རྣ་བས་ཚོར་ཡང་ལྡེམ་མེ་བ། །གཉེན་མིག་གིས་མཐོང་ཡང་ཧ་རེ་བ། །མཛངས་རང་མགོ་ཐོན་ཅིག་རས་ཆུང་པ། །ཕྲག་དོན་ཅན་བསམ་པ་འཁྲུགས་ཙ་ན། །རང་སྐྱིད་པར་ཡོད་ཀྱང་བློ་མི་བདེ། །གཞན་སྐྱིད་པོ་མཐོང་ཡང་སྡུག་བསྔལ་ལྡང་། །སེམས་བརྟན་པོར་སྐྱོང་ཞིག་རས་ཆུང་བ། །ང་རྒྱལ་ཅན་ང་རོ་ཆེ་ཙ་ན། །མི་ཆེན་པོའི་དྲུང་དུ་ང་རྒྱལ་བསྐྱེད། །སྐུ་བཙུན་པོའི་དྲུང་དུ་ཟས་ངན་འདྲེན། །འཕྲལ་རང་ཚུགས་ཟུངས་ཤིག་རས་ཆུང་པ། །ཟས་དུག་ལྔ་འཁྲུགས་པའི་གྲོང་ཁྱེར་ན། །ཁ་ཟ་འདོད་འཁྱམས་པས་ཁ་མཆུ་འཕོག །རྐང་འགྲོ་ལ་དགའ་སྟེ་རྡོ་ལ་འཐོགས། །བུ་དགེ་སྦྱོར་མཛོད་ཅིག་རས་ཆུང་པ། །བླ་མའི་དྲུང་དང་རི་ཁྲོད་གནས། །ཁྱེད་རས་པ་རྣམས་ལ་ད་རུང་གཅེས། །གདུལ་བྱ་དུས་བབ་ཀྱི་སློབ་མ་ལ། །ཆོས་སྙིང་རུས་བཟོད་པ་ལྡན་པར་ཤོག །ཉམས་ངེས་ཤེས་རྩལ་ཁ་རྫོགས་པར་ཤོག །དོན་སྐུ་བཞིའི་འབྲས་བུ་ཐོབ་པར་ཤོག །
ཅེས་གསུངས་པས། བསམ་བློ་ཙབ་ཙུབ་མེད་པར་བསྒོམ་པས་རས་པ་ཉི་ཤུ་རྩ་བྱུང་ངོ་། །གཞན་སྒོམ་ཆེན་ཡང་བཞི་བཅུ་ཙམ་བྱུང་བས། འགྲོ་དོན་ཆེར་འཕེལ་ཏེ། གདམས་ངག་བས་ཀྱང་རྣམ་ཐར་དང་མིག་ཁྲིད་གལ་ཆེ་བས། དེར་སོང་བ་རྣམས་ལ་ཚེ་འདིའི་སྣང་བ་མེད་ཅིང་། བྱ་བ་ཐེངས་པ་གཅིག་པུ་ལ་དགའ་བ་སྙིང་རུས་མང་དུ་བྱུང་ངོ་།།
ཡང་དུས་རེ་ཤིག་གི་ཚེ་རྗེ་རས་པ་ཆེན་པོ་བསོད་སྙོམས་ལ་བྱོན་པས། དེར་ལོ་ཆོས་སྟོན་པས་ཆོས་གསུངས་པའི་ས་ན་རྗེ་བཙུན་དཔོན་སློབ་གསུམ་ཕེབས། ལོ་ཆོས་སྟོན་པ་ན་རེ། རྣལ་འབྱོར་པ་མི་ལ་རས་པ་ཁྱོད་ཐོས་བསམ་མང་པོ་ཡང་བྱས་ཟེར། རི་ཁྲོད་དུ་བསྒྲུབ་པ་ཡང་ཡུན་རིང་དུ་བྱས་ཟེར་བ་ལ། མཐོ་བའི་དགོན་ཆུང་གཅིག་བཟུང་ནས་དགེ་འདུན་འགས་བསྐོར་བ་ཡང་མ་བྱུང་སྣང་། དམའ་བའི་གནས་ཆུང་གཅིག་བཟུང་ནས་རྣལ་འབྱོར་ཕོ་མོ་འགས་བསྐོར་བ་ཡང་མ་བྱུང་སྣང་། འགྲོ་འདུག་དུས་འགོ་རྒྱུ་རྟ་གཅིག་ཀྱང་མི་འདུག །ད་བར་མ་དོའི་འཁྱམ་བསྡད་པ་འདིས་ཅི་འོང་ཟེར་བ་ལ། ལོ་ཆོས་སྟོན་པ་ལ་མགུར་འདི་གསུངས་སོ། །
རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །མི་འབྲལ་སྤྱི་གཙུག་གི་རྒྱན་དུ་བཞུགས། །ཁོ་བོ་མི་ལ་རས་པ་ང་། །གདུགས་ཡ་ཐོག་གསེར་གྱི་བུམ་ཆུང་དང་གཅིག །བར་ཐོག་རྨ་བྱའི་ལྡིང་ཁང་དང་གཉིས། །མ་ཐོག་དར་གྱི་འཇོལ་ཁང་དང་གསུམ། །ཚོན་རྩི་སྣ་ལྔའི་གདུགས་ཤིང་དང་བཞི། །འདི་བཞི་བཀྱག་ན་ཁོ་བོས་ཀྱང་ཁྱོགས་པར་གདའ་སྟེ། །དེ་བས་ཀྱང་ཆོས་བརྒྱད་སྤངས་པ་རང་བདེའོ། །རྟ་མདོ་དྲུག་མགོ་འཕང་མཐོ་དང་གཅིག །བཙུན་པོ་བེ་གར་སྒ་བཀྲ་དང་གཉིས། །དྲོད་ཚོམ་འཕྲུལ་གྱི་སྲབ་མགོ་དང་གསུམ། །སྦ་དཀར་པོ་ལྕག་གི་བཀའ་ནན་དང་བཞི། །འདི་བཞི་མནན་ན་ཁོ་བོས་ཀྱང་ནོན་པར་གདའ་སྟེ། །དེ་བས་ཀྱང་ཆོས་བརྒྱད་སྤངས་པ་རང་བདེའོ། །ཕ་ཡུལ་སྐྱིད་ཀྱི་མཁར་ཁང་དང་གཅིག །ཕ་ཞིང་འཕྲོད་དུ་རྨོ་བ་དང་གཉིས། །ཕ་སྤུན་གཡག་རུ་དོས་མཉམ་དང་གསུམ། །གཉེན་ཉེ་དུ་འབྲེལ་བའི་སེམས་འཛིན་དང་བཞི། །འདི་བཞི་སྐྱོང་ན་ཁོ་བོས་ཀྱང་འཁྱོང་བར་འདུག་སྟེ། །དེ་བས་ཀྱང་ཆོས་བརྒྱད་སྤངས་པ་རང་བདེའོ། །ཕུ་སྤང་ལ་རྩྭ་ཁ་བཟང་བ་དང་གཅིག །སྦྲ་རི་བོ་ཆོན་ཐག་རིང་བ་དང་གཉིས། །སྐབས་གནག་ལུག་གི་འཚོ་སྐྱོང་མཁས་པ་དང་གསུམ། །བཅུད་ཐུད་མར་ཁ་ལ་ཞིམ་པ་དང་བཞི། །འདི་བཞི་བསྒྲུབ་ན་ཁོ་བོས་ཀྱང་འགྲུབ་པར་གདའ་སྟེ། །དེ་བས་ཀྱང་ཆོས་བརྒྱད་སྤངས་པ་རང་བདེའོ། །དགོན་པ་དབེན་གནས་ཁྲ་མོ་དེ་དང་གཅིག །སྟོན་ཆུང་གསར་པའི་གཞུང་བཤད་དེ་དང་གཉིས། །ཡུ་མར་ཇ་ཡི་ཐབ་ཁ་དེ་དང་གསུམ། །བཙུན་ཆུང་ལག་བདེ་གོ་ཆོད་དེ་དང་བཞི། །འདི་བཞི་བརྩམས་ན་ཁོ་བོས་ཀྱང་འཛོམས་པར་འདུག་སྟེ། །དེ་བས་ཀྱང་ཆོས་བརྒྱད་སྤངས་པ་རང་བདེའོ། །ཕ་བཟང་བུ་མོའི་ཚེ་རོགས་དང་གཅིག །མགོ་གསེར་གཡུ་སྤེལ་བའི་ལན་ཚར་དང་གཉིས། །གོས་དར་ཟབ་འཇའ་ཚོན་འཁྱུག་འདྲ་དང་གསུམ། །རྒྱབ་ཕ་མིང་རྒྱབ་ཚན་ཆེ་བ་དང་བཞི། །འདི་བཞི་བླང་ན་ཁོ་བོས་ཀྱང་ལོན་ཚོད་དུ་འདུག་སྟེ། །དེ་བས་ཀྱང་ཆོས་བརྒྱད་སྤངས་པ་རང་བདེའོ། །མོ་བོན་སྨན་གསུམ་གྱི་ཆོ་ག་དེ་དང་གཅིག །ཨ་ཇོ་སྒོམ་མའི་ཚོགས་དཔོན་དེ་དང་གཉིས། །ཟ་འདོད་འབོག་ཆོལ་གྱི་ཚོགས་འཁོར་དེ་དང་གསུམ། །ཉ་མ་མགོ་སྐོར་གྱིས་གླུ་ལེན་དེ་དང་བཞི། །དེ་བཞི་བྱས་ན་ཁོ་བོས་ཀྱང་ཤེས་པར་འདུག་སྟེ། །དེ་བས་ཀྱང་ཆོས་བརྒྱད་སྤངས་པ་རང་བདེའོ། །དགོན་ཆུང་ཚེར་མའི་ཁ་རྒྱན་ཅན། །ཁྱོད་ལོ་ཆོས་སྟོན་པའི་རྒྱན་དུ་ཆེ། །ང་ཆོས་བརྒྱད་སྤངས་པའི་རྣལ་འབྱོར་ལ། །ལུས་འདི་ཀ་གཅིག་པུ་རང་དུ་བདེ། །ང་རང་དབང་ཐོབ་པས་བདེ་མོར་གདའ། །ཞེས་གསུངས་པས། ལོ་ཆོས་སྟོན་པ་ན་རེ། ཁྱེད་ཀྱིས་སྤངས་པ་བདུན་དང་བདེ་བ་བདུན་གྱི་མགུར་གསུངས་པ་དེ་ལེགས། ད་རུང་བདེ་སྡུག་གི་ཤན་འབྱེད་པའི་མགུར་གཅིག་གསུང་བར་ཞུ་ཞུས་པས། བདེ་སྡུག་ཤན་འབྱེད་ཀྱི་མགུར་འདི་གསུངས་སོ། །
རང་ངོ་རང་གིས་ཤེས་ནས་གནས་ལུགས་དོན་ལ་ལྟ་བའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །འཁྲུལ་སྣང་གི་རྗེས་སུ་འབྲངས་ནས་སྡུག་བསྔལ་སྦྲེལ་བསྐྱེད་བྱེད་པའི་ཆོས་པ་དེ་ནམ་ཡང་སྡུག །མ་བཅོས་ངང་ལ་བཞག་ནས་སྒྲིབ་བྱེད་རང་སར་དག་པའི་རྣལ་འབྱོར་པ་ནམ་ཡང་བདེ། །བྱུང་ཚོར་རྗེས་སུ་འབྲངས་ནས་ཆགས་སྡང་རང་ཁར་གསོག་པའི་ཆོས་པ་དེ་ནམ་ཡང་སྡུག །ཐམས་ཅད་སེམས་སུ་ཤེས་ནས་ཅིར་སྣང་ལམ་དུ་ཤར་བའི་རྣལ་འབྱོར་པ་ནམ་ཡང་བདེ། །བབ་བཅོལ་ཐོ་ཅོ་བྱེད་ཅིང་ཆོས་བརྒྱད་མགོ་མ་ནོན་པའི་ཆོས་པ་དེ་ནམ་ཡང་སྡུག །སྣང་བ་ཆོས་སྐུར་རྟོགས་ནས་རེ་དྭོགས་ཐེ་ཚོམ་ཆོད་པའི་རྣལ་འབྱོར་པ་ནམ་ཡང་བདེ། །མི་ཚེ་གཡེང་བ་ལ་བསྐྱལ་ནས་འཆི་ཁར་འགྱོད་པ་སྐྱེ་བའི་ཆོས་པ་དེ་ནམ་ཡང་སྡུག །རྟོགས་ཚད་ཁོང་དུ་ཆུད་ནས་གཅིག་པུ་རང་དགར་འདུག་པའི་རྣལ་འབྱོར་པ་ནམ་ཡང་བདེ། །འདོད་པ་ཁོང་དུ་བཅུག་ནས་དྲུང་དྲུང་ཤོམ་ཤོམ་བྱེད་པའི་ཆོས་པ་དེ་ནམ་ཡང་སྡུག །མཚན་མ་རང་སར་གྲོལ་ནས་ཉམས་མྱོང་རྒྱུན་ཆད་མེད་པའི་རྣལ་འབྱོར་པ་ནམ་ཡང་བདེ། །རང་རིག་ཡན་པར་ཤོར་ནས་ཆོས་བརྒྱད་མགོ་མ་ནོན་པའི་ཆོས་པ་དེ་ནམ་ཡང་སྡུག །སྣང་བ་ཐད་ཀར་བཅད་པས་གཅིག་ཆོད་ལམ་དུ་སློང་བའི་རྣལ་འབྱོར་པ་ནམ་ཡང་བདེ། །ཐ་སྙད་ཚིག་ཕྱིར་འབྲངས་ནས་སེམས་ལ་ཐག་ཆོད་མེད་པའི་ཆོས་པ་དེ་ནམ་ཡང་སྡུག །འཇིག་རྟེན་བྱ་བ་བཏང་ནས་ཚེ་འདིར་གཟའ་གཏད་མེད་པའི་རྣལ་འབྱོར་པ་ནམ་ཡང་བདེ། །བྲེ་ཕུལ་སྡུག་གསོག་བྱས་ནས་བུ་སྨད་གཉེན་འདུན་སྐྱོང་བའི་ཆོས་པ་དེ་ནམ་ཡང་སྡུག །ཞེན་འཛིན་འཁྲི་བ་བཅད་ནས་གཅིག་པུར་གར་དགར་སྡོད་པའི་རྣལ་འབྱོར་པ་ནམ་ཡང་བདེ། །གཡེང་བའི་ལམ་དུ་ཞུགས་ནས་ལུས་ངག་བྲན་དུ་འཁོལ་བའི་ཆོས་པ་དེ་ནམ་ཡང་སྡུག །བརྩོན་འགྲུས་རྟ་ལ་བཞོན་ནས་ཐར་པའི་ལམ་ལ་བགྲོད་པའི་རྣལ་འབྱོར་པ་ནམ་ཡང་བདེ། །ལེ་ལོའི་སྒྲོག་ཏུ་ཆུད་ནས་འཁོར་བའི་གནས་སུ་ཆུད་པའི་ཆོས་པ་དེ་ནམ་ཡང་སྡུག །ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས་ལྟད་མོ་སེམས་ལ་ལྟ་བའི་རྣལ་འབྱོར་པ་ནམ་ཡང་བདེ། །སློབ་གཉེར་ཆོས་ལ་བྱས་ནས་སྤྱོད་ལམ་སྡིག་ལ་བྱེད་པའི་ཆོས་པ་དེ་ནམ་ཡང་སྡུག །ཚེ་འདི་རྒྱབ་ཏུ་བོར་ནས་གནས་ལུགས་རང་ས་ཟིན་པའི་རྣལ་འབྱོར་པ་ནམ་ཡང་བདེ། །སྣ་ཐག་མི་ལ་བཏད་ནས་ངོ་སྲུང་མཐུན་འཇུག་བྱེད་པའི་ཆོས་པ་དེ་ནམ་ཡང་སྡུག །ཞེན་འཛིན་འཁྲི་བ་བཅད་ནས་གཅིག་པུར་དགེ་སྦྱོར་བྱེད་པའི་རྣལ་འབྱོར་པ་ནམ་ཡང་བདེ། །ཅེས་གསུངས་པས། ལོ་ཆོས་སྟོན་པ་དད་པ་སྐྱེས་ནས་ཆོས་ཞུས་པས་སྒོམ་ཆེན་ལེགས་པོ་གཅིག་བྱུང་སྐད་དོ། །
རྗེ་རས་པ་ཆེན་པོའི་སྤྱན་སྔར་སློབ་མ་གཅིག་གིས་སྙུང་དྲི་བྱས་པས་མགུར་འདི་གསུངས་སོ། །
བདག་ཉེ་དུ་ཐག་ཏུ་བསྲིངས་ཏེ་བདེ། །འབྲལ་འཕྲེང་ཁོ་ཐག་བཅད་དེ་བདེ། །ཕ་ཡུལ་ཆགས་པ་སྤངས་པས་བདེ། །བདག་འཛིན་མངོན་ཞེན་མེད་པས་བདེ། །གནས་ལ་ངོས་བཟུང་མེད་པས་བདེ། །སྡེ་རིས་ཕྱོགས་ཆ་སྤངས་པས་བདེ། །སྡེ་དགོན་གྱི་གཉེར་པ་མ་བྱས་བདེ། །དགེ་འདུན་གྱི་རྫས་ལ་མ་འབགས་བདེ། །ཁང་ཁྱིམ་བདག་ཏུ་མ་བཟུང་བདེ། །འདི་ལ་འདི་དགོས་མེད་པས་བདེ། །འཇིག་རྟེན་གྱི་ནོར་རྫས་མེད་པས་བདེ། །འཕགས་པའི་ནོར་བདུན་ཡོད་པས་བདེ། །འཚོ་སྐྱོང་གི་སྡུག་བསྔལ་མི་དགོས་བདེ། །བོར་སྟོར་གྱི་དྭོགས་པ་མེད་པས་བདེ། །ཟད་པའི་འཇིགས་པ་མེད་པས་བདེ། །སེམས་ཀྱི་ཕུག་ན་གནས་པས་བདེ། །ཡོན་བདག་ངོ་སྲུང་མེད་པས་བདེ། །སྐྱོ་ངལ་དང་སུན་པ་མི་འོང་བདེ། །ཚུལ་ཆོས་མ་བྱས་སྤྱོད་པ་བདེ། །ཅི་བྱས་ཆོས་སུ་སོང་བས་བདེ། །འབྲོས་དེད་ཀྱི་ངལ་དུབ་སྤངས་པས་བདེ། །གསོད་ཁྱེར་གྱི་འཇིགས་པ་མི་འོང་བདེ། །རྐུ་འཕྲོག་གི་སྦྱོར་བ་སྤངས་པས་བདེ། །རྒྱུ་མཐུན་གྱི་ལོངས་སྤྱོད་འབྱུང་བས་བདེ། །སྡིག་པའི་ལས་ནི་མ་བྱས་བདེ། །བསོད་ནམས་ཀྱི་ལས་ལ་འབད་དེ་བདེ། །ཞེ་སྡང་གནོད་སེམས་མ་བྱས་བདེ། །དེ་ཡང་ཕན་སེམས་བྱས་པས་བདེ། །ང་རྒྱལ་དང་ཕྲག་དོག་ཆུང་བས་བདེ། །དེ་ཡང་འགྲན་སེམས་མེད་པས་བདེ། །འདོད་ཡོན་ལྔ་ལ་ཞེན་མེད་བདེ། །དེ་ཡང་གདུང་སེམས་ཆུང་བས་བདེ། །ཆོས་བརྒྱད་ཉེས་དམིགས་སུ་བལྟས་པས་བདེ། །དེ་ཡང་བཏང་སྙོམས་སུ་བཞག་པས་བདེ། །སེམས་ཀྱིས་སེམས་ལ་བལྟས་པས་བདེ། །དེ་ཡང་རེ་དྭོགས་མེད་པས་བདེ། །སྐྱེ་མེད་འོད་གསལ་གྱི་ཀློང་ན་བདེ། །མི་རྟོག་ཡེ་ཤེས་ཀྱི་དབྱིངས་ན་བདེ། །ཤུགས་འབྱུང་གཉུག་མའི་ངང་དུ་བདེ། །ཚོགས་དྲུག་རང་སར་བཞག་པས་བདེ། །སྒོ་ལྔའི་རྣམ་ཤེས་གསལ་བས་བདེ། །ཡིད་ཀྱི་རྟོག་པས་མ་བཅུན་བདེ། །བདེ་བ་དེ་ལ་བདེ་ལུགས་མང་། །བདག་མ་སྐྱིད་ཀྱི་རྟིང་ལ་སྡུག་རྒྱུ་ཆུང་། །སྐྱིད་པ་རྣམས་ལ་ང་མི་སྨོན། །ཤི་ཡང་བདེ་སྟེ་སྡིག་མ་བྱས། །གསོན་ཡང་བདེ་སྟེ་དགེ་སྦྱོར་འཕེལ། །ཟས་གོས་ཡོན་བདག་གྲྭ་པས་སྦྱོར། །དེ་ནི་དཀོན་མཆོག་དང་བླ་མའི་དྲིན། །བན་སྤྲང་བདེ་བའི་ཚད་དུ་གདའ། །ཉིད་ཅག་ཤིན་ཏུ་བདེ་ལགས་སམ། །ཞེས་གསུངས་པས། སློབ་མ་ཤིན་ཏུ་ཡང་དད་པར་གྱུར་ཏོ། །དེ་ཐམས་ཅད་ཆོས་བརྒྱད་རང་གྲོལ་བ་སྙེ་ནམ་གྲོད་ཕུག་སོགས་ཀྱི་སྐོར་རོ།། །།
༈ དེ་ནས་དགུ་པ་རྩོད་པས་མི་རྫི་བའི་ཡོན་ཏན་ནི། རྗེ་རས་པ་ཆེན་པོ་དེ་ཉིད་དཔོན་སློབ་གཞན་རྣམས་ཆུ་བར་དུ་སྒོམ་ལ་བྱོན། རྗེ་བཙུན་དང་རས་ཆུང་བ་དཔོན་སློབ་གཉིས་སྙེ་ནམ་མཁར་སྣར་ཏིང་ངེ་འཛིན་ལ་བཞུགས་སོ། །ལུང་པ་དེའི་མདའ་ན་སྙེ་ནམ་པའི་བླ་མཆོད་བྱེད་པའི་བཀའ་གདམས་པའི་ཆོས་གྲྭ་ཆེན་པོ་ཡོད་པ་ལ། དགོན་སྡེ་དེའི་བླ་མ་དགའ་ལོ་དང་། རས་ལོ་དང་། ཤིང་ལོ་བྱ་བའི་བཀའ་གདམས་པའི་མཁན་སློབ་གསུམ་ཡོད་དེ། །ལོ་གཅིག་བྲིན་སྙེ་ནམ་པའི་ཞིང་རྣམས་སད་ཀྱིས་ཁྱེར་ནས་ཕྱིར་ལོ་མུ་གེ་ཆེན་པོ་བྱུང་བ་ལ། ཡུལ་དེའི་གཙོ་བོ་རྣམས་བགྲོས་ཏེ། ད་ལོ་ངེད་རང་གི་བླ་མཆོད་ལ་ནས་མང་པོ་ཡོད་པས། ཡུལ་མི་ཐམས་ཅད་ཁོང་ལ་འབུ་ལེན་འགྲོ་བས་དྲག་ཟེར་ནས་ཐམས་ཅད་ཁ་འཆམ་སྟེ་བཀའ་གདམས་ཀྱི་བླ་མ་གསུམ་ལ་བུན་དྲི་ཕྱིན་པས་བཀའ་གདམས་ཀྱི་སྟོན་པ་ཚོ་གྲོས་བྱས་ཏེ། ད་ལན་ཁོང་ཚོ་བཟློག་ལ་ཐོང་དང་རྟིང་ལ་ཁོང་ཚོ་འདི་མིན་པ་འབུན་འཁྱེར་ས་མེད་པས། དེ་ཙམ་ན་སང་ལ་གཉིས་འགྱུར་ལོག་འཇལ་འོང་ཟེར་ནས། གཙོ་བོ་རྣམས་ལ་བཟའ་ཡང་མ་བྱིན་པར་བཟློག་ནས་བཏང་ངོ་། །དེའི་ཚེ་རྗེ་རས་པ་ཆེན་པོས་མཁྱེན་ཏེ། བུ་རས་ཆུང་བ་ལུང་པ་འདིའི་མདའ་ན་སོང་ལ་རྒྱ་ལམ་འདུས་མདོ་གཅིག་ཡོད་པ་ན་སྒུག་ལ་སྡོད་དང་། དེ་ན་ནས་འབུན་འཁྱེར་མི་མང་པོ་འོང་གིན་ཡོད་པ། ཁྱོད་ཀྱིས་ཁྲིད་ལ་ཤོག་ཅིག་དང་། རང་རེ་ཕ་སྤད་གཉིས་ཀྱིས་དོ་ཅིག་ནས་བུན་གཏོང་དགོས་གསུང་། རས་ཆུང་བ་བསམ་པ་ལ། བླ་མ་འདིས་ཅི་གསུང་བ་ཡིན་ནམ། ནས་རྡོག་གཅིག་ཀྱང་མེད་པ་ལ་ནས་བུན་ཅི་ཡིན་ནམ་སྙམ། ནས་བུན་ལེན་མཁན་རང་མེད་དེ་མཆི། འོན་ཀྱང་བླ་མའི་གསུང་གཅོག་ཏུ་མི་རུང་སྙམ་ནས་བྱོན་ཏེ། སྟོང་ལམ་སུམ་མདོ་ཞིག་ན་དུམ་པ་ཅིག་བསྒུག་ནས་བསྡད་པས་ཡུད་ཙམ་ཞིག་ན་སྙེ་ནམ་པའི་གཙོ་བོ་ཐམས་ཅད་སྒྲོ་སྟོང་རེ་ཁུར་ནས་སླེབ་བྱུང་བ་ལ། རས་ཆུང་བས་ཁོང་རྣམས་ལ། ངེད་ཀྱི་བླ་མ་རྗེ་བཙུན་གྱིས་གསུང་ནས་ངེད་དཔོན་སློབ་ཅན་ན་ཤོག་དང་ནས་འབུན་གཏོང་གསུང་བཟླས་ཙ་ན་མི་ལ་ལ་ན་རེ། ཁོང་དཔོན་སློབ་བསོད་སྙོམས་ནི་མི་མཛད། སོ་ནམ་ནི་མི་མཛད་ནས་གང་ན་གཏོང་རྒྱུ་ཡོད། ལམ་ལ་གཤེགས་པས་དྲག་ཟེར། རྒན་པ་འགའ་ན་རེ། སྡུག་བསྔལ་ཆེ་དུས་ཆོས་བྱས་ན་འགྱུར་ཆེ་བར་གསུང་འདུག་པས། ཁོང་དཔོན་སློབ་ལ་ནས་མི་བདོག་ཀྱང་། ཞལ་མཇལ་བ་ལ་འགྲོའོ་ཟེར། དེར་ཁ་འཆམ་སྟེ་རྗེ་བཙུན་གྱི་དྲུང་དུ་སོང་། རས་ཆུང་བ་ཁོང་ཚོའི་སྔོན་དུ་སོང་སྟེ། ད་མི་རྣམས་འོང་གིན་ཡོད། རང་རེ་དཔོན་སློབ་གཉིས་དེ་རིང་ངོ་ཚ་ཆེན་པོ་བྱེད་པར་སྣང་ཞུས་པས། བུ་ཁྱོད་སོང་ལ་ཐང་ཕ་ཀིའི་ནང་དུ་ས་རྡོ་འགའ་སྤུངས་ཤིག་གསུང་། རས་ཆུང་བས་ཀྱང་ས་རྡོ་ཁག་གསུམ་དུ་སྤུངས་པས་རྗེ་བཙུན་གྱིས་ཏིང་ངེ་འཛིན་གཏད་པས་ནས་ཕུང་སྦྲ་ཙམ་གསུམ་བྱུང་། ཁོག་མ་དེའི་ནང་ན་ཆུ་གསུམ་བཞི་ཞིག་ལོང་ལ་ཤོག་གསུང་ནས་ཆུ་ཁྱེར་ནས་ཕྱིན་པས་ཆུ་ལ་ཏིང་ངེ་འཛིན་གཏད་པས་ཆང་ཞིམ་པོ་མང་དུ་གྱུར། ས་རྡོ་རྣམས་གཞན་ཞིག་ཏུ་སྤུངས་ཏེ་ཏིང་ངེ་འཛིན་གཏད་པས་ཟན་དང་རྒྱ་རི་མང་པོ་བྱུང་། དེ་ནས་རས་ཆུང་བ་ལ་གསུང་ནས། ངེད་ཀྱི་བླ་མས་འདི་བཞིན་སྤྲུལ་བསྒྱུར་བྱས་པ་ཡིན་ཅེས་མི་ལ་མ་བརྗོད། འདི་གང་ནས་བྱུང་ཟེར་ན་འབུལ་བ་མང་པོ་སྐྱེལ་མི་བྱུང་བ་ཡིན་ཟེར་བ་ཁྱོད་ཀྱིས་ཟློས་གསུང་ནས་དམ་དགག །དེ་ནས་མི་རྣམས་བྱུང་བས་བཟའ་བཏུང་གིས་ཚིམ་པར་བྱས་ནས་མི་དེ་རྣམས་ཞག་བདུན་གྱི་བར་ཟས་ཟ་མ་དགོས་ཤིང་ཏིང་ངེ་འཛིན་སྐྱེ་བ་བྱུང་། དེའི་ཕྱིར་ཉིན་ནས་སྙེ་ནམ་པའི་མི་རྣམས་ཀྱིས་མཛོ་ཁལ་གླང་རྒྱབ་བྱས་ནས་ཐམས་ཅད་བསྐྱལ་ཏེ་ཁོང་རང་རྣམས་ཀྱིས་རྒྱགས་བྱས་པས་ལུས་བཀྲག་དང་ལྡན་པ་བྱུང་། ཞིང་ལ་ས་བོན་བཏབ་པ་ཚོ་ཡང་ལོ་ལེགས་པོ་སྐྱེས། དེ་ནས་ཡུལ་མི་རྣམས་ཀྱིས་ཁྱོད་དཔོན་སློབ་ལ་ནས་དེ་ཙམ་གང་ནས་བྱུང་ཟེར་བ་ལ། རས་ཆུང་བས་བླ་མས་བསྒོས་པ་བཞིན་བཤད། དེའི་ཚེ་ཡུལ་མི་རྣམས་དད་དེ་བསྙེན་བཀུར་དང་འདུ་ལོང་མང་པོ་བྱུང་། དེར་རྗེ་བཙུན་གྱི་གསུང་ནས་སྙེ་ནམ་དྲོད་ཕུག་ཏུ་འགྲོ་འདིར་སོ་མ་གསོད་གསུང་ནས་དེར་བྱོན་ནས་བཞུགས་སོ། །དེ་ཙ་ན་བཀའ་གདམས་ཀྱི་སྟོན་པ་གསུམ་གྲོས་བྱས་ནས་མི་ལ་རས་པ་ཟེར་བའི་ཟོག་པོ་འདིས་ཁོས་གསོག་འཇོག་མི་བྱེད་ཟེར་ཙ་ན། ནས་མང་པོ་ལྐོག་ཏུ་བསོགས་ཏེ། ན་ནིང་འབུན་གྲ་དེ་བཅག །ད་མི་སྡེ་ཐམས་ཅད་ཀྱི་ཟ་མ་ཁོས་བསྡུས། ད་འདི་ལུང་པའི་མདའ་ན་ཕུད་པ་དྲག་ཟེར། ཕུད་པ་ལ་ཐབས་ཅི་དྲག །སྒོམ་ཆེན་བྱ་བ་ཐོས་པ་ཆུང་བསླབ་པའི་ཡོན་ཏན་ནི་མེད་པས་ཆོས་གཏམ་བྱས་ནས་བསྙད་བཏགས་ནས་ཕུད་པ་དྲག་ཟེར། དེ་ནས་སྟོན་པ་མཚན་ཉིད་ལ་མཁས་པ་གསུམ་བཏང་ནས་ཆང་དང་ཟ་མ་མང་པོ་བསྐུར་རོ། །དེ་རྗེ་བཙུན་གྱིས་མཁྱེན་ཏེ། བུ་རས་ཆུང་བ་དེ་རིང་དེ་བཟའ་བཏུང་མང་པོ་ཟ་རྒྱུ་འོང་བར་ཡོད་དེ། ཁས་ལབ་ལབ་མང་པོ་ཞིག་ཀྱང་དགོས་པར་ཡོད་གསུང་། རས་ཆུང་བའི་བསམ་པ་ལ་མི་མེད་ལུང་སྟོང་འདི་ན་སུ་འོང་ངམ་སྙམ་ཙ་ན། ཡུད་པ་ཞིག་ནས་སྟོན་པ་གསུམ་གྱིས་ཤ་ཆང་མང་པོ་ཁྱེར་ནས་བྱུང་ཏེ། བླ་མ་ལ་ཕྱག་དང་ཞེ་ས་ཡང་མི་བྱེད་པར་བླ་མ་བཟང་པོ་དཔོན་གཉིས་འདུག་ཟེར་ནས་ཕྱིན་པ་དང་། ངེད་རང་ཆོས་ཀྱི་བགྲོ་གླེང་བྱའོ་ཟེར་ནས་ཆོས་གཏམ་བྱས་པས། ཉི་མ་སྔ་དྲོ་ཆོས་ཀྱི་རྒྱུད་སྡེ་རྣམས་དང་མན་ངག་བསྟན་བཅོས་ཀྱི་ཆོས་གཏམ་བྱས་པས། རྒྱུད་སྡེ་རྣམས་རྗེ་བཙུན་གྱི་ཐུགས་ལ་མངའ་བས་ཆོས་རྗེ་བཙུན་རྒྱལ། ཆང་འདྲེན་ནས་ཆོས་གཏམ་བྱས་ན་འཆལ་འགྲོ་བྱས་ནས་ཆང་དྲང་ཞིང་ཆོས་གཏམ་བྱས་པས། རྗེ་བཙུན་གྱི་ཐུགས་གསལ་བ་དང་འཕང་མཐོ་རུ་སོང་། ཡང་རྗེ་བཙུན་ཆོས་གཏམ་རྒྱལ་ལོ། །དེར་སྟོན་པ་གསུམ་དད་པ་སྐྱེས་ཏེ་ཕྱག་འཚལ་ནས་ཟོག་པོ་ཡིན་ནམ་སྙམ་ནས་བརྙས་པ་བྱས་པ་མཐོལ་ལོ་བཤགས་སོ། །ངེད་གསུམ་ལ་ཡང་ཆོས་འབྲེལ་ཞིག་ཐུགས་ལ་འདོགས་པར་ཞུ་ཟེར་ནས། ཆོས་འབྲེལ་ཞུས་ཏེ། ལོག་ནས་ཕྱིན་པའི་དུས་སུ་སྟོན་པ་དགའ་ལོ་རས་ལོ་ཤིང་ལོ་གསུམ་ན་རེ། ཁྱེད་དགེ་བཤེས་གསུམ་གྱིས་ཆོས་གཏམ་བྱས་སམ། ལུང་པའི་མདའ་ན་ཕུད་དམ་ཟེར་རོ། །དེ་གསུམ་གྱིས་ལོ་རྒྱུས་རྣམས་བྱས་སོ། །དེ་ནས་སྟོན་པ་དགའ་ལོ་ན་རེ། ད་ནང་པར་ང་རང་འགྲོ་ཟེར་ནས་ནང་པར་ཁོང་རང་གོས་འདུང་མ་གཅིག་གྱོན། དབྱུག་པ་ཁྲུ་དོ་བ་གཅིག་ཁྱེར་ནས་སོང་བའི་དུས་སུ་ཡང་རྗེ་བཙུན་གྱིས་མངོན་ཤེས་ཀྱིས་མཁྱེན། སྟོན་པས་དེ་རིང་ང་ཕུད་པ་ལ་འོང་བར་ཡོད་པས་རས་ཆུང་བ་འདི་རི་ལ་གཏོང་དགོས་དགོངས་ནས། རས་ཆུང་བ་དེ་རིང་རི་རྩེ་མཐོ་བ་གཅིག་ན་སོང་ལ་ཤིང་སྐམ་པོ་ཁུ་རུ་བཟང་པོ་གཅིག་ཐུས་ལ་དེ་ཀོ་དགོང་མོ་སླེབ་པར་གྱིས་ལ་ཤོག་གསུང་། རས་ཆུང་བས་བླ་མ་རྗེ་བཙུན་གྱིས་ཆུ་མེ་ཤིང་གི་ཕྱོགས་ལ་གསུང་མི་འབྱོན་པ་ལ། དེ་རིང་གསུང་འབྱོན་པ་འདི་ཅི་ཡིན་སྙམ་པ་ཞིག་བྱུང་ནས་ཤིང་ཐུ་བ་ལ་སོང་ངོ་། །དེའི་ཤུལ་དུ་སྟོན་པ་དགའ་ལོ་བྱུང་ནས་སྤྲང་པོ་ཟོག་པོ་ཁྱོད་ངའི་ལུང་པའི་ཕུ་འདིར་བསྡད་ནས་ངེད་ཀྱི་ཡོན་བདག་ཐམས་ཅད་བསྡུས། ཕྱག་རྟེན་བསྙེན་བཀུར་ཐམས་ཅད་བསྡུས། ན་ནིང་འབུན་གྲ་དེ་བཅག །ཟོག་པོ་ཁྱོད་འགྲོ་ས་ཡོད་ན་ད་སོང་ཟེར་ནས་རྗེ་བཙུན་གྱི་དབུ་ལོ་ནས་བཟུང་སྟེ་ཕུག་པའི་ཕུག་ནས་མདའི་བར་དྲུད། ཞལ་དུ་ཐལ་བ་བརྫོངས་ཤིང་དབྱུག་པ་དེས་བྲིམ་ཡག་བྱས་པས་ཁོ་ཡང་ཐང་ཆད། རྗེ་བཙུན་ཡང་ཐང་ཆད་ཅིང་སྐུ་ལུས་ན་ཚས་གང་། དེའི་ཚེ་རས་ཆུང་བ་ལོག་ནས་འོང་བ་བླ་མས་མཁྱེན་ནས། སྟོན་པ་ཁྱོད་རང་འོ་བརྒྱལ་ལ་གཏད། ད་ཀུན་ལོག་ལ་བྱོན་པར་རང་དྲག་ངེད་ཀྱི་བུ་རས་ཆུང་བ་ལོག་ནས་འོང་། ཁོ་བྱུང་ཁྱེད་རང་གཉིས་འཐབ་མོ་འོང་། དེ་ཙམ་ན་ཁྱེད་རང་ལ་ཕམ་ཤོས་འོང་སྟེ། ཁྱོད་ཀྱིས་ཁོའི་ལག་པ་ཡ་གཅིག་ཀྱང་མི་ཐུབ་གསུངས་པས། ཁོས་བསམ་མནོ་བཏང་བས། རས་ཆུང་བ་བྱུང་ན་ངས་མི་ཐུབ་དེ་ཀུན་རང་བདེན་འོང་སྙམ་ནས་ལོག་སོང་ངོ་། །དེ་ནས་རས་ཆུང་བས་སླེབ་ནས་བྱུང་སྟེ། དེ་ཙམ་ན་ཕུག་པའི་ནང་ཐམས་ཅད་ཐལ་བ་ལོང་ངེ་བ་བྱས་ནས་མིའི་རྗེས་མང་པོས་གང་ནས་འདུག །བྲག་ཕུག་ན་ཡར་ཕྱིན་ཙ་ན་བླ་མའི་སྐུ་སྨད་མིན་པ་སྐུ་སྟོད་ཡན་ཐང་རང་ན་བཟའ་མི་གསོལ་ཙ། དེ་ཉིན་མགོ་གཏུམས་མཇུག་གཏུམས་མཛད་ནས་བཞུགས་སྣང་། བླ་མས་གསུང་ནས། བུ་རས་ཆུང་བ་དེ་རིང་དོ་སྐྱོ་ཚ་ཞིག་སྐོལ་ལ་ང་ལ་ཡང་ལུད། ཁྱོད་རང་ཡང་འཐུང་གསུང་། བླ་མས་ཐང་རང་གསུང་མི་འབྱོན་པ་ལ་དེ་རིང་སྐྱོ་ཚ་སྐོལ་ལ་དྲང་གསུང་། ན་བཟས་མགོ་གཏུམས་མཇུག་གཏུམས་མཛད་པ་འདི་ཅི་བསྙུང་བ་ཡིན་ནམ་སྙམ་ནས་ན་བཟའ་བཤུས་ནས་བལྟས་པས། སྐུ་ལུས་ཀྱི་ཚིགས་འགོ་རྣམས་རྨ་ཚི་རྨ་ལང་བྱས་སྐུ་ལུས་ཐམས་ཅད་ཁྲག་བཙན་སོབ་བེ་བ་བརྡུང་ནས་སྐྲངས་པ་ཁུ་ཚུར་ཙམ་དང་ཁུ་ཚུར་ལས་ཆེ་བས་གང་ནས་སྣང་། འདི་འདྲ་སུས་བྱས་པ་ལགས་ཞུས་པས། རྗེ་བཙུན་གྱིས། སྟོན་པ་དགའ་ལོ་འདིར་འོང་བར་ངས་ཤེས་ནས་ཁྱེད་རང་གཉིས་འཐབ་མོ་འོང་དྭོགས་ནས་ཁྱོད་ཤིང་ཐུ་བ་ལ་བཏང་བ་ཡིན། དེའི་ཤུལ་དུ་ཁོང་གིས་ང་བརྡུངས་ནས་འདི་བཞིན་བྱས་པ་ཡིན་གསུངས་པས། རས་ཆུང་བ་ན་རེ། དེ་སྔ་ཕན་ཆོད་འོ་སྐོལ་དཔོན་སློབ་གར་སོང་ཡང་མིས་ལག་འཇུག་མ་མྱོང་བ་ལ། དེ་རིང་འདི་འདྲ་བའི་རྡུང་བཏག་བྱེད། ང་ད་ལྟ་རང་ཁོ་འདེད་འགྲོ་ནས་རྡུང་ལན་དེ་འཇལ་བ་ཡིན་ཟེར་ནས་ཕྱིར་ལ་ཤོར། བླ་མས་བཟུང་བཟུང་བས་མ་ཐུབ་སྟེ་ཤོར་བ་དང་། བླ་མའི་ཞལ་ནས། ད་རེས་ཁྱོད་ཀྱིས་ཁོ་ལ་རྡུང་ལན་བྱས་ན། དེ་སྔ་ཁྱོད་ལ་ཆོས་བཤད་པའི་དམ་ཚིག་ཉམས་སོ་བྱས་པས་སྙིང་ནི་ན། འགྲོ་ཐབས་ནི་མ་རྙེད་པས། ཉིན་བསམ་མཚན་བསམ་བྱས་པས་སྙིང་ཇེ་ན་ལ་སོང་ནས། བླ་མ་ལ་ཞུས་པས། འོ་སྐོལ་དཔོན་སློབ་ས་སྟོང་ན་འདུག་ཅིང་བཀའ་གདམས་པ་འདི་ཚོ་ལ་གནོད་པ་ནི་མ་བསྐྱལ་བ་ལ། བྱེད་མེད་པའི་ལས་འདི་བྱས་པས་རྗེ་བཙུན་མཐུ་ཞིག་མཛད་པར་ཞུ་ཞུས་པས། ད་རུང་ཁྱོད་ཀྱིས་སྒྲུབ་རྒྱགས་སྤྲོད་ངས་མཐུ་བྱའོ་གསུང་། སྒྲུབ་རྒྱགས་རྗེ་བཙུན་གྱིས་ས་རྡོ་ལ་བསྒྱུར་ཐབས་རྙེད་ཅིང་འདུག་པ་ཞུས་པས། ངའི་རྫུ་འཕྲུལ་ཡང་ཞིག་སྣང་། ཁྱོད་རང་སྤྲང་སོང་ང་ལ་བསྒྲུབ་རྒྱགས་སྤྲོད་གསུང་། དེ་ནས་རས་ཆུང་པས་རྩམ་པའི་བསོད་སྙོམས་མཛད་པས། རྗེ་བཙུན་ལ་སྒྲུབ་རྒྱགས་ཕུལ། ཞག་ཉི་ཤུ་རྩ་གཅིག་གི་བར་རྗེ་བཙུན་སྐུ་མཚམས་ལ་བཞུགས་ཏེ། རས་ཆུང་བའི་བསམ་པ་ལ་རྗེ་བཙུན་འདི་སྔར་ཡང་མཐུ་མཁས་པའི་གྲགས་པ་ཆེན་པོ་ཡོད་པས་ད་སྟེ་ནང་རྟགས་འདྲ་བ་བྱུང་ལས་ཆེ་སྙམ་ནས་ལྟ་ཕྱིན་པས། སྦ་བེར་ལ་ཚེ་མདའ་མཛད། ཀ་པ་ལ་ཚེ་བུམ་མཛད་ནས་ཚེ་སྒྲུབ་མཛད་ཅིང་འདུག །རྗེ་བཙུན་གྱིས་མཐུ་མཛད་དམ། ངན་རྟགས་འདྲ་ཐོན་ནམ་ཞུས་པས། བུ་ངེད་རང་ཕ་སྤད་ཀྱི་ཚེ་བསྲིངས་ནས་ཡོད། དེ་ཙ་ན་ཁོ་སྔོན་ལ་འཆི་བ་ཡིན། ངེད་རང་ཕ་སྤད་རྟིང་ལ་སྡོད་པ་ཡིན། མཐུ་འདི་རང་ཟབ་པར་སྣང་གསུང་། དེ་ནས་རས་ཆུང་བས་རྗེ་བཙུན་ཆེན་པོས་ཚེ་སྒྲུབ་མཛད་པ་མིན་ནམ་ན་ཅི་ཡིན། ཤ་འདྲ་ཞིང་འབུས་ཟོས་པ་ཡིན། ལྷ་བཤོས་འདྲ་ཞིང་ཁྱིས་ཁྱེར་བ་ཡིན། ངེད་རང་དཔོན་སློབ་འདི་འདྲ་ཞིང་འདུག་སོང་བ་ཡིན་ཟེར་ནས། དེ་ནས་རས་ཆུང་བས་བསམ་མནོ་བཏང་སྟེ། བླ་མ་འདིས་མཐུ་མི་བྱེད་པས་མཐུ་འོང་བར་མི་སྣང་། ང་རྒྱ་གར་དུ་ངན་སྔགས་འགའ་སློབ་པ་ལ་འགྲོ་ནས་བཀའ་གདམས་པའི་གྲ་ས་འདི་རྩད་ནས་མེད་པ་ཞིག་བྱེད་དགོས་སྙམ་དུ་བསམ་ནས། བླ་མ་ཁྱེད་ལ་བྱེད་མེད་པའི་ལས་འདི་ལྟ་བུ་བྱས་པས་ཀྱང་མཐུ་མི་མཛད་པར་སྣང་། ང་རྒྱ་གར་དུ་མཐུ་སློབ་པ་ལ་འགྲོ་བ་ཡིན་ཞུས་པས། བུ་རས་ཆུང་བ། བརྡུང་པ་ང་བརྡུང་། ན་ཚ་ང་ལ་བྱུང་། ཁྱོད་ཅི་ན་བ་ཡིན་གསུང་། བླ་མ་ཁྱེད་ལུས་བརྡུང་བས་ན། ང་སེམས་ན་དེ་བས་ཐུ་བ་ཅིག་བྱུང་བ་ཡིན་ཞུས་པས། རས་ཆུང་བ་བློ་སྣ་མ་མང་དགེ་སྦྱོར་གྱིས་གསུང་ནས་རྒྱ་གར་དུ་མ་བཏང་། དེ་ནས་ཕྱིར་ནང་དུ་སོང་བ་དང་། བུ་རས་ཆུང་བ། ཁྱོད་རྒྱ་གར་དུ་འགྲོ་ན་ཡང་སོང་ལ། ངའི་བླ་མ་མར་པའི་ཞལ་ནས། དཔལ་ཏེ་ལོ་པ་ལ་ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མས་གནང་བའི་ཆོས་སྐོར་དགུ་ཡོད་པའི་བཞི་བོད་དུ་འགྱུར། ལྔ་ད་རུང་རྒྱ་གར་དུ་ལུས་ཡོད་པས། ན་རོ་པའི་སློབ་མ་ཡོད་སྲིད་པས་ཁྱོད་ཀྱིས་གདམས་ངག་དེ་ཚོ་ཞུས་ལ་གདན་དྲངས་ལ་ཤོག །མཐུ་མ་སློབ་གལ་ཏེ་མཐུ་སློབ་ན་རྒྱ་གར་ནས་མཐུ་མ་བྱེད། ཡུལ་ཐག་རིང་པོ་དེ་ནས་མཐུ་བྱུང་རུང་ཡང་ཁྱོད་ཀྱི་མཐུ་ཡིན་ཟེར་ནས་མི་འོང་། འདིར་ཕྱིན་པ་དང་མཐུ་ཁས་བླངས་ནས་མཐུ་བྱས་ན་གྲགས་པ་ཐོན་པ་འོང་བས་ངའི་བཀའ་འདི་དང་འགལ་བར་མ་བྱེད་གསུང་། རས་ཆུང་བའི་ཐུགས་ལ་དེ་བདེན་དགོངས་པ་ཞིག་བྱུང་ངོ་།
༈ ཡང་གཅིག་ལ་རྗེ་བཙུན་ཆེན་པོ་དཔོན་སློབ་སྙེ་ནམ་དྲོད་ཕུག་ན་འདུག་པ་ལ། སྙེ་ནམ་སྟེང་ཆེན་བྱ་བ་ན་སྟོན་པ་དར་ལོ་དང་། ལོ་སྟོན་བྱ་བ་གཉིས་ཀྱིས་མགོ་བྱས་མཚན་ཉིད་པའི་སྟོན་པ་མང་པོ་ཡོད་པ་ལ། དབྱར་ཁ་ཞིག་ཐན་པ་བྱུང་ནས་ནས་དཀོན་པས། ཡོན་བདག་རྣམས་ཀྱིས་སྟོན་པ་རྣམས་ལ་འབུན་ཐོང་བྱས་པ་ལ་འབུན་མ་བཏང་བས་ཡོན་བདག་རྣམས་མ་དགའ་ནས། ཕྱིས་ཚོགས་སོགས་རྣམས་མི་ལ་རས་པ་དཔོན་སློབ་རྣམས་ཚོགས་ཆེ་ཟེར་ནས། ཤ་དགེ་གསོན་གནས་ཐམས་ཅད་དེར་ཁྱེར་ནས། སྟོན་པ་རྣམས་ཀྱི་བསོད་ནམས་ཆུ་བཅད་པ་བཞིན་དུ་སོང་བས། དེར་སྟོན་པ་བཀའ་གདམས་པ་ཡིན་པས་ཆགས་སྡང་བྱས་ཏེ། སྟོན་པ་རྣམས་འཚོགས་ནས་ལོ་སྟོན་ན་རེ། འོ་སྐོལ་ཚོས་ཡོན་བདག་རྣམས་ལ་འབུན་རེ་བཏང་ན་འཐད་སྟེ། དེ་མ་བཏང་བས་མི་ཚོས་ལོག་དད་བྱས་ནས་རྣལ་འབྱོར་པ་འདི་ལ་ཐམས་ཅད་འདུས་པས་མ་བཟང་། ད་འོ་སྐོལ་གྱིས་ལག་པས་ཕུད་ན་ཕུད་ཐུབ་སྟེ། མི་ལ་ངོ་ཚ་བས་ཁྱེད་སྟོན་པ་སྒྲ་ཚད་ལ་མཁས་པ་གསུམ་སོང་ལ་ཆོས་གཏམ་གྱིས་དང་། ཁོའི་ཁ་ནས་ལྕེ་མིན་པ་དབྱུང་རྒྱུ་མེད་པས་རང་བུད་ལ་འགྲོ་བ་ཡིན་ཟེར་ནས། དེར་སྟོན་པ་གསུམ་སོང་ནས་ངེད་བླ་མ་ལ་མཇལ་འོང་བ་ཡིན་ཟེར་བས། རས་ཆུང་བས། སྟོན་པ་གསུམ་མཇལ་ཟེར། མཇལ་ལམ་མི་མཇལ་ཞུས་པས། བླ་མའི་ཞལ་ནས། ང་ལྷོ་བྲག་མར་པའི་དྲུང་དུ་ཡོད་དུས། ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱིས་ཕན་གང་ཐོགས་ཀྱི་ཐ་ན་འབྲེལ་གཏམ་དང་གླེང་སླང་ལ་སོགས་པས་ཀྱང་དོན་ཆེན་དུ་འགྱུར་བ་ཡིན་གསུང་པས། སྟོན་པ་དང་འཕྲད་དགོས་གསུང་ནས། དེར་ནང་དུ་བོས་ཏེ་ཚ་བ་དྲངས་ནས་ཆབ་རེ་བཏང་བ་དང་། བླ་མའི་ཞལ་ནས། འདོད་པ་ཅན་གྱི་དད་ཟས་འདི། ས་ལ་ཕོག་ན་ས་འགས། རྡོ་ལ་ཕོག་ན་རྡོ་འགས། ཆུ་ལ་ཕོག་ན་ཆུ་ཆད་བྱ་བ་ཡིན་པས། ཁྱེད་སྟོན་པ་རྣམ་གསུམ་གྱིས་ཀྱང་མདོ་རེ་གསུང་བར་ཞུ་ཞུས་པས། སྟོན་པ་གྲལ་འགོ་མ་དེ་ན་རེ། དེ་རྣལ་འབྱོར་བ་ཁྱོད་བདེན་དད་པ་ཅན་གྱི་དད་ཟས་འདི་ཤིན་ཏུ་ལྗི་བར་འདུག་ཀྱང་། ངེད་སྟོན་པ་བསླབ་པ་གསུམ་དང་ལྡན་ཞིང་ཆོས་གསུམ་དང་མི་བྲལ་བ་འདི་ཡོན་སྦྱོང་བའི་གནས་སུ་དེ་བཞིན་གཤེགས་པས་གསུངས་པ་ཡིན་པས། མདོ་བཏོན་ཡང་ཆོག་ལ་མ་བཏོན་ཡང་ཆོག །ཁྱེད་རྣལ་འབྱོར་པས་དད་ཟས་འདི་ཙམ་ཟ་བའི་ཉམས་གདེང་ཅི་ཡོད་ཟེར་བས། ཉམས་རྟོགས་པའི་ཉམས་ལེན་མགུར་འདི་གསུངས་སོ། །
དམ་ཆོས་ཐེག་པའི་མཐར་ཐུག་སྙིང་པོའི་དོན། །ལུང་རིགས་མན་ངག་འདུས་པ་བདུད་རྩིའི་རོ། །བླ་མ་ཀུན་གྱིས་བཀུར་བ་སྤྱི་གཙུག་རྒྱན། །རྗེ་མི་འབྲལ་སྤྱི་གཙུག་གི་རྒྱན་དུ་བཞུགས། །བདག་གིས་ཉམས་གསུམ་ཆ་གསུམ་དུ་བཅད། །སུམ་ཆ་ཡི་དམ་བསྐྱེད་རིམ་བསྒོམ། །སུམ་ཆ་རྩ་རླུང་ཐིག་ལེ་བསྒོམ། །སུམ་ཆ་ཕྱག་རྒྱ་ཆེན་པོ་བསྒོམས། །སྒོམ་ཐུན་བཞིའི་སེམས་བསྐྱེད་བྱང་ཆུབ་སེམས། །དངོས་དད་ཀྱི་ལྷ་ཡོན་སྟོང་པར་སྦྱངས། །བླུན་དད་ཀྱི་ཚོགས་གསོག་གཏོར་མར་བསྔོས། །རང་དད་ཀྱི་ཚོགས་གསོག་ལྷ་ལ་འབུལ། །ལྷ་དད་ཀྱི་ཚོགས་གསོག་འབྱུང་པོར་བསྔོས། །ང་ཚོགས་འཁོར་བསྐོར་བའི་རྣལ་འབྱོར་པ། །བློ་ཆོས་ལ་འགྲོ་བར་བྱིན་གྱིས་རློབས། །
ཞེས་གསུངས་པས། ཡང་སྟོན་པ་གསུམ་ན་རེ། ཁྱོད་ལ་བསླབ་པའི་ཤེས་རབ་མེད་ན། ལག་སྡུམ་བྲག་ལ་འཛེགས་པ་དང་འདྲ། ཐར་པ་ཐོབ་མི་སྲིད། སྒོམ་པའི་ཉམས་ལེན་མེད་ན། ལོང་བས་ལྷ་ཁང་ལྟ་བ་དང་འདྲ། ཡང་དག་པའི་དོན་མཐོང་མི་སྲིད། ཁྱོད་ཀྱིས་ཡི་དམ་བསྐྱེད་རིམ་ཇི་ལྟར་བསྒོམ་ཟེར་བས། ཟབ་མོ་བསྐྱེད་རིམ་བསྒོམ་ལུགས་ཀྱི་མགུར་འདི་གསུངས་སོ། །
བདག་ཡི་དམ་བསྐྱེད་རིམ་བསྒོམ་ཙ་ན། །ལུས་སྣང་སྟོང་བར་སྣང་གི་འཇའ་ཚོན་འདྲ། །དེ་ལ་ངོས་བཟུང་མེད་པས་སྲེད་པ་ཟད། །ངག་གྲག་སྟོང་ལུང་སྟོང་གི་བྲག་ཆ་འདྲ། །དེ་ལ་བཟང་ངན་མེད་པས་འཁྲུལ་པ་ཟད། །སེམས་གསལ་སྟོང་ཉི་ཟླའི་འོད་དང་འདྲ། །དེ་ལ་ཕྱོགས་རིས་མེད་པས་བདག་འཛིན་ཟད། །ཐ་མལ་གྱི་ལུས་ངག་ཡིད་གསུམ་འདི། །དེ་རང་བྱུང་རྡོ་རྗེའི་སྐུ་གསུང་ཐུགས། །སྒོ་གསུམ་ཐ་མལ་དུ་མ་ལུས་བློ་རེ་བདེ། །ཅི་བྱས་ཆོས་དང་མཐུན་པས་ཞེ་རེ་སྐྱིད། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །
ཞེས་གསུངས་པས། ཡང་སྟོན་པ་ན་རེ། ཕྱི་བ་ས་འོག་ཏུ་ཟླ་བ་གསུམ་བཞི་ཉལ་བས་ལུས་མི་འགུལ། ཉ་ཆུ་ལ་གནས་པ་འཚུབ་མི་སྲིད་པས། དེ་ཚོ་ཡང་རླུང་གི་ནུས་པ་ཡིན། སེམས་ལ་ཡོན་ཏན་རྟ་རྔ་ཙམ་མེད་པར་ཁྱོད་རྩ་རླུང་ཐིག་ལེ་ཅུག་བསྒོམ་ཟེར་བས། ཟབ་མོ་རྩ་རླུང་ཐིག་ལེ་སྒོམ་ལུགས་འདི་མགུར་དུ་གསུངས་སོ། །
བདག་གིས་རྩ་རླུང་ཐིག་ལེ་བསྒོམ་ཙ་ན། །རྩ་གཙོ་བོ་གསུམ་དང་འཁོར་ལོ་བཞི། །ལུས་སྲེད་པ་ཟད་པས་རང་ལུས་འདྲ། །རྫས་ཡི་གེ་དག་པས་མ་དང་ཕྲད། །དོན་རང་ཞལ་མཐོང་བས་ནོར་ས་མེད། །རླུང་མ་ལ་འདུས་པས་གནད་དུ་བསྣུན། །ཉམས་བདེ་གསལ་མི་རྟོག་ལྷུན་གྱིས་གྲུབ། །བློ་ཞེན་པ་མེད་པའི་མི་དང་འཕྲད། །སེམས་ཐེ་ཚོམ་མདུད་པ་དངོས་སུ་ཞིག །ཁམས་དྭངས་སྙིགས་འཁྲུགས་པ་འདོད་ཆགས་ཁམས། །ཆོས་ཁ་ལ་མ་ལུས་རྒྱུད་དང་འདྲེས། །འོད་གསལ་མ་བུའི་བརྩེ་གདུང་འགྲིག །འདོད་སྲིད་ཟག་པའི་ཕུང་པོ་ཞིག །སྣང་བ་ཆོས་སུ་སོང་བའི་མི་རེ་སྐྱིད། །སྟོང་པ་གོ་ཡུལ་དུ་མ་ལུས་དང་རེ་སྤྲོ། །ལམ་འཁྲུལ་པ་སེལ་བར་བྱིན་གྱིས་རློབས། །
ཞེས་གསུངས་པས། ཡང་སྟོན་པ་ན་རེ། སྒོམ་ཆེན་པ་རྣམས་ལ་སྒོམ་དེ་ཅི་འདྲ་ཞིག་ཡོད་བྱས་ཙ་བསྒོམ་བྱ་སྒོམ་བྱེད་ཀྱི་མཐའ་དང་བྲལ་བས་ལབ་རྒྱུ་མེད། གོ་རྒྱུ་མེད། ཤེས་རྒྱུ་མེད་ཟེར་ཙ། ཁྱོད་ལ་ཅི་དྲིས་ལ། བྱེད་རྒྱུ་རེ་དང་། བསྒོམ་རྒྱུ་རེ་དང་། སྟོན་རྒྱུ་རེ་ཡོད་ལ་ཁད་ཀྱི་སྣང་བ་དགའ་དགའ་བོ་ཆེན་པོ་འདུག་པས་ཉན་འདོད་ཅིང་བྱུང་བས། ད་རུང་ཕྱག་རྒྱ་ཆེན་པོ་དེ་ཅུག་བསྒོམ་ཞུས་པས། ཟབ་མོ་ཕྱག་རྒྱ་ཆེན་པོ་བསྒོམ་ལུགས་ཀྱི་མགུར་འདི་གསུངས་སོ། །
བདག་གིས་ཕྱག་རྒྱ་ཆེན་པོ་བསྒོམ་ཙ་ན། །དོན་ཡིན་ལུགས་སྟེང་དུ་རྩོལ་མེད་བཞག །མ་ཡེངས་སྟེང་དུ་ཡེངས་མེད་བཞག །སྟོང་པའི་ངང་དུ་གསལ་བར་བཞག །བདེ་བའི་ངང་དུ་རིག་པར་བཞག །མི་རྟོག་ངང་དུ་སྟོང་པར་བཞག །སྣ་ཚོགས་ངང་དུ་མཉམ་པར་བཞག །དེ་ལྟར་བཞག་པའི་སེམས་ཉིད་ལ། །འགག་མེད་ངེས་ཤེས་སྣ་ཚོགས་འཆར། །རང་གསལ་རྩོལ་མེད་འཕྲིན་ལས་འགྲུབ། །འབྲས་བུ་ཡིད་སྨོན་དུ་མ་ལུས་བློ་རེ་བདེ། །རེ་དྭོགས་གཉིས་འཛིན་དང་བྲལ་བས་དང་རེ་སྤྲོ། །འཁྲུལ་པ་ཡེ་ཤེས་སུ་འབར་བར་བྱིན་གྱིས་རློབས། །
ཞེས་གསུངས་པས། སྟོན་པ་ན་རེ། ཨེ་མ་ཐོས་བསམ་སྒོམ་གསུམ་གང་ཡང་མ་བྱས་པ་ལ། འདི་འདྲ་བློ་ལ་ཤ་ར་ར་མི་འོང་། འདི་ཚོ་དེ་གོང་ནས་བསྒྲིགས་ནས་སྟེར་བའི་བླ་མ་ཡོད་པ་ཨེ་མ་ཡིན། བླ་མ་དེ་ཡོད་ན་ངེད་ཚོ་ལ་སྟོན་དང་ཟེར་བ་ལ། ཟབ་མོ་བླ་མ་སྟོན་པའི་མགུར་འདི་གསུངས་སོ། །
མི་བདག་གི་བླ་མ་རྗེ་བཙུན་དེ། །རྩ་གསུམ་འདུས་པ་སངས་རྒྱས་ཀྱི་ཞིང་། །རླུང་ལྔ་དག་པ་སེང་གེའི་ཁྲི། །ཁམས་ལྔ་དག་པ་པདྨའི་གདན། །སེམས་ཉིད་སྟོང་པ་བླ་མའི་སྐུ། །ཡེ་ཤེས་ལུས་ཅན་རྡོ་རྗེ་འཆང་། །མངོན་ཤེས་དྲུག་ལྡན་ཏེ་ལོ་པ། །སྒྱུ་འཕྲུལ་དྲྭ་བ་ན་རོ་པ། །བཀའ་དྲིན་སྟོབས་ལྡན་མར་པའི་སྐུ། །མི་བདག་གི་སྤྱི་བོའི་གདན་སྟེང་དུ། །འབྲལ་བ་མེད་པར་རྒྱུན་དུ་བཞུགས། །ཁྱེད་མོས་གུས་མིག་གིས་ལྟ་ཤེས་ན། །རྡོ་རྗེ་འཆང་དང་གཉིས་སུ་མེད། །མོས་གུས་ཀྱིས་གསོལ་བ་འདེབས་ཤེས་ན། །བྱིན་རླབས་ཀྱི་སྦྲང་ཆར་ཟད་པ་མེད། །སྟོང་ཉིད་ཀྱི་མཆོད་པ་འབུལ་ཤེས་ན། །དངོས་གྲུབ་ཀྱི་གཏེར་ཁ་ཐམས་ཅད་འགྲུབ། །
ཅེས་གསུངས་པས། སྟོན་པ་དད་པ་སྐྱེས་ཏེ། མ་གོ་མ་ཤེས་མ་རིག་གསུམ། །འཇིག་རྟེན་འདི་ན་དབང་རེ་ཆེ། །མི་ཚོས་ཟེར་བ་བཞིན་མི་བདེན་པར་འདུག །ཁྱེད་ལ་ཡང་ཆོས་ལུགས་བཟང་པོ་འདུག །ཁྱེད་ཀྱི་བླ་མ་དེ་ཡང་སུ་ཡིན་ཡིན་གྱིས་མཐོང་རྒྱུ་མ་རེད། ད་ཅི་རྩོད་པའི་ཚིག་སོང་བ་རྣམས་བཟོད་པར་གསོལ། ད་བདག་སྟོན་པ་གསུམ་ལ་གདམས་ངག་སེམས་ལ་ཕན་པ་ཐུགས་ལ་ཐོགས་ཞུས་པས། རྗེ་བཙུན་གྱི་རྗེས་སུ་བཟུང་སྟེ་གདམས་ངག་གནང་ནས་སྒོམ་དུ་བཅུག་པས། ཐོས་པས་ཕྱིའི་སྒྲོ་འདོགས་ཆོད། སྒོམ་པས་ནང་གི་སྒྲོ་འདོགས་ཆོད་པའི་སྟོན་སྒོམ་ཁྱད་འཕགས་གསུམ་བྱུང་ངོ་། །
དེ་ནས་ཟླ་བ་མང་པོ་སོང་བ་ལ། སྟོན་པ་དར་བློ་དང་ཡོན་བདག་རྣམས་མང་ཡུལ་ན་ཡོད་པ་ལ། སྟོན་མོ་ཆེན་པོ་ཞིག་ཡོད་པའི་ས་ན། རྗེ་བཙུན་དཔོན་སློབ་ཀྱང་གདན་དྲངས་ཏེ། ལོ་སྟོན་དང་དར་ལོ་གཉིས་ཁྲི་རེ་རེ་བྱས་ནས་སྟོན་པའི་གྲལ་རིང་གཉིས་བྱས་ནས་འདུག །རྗེ་བཙུན་ཡང་ཁྲི་གཅིག་གི་སྟེང་དུ་བཞུགས་ནས་རས་པའི་གྲལ་གཅིག་བྱས་པའི་གྲལ་གྱི་རྐེད་སྨད་ན་ཁོང་ཚོས་རྩོད་པ་ལ་བཏང་བའི་སྟོན་པ་གསུམ་པོ་དེ་རྣལ་འབྱོར་པའི་ཆ་བྱད་བྱས་ནས་ཡོད་པ་དེ་ལོ་སྟོན་གྱིས་མཐོང་ནས། རྣལ་འབྱོར་ཟོག་པོས་མི་མགོ་གཡོགས་ནས། ང་ཡི་སྟོན་པ་གསུམ་པོ་ཡང་ལད་དུ་བཅུག །སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱས་འདུག་སྟེ། དེ་རིང་ཆོས་འབྲེལ་ཞིག་བྱེད་ཟློ་ནས་སྨ་ཞིག་འབེབས་དགོས་བསམ་པ་སྐྱེས་ནས། ལོ་སྟོན་གྱིས་ཤ་ཁོག་གཅིག་མར་ཐུད་ཅིག་ཁྱེར་ནས་ཕུལ་ཏེ། ལོ་སྟོན་ན་རེ། ཆོས་ཐམས་ཅད་ཚད་མས་གཏན་ལ་འབེབས་དགོས་པས། ཚད་མ་སྤྱིའི་མཚན་ཉིད་དང་། མངོན་སུམ་དང་། རྗེས་དཔག་དང་། གྲུབ་མཐའི་དབྱེ་བ་དང་། འགལ་མ་འགལ་དང་། གྲུབ་མ་གྲུབ་དང་། སྣང་ལ་མ་ངེས་པའི་དབྱེ་བ་ཞིག་ཐོང་དང་ཟེར་བ་ལ། རྗེ་བཙུན་གྱིས་སྟོན་པ་ཐ་སྙད་ཀྱི་རྫོང་ལ་མ་ཞེན་པར་ཆོས་ཉིད་སྐྱེ་མེད་གཉུག་མའི་ངང་ལ་ཞོག་དང་། ཡོན་ཏན་ནང་ནས་སྐྱེ་ཞིང་འདུག །ཕྲག་དོག་དུག་ལྔ་འདི་ངན་སོང་གི་འབྲས་བུ་ས་ནས་འགྲོ་བས་རང་རྒྱུད་མ་བསྲེག་གསུང་བ་ལ། དགོས་པའི་ཆོས་དྲིས་པའི་ལན་མེད་པར། མི་དགོས་པའི་རྡོ་རྗེ་བོང་བུའི་རྩ་ཙམ་ཞིག་བསྣར་ཟེར་ནས་ལོ་སྟོན་ཁྲོས་པ་ལ། རྗེ་བཙུན་གྱིས་ང་ཅི་ལྟར་ཁས་ཉེན། སྲོག་པ་སྲབ་ཀྱང་དབྱངས་ཆུང་ལེན་པའི་དབང་ཡོད་པས་རས་ཆུང་བ་ལ་རམ་བུ་ཐེག་གསུང་ནས་མགུར་འདི་གསུངས་སོ། །
