| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (11)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
བདག་གི་སྤྱི་གཙུག་ནོར་བུ་རིན་པོ་ཆེ། །སྐྱེས་མཆོག་མར་པའི་ཞབས་ལ་འདུད། །དམ་ཆོས་ལྟ་བའི་རྒྱལ་པོ་ནམ་མཁའ་ལ། །བུ་རིག་པའི་ཁྱུང་ཕྲུག་གཤོག་རྩལ་སྦྱངས། །གལ་ཏེ་གཤོག་རྩལ་ཞན་སྲིད་ན། །སེམས་མཐའ་གཉིས་གཡང་ལ་ལྷུང་ཉེན་གདའ། །དམ་ཆོས་སྒོམ་པའི་རྒྱལ་པོ་མཚོ་མོ་ལ། །བུ་རིག་པའི་ཉེའུ་ཆུང་རྐྱལ་རྩལ་སྦྱངས། །གལ་ཏེ་རྐྱལ་རྩལ་ཞན་སྲིད་ན། །སེམས་བྱིང་རྒོད་རྦ་ཡི་འཁྱེར་ཉེན་གདའ། །དམ་ཆོས་སྤྱོད་པའི་རྒྱལ་པོ་གངས་རི་ལ། །བུ་རིག་པའི་སེང་ཕྲུག་རྩལ་གསུམ་བསྐྱེད། །གལ་ཏེ་རྩལ་གསུམ་ཞན་སྲིད་ན། །དགྲ་འཁོར་བའི་གཡང་ལ་ལྷུང་ཉེན་གདའ། །དམ་ཆོས་འབྲས་བུའི་རྒྱལ་པོ་གསེར་གླིང་དུ། །བུ་རིག་པའི་ཁྱེའུ་ཆུང་བསུ་སྐྱེལ་མཛོད། །གལ་ཏེ་བསུ་སྐྱེལ་ཞན་སྲིད་ན། །དགྲ་དུག་ལྔའི་ཇག་པས་འཁྱེར་ཉེན་གདའ། །བུ་དེ་བས་བླ་མའི་བཀའ་ལ་ཉོན། །བུ་རས་ཆུང་ཕ་ཇོའི་བཀའ་ལ་ཉོན། །
ཞེས་གསུངས་ནས་རས་ཆུང་བ་ཡར་དོང་ཞིག་དང་བྲག་བསམ་ཡས་ཡ་ཀིའི་བྲག་གསེབ་ན་དཔེ་ཡོད་པ་ཁྱོད་ལ་གཏད་དོ་གསུང་། རས་ཆུང་བས་ཡོད་ཀྱང་སྲིད་སྙམ་ནས་ཆགས་ཕྱིར་འབྲངས་བས། སྤོ་རི་སྤོ་མཐོན་ནམ་མཁའ་རྫོང་ཟེར་བའི་བྲག་བསམ་ཡས་རྩེ་མོ་དགུང་ལ་རེག་པ་ཙམ་ཅིག་གི་རྩེ་ལ་ཁྲིད་དེ། རྗེ་བཙུན་གྱིས་རས་གོས་ལ་གཤོག་པའི་ཚུལ་བྱས་ནས་ནམ་མཁའ་ལ་འཕུར་ཏེ། བྱ་རྒོད་ལྟར་གྱེན་ལ་བསྐོར་ཞིང་ལྡིང་བ་དང་། གླག་མོ་ལྟར་གྱེན་དུ་འཕྱོ་བ་དང་། སྐྱ་བཀྲ་ལྟར་ཟུར་ལ་འཛུམ་པ་དང་འཕུར་ལུགས་རྣམ་གསུམ་མཛད་ནས་ཉི་མ་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་བྱོན་ནས་སོང་ཡང་ཚུར་ནས་མགུར་འདི་གསུངས་སོ། །
བུ་ཡང་གཅིག་ཉོན་དང་རས་ཆུང་བ། །བྲག་སྤོ་རི་སྤོ་མཐོན་ནམ་མཁའ་རྫོང་། །ནམ་མཁའ་རྫོང་ལ་ཡར་བལྟས་པས། །སྟེང་ན་འཕྱོ་བ་རླུང་བས་མེད། །འོག་ན་ལྡིང་བ་རྒོད་ལས་མེད། །བྱ་རྒོད་པོ་འཕུར་ཡང་གཤོག་རྩེ་འདར། །བྱ་བྲན་འཕུར་ན་ལྟག་ཚིག་འབུད། །སྔར་ཡང་མི་ཡི་འཕུར་མ་མྱོང་། །ད་ཡང་མི་ཡི་འཕུར་མི་སྲིད། །ང་རས་པ་འཕུར་ན་འདི་ལྟར་འཕུར། །ང་རྒོད་ལྟར་ལྡིང་ན་འདི་ལྟར་ལྡིང་། །གླག་ལྟར་འཕྱོ་ན་འདི་ལྟར་འཕྱོ། །ཁྲ་ལྟར་འཛུམ་ན་འདི་ལྟར་འཛུམ། །ཁྱོད་རྟེན་འབྲེལ་ལུས་ཀྱི་རྫུ་འཕྲུལ་ལ། །དབང་བསྒྱུར་འཁོར་འདས་བསྲེ་ཤེས་ན། །བདག་དང་གཞན་ལ་གཉིས་སུ་མེད། །བུ་རང་རྒྱུད་སྦྱོང་ཅིག་རས་ཆུང་བ། །ཁྱོད་ལྟད་མོ་དང་གཟིགས་མོ་འདི་ལ་ལྟོས། །རྐྱང་ལ་བལྟས་པས་ཅི་ལ་ཕན། །རྐྱང་ནི་རི་ཡི་འབྱུང་པོ་ཡིན། །སྤྱང་ཀི་ལས་ཀྱི་བཤན་པ་ཡིན། །དེ་ལ་བལྟ་བ་ཡི་དྭགས་ཡིན། །ལྟོས་ཤིག་ནམ་མཁའི་དབྱིངས་སུ་ལྟོས། །བུ་དང་བའི་མིག་གིས་ལྟ་ཤེས་ན། །གུས་པའི་ལུས་ཀྱིས་ཕྱག་གསུམ་འཚོལ། །ཞེས་གསུང་ནས་བྱོན་སོང་ངོ་། །
དེ་གཟོད་རས་ཆུང་བ་དད་པ་སྐྱེས་ཏེ། ངའི་བླ་མ་སངས་རྒྱས་དངོས་སུ་འདུག་པ་ལ་བླ་མས་སྤྲུལ་པ་དེ་ཙམ་ཞིག་མཛད་ཀྱང་ཡིད་མ་ཆེས། རྗེ་བཙུན་ཆེན་པོ་གར་བྱོན་སྙམ་ནས་ཡུན་རིང་ཞིག་ངུ་ཞིང་བསྡད། དེ་ནས་བླ་མ་ཅིས་ཀྱང་འཚོལ་འགྲོ་སྙམ་ནས་བླ་མ་འཕུར་བའི་རི་དེ་ལ་འཛེགས་ནས་རི་རྩེར་ཕྱིན་ནས་བལྟས་ཙ། མ་ཀི་དཔལ་མོ་དཔལ་ཐང་གི་ཐང་སྟོད་དུ་རྩྭ་ཉག་མ་རེ་རེའི་སྟེང་ན་རྗེ་བཙུན་འདྲ་འདྲ་མང་པོས་ཐང་དེ་གང་ནས་སྣང་། དེར་སོང་བས་གང་ལ་ཕྱག་འཚལ་བའི་ངོས་མ་ཟིན་པའི་ཚེ། སྤྲུལ་པ་དེ་འབུམ་དུ་བསྡུས་ནས་བུ་ཕ་རྒན་ངོས་ཟུང་ཞིག་གསུང་། དེར་ཡང་མ་ཟིན་པས་སྤྲུལ་པ་ཁྲི་རུ་བསྡུས་ནས། བུ་ཕ་རྒན་ངོས་ཟུང་ཞིག་གསུང་། དེར་ཡང་མ་ཟིན་པས། སྤྲུལ་པ་སྟོང་དུ་བསྡུས་ནས་བུ་ཕ་རྒན་ངོས་ཟུང་ཞིག་གསུང་། དེར་ཡང་མ་ཤེས་ཏེ་སྟོང་བརྒྱ་རུ་བསྡུས་བརྒྱ་བཅུ་རུ་བསྡུས་ཏེ། བུ་ཕ་རྒན་ངོས་ཟུང་ཞིག་གསུང་པས། དེར་ཡང་ངོ་མ་ཤེས་ཏེ་གསུམ་དུ་བསྡུས་ནས། རྡོ་ཕ་བོང་དཀར་ལེབ་ཀྱི་སྟེང་ན། སེང་གེ་དང་རིན་པོ་ཆེ་འོད་འབར་བའི་ཁྲི་ཉི་ཟླ་པདྨའི་གདན་སྟེང་དུ་བླ་མ་རྗེ་བཙུན་ཆེན་པོ་སྐུ་མཚན་དཔེས་བརྒྱན་ཅིང་འོད་འབར་བ་བལྟ་བས་ཆོག་མི་ཤེས་པ་གསུམ་བཞུགས་ནས་བུ་ཕ་རྒན་ངོས་ཟུང་ཞིག་གསུང་པས། རས་ཆུང་བའི་རྟོག་པ་ལ་བླ་མ་གང་ཡིན་སྙམ་ནས་ཐེ་ཙོམ་དུ་གྱུར་པའི་ཚེ། སྐུ་དཀྱིལ་མ་དེས་མགུར་དཔོན་བྱས། གཡས་གཡོན་གཉིས་ཀྱི་རམ་འདེགས་མཛད་ནས་མགུར་འདི་གསུངས་སོ། །
བུ་ཡང་ཅིག་ཉོན་དང་རས་ཆུང་བ། །དཔལ་མོ་དཔལ་ཐང་ཐང་སྟོང་དུ། །རྩྭ་རེ་རེའི་སྟེང་ན་མི་ལ་རེ། །བུ་རས་ཆུང་ཕ་ངོ་མ་མཁྱེན་པས། །ངས་སྤྲུལ་པ་འབུམ་ཕྲག་གཅིག་ཏུ་བསྡུས། །དེ་ནས་ཁྲི་སྟོང་བརྒྱ་རུ་བསྡུས། །དེར་ཡང་ཞལ་ངོ་མ་འཚོ་བས། །རྡོ་ཕ་བོང་དཀར་ལེབ་སྟེང་ཤེད་ན། །སེང་གེ་ཉི་ཟླ་པདྨའི་གདན་སྟེང་དུ། །ང་མི་ལ་གཅིག་ལ་མི་ལ་གསུམ། །བུ་སྐོར་བ་ཅིག་བྱེད་ན་གང་ལ་བྱེད། །བུ་ལྷ་ཕྱག་ཅིག་འཚལ་ན་གང་ལ་འཚལ། །བུ་ལྟད་མོ་ཅིག་མཛད་ན་འདི་ལ་མཛོད། །དུད་འགྲོ་རྐྱང་ཡ་མཚན་ཆེ་རྒྱུ་མེད། །བུ་དད་པའི་མིག་གིས་ལྟ་ཤེས་ན། །རས་ཆུང་གུས་པའི་ལུས་ཀྱིས་ཕྱག་གསུམ་འཚོལ། །
ཞེས་གསུང་བས་རས་ཆུང་བའི་བསམ་པ་ལ། གཡས་ཀྱི་འདི་སྐུའི་སྤྲུལ་པར་སྣང་། གཡོན་གྱི་འདི་གསུང་གི་སྤྲུལ་པར་སྣང་། དབུས་ཀྱི་འདི་ཐུགས་ཀྱི་སྤྲུལ་པར་སྣང་སྙམ་ནས་དབུས་མ་དེ་ལ་ཕྱག་དགུ་འཚལ་ནས། རྗེ་བཙུན་རིན་པོ་ཆེ་དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར་དུ་འདུ་འབྲལ་མེད་པར་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། བུ་རས་ཆུང་བ་ཕྱག་གོ་མ་ལོག་སྟེ། བུ་ད་རུང་རང་རྒྱུད་མ་ཐུལ་ནས་འདུག་པས་འདུལ་བ་གལ་ཆེ་བར་གདའ་གསུང་ནས་མགུར་འདི་གསུངས་སོ། །
བུ་ཡང་གཅིག་ཉོན་དང་རས་ཆུང་བ། །ལྷོ་ཁའི་སྟག་དང་བྱང་ཁའི་འབྲོང་། །འདི་གཉིས་ཀྱང་བཏུལ་ན་ཐུལ་ཚོད་གདའ་སྟེ། །རང་སེམས་གྱོང་པོ་འདི་ལ་ཐུལ་དུས་མེད། །རང་སེམས་གྱོང་པོ་ཐུལ་ཅིག་རས་ཆུང་བ། །སྲ་མོའི་ཤིང་དང་གྱོང་པོའི་རྭ། །འདི་གཉིས་ཀྱང་བཀུག་ན་ཁུགས་ཚོད་དུ་གདའ་སྟེ། །རང་སེམས་གྱོང་པོ་འདི་ལ་ཁུག་དུས་མེད། །རང་སེམས་གྱོང་པོ་ཁུགས་ཤིག་རས་ཆུང་བ། །གནམ་གྱི་བྱ་དང་ས་ཡི་བྱི། །བསད་ན་འདི་གཉིས་ཀྱང་གསོད་ཚོད་དུ་གདའ་སྟེ། །བག་ཆགས་གཞི་རྩ་འདི་ལ་གསོད་དུས་མེད། །འཁྲུལ་པའི་རྩ་བ་ཆོད་ཅིག་རས་ཆུང་བ། །ཤིང་ཁའི་བྱ་དང་རྒྱ་མཚོའི་ཉ། །བཟུང་ན་འདི་གཉིས་ཀྱང་ཟིན་ཚོད་དུ་གདའ་སྟེ། །རང་སེམས་བང་མགྱོགས་འདི་ལ་ཟིན་དུས་མེད། །རང་སེམས་བང་མགྱོགས་ཟུང་ཞིག་རས་ཆུང་བ། །བུ་མོའི་སེམས་དང་གངས་དཀར་གྱི་ཆུ། །བསྒྱུར་ན་འདི་གཉིས་ཀྱང་འགྱུར་ཚོད་གདའ་སྟེ། །རང་སེམས་བསླུ་བྲིད་མཁན་འདི་ལ་འགྱུར་དུས་མེད། །རང་སེམས་བསླུ་བྲིད་མཁན་སྒྱུར་ཅིག་རས་ཆུང་བ། །ཆོས་ཐོས་པ་དང་བསམ་པ་སྒོམ་པ་གསུམ། །བསླབས་ན་འདི་གསུམ་ཡང་ལོབ་ཚོད་དུ་གདའ་སྟེ། །རང་སེམས་དངོས་པོ་འདི་ལ་རྟོགས་དུས་མེད། །སེམས་ཉིད་སྟོང་པ་སྒོམས་ཤིག་རས་ཆུང་བ། །དྲིན་གྱི་ཕ་མ་བྱམས་པའི་གཉེན། །བསྐྱུར་ན་འདི་གཉིས་ཀྱང་ཁྱུར་ཚོད་ཅིག་གདའ་སྟེ། །གཤིས་ངན་རང་བདེ་འདི་ལ་ཁྱུར་དུས་མེད། །ཁ་གཤིས་ངན་པ་སྐྱུར་ཅིག་རས་ཆུང་བ། །ཕ་ཡུལ་གྱི་མཁར་དང་རེའུ་ལུག་ནོར། །སྤངས་ན་འདི་གཉིས་ཀྱང་སྤོང་ཚོད་དུ་གདའ་སྟེ། །སྐྱིད་འདོད་སོ་གསོད་འདི་ལ་སྤང་དུས་མེད། །ཡང་ཡེངས་འགྱུ་དལ་སྤོངས་ཤིག་རས་ཆུང་བ། །འཆོར་པོའི་གོས་དང་མཛེས་པའི་གྲོགས། །སྤངས་ན་འདི་གཉིས་ཀྱང་སྤང་ཚོད་དུ་གདའ་སྟེ། །མལ་བདེ་དྲོ་འཇམ་འདི་ལ་སྤངས་དུས་མེད། །གཏི་མུག་རོ་ཉལ་སྤོངས་ཤིག་རས་ཆུང་བ། །ཕ་རིའི་རི་དང་ཚུ་རིའི་བྲག །གཟད་ན་འདི་གཉིས་ཀྱང་ཟད་ཚོད་དུ་གདའ་སྟེ། །སྲེད་པའི་ཞེ་འདོད་འདི་ལ་འཛད་དུས་མེད། །སྲེད་པ་ནང་ནས་ཟད་ཅིག་རས་ཆུང་བ། །རྒྱལ་པོའི་ལུང་དང་བཙུན་མོའི་ཚིག །ཞུས་ན་འདི་གཉིས་ཀྱང་གནང་ཚོད་ཅིག་གདའ་སྟེ། །འཆི་བདག་གཤིན་རྗེ་འདི་ལ་ཞུ་ས་མེད། །འཆི་བ་ལམ་དུ་སློངས་ཤིག་རས་ཆུང་བ། །ཁྱོད་རང་རྒྱུད་ངན་པའི་སྣང་བ་ཟློག །སྤྱོད་པ་ངན་པའི་རྣམ་འགྱུར་ཞོག །ཞེ་སྡང་རྩུབ་མོའི་བསམ་པ་སྤོངས། །
ཞེས་གསུངས་ནས་དཔོན་སློབ་གཉིས་བྲག་དམར་མཆོང་གླིང་དུ་བྱོན་ནས་སྔར་མལ་དུ་བཞུགས་པའི་ཚེ། རྗེ་བཙུན་གྱི་ཞལ་ནས། ངས་དེ་རིང་གྲུབ་རྟགས་དེ་ཙམ་ཞིག་བསྟན་པ་ལ། ཁྱོད་སྣང་བ་ལོག་བྱས་ནས་འགྱུར་དུ་མ་བཏུབ་པ་དེ་ཤིན་ཏུ་ཡང་མ་བཟང་། ལར་ཆོས་འདི་ཤིན་ཏུ་དཀའ་བར་འདུག །ཁྱོད་གདམས་ངག་ཚོལ་དུ་བཏང་བ་ལ་ངན་སྔགས་ཁྱེར་ནས་བྱུང་། ཁྱོད་ལ་མཐུ་ངན་སྔགས་མཁན་ཞིག་འོང་གི་དྭོགས། མཐུ་ང་བས་ཆེ་བ་མེད་དེ། ངས་སྡིག་པ་མ་འབྱོངས་པས་དཀའ་ལས་ཆེན་པོ་ལ་གཏད། ལར་མཐུ་བྱེད་པའི་མི་རྣམས་ཚེ་འདི་པ་སྐྱབས་ཡིན། དེ་བས་ངའི་གླུ་འདི་ལ་ཉོན་གསུང་ནས་མགུར་འདི་གསུངས་སོ། །
བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱེད་གདམས་ངག་ལེན་དུ་བཏང་བ་ལ། །དཔེ་ཆ་འདི་ཡི་མང་ལུགས་ཀྱིས། །ཐ་སྙད་མཁན་དུ་ཤོར་གྱིས་དྭོགས། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ལྟོས། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་སྒོམ་ཆེན་སྟན་རྡོལ་ཅིག་རེ་བ་ལ། །བཤད་པ་འདི་ཡི་མང་ལུགས་ཀྱིས། །སྟོན་ཆེན་ལྷམ་རྡོལ་ཞིག་འབྱུང་གིས་དྭོགས། །ལྟ་རྟོག་རང་གི་སེམས་ལ་ལྟོས། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་གཅིག་ཤེས་ཀུན་གྲོལ་ཅིག་རེ་བ་ལ། །ཐ་སྙད་འདི་ཡི་མང་ལུགས་ཀྱིས། །ཀུན་ཤེས་གཅིག་བརྡུག་ཅིག་འབྱུང་གིས་དྭོགས། །ལྟ་རྟོག་རང་གི་སེམས་ལ་ལྟོས། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་དམ་ཆོས་ཚོལ་དུ་བཏང་བ་ལ། །བསྒྲུབ་ཡིག་འདི་ཡི་མང་ལུགས་ཀྱིས། །རྒྱུད་ཆགས་སྡང་མཁན་ཞིག་འབྱུང་གིས་དྭོགས། །ལྟ་རྟོག་རང་གི་སེམས་ལ་ལྟོས། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་ཚོལ་དུ་བཏང་བའི་གདམས་ངག་རྣམས། །འཕུར་ཏེ་བྲག་གི་གསེབ་ཏུ་ཡོད། །ད་ལྟ་མཁའ་འགྲོའི་ཕྱག་ན་བསྣམས། །ཁྱོད་རང་གསོལ་བ་ཐོབ་དང་འབྱོན་ཏེ་མཆི། །མཐུ་གཏད་ལ་སོགས་ངན་སྔགས་རྣམས། །ཞུས་ནས་འབར་བའི་མེ་ལ་བསྲེགས། །བཅོམ་ལྡན་མེ་ལྷའི་ཞལ་དུ་ཕུལ། །བུ་ཞེ་སྡང་མ་ཆེ་རང་རྒྱུད་བསྲེག །སྡུག་བསྔལ་མ་བྱེད་ལུས་སེམས་མནར། །སེམས་རང་ལུགས་སུ་གཉེན་པོ་ལྷན་དེ་བརྟན། །ཁྱེད་དགོས་པའི་ཆོས་ཚོ་འདིར་བྱོན་ཅིག །
ཞེས་གསུང་པས་བྲག་གསེབ་ནས་བླ་མའི་ཕྱག་ན་ཡོད་པའི་པོ་ཏི་བཞི། རས་ཆུང་བའི་ཕྱིང་ཁུག་ནང་གི་ཕན་བྱའི་རིགས་རྣམས་དང་བྱས་པའི་པོ་ཏི་ལྔ་པོ་དེ་བྱ་ལྟར་ལྡིང་ནས་མདུན་དུ་བབས་ནས་བྱུང་བའི་ཚེ། རང་དབང་མེད་པའི་མོས་གུས་སྐྱེས་ཏེ། ཕྱག་འཚལ་ནས་གསེར་གྱི་མཎྜལ་ཕུལ་ནས་རྗེ་བཙུན་རིན་པོ་ཆེ་རྫུ་འཕྲུལ་གྱི་སྐོར་དེ་རྣམས་ཀྱི་མན་ངག་ཐུགས་ལ་འདོག་པར་ཞུ་ཞུས་པས། བུ་རྗེ་བཙུན་ང་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་གྱིས་ལ་རྩ་རླུང་གི་ཁྲིད་སྔར་བསྟན་པ་ཚོ་ཆིག་དྲིལ་གྱིས་ལ་སྒོམ། རྫུ་འཕྲུལ་གྱི་གདམས་ངག་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་ཤེས་པའི་ངང་ནས་རྩ་རླུང་ལ་སྐད་ཅིག་ཀྱང་མ་ཡེངས་པར་གནད་དུ་བསྣུན་པ་འདི་ཟབ་པ་ཡིན་གསུང་པས། རས་ཆུང་བས་ཀྱང་བླ་མ་སངས་རྒྱས་དངོས་ཡིན་སྙམ་པས་མོས་གུས་བཅོས་མ་མ་ཡིན་པ་ཅིག་སྐྱེས་ནས། རླུང་སེམས་རྩེ་གཅིག་ཏུ་ཉམས་ལེན་བྱས་པས། ཞག་ཉི་ཤུའི་ནང་དུ་རླུང་སེམས་གནད་དུ་ཚུད་ནས། ནམ་མཁའ་ལ་འཕུར་ནུས་པ་བྱུང་། དེ་ནས་སྒྱུ་ལུས་སྦྱངས་ཤིང་རླུང་སེམས་ལ་ཆིག་དྲིལ་དུ་བསྒོམ་པས་སྒྱུ་ལུས་ཀྱི་སྤྲུལ་སྒྱུར་སྟོན་པ་ནུས་པ་བྱུང་ཞིང་། བདག་འཛིན་དབྱིངས་སུ་ཞི་ནས་སེམས་སྐྱེ་བ་མེད་པའི་དོན་མངོན་དུ་མཛད་པ་དང་། ངས་དེ་སྔ་བླ་མའི་ཞབས་ཏོག་ལོ་བཅུ་དྲུག་བྱས། ད་ཡང་ལོ་བཅུ་དྲུག་གི་ཞབས་ཏོག་བྱེད་ཟེར་བའི་དམ་བཅའ་ཡང་ཕུལ་ཞིང་། དེ་ཕྱིན་ནས་མོས་གུས་འབྲལ་བ་མེད་པ་སྐྱེས་སོ། །དེ་ཐམས་ཅད་རྐྱང་མགུར་གྱི་སྐོར་རོ།། །།
དེ་ནས་རས་ཆུང་བ་རྒྱ་གར་ནས་ཕེབས་པའི་ཤངས་ལེན་ལ། ཚོགས་འཁོར་ཞིག་མཛད་ནས་མཉེས་ངེས་ཀྱི་གསུང་གླེང་མང་དུ་མཛད་པ་ལ། འབྲི་སྒོམ་དང་སེ་བན་གཉིས་ལ་ཆོས་གཏམ་གྱིས་གསུང་ཙ། རས་ཆུང་བ་རྒྱ་གར་ནས་བྱོན་པས་གཏམ་མ་ནུས། རྗེ་བཙུན་གྱི་རས་ཆུང་བ། ཁོང་གཉིས་སྤོབས་པ་ཞན་ཟིན། ཁྱེད་རྒྱ་གར་ནས་གདམས་ངག་ཁྱེར་འོང་ནས་བོད་དུ་རྩོད་པ་ཇི་ལྟར་ཟློག་གསུངས་པས། རས་ཆུང་བས་ངས་ཐ་སྙད་ཚིག་གིས་རྒོལ་བ་ལ་ཟློག་རིན་ཅིག་མི་འདུག །ཚིག་སྒྲ་དཔྱད་པས་འདི་ཡིན་མེད། གཞན་གྱི་རྒོལ་བ་ཟློག་ན་འདི་ལྟར་ཟློག་ཞུས་ནས་མགུར་འདི་ཕུལ་ལོ། །
ང་བརྒྱུད་པ་རྡོ་རྗེ་འཆང་ཆེན་གྱིས། །རྒྱུད་ངན་ཆད་པའི་རྒོལ་བ་བཟློག །བླ་མ་སངས་རྒྱས་རས་པ་ཡིས། །འདོད་ལྡན་བླ་མའི་རྒོལ་བ་ཟློག །གདམས་ངག་ཐབས་ལམ་སྙན་བརྒྱུད་ཀྱིས། །བློས་བྱས་བདུད་ཀྱི་རྒོལ་བ་ཟློག །རོ་སྙོམས་ཕྱི་ཡི་མེ་ལོང་གིས། །སྐྱོན་ཅན་ལྐུགས་པ་མཐའ་ནས་ཕུད། །བདེན་ཚིག་གསུང་གི་རིན་ཆེན་གྱིས། །རྣམ་རྟོག་ཡེ་ཤེས་མེ་ལ་བསྲེགས། །རྩ་རླུང་དྲྭ་མིག་འཁོར་ལོ་ཡིས། །བྱིང་རྒོད་ཧད་པོ་མེད་པར་བྱེད། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཡིས། །རྒོལ་ངན་ངར་འཛིན་འགོང་པོ་འདུལ། །རིག་པ་ཡེ་ཤེས་སྒྲོན་མེ་ཡིས། །སྙོམས་ལས་མ་རིག་མུན་པ་སེལ། །སྤྱོད་པ་ཆུ་ལ་རལ་གྲི་ཡིས། །ཆོས་བརྒྱད་མདུད་པ་རང་སར་གྲོལ། །
ཞེས་ཞུས་པས། རྗེ་བཙུན་མཉེས་ཏེ་ཁྱོད་ཀྱིས་རྩོད་པ་ཟློག་ལུགས་ཡགས། མིང་ཡང་རྩོད་པ་ཟློག་པའི་རིན་ཆེན་བྱ་བར་ཐོགས་གསུང་། ཁྱོད་ཀྱི་གདམས་ངག་གི་གནད་དེ་ལྟར་ཤེས་པ་ལ། ལྟ་སྒོམ་སྤྱོད་པའི་གནད་འདི་རྣམས་གལ་ཆེ་གསུང་སྟེ་མགུར་འདི་གསུངས་སོ། །
ལྟ་བ་སྟོང་པའི་ཡེ་ཤེས་ཡིན། །སྒོམ་པ་འོད་གསལ་འཛིན་མེད་ཡིན། །སྤྱོད་པ་ཆགས་མེད་རྒྱུན་ཞིག་ཡིན། །འབྲས་བུ་དྲི་མེད་གཅེར་བུ་ཡིན། །ལྟ་བ་སྟོང་པའི་ཡེ་ཤེས་དེ། །ཁ་ལྟ་རྐྱང་པར་འཆོར་ཉེན་གདའ། །དོན་ལ་ངེས་ཤེས་མ་སྐྱེས་ན། །ཁ་ལྟས་བདག་འཛིན་གྲོལ་བ་མེད། །དེས་ན་ངེས་ཤེས་དག་པ་གཅེས། །སྒོམ་པ་འོད་གསལ་འཛིན་མེད་དེ། །གནས་པ་རྐྱང་པར་འཆོར་ཉེན་གདའ། །ཡེ་ཤེས་ནང་ནས་མ་ཤར་ན། །གནས་ས་རྐྱང་པ་མཐར་ཐུག་ཀྱང་། །བྱིང་རྒོད་ལ་ཡེ་ཤེས་མི་སྐྱེ་བས། །དེས་ན་མ་ཡེངས་དྲན་པ་གཅེས། །སྤྱོད་པ་ཆགས་མེད་རྒྱུན་ཞིག་དེ། །ཐོ་ཅོ་རྐྱང་པར་འཆོར་ཉེན་གདའ། །ལྟ་སྒོམ་གྲོགས་སུ་མ་ཤར་ན། །བརྟུལ་ཞུགས་སྤྱད་ཀྱང་ཕན་པ་ཆུང་། །དེས་ན་ཞེན་པ་བྲལ་བ་གཅེས། །འབྲས་བུ་དྲི་མེད་གཅེར་བུ་ཡི། །མཚན་མའི་ན་བཟའ་གསོལ་ཉེན་གདའ། །འཁྲུལ་པ་ནང་ནས་མ་ཞིག་ན། །བརྩོན་འགྲུས་བྱས་ཀྱང་ཕན་པ་ཆུང་། །དེས་ན་འཁྲུལ་པ་ཞིག་པ་གཅེས། །
ཞེས་གསུང་པས་རས་ཆུང་པ་ངེས་ཤེས་སྐྱེས་ནས་དེ་ནུབ་གཟིམས་པའི་རྨི་ལམ་དུ་མཁའ་འགྲོ་མ་མང་དུ་བྱུང་ནས་མགུར་མ་མང་པོ་གསུང་ཞིང་འདུག་པ་ལ། རང་དབང་མེད་པར་ཉན་ཅིང་བསྡད་པས། ལན་རེ་རྗེ་བཙུན་ཡིན་དུ་ཡང་གོ །རྗེ་བཙུན་གྱི་མགུར་འདི་གསུང་པ་དེས་རྐྱེན་དང་རྟེན་འབྲེལ་བྱས་ཏེ་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་གསུངས་སོ། །
བུ་གཅིག་གསོན་དང་རས་ཆུང་བ། །འཁོར་འདས་རྐྱེན་ལ་རག་ལས་པས། །བླ་མ་དམ་པ་བརྟེན་ནུས་ན། །འབད་མེད་གདམས་ངག་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་བ། །ཁྱོད་ཡུལ་ལ་ཆགས་སེམས་སྤངས་ནུས་ན། །རི་ཁྲོད་དགོན་པ་འགྲིམ་ནུས་ན། །རྩོལ་མེད་དངོས་གྲུབ་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་བ། །ལས་ངན་འཛིན་པའི་རྩ་བ་ཅན། །ནོར་ལ་ཆགས་སེམས་སྤངས་ནས་ཀྱང་། །ཆགས་མེད་ཞེན་མེད་བྱེད་ནུས་ན། །བདེ་ཆེན་ལམ་སྣ་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་བ། །འཁོར་བར་སྐྱེ་བའི་རྩ་བ་ཅན། །བུ་ཙའི་འཁྲི་བ་གཅོད་ནུས་ན། །རང་ཉིད་གཅིག་པུར་སྡོད་ཟུག་ན། །ཞིང་ཁམས་རྣམ་དག་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་བ། །ད་ལྟ་དམ་ཆོས་དར་ལགས་ཀྱང་། །ཆོས་འདྲ་མིན་མང་པོས་བསྲེ་བསླད་བྱེད། །བླ་མ་སློབ་དཔོན་བྱེད་མི་མང་། །ཁས་བཟང་འདོད་གཏམ་ཞིང་ཆགས་པ་སྨྲ། །བརྒྱུད་པ་བཟང་དགུ་འདོམས་ཤིག་ཕ་ཡི་བུ། །བུ་གཅིག་གསོན་དང་རས་ཆུང་པ། །སྙིང་ནས་དམ་ཆོས་མཛད་དགོངས་ན། །ཆོས་ཉོན་མོངས་གཉེན་པོར་འགྲོ་དགོས་པས། །ཁ་བཤད་ཀྱི་ངོ་ལྐོག་མ་ཆེ་བར། །ཞེ་ཕུགས་སྐྱིད་འདོད་ཕྲལ་བ་གཅེས། །བུ་ཅིག་གསོན་དང་རས་ཆུང་བ། །འབྲས་བུ་སངས་རྒྱས་ཐོབ་འདོད་ན། །ཚེ་འདིའི་བདེ་སྐྱིད་མི་བསམ་པར། །རང་སེམས་རྩ་བ་མ་ཤོར་བར། །སྒོམ་པ་རྒྱུད་ལ་བརྟེན་ཅིག་ཨང་། །
ཞེས་གསུངས་པས་གཉིད་སད་པ་དང་། དགའ་ཡ་ལེའི་ཚིག་རྣམས་མ་བརྗེད་པར་འདུག་པས། དེ་ཕྱིན་ཆད་ཆོས་དང་རང་རྒྱུད་འདྲེས་པས་ཐུབ་པ་བྱུང་སྐད་དོ། །དེ་རྣམས་མཆོང་ལུང་གི་སྐོར་རོ།། །།
༈ དེ་ནས་བཅུ་པ་དྲིན་ལན་བསབ་པའི་ཡོན་ཏན་ནི། སྤོ་རི་སྤོ་མཐོན་ནམ་མཁའ་རྫོང་ལ་བཞུགས་པའི་དུས་ལ། སྙེ་ནམ་པའི་བོན་པོ་མངའ་ཐང་ཅན་ཅིག་གིས་རྗེ་བཙུན་འདི་འདོད་པ་ལ་བློ་ལོག་པའི་ཆོས་པ་ཞིག་འདུག་ཟེར་ནས་ཁོ་རང་གི་བུ་སློབ་རྣམས་ཀྱིས་མ་ཚོར་བར་བསྙེན་བཀུར་དུམ་པ་རེ་ཡང་བྱས། གདམས་ངག་རྣམས་ཀྱང་ལྐོག་ཏུ་ཞུས་པའི་བོན་པོ་ཞིག་ཡོད་པ་དེ། ནད་ཀྱིས་ཟིན་ནས་ཤི་ལ་ཁད་པའི་དུས་སུ། ཁོའི་སློབ་མ་རྣམས་ཀྱིས་ཁ་ཆེམས་འཇོག་དགོས་བྱས་པས་བོན་པོ་ན་རེ། ངའི་ཁ་ལ་ཁྱེད་ཚོ་མི་ཉན། ཉན་མཁན་ཡོད་ན་ལབ་རྒྱུ་ང་ལ་ཡོད་ཟེར་བས། ཅི་ཡོད་ན་བསམ་ཏེ་ཉིད་རང་ཅི་གསུང་བགྱི་ཟེར་ནས་ཐམས་ཅད་ཀྱིས་མནའ་བྱས་པས། འོ་ན་ངའི་བུ་མོ་དེ་ཡང་གཉའ་བོར་བོས་ཟེར་ནས་བུ་མོ་བོས་པས། ཨ་ཕས་ཅི་ཟེར་བྱེད་ཟེར་བས་བུ་མོ་དཔང་པོར་བཞག་ནས། ཁ་ཆེམས་བཞག་སྟེ། ད་འོ་སྐོལ་བོན་པོ་ཟེར་བ་འདི་ནོར་བར་འདུག །འདི་གཞི་འཆུག་སྟེ་ཧ་རེ་ལོང་། ལམ་ནོར་ཏེ་མི་དགེ་བ་ལ་མི་འཛེམ། འབྲས་བུ་འཁྲུལ་ཏེ་འཇིག་རྟེན་པའི་ཆེན་པོ་ཞིག་ལས་མི་སྐྱེ། སྐྱབས་ལོག་སྟེ་མི་མ་ཡིན་དང་ལྷ་འདྲེ་ལ་གསོལ་བ་འདེབས། སེམས་བསྐྱེད་ཉེས་ཏེ་གལ་ཏེ་འཁུར་ཞིང་བུ་མད་གསོ་བའི་ཡེ་མ་བྱུང་འདུག །ངའི་ནོར་སྐལ་དེ་རྗེ་བཙུན་དཔོན་སློབ་ལ་ཕུལ་ལ་བདུན་ཚིགས་ཤིག་ཞུས། དེ་མ་བྱས་ན་ང་ཁྱེད་ཚོས་བསད་པ་དང་འདྲ་ཟེར་བས་ཁོས་ཟེར་བ་བཞིན་བྱས་པ་ལ། བདུན་ཚིགས་ཀྱི་ནུབ་མོ་མཚན་བྱང་ཞིག་བྱས་པ་ལ། རྗེ་བཙུན་གྱིས་བོན་པོའི་རྣམ་ཤེས་མངོན་སུམ་དུ་བཀུག་པ་ལ། སྔར་ཅི་ཡོད་པ་བཞིན་དབང་པོ་སྐྱེ་མཆེད་དང་སིང་ངེ་བ་བྱས་པ་ལ། རྗེ་བཙུན་དཔོན་སློབ་ཀྱིས་མཚན་བྱང་དེ་ལ་ལམ་སྦྱང་བསྟན་གྱི་ཚུལ་དུ་མགུར་འདི་གསུངས་སོ། །
རྗེ་བཀའ་བརྒྱུད་བྱིན་རླབས་རྒྱབ་དཔུང་བཟང་། །རིགས་བརྒྱུད་མཁའ་འགྲོའི་དངོས་གྲུབ་ཐོབ། །ཆོས་བརྒྱུད་མ་ནོར་བུ་སློབ་རྣམས། །ལས་ངན་རྣམ་སྨིན་སྦྱངས་པ་ལ། །རང་རྒྱུད་ལ་སྡོམ་པ་ཡོད་པ་དགོས། །ཡོན་བདག་གི་བླ་མཆོད་བྱེད་པ་ལ། །སྙིང་རྗེ་དང་བྱམས་སེམས་རྒྱས་པ་དགོས། །མང་པོའི་ཚོགས་དཔོན་བྱེད་པ་ལ། །ཡོན་ཏན་དང་རྟོགས་པ་ལྡན་པ་དགོས། །གྲུབ་ཐོབ་ཀྱི་བླ་མ་བརྟེན་པ་ལ། །དག་སྣང་དང་སྙིང་རུས་ཆེ་བ་དགོས། །གཤིན་པོའི་ཟ་མ་ཟ་བ་ལ། །མཐོང་ལམ་གྱི་ཡོན་ཏན་སྐྱེས་པ་དགོས། །ཚེ་འདས་ཀྱི་རྣམ་ཤེས་འདྲེན་པ་ལ། །མངོན་ཤེས་དང་གྲུབ་རྟགས་ཐོན་པ་དགོས། །དད་ལོག་གི་སྣང་བ་སྒྱུར་བ་ལ། །རྫུ་འཕྲུལ་གྱིས་སྤྲུལ་པ་ནུས་པ་དགོས། །དེ་རིང་བདུན་ཚིགས་ཀྱི་དཀྱིལ་འཁོར་ལ། །མངོན་སུམ་ལམ་སྣ་ཟིན་པ་དགོས། །བོན་པོའི་ཡོན་བདག་བུ་སློབ་རྣམས། །སེམས་ལ་ཐེ་ཚོམ་མ་བྱེད་ཅིག །
ཅེས་གསུངས་པས་འཇའ་འོད་ཀྱི་གུར་ཕུབ། མེ་ཏོག་གི་ཆར་བབས། མཚན་བྱང་འོད་ཀོར་ཀོར་དུ་ནམ་མཁའ་ལ་ཀྱི་ལི་ལི་སོང་བ་བོན་པོའི་བུ་སློབ་རྣམས་ཀྱིས་མཐོང་བ་ལ། ནམ་མཁའ་ནས་སྒྲ་ཅིག་བྱུང་སྟེ། རྗེ་བཙུན་ལགས་སྐུ་དྲིན་ཆེ། ཁྱེད་མིན་ན་ང་ལ་ཐར་པའི་སྐབས་མི་འདུག །ཟེར་བ་ཐམས་ཅད་ཀྱིས་ཚོར་བས་དེ་རིང་དེ་ག་ཡིན་ངོ་མཚར་ཆེ་ཟེར་བས་མགུར་འདི་གསུངས་སོ། །
རྗེ་ངོ་མཚར་བླ་མའི་བྱིན་བརླབས་ཞུགས། །མར་པའི་ཞབས་ལ་གསོལ་བ་འདེབས།།བཀའ་དྲིན་མོས་གུས་ཀྱིས་འཁོར་བར་ཐུགས་རྗེས་ཟུངས། །ང་དང་པོ་རྗེ་དང་མཇལ་བ་དེ། །ངོ་མཚར་ཡོངས་ཀྱིས་ཆེ་ཤོས་ཡིན། །གདམས་ངག་སྙན་བརྒྱུད་ཐོབ་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །འཇིག་རྟེན་བྱ་བ་བཏང་བ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །རི་ཁྲོད་དབེན་པར་ཟུག་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །ནང་ནས་ཡོན་ཏན་སྐྱེས་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །གཅིག་པུར་སྡུག་བསྲན་བསྐྱེད་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །ཆོས་བརྒྱད་མདུན་མ་མེད་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །བླ་མ་མཉེས་པར་སྒྲུབ་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །བོན་པོས་ཁ་ཆེམས་འཇོག་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །བུ་སློབ་དེ་ཡི་ཁ་ལ་ཉན་པ་དེ། །ངོ་མཚར་ཡོངས་ཀྱིས་ཆེ་ཤོས་ཡིན། །མཚན་བྱང་འཇའ་འོད་གུར་ཕུབ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །འདིར་འཚོགས་དད་པ་སྐྱེས་པ་དེ། །ངོ་མཚར་ཡོངས་ཀྱིས་ཆེ་ཤོས་ཡིན། །
ཞེས་གསུངས་པས། སྲིང་མོ་པྲེ་ཏ་མ་དེར་ཡོད་པས་མཆི་མ་ཁྲ་ལེ་བྱུང་ནས། ཁྱེད་ཀྱིས་མི་གཞན་ལ་འདི་འདྲའི་ནུས་པ་འདུག་ཙ། རང་རེ་གཉིས་ཀྱི་ཕ་མའི་འཆི་ལུགས་ལ་ཟེར་ཞིང་ངུས་པས། བླ་མའི་ཞལ་ནས། ཁྱོད་ངུ་མི་དགོས་ཕ་མ་གཉིས་དྲངས་ཚར་གསུངས་པས། དེ་ཅི་ཙུག་དྲངས་ང་ལ་བཤད་པར་ཞུ་ཟེར་བས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཕ་མའི་དྲིན་ལན་འཁོར་བར་ཐུགས་རྗེས་ཟུངས། །ངས་ཨ་མ་ལུས་ཀྱི་སྒྲོམ་བུ་དང་། །ཕ་མས་དྲིན་གྱི་རྒྱལ་པོ་ལ། །སྒྱུ་མའི་ལུས་ཅིག་དོར་དུས་ནས། །རྣམ་ཤེས་རང་གི་སེམས་ལ་བསྲེས། །སེམས་ཉིད་རྒྱལ་བའི་ཐུགས་ལ་བསྟིམ། །ཐུགས་རྗེས་འཇའ་འོད་ཀྱི་ཞིང་ཁམས་ཤར། །ལུས་སྣང་སྟོང་ལྷའི་སྐུ་ལ་བསྟིམ། །ལྷ་རང་བྱུང་དུ་གྲུབ་པ་ངོ་མཚར་ཆེ། །ངག་གྲགས་སྟོང་བརྗོད་མེད་སྔགས་སུ་འདྲེས། །སྔགས་རང་སྒྲར་གྲགས་པ་ངོ་མཚར་ཆེ། །སེམས་འཁྱམ་པོ་སྟོང་ཉིད་ཏིང་ངེ་འཛིན་གྱིས་བཀུག །གསལ་སྟོང་རིག་པ་རང་ངོ་ཤེས། །སེམས་རང་ས་ཟིན་པས་འཁྲུལ་པ་མེད། །འཕོ་འགྱུར་མེད་པས་ངོ་མཚར་ཆེ། །མི་བདག་གིས་བསྒྲུབ་པ་བྱེད་པའི་རིང་། །བྱམས་དང་སྙིང་རྗེའི་དྲག་སྔགས་དེས། །ཉིན་མེད་མཚན་མེད་སྡིག་སྒྲིབ་སྦྱངས། །རིགས་དྲུག་འཁོར་བའི་སྐྱེ་སྒོ་བཅད། །གཙང་ཞིང་དག་པའི་ཞིང་ཁམས་སུ། །བདེ་ཞིང་དག་པའི་ཚོགས་ལ་བསྒྲིགས། །དགའ་ཞིང་མཉེས་པའི་ལོངས་སྤྱོད་འཕེལ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །དཔའ་བོ་དཔའ་མོའི་འཁོར་གྱིས་བསྐོར། །ཁྱོད་སེམས་ཆུང་མི་དགོས་པྲེ་ཏ་མ། །
ཞེས་གསུང་པས་མོ་ཡང་མདངས་གསལ་ཏེ་བྱུང་། ལགས་དེ་ན་ངོ་མཚར་ཆེ་ཟིན། ཁྱེད་ཀྱིས་དཀྱིལ་འཁོར་དང་མཚན་བྱང་དང་ཚ་ཚ་ལ་སོགས་པ་ཨེ་མཛད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །
རྗེ་འགྲོ་བའི་མགོན་ལ་གསོལ་བ་འདེབས། །ཕ་མའི་དྲིན་ལན་འཁོར་བར་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་དྲངས་པར་ཐུགས་རྗེས་ཟུངས། །ངས་བདེན་གཉིས་དབྱེར་མེད་ཀྱི་དཀྱིལ་འཁོར་དུ། །རང་རིག་གསལ་བའི་ལྷ་ཚོགས་བཀོད། །རྒྱུད་ལུང་མན་ངག་གི་བུམ་པ་ལ། །ཕ་རོལ་ཕྱིན་དྲུག་ཁྲུས་ཆབ་བླུགས། །སེར་སྣ་དུག་ལྔའི་སྒྲིབ་པ་སྦྱངས། །བཀའ་བརྒྱུད་བླ་མའི་བདུད་རྩི་ཡིས། །ལུས་ངག་སེམས་ལ་དབང་བཅུ་བསྐུར། །རྟོགས་པ་ལམ་གྱི་རིམ་པ་དེས། །དབྱེར་མེད་བདེ་བ་ཆེན་པོར་བསྟན། །སྐུ་གསུམ་དབྱེར་མེད་ཚ་ཚ་བཏབ། །ཟག་པ་མེད་པའི་བདུན་ཚིགས་བསྐྱངས། །རྗེས་ཤེས་ཟབ་མོའི་དུས་དྲན་ལ། །གཉེན་པོ་ཟབ་མོའི་མཆོད་པ་འབུལ། །ཕྱག་རྒྱ་ཆེན་པོའི་བསྔོ་བ་ལ། །རང་བཞིན་རྣམ་དག་སྨོན་ལམ་བཏབ། །བདག་དང་ཕ་མ་སེམས་ཅན་གྱི། །བསམ་པ་ཐམས་ཅད་གཅིག་ཏུ་བསྒྲུབ། །བླ་མའི་བཀའ་དྲིན་དྲན་པ་ལ། །ཕ་མའི་དྲིན་ལན་འཁོར་བ་ཡིན། །
ཞེས་གསུངས་པ་དང་ཡང་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །འགྲན་ཟླ་མེད་པ་འགྲོ་བའི་མགོན། །སྐྱོན་སྤངས་སྐྱེས་མཆོག་མར་པ་ཡིས། །བྱིན་གྱིས་རློབས་པར་མཛད་དུ་གསོལ། །མ་རྒན་ལུས་ཀྱི་སྒྲོམ་བུ་དེ། །ཉིན་དང་མཚན་དུ་སྒྲིབ་པ་སྦྱངས། །སྒྱུ་མ་ལུས་ཀྱི་ཤ་དོར་ནས། །རྣམ་ཤེས་བར་དོར་འཁྱམ་པ་ལ། །ལུས་སྣང་སྟོང་དབྱེར་མེད་ལྷ་སྐུར་བསྟན། །ངག་གྲག་སྟོང་དབྱེར་མེད་སྔགས་སུ་བགྲང་། །སེམས་ཏིང་འཛིན་གྱི་དམིགས་པ་ཡིས། །རིགས་དྲུག་འཁོར་བའི་རྒྱུན་ལམ་བཅད། །བདེ་ཆེན་དབྱེར་མེད་དཀྱིལ་འཁོར་དུ། །ལུས་མེད་སེམས་ལ་དབང་བཞི་བསྐུར། །ཕ་རོལ་ཕྱིན་དྲུག་ཆུ་རྒྱུན་གྱིས། །སེར་སྣ་ལ་སོགས་དྲི་མ་བཀྲུས། །ལམ་གཉིས་མེད་བདེ་བ་ཆེན་པོར་བསྟན། །རང་བཞིན་རྣམ་དག་སྨོན་ལམ་བཏབ། །ཕྱག་རྒྱ་ཆེན་པོར་སྤྲོ་བ་བསྐྱེད། །སྐུ་གསུམ་ལྷུན་གྲུབ་ཀྱི་ཚ་ཚ་བཏབ། །ཟག་པ་མེད་པའི་བདུན་ཚིགས་བྱས། །ཕ་མའི་དྲིན་ལན་འཁོར་ཏེ་མཆི། །དོན་གོ་བར་གདའམ་པྲེ་ཏ་མ། །ཞེས་གསུངས་སོ། །
ཡང་ལན་ཅིག་གི་ཚེ་སྲིང་མོ་པྲེ་ཏ་མ་ངོ་ནག་ཏིང་ངེ་བྱུང་། ཅི་ཉེས་བྱས་པས། ཕ་མའི་སྡིག་དྲན་པས་སྙིང་རྗེ། མི་ཤི་ཙ་དགྲ་ཐམས་ཅད་ཤི་བློ་བདེ་ཟེར། ངན་སོང་ལས་མི་འདུག་རང་རེའི་ཕ་མ་ལ་བདུན་ཚིགས་མི་བྱེད་པ་ཨེ་ཡིན་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། འཆི་ཁར་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་མ་སླེབས་ཏེ། ཤི་ནས་རོ་བསྲེགས་དང་བདུན་ཚིགས་དང་ཚ་ཚ་བསྔོ་བ་སྨོན་ལམ་ཚར་བ་བྱས་གསུང་ནས་མགུར་འདི་གསུངས་སོ། །
འཆི་བདག་དབང་སོང་ཕ་མ་ཡི། །ལུས་ཀྱི་ཤ་དོར་སེམས་ཀྱི་སྤྲེའུ། །འདྲིས་བཤེས་མེད་པའི་རྒྱལ་ཁམས་སུ། །གཅིག་པུ་གཉིས་སུ་འཁྱམ་གྱུར་པ། །ཏིང་ངེ་འཛིན་གྱིས་དགུག་གཞུག་བྱས། །སྒྱུ་མ་ལུས་ཀྱི་ཧོམ་ཁུང་དུ། །རིགས་དྲུག་འཁོར་བའི་བུད་ཤིང་ལ། །སྐྱེ་བ་མེད་པའི་མེ་བཅུག་ནས། །སྤུར་ནི་གསལ་སྟོང་ངང་དུ་སྦྱངས། །བདུན་ཚིགས་གཉིས་སུ་མེད་པར་བྱས། །ཚ་ཚ་སྐྱེ་བ་མེད་པར་བཏབ། །ཟན་ནི་བདེ་བ་ཆེན་པོ་གཏད། །ལམ་ནི་རང་བཞིན་མེད་པར་བསྟན། །བསྔོ་བ་ཕྱག་རྒྱ་ཆེན་པོས་བྱས། །སྨོན་ལམ་བརྗོད་དུ་མེད་པར་བཏབ། །ཕ་མའི་དྲིན་ལན་འཁོར་ཏེ་མཆི། །
ཞེས་གསུང་པས། མོ་ཤིན་ཏུ་དགའ་སྟེ་ཨ་ལ་ལ་ཚད་མི་འདུག །ད་ང་ཡང་འདྲེན་པར་ཞུ་ཟེར་ཞིང་རྩོལ་མེད་ཀྱི་ཕྱག་མང་པོ་འཚལ་བའི་ངང་ལ་བརྒྱལ་ནས་སོང་སྟེ། དྲན་པ་རྙེད་པ་དང་སྔར་དང་མི་འདྲ་བའི་ཆོས་སྣང་ཆེན་པོ་བྱུང་བ་ལ། རྗེ་བཙུན་གྱིས་ཁྱོད་ཆོས་བྱེད་ན་བསྒོམ་ཨེ་ནུས་གསུང་པས། སྒོམ་ཆེན་པ་འདི་ཚན་ཡོད་པ་ལ། ངས་སྒོམ་མི་ནུས་པ་ཅི་ཡིན་ཟེར་ནས་ངེས་ཤེས་དང་དད་པ་མོས་པ་རང་དབང་མེད་པར་སྐྱེས་པ་ལ། མོའི་སེམས་ལ་ཨེ་ཕན་གྱི་མགུར་འདི་གསུངས་སོ། །
རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །གཉེན་ལ་གདུང་སེམས་ཞི་བར་བྱིན་གྱིས་རློབས། །ཆོས་དང་སེམས་རྒྱུད་འདྲེས་པར་ཐུགས་རྗེས་ཟུང་། །གསོན་དང་སྲིང་མོ་པྲེ་ཏ་མ། །ཁྱོད་གཞོན་དུས་སྙིང་རུས་མ་བྱས་པའི། །རྒས་ཙ་བྱེད་བསམ་ཅི་ལ་ཕན། །བླ་མ་རྗེ་བཙུན་མ་བསྟེན་པའི། །འགྲོགས་བཟང་བླ་མས་ཅི་ལ་ཕན། །གདམས་ངག་སྙན་བརྒྱུད་མི་བསྒོམ་པའི། །ཁ་བཤད་སྐམ་པོས་ཅི་ལ་ཕན། །རང་སེམས་རང་ངོ་མ་ཤེས་པའི། །མང་པོ་བསླབས་པས་ཅི་ལ་ཕན། །སྐྱེ་མེད་རང་ས་མ་ཟིན་པའི། །ཁ་ལྟ་སྐམ་པོས་ཅི་ལ་ཕན། །ཉམས་མྱོང་ནང་ནས་མ་ཤར་བའི། །ཚུལ་ཆོས་མཁན་ཅིག་འདོད་པ་ལ། །རྟེན་འབྲེལ་ལྟད་མོ་མ་མཐོང་བའི། །ཐོ་ཅོ་མཁན་ཅིག་རང་རྩིས་ཆེ། །བྱང་སེམས་སྙིང་རྗེ་མ་སྐྱེས་པའི། །ངོ་ལྐོག་མཁན་ཅིག་གཙང་གཙང་མང་། །སངས་རྒྱས་ཨེ་འཐོབ་མི་ཤེས་པའི། །ཆོས་པ་ཟེར་ཞིང་ནོར་ལ་གནག །སེམས་ཅན་ཡོངས་ལ་མི་ཕན་པའི། །ཕ་མར་བྱམས་ཀྱང་འཁོར་བའི་རྒྱུ། །ཆོས་དང་མཐུན་པར་མི་སྒྲུབ་ན། །ཉེ་བ་ཡིན་ཀྱང་སྡང་བའི་དགྲ། །རོགས་ལ་གནོད་པ་བྱེད་པའི་མི། །མཛེས་མཛེས་འདྲ་ཡང་བདུད་ཀྱི་རིགས། །སྙིང་ནས་མོས་གུས་མི་བསྒོམ་ན། །སྒོམ་ཆེན་ཟེར་ཡང་སྒོམ་སྡུག་ཡིན། །ཅི་ཕན་ཅི་བསམ་མི་སྒྲུབ་པའི། །གྲོགས་བཟང་པོ་བྱས་ཀྱང་ཞེ་འདོད་མང་། །མི་ཕྱིད་སྡུག་བསྔལ་ཡི་མུག་དེས། །ཁྱོད་སྲིང་མོའི་སྡིག་སྒྲིབ་དག་དང་འདྲ། །
ཞེས་གསུང་པས་སེམས་ལ་ཕན་ཏེ་སྣང་བ་སྐྱིད་ཏིང་ངེ་འཛིན་ལ་སོང་བཞིན་སོང་ནས། རྗེ་བཙུན་གྱིས་སྒོམ་བཅུག་པས་རང་བྱུང་གིས་སྒོམ་བཟང་པོ་སྐྱེས་ཏེ། བླ་མ་མཉེས་ནས་འདི་ཡང་སྡུག་པའི་སེམས་ཕྲལ་དེ་རང་གིས་མོའི་སྡིག་པ་དག་ཟིན་གསུང་ནས་མགུར་འདི་གསུངས་སོ། །
ད་རུང་ཉོན་དང་པྲེ་ཏ་མ། །ཆོས་ལ་སྣང་བ་མ་ལོག་ཙ། །སྡུག་བསྔལ་ཟད་རྒྱུ་འོང་བ་ཡིན། །མི་ལ་ངན་པ་མ་བརྗོད་ཙ། །རང་ལ་ལྷ་བཞིན་མཐོང་བ་ཡིན། །གཞན་ལ་བསམ་པ་མི་ངན་ན། །རང་གི་བསོད་ནམས་འཕེལ་བ་ཡིན། །ཚེ་འདི་ལ་ཞེན་པ་མ་ཆེ་ན། །ཕྱི་མ་བདེ་ཞིང་སྐྱིད་པ་ཡིན། །རང་མཐོང་ང་རྒྱལ་མ་བསྐྱེད་དང་། །གཟུགས་བཟང་ཡིད་འོང་འཐོབ་པ་ཡིན། །སེམས་ཉིད་རང་གཤིས་སྐྱོང་བ་ན། །སངས་རྒྱས་མྱུར་དུ་འཐོབ་པ་ཡིན། །མཚམས་དང་སྨྲ་བཅད་དམ་པ་ན། །མཁའ་འགྲོའི་བྱིན་རླབས་འཁོར་བ་ཡིན། །ལུས་ལ་སྐྱིད་འདོད་མེད་པ་ན། །རྣམ་སྨིན་སྒྲིབ་པ་བྱང་བ་ཡིན། །སྒོམ་ཡུན་ཤི་དང་སྙོམས་ནུས་ན། །ཡང་རྒྱལ་དགུང་དང་མཉམ་པ་ཡིན། །སེམས་ལ་ནོག་འཁྲིས་མི་གདའ་ན། །དཔའ་བོ་དཔའ་མོས་བསུ་བ་ཡིན། །བྱེད་སྤྱོད་ཆོས་དང་བསྟུན་ཤེས་ན། །ཆོས་སྐྱོང་དཔའ་བོས་སྲུང་བ་ཡིན། །བླ་མ་རྗེ་ལ་གསོལ་བཏབ་ན། །བྱིན་རླབས་དངོས་གྲུབ་འབྱུང་བ་ཡིན། །ཁྱོད་ཤེས་པར་གྱིས་ལ་ཉམས་སུ་ལོངས། །དུས་ཀུན་ཏུ་བདེ་སྐྱིད་དཔལ་ལ་སྤྱོད། །
ཅེས་གསུངས་ནས་ལས་རྒྱུ་འབྲས་ཀྱི་ཆོས་མང་དུ་གསུང་པས། པྲེ་ཏ་མས་ངེས་ཤེས་སྐྱེས་ནས་ཆོས་ཤིག་མ་ནུས་ན་གཞན་གང་གིས་ཀྱང་སྐྱིད་འཐོབ་པ་མ་རེད་ཟེར་བའི་རྟོགས་ལྡན་མ་བཟང་མོ་ཞིག་བྱུང་ངོ་། །དེ་ཐམས་ཅད་ཕ་མའི་དྲིན་ལན་བསབ་པའི་སྐོར་རོ།། །།
༈ དེ་ནས་བཅུ་གཅིག་པ་སྤྱོད་པ་ཆེ་བའི་ཡོན་ཏན་ནི། ཉིན་རེ་ཡང་སྤྲུལ་པའི་གཟུགས་མང་དུ་མཛད་དེ། སྤྱིལ་པོའི་ནང་དུ་བསྒོམ་ཞིང་བཞུགས་པ་དང་། ཐག་རིང་པོའི་སྒོམ་ཆེན་ཚོ་ལ་ཆོས་གསུང་བ་དང་། ལྷའི་ཡུལ་དུ་ལྷས་གདན་དྲངས་ནས་ཆོས་གསུང་བ་དང་། ལྷ་འདྲེ་དང་མི་མ་ཡིན་ལ་ཆོས་གསུང་བ་དང་། སྨན་དང་ཡུལ་ལྷ་རྣམས་ལ་མགུར་བྱེད་པ་དང་། བྲིན་དུ་རྔོན་པས་ནགས་ལ་མེ་ཤོར་བ་གསོད་པ་དང་། སྙེ་ནམ་དུ་ཟམ་པ་ཆུ་ལ་ཤོར་བ་འདོན་པ་དང་། དུད་འགྲོའི་གནས་སུ་ཆོས་གསུང་བ་ལ་བྱོན་པས་གོ་ནུས་པ་རེ་རེ་ཙམ་མིན་པ་མ་བྱུང་། ཡི་དྭགས་ཀྱི་ཡུལ་དུ་ཆོས་གསུང་བ་ལ་བྱོན་པས། ཆོས་མི་གོ་བར་སེར་སྣས་གདུངས་ཤིང་བཤུགས་པ་བྱེད་ཅིང་བྱུང་བ་ལ་ཆུ་སྦྱིན་མཛད། དམྱལ་བའི་གནས་སུ་བྱོན་པ་ལ་ཆོས་ཀྱི་སྣང་བ་ཡིད་ལ་མེད་པར་འདུག་པས་ཐུགས་ཆད་དེ། ཨ་པ་སྡིག་པའི་ནུས་པས་དེ་འདྲ་བ་ཅིག་འགྲུབ་ཟིན་དགོངས་ནས་སྤྱན་ཆབ་མང་པོ་ཤོར་བས། ཆོས་གྲལ་གཅིག་ཏུ་རས་པ་རྣམས་དང་ཡོན་བདག་རྣམས་ཁ་མ་འཆམ་སྟེ། ངེད་ལ་དྲིན་ཆེ། ངེད་ལ་དྲིན་ཆེ་ཟེར་བ་མང་པོ་བྱུང་བས་རས་ཆུང་པས་ཞུས་པས། ཉིན་གཅིག་ཚེས་གྲངས་དུས་ཚོད་ཐམས་ཅད་གཅིག་པ་ལ། སྤྲུལ་པ་འདི་ཙམ་མཛད་པ་ཅི་ལགས་ཞུས་པས། ཁྱེད་རྣམས་སེམས་ཆུང་བ་ཡིན། ང་མ་སོང་བ་དང་མ་བྱས་པ་མེད་གསུངས་ཤིང་། རེས་བཤུམ། རེས་བཞད། རེས་ཐེ་ཙོམ་མེ་མཛད། རེས་སྤྱན་ཧྲིག་གེ་མཛད་ཅིང་བཞུགས་ཙ། ལྷ་ཡི་བུ་དང་བུ་མོ་མང་པོས་བཀའ་དྲིན་ཆེ་ཟེར་ཞིང་མེ་ཏོག་གཏོར་བ་མཐོང་། ཡུལ་ལྷ་མང་པོས་གཟུགས་མེད་པའི་སྒྲ་སྐད་ཀྱིས། བཀའ་དྲིན་ཆེ་ཟེར་བ་དང་། ཁ་སང་གི་མགུར་དེ་འདྲ་གསུང་དང་ཟེར་བའི་སྒྲ་སྐད་ཡང་ཐོས་པས་རས་པ་རྣམས་ཀྱིས་འདི་རྣམས་ཐམས་ཅད་ཀྱི་རྒྱུ་རྐྱེན་ཅི་ལགས། ཡང་ཡང་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བླ་མའི་བྱིན་རླབས་ལུས་ལ་ཞུགས། །ལུས་སྒྱུ་འཕྲུལ་འགྲུབ་པ་སྤྲུལ་པའི་སྐུ། །བླ་མའི་བྱིན་རླབས་ངག་ལ་ཞུགས། །ངག་གླུ་དབྱངས་ལེན་པས་གདམས་ངག་སྟོན། །བླ་མའི་བྱིན་རླབས་སེམས་ལ་ཞུགས། །སེམས་རྟོགས་པ་ཐོབ་པས་སངས་རྒྱས་འགྲུབ། །ང་མེས་མི་འཚིག་ལ་ཆུས་མི་འཁྱེར། །སྤྱོད་པ་གླང་ཆེན་འགྲོས་ཀྱི་གར། །དག་པའི་འགྲོ་བ་ཐམས་ཅད་ལ། །ཐ་དད་ཀྱི་སྣང་བ་སོ་སོ་ལ། །ང་ཡི་སྐུ་མཐོང་གསུང་ཐོས་ཤིང་། །བསོད་ནམས་བསགས་པས་ང་མཐོང་གྲོལ། །མ་དག་འགྲོ་བ་ལས་ངན་ལ། །ང་ཡི་ལུས་ཀྱང་མ་མཐོང་ཞིང་། །སྡིག་པས་སྡུག་བསྔལ་སྤྱོད་པ་ལ། །སངས་རྒྱས་མཐུ་ཡིས་མ་ཕན་པ། །དེ་ལ་ཡི་མུག་ངུ་བྲོ་སྐྱེས། །ཁྱེད་རྣམས་ཆོས་ལ་འབུངས་ཤིག་ཨང་། །ངས་ནི་བཤད་ཚུལ་ཐུག་པ་མེད། །ཨ་ཙ་མ་སྡིག་པ་ཅན་རྣམས་སྙིང་རེ་རྗེ། །ལོག་སྤྱོད་ཅན་རྣམས་ཐར་མཐའ་མི་གདའ་ན། །སྡུག་བསྔལ་མཐོང་བས་སྙིང་རླུང་ལང་། །ངེད་རང་ཚོ་སྒོམ་ཡུན་སྲིང་ཞིག་ཨང་། །ཚེ་འདིར་ཅི་བྱེད་མི་བསམ་པར། །ཕྱི་མ་ཅི་འོང་བསམ་པར་གྱིས། །
ཞེས་གསུངས་པས། རས་ཆུང་བ་དང་རས་པ་རྣམས་ཀྱིས། དེའི་རྒྱུ་རྐྱེན་ཅི་ལགས། སྤྲུལ་པའི་རྣམ་པས་འགྲོ་བ་ཐམས་ཅད་གཟིགས་ལས་ཆེ། སྡུག་བསྔལ་གང་ཆེ། བདེ་བ་གང་ཆེ། བདེ་སྡུག་གཉིས་ལ་ཅི་ལྟ་བུས་བསྒྱུར་བར་གདའ་ལགས། རིགས་དྲུག་གི་སེམས་ཅན་ལ་ཚད་ཟིན་པར་ཨེ་འདུག་ཞུས་པས། རིགས་དྲུག་ལ་ཚད་གར་ཟིན་གསུང་ནས་གསུང་འབྱོན་དུ་མ་ཉན་པ་ལ། རས་ཆུང་བས་ངེད་རྣམས་སྐལ་བ་བཟང་བའི་བླ་མ་དང་འབྲེལ་པས་ཐུགས་རྗེས་གཟིགས་པར་ཞུ་ཞུས་པས། འོ་ན་མཎྜལ་ཕུལ་ཞིག་གསུང་བས། མཎྜལ་མང་དུ་ཕུལ། ཕྱག་མང་དུ་འཚལ་བས། ད་སྡོད་ལ་ང་ཡི་མགུར་ལ་ཉོན་གསུང་སྟེ། དང་པོ་ལྷ་ཡི་རྒྱུ་འབྲས་མགུར་དུ་གསུང་པ་ནི།
བཀའ་དྲིན་བླ་མ་རྗེ་ལ་གསོལ་བ་འདེབས། །བྱིན་རླབས་སེམས་ཅན་ཡོངས་ལ་ཁྱབ་པར་ཤོག །འཇིག་རྟེན་ལྷ་ཡི་བདེ་བ་ཡང་། །གཡེར་ནི་ལྷ་བཞིན་ཆེ་ཞིང་འདུག །སྐད་ནི་གཡུ་འབྲུག་ཆེར་གྲགས་ཀྱང་། །དེ་ལ་སྙིང་པོ་མི་འདུག་སྟེ། །གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། །བཟང་ངན་ཡིད་ལ་མི་དྲན་ཅིང་། །འདུ་ཤེས་རྨུགས་པས་ཚོར་བ་མེད། །དེང་སང་དབང་པོ་བརྒྱལ་བ་བཞིན། །བསྐལ་པ་མང་པོར་བགྲང་བརྩིས་ཀྱང་། །སྐད་ཅིག་ཙམ་ཞིག་མ་གཏོགས་པ། །དེ་ལ་སྙིང་པོ་ཡེ་མ་མཆིས། །ལྟུང་དུས་བསམ་ངན་སྐྱེས་ནས་ལྟུང་། །དེ་ཡི་རྒྱུ་རྐྱེན་གནས་ལུགས་ནི། །སྟོང་ལྟ་ཁ་ལྟ་སྐམ་པོས་བྱུང་། །གཟུགས་ཁམས་གནས་རིས་བཅུ་བདུན་ཡང་། །གཙང་མ་རིས་ལྔ་རང་སོ་སྟེ། །འོག་མ་བཅུ་གཉིས་ལྟུང་བ་ཡང་། །རྒྱུ་འབྲས་བསོད་ནམས་མ་ཟད་བར། །དེ་ཡི་བདེ་བ་སྤྱོད་བྱེད་ཅིང་། །ཉོན་མོངས་ཚོར་བ་མྱོང་བ་བཞིན། །ལོ་གྲངས་བསྐལ་གྲངས་མང་བརྩིས་ཀྱང་། །བདེ་བ་འཁྲིག་ཞེན་ཡུལ་མི་ཚོར། །ཡིད་མེད་བསམ་ངན་སྐྱེས་ཤིང་ལྟུང་། །ལྟུང་བའི་རྟགས་དང་རང་སྒྲ་ནི། །ལྟུང་ཁར་སེམས་ལ་སྡུག་བསྔལ་ཆེ། །ཆོས་ལ་བདེན་པ་མེད་བསམ་པས། །ཐར་མེད་གནས་སུ་སྡུག་བསྔལ་སྤྱོད། །དེ་འདྲ་མཐོང་ཙ་སྙིང་རླུང་ལང་། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཀྱང་། །སུམ་ཅུ་རྩ་གསུམ་དང་པོ་སྟེ། །འོག་མ་ཐམས་ཅད་གོང་བཞིན་ལྟུང་། །དེའི་རྒྱུ་རྐྱེན་རྣམ་སྨིན་ཡང་། །ཕྱོགས་ཆ་ཅན་གྱི་དགེ་བ་དང་། །ཞེན་འཛིན་ཅན་གྱི་སྒོམ་ཆེན་དང་། །ཆོས་བརྒྱད་བསྒྲིགས་པའི་ཆོས་སྤྱོད་རྣམས། །ཁས་ཡགས་ཡགས་སྨྲས་ཀྱང་སེམས་མ་དག །ས་བོན་གཞིའི་བག་ཆགས་ལུས་པ་དེ། །ཡུན་དུ་སོང་ཙ་བསམ་ངན་སྐྱེ། །བསམ་ངན་སྐྱེས་དུས་བསོད་ནམས་འཛད། །བསོད་ནམས་ཟད་པས་མྱུར་དུ་ལྟུང་། །ལྟུང་བྱེད་ལྷ་ཡི་སྡུག་བསྔལ་ཡང་། །ཞིབ་ཏུ་བཤད་ན་སྣང་བ་འཁྲུགས། །དེ་གོ་བར་མཛོད་ལ་སྒོམ་ཡུན་བསྲིང་། །
ཞེས་གསུངས་པས། རས་ཆུང་བ་ཡང་སྣང་བ་སྐྱོ་ཕྱོད་དེ་སོང་ནས། བླ་མ་ལགས། ལྷ་མ་ཡིན་ལ་སྡུག་བསྔལ་ཅི་ལྟར་འདུག་ཞུས་པས། ཡང་མགུར་འདི་གསུངས་སོ། །
བླ་མ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །བྱང་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལྷ་མིན་སྡུག་བསྔལ་མི་ཆེ་རྒྱུས། །སྡིག་སེམས་འཁྲུགས་པས་རང་གཞན་བརླག །སེམས་ཉིད་འཁྲུགས་པས་རང་མགོ་འཁོར། །ཚོར་བ་ངན་པས་འདུ་ཤེས་རག །གང་སྣང་དགྲ་རུ་ལེན་པ་ལ། །བདེ་བ་སྐད་ཅིག་ཡོད་ཐབས་མེད། །ལས་ངན་རང་སྲོག་མི་འཕངས་པར། །གཞན་ལ་ཕན་སེམས་སྐྱེ་བ་དཀའ། །རྩོད་པ་ལས་ཀྱི་འཁྲུགས་པ་ལ། །ད་དུང་ཁ་ལ་མི་ཉན་འདྲ། །དེ་ཡི་རྒྱུ་རྐྱེན་བཤད་ནའང་། །རང་བདེ་གཞན་སྡུག་འདོད་པ་དང་། །གཉེན་ལ་བྱམས་ཤིང་དགྲ་ལ་སྡང་། །ང་རྒྱལ་རང་མཐོང་སྤྱོད་པ་རྣམས། །ལས་ཀྱི་དབང་གིས་ལོག་པར་སྐྱེ། །ལུས་ངན་བླང་བས་སྡིག་ལ་དགའ། །རྣམ་སྨིན་ངན་པས་འགྲོ་ལ་སྡང་། །ཡིན་པ་མིན་ཏེ་བྱ་ཐབས་དཀའ། །ཁྱེད་འདིར་ཚོགས་སྒོམ་ཡུན་ཤི་དང་སྙོམས། །
ཞེས་གསུང་པས། ཡང་རས་ཆུང་བས། བླ་མ་ལགས། ལས་རྒྱུ་འབྲས་ཕྲའུ་རེ་ལ་དུག་སོང་ན། ངེད་རང་མི་ཚོ་ཡང་ཐར་བར་དཀའ། ཚིག་རེའི་གོང་འོག་དང་ཡགས་ཉེས་དུམ་པ་རེ་མི་འོང་མི་སྲིད་པར་འདུག་པས་ཅུག་བྱེད་ཞུས་པས། མགུར་འདི་གསུངས་སོ། །
རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །ལྷོ་བྲག་མར་པའི་ཞབས་ལ་འདུད། །འོ་སྐོལ་འགྲོ་བ་མི་ལུས་ལ། །དགེ་སྡིག་གང་སྤྱད་ནུས་པ་ཆེ། །དེ་ཁམས་དྲུག་ཚང་བའི་རང་ནུས་ཡིན། །ཁྱེད་མཁས་པར་ཤེས་ཟེར་རས་ཆུང་བ། །འགག་དང་གནད་མིག་མི་ཤེས་ན། །མང་པོ་ཤེས་ཟེར་འཆལ་པ་ཡིན། །སེམས་ཀྱི་རྩ་བ་མ་རྟོགས་ན། །ལོ་མང་བསྒོམ་ཟེར་རྫུན་མ་ཡིན། །ཞིང་དང་བསམ་པ་མ་འབྲེལ་ན། །རྒྱུ་མང་པོ་བཏང་ཡང་ཆུད་ཟོས་ཡིན། །ཕྱོགས་མེད་ཀུན་ལ་མ་ཕན་ན། །གྲོགས་གང་བཟང་མཆོད་པ་ཁ་ལེན་ཡིན། །གང་ལ་གང་འགྲོ་མི་ཤེས་པའི། །གླེན་པས་དྲང་གཏམ་སྨྲ་བ་ལྟུང་གཞི་ཡིན། །གང་ལ་གང་ཕན་ཤེས་པ་ན། །མཁས་པས་རྫུན་དུ་སྨྲ་བ་དགེ་བ་ཡིན། །ང་ལ་རྒྱུ་མེད་ཟེར་བ་ན། །རྨོངས་པས་རྨོངས་གཏམ་ཡོངས་ལ་གནོད། །དགེ་བ་སེམས་ལ་ཤར་བ་ན། །ས་རྡོ་རྩི་ཤིང་དགེ་བའི་རྒྱུ། །ལར་བསམ་ཤེས་པ་ལ་མི་བས་ལོད་པ་མེད། །ཟ་འདོད་པ་ལ་ཁྱི་བས་ལྟོགས་པ་མེད། །ཁྲེལ་མེད་པ་ལ་དཔོན་བས་འཇིགས་པ་མེད། །ཕྱུག་པོ་ཐམས་ཅད་ཕྱུག་སྡུག་ཡིན། །དབུལ་པོ་ཚོལ་བས་དབུལ་སྡུག་ཡིན། །ཡོད་མེད་གཉིས་ཀ་སྡུག་བསྔལ་ཡིན། །བུ་ཆོས་ཅིག་ནུས་ན་སྐྱིད་དང་མཇལ་ནས་འོང་། །དེ་གོ་བར་མཛོད་ལ་ཡུན་དུ་བསྒོམ། །
ཞེས་གསུངས་པས། ཡང་རས་ཆུང་བས། མིའི་རྒྱུ་མཚན་ཡང་གསུང་རེ་རེས་གོ་ཞིང་འདུག །མར་ངན་སོང་གི་གནས་འདི་རྣམས་རྒྱུ་རྐྱེན་ཅི་ལགས་ཞུས་པས་ཡང་མགུར་འདི་གསུངས་སོ། །
སྐྱབས་བླ་མ་རྣམས་ལ་གསོལ་བ་འདེབས། །ངན་འགྲོའི་འཇིགས་པ་སེལ་བར་བྱིན་གྱིས་རློབས། །ཤ་ཁྲག་ཟས་སུ་ཟ་བྱེད་ཅིང་། །གསོད་གཅོད་ལས་སུ་སོང་བ་རྣམས། །ཚ་དམྱལ་བརྒྱད་དུ་བསྲེགས་པར་འདུག །དེ་ཡང་དགེ་བ་མ་བརྗེད་ན། །ཐར་པའི་དུས་ནི་བསྟན་པ་ཡིན། །ཟས་སུ་མི་ཟས་ཟ་བྱེད་ཅིང་། །རང་ཟས་ལྷག་མར་འཛིན་སེམས་པ། །བཅོམ་ཞིང་ཕྲོག་འཕྲོག་བརྒྱབ་པ་རྣམས། །གྲང་དམྱལ་བརྒྱད་དུ་སྐྱེ་བར་འདུག །ཆོས་ལ་ལོག་ལྟ་མ་སྐྱེས་ན། །ཐར་པའི་གནས་སྐབས་བཤད་པ་ཡིན། །བཀའ་ལ་ལོག་པ་འགྲེལ་བྱེད་ཅིང་། །སྐུར་པ་ངན་པ་འདེབས་པ་དང་། །ཞལ་ལྕེ་ལོག་ཁྲིམས་གཅོད་པ་ན། །རོ་མྱགས་འདམ་དང་མེ་འོབས་ནང་། །རལ་གྲི་ལོ་མས་གཅོད་པར་འདུག །ཁས་བླངས་ཚུལ་ཁྲིམས་ཉམས་པ་རྣམས། །དམ་ཚིག་ཆད་པ་ཕོག་པ་ན། །ཤལ་མ་རི་དང་མེ་འོབས་ནང་། །ནགས་རི་ཅན་དང་ཆུ་ཚན་དང་། །བསྲེག་ཅིང་སྡུག་བསྔལ་སྤྱོད་པར་འདུག །དཀོན་མཆོག་ཡིད་ལ་དྲན་སྲིད་ན། །ནམ་དྲན་དུས་ནས་ཐར་དུས་བསྟན། །ལས་ངན་ཡང་ཡང་སྤྱད་སྤྱད་པས། །སྡིག་སེམས་ལོག་པའི་ལས་དབང་གིས། །རང་ཉིད་བདེ་བ་འདོད་པའི་ཕྱིར། །ཕ་མ་སློབ་དཔོན་གསོད་བྱེད་ཅིང་། །དཀོན་མཆོག་དཀོར་ནོར་ཕྲོག་པར་བྱེད། །སྐུར་པ་ལོག་པའི་ཚིག་ལྕེ་སྨྲ། །ཆོས་ལ་བདེན་པ་མེད་ཟེར་བས། །མནར་མེད་དམྱལ་བར་སྲེག་པར་བྱེད། །འདི་ལ་ཐར་པ་མེད་པར་གསུངས། །བུ་བསམ་ཞིང་སྙིང་རླུང་ལྡང་བར་ཡོད། །བློ་ཆོས་ལ་གཏོད་ལ་འབུངས་ལ་སྒོམས། །
ཞེས་གསུངས་པས། རས་ཆུང་བ་དང་། དེར་བཞུགས་པ་རྣམས་བ་སྤུ་ཚ་ཟིང་ངེ་སོང་སྟེ། དེ་འདྲ་གསུང་པ་ལ་འཇིགས་ཤིང་འདུག་པས་དེར་སྐྱེས་པའི་སེམས་ཅན་རྣམས་ཅི་ཙམ་འཇིགས་ན་ཞུས་པས། ཡང་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་འཇིགས་པ་སེལ་བར་ཐུགས་རྗེས་ཟུངས། །ངན་འགྲོས་རང་སྲོག་གཅོད་སྤྲོ་བས། །འཇིགས་ཤིང་བྲོས་པས་ཐར་ཐབས་མེད། །ཡི་དྭགས་སྣང་བ་དགྲར་ལངས་པས། །གང་ལ་འབྲོས་ཤིང་གང་ལ་སྐྱབས། །དུད་འགྲོ་གཅིག་ལ་གཅིག་ཟ་བས། །སུ་ཡི་ལེ་ལན་སུ་ལ་རྩོད། །ཁྱད་པར་ཡི་དྭགས་སྡུག་བསྔལ་ཆེ། །བསམ་ངན་སེར་སྣ་ཅན་གྱིས་ལན། །ཡོད་དུས་དགེ་བ་མི་ཤེས་པའི། །འཇུངས་པས་རང་གིས་ཟ་མི་ཕོད། །མི་ལ་སྟེར་བ་མི་སྲིད་ཅིང་། །ཡང་ཡང་ལྟ་ཞིང་གསོག་པ་ཡི། །བྱི་བ་བཞིན་དུ་ཆོག་ཤེས་མེད། །རང་གིས་སྡུག་གསོག་གཞན་གྱིས་སྤྱོད། །འཆི་དུས་སེར་སྣའི་སྣང་བས་འཆི། །བར་དོར་ཡི་དྭགས་སྣང་བ་སྐྱེ། །སྣང་ལོག་ལས་ཀྱིས་བཀྲེས་སྐོམ་སྤྱོད། །གལ་ཏེ་བདེ་སྤྱོད་མཐོང་སྲིད་ན། །དེ་ལ་སེར་སྣ་སྡུག་སེམས་བསྐྱེད། །དེ་ཡི་ལས་ཀྱི་ཡང་ཡང་ལྟུང་། །དེ་སྙིང་རུས་བྱས་པའི་སྒོམ་ཆེན་གྱིས། །ཡི་དྭགས་གླུ་རུ་བླངས་པ་ཡིན། །འདིར་བཞུགས་རས་པ་བུ་སློབ་རྣམས། །གཏམ་གོ་བར་བྱུང་ན་སྒོམ་ཡུན་བསྲིངས། །
ཞེས་གསུངས་པས། རས་ཆུང་བས་ཞུས་པ། མགུར་མ་དེ་རྣམས་ཕན་པ་གཅིག་བྱུང་། ད་རུང་དུད་འགྲོ་འདི་རྣམས་རྒྱུ་མཚན་གང་གིས་འཁྲུལ་པ་ལགས་ཞུས་པས། ཡང་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ངན་འགྲོའི་འཇིགས་པ་སེལ་བར་ཐུགས་རྗེས་ཟུངས། །དུད་འགྲོ་མི་ཤེས་གཏི་མུག་པས། །བླུན་པོ་གང་ཞིག་དུད་འགྲོ་ལ། །མ་རིག་ལས་ངན་ནུས་པ་ཡིས། །ཆོས་ལ་བདེན་པར་མ་རྟོགས་ཤིང་། །དགེ་སྡིག་བཟང་ངན་མ་ཕྱེད་པས། །ཕྱམ་ཕྱམ་ལས་ལ་མི་ཚེ་ཟད། །བརྟགས་དང་རྟོག་དཔྱོད་མི་ཤེས་ཤིང་། །ཧ་རེ་ལོང་བཞིན་བླུན་སྤྱོད་མང་། །དགེ་བ་སྡིག་པ་མི་ཤེས་པ། །སྨྱོན་པ་བཞིན་དུ་ཕུང་ཉེས་སྤྱོད། །དབུགས་དབྱུང་དབང་པོ་མ་སྐྱེས་པ། །དེ་ལ་བཟང་པོ་ཡིན་ཞེས་འཁྲུལ། །ལར་མི་ཤེས་སྡིག་པ་གསོད་གཅོད་རྣམས། །གཅན་གཟན་དུད་འགྲོར་སྐྱེ་བར་མཆི། །བཟང་ངན་མེད་པའི་བླུན་པོ་རྣམས། །ཕལ་པའི་དུད་འགྲོར་སྐྱེ་སྟེ་མཆི། །བསམ་པ་རྨོངས་པའི་སྐྱེ་བོ་རྣམས། །ཕྲའུ་དུད་འགྲོར་སྐྱེ་སྟེ་མཆི། །ལར་དུད་འགྲོའི་རྣམ་སྨིན་ལས་རྣམས་ལ། །བཤད་པས་ལངས་ཐབས་མི་གདའ་ན། །མགོ་ཁུག་ལ་རང་སེམས་རྩལ་སྦྱངས་གྱིས། །
ཞེས་གསུངས་པས། དེར་འཚོགས་པའི་བུ་སློབ་ཡོན་བདག་རྣམས་ན་རེ། བླ་མས་ཆོས་ཅི་གསུང་གསུང་ལ་མགུར་དང་གླུ་རང་མཛད་པ་ཅི་ལགས་ཞུས་པས། བླ་མའི་ཞལ་ནས། ང་རི་ཁྲོད་ན་ལྷ་འདྲེ་དང་འགྲོགས་ཡུན་རིང་བས་གླུ་ལ་ཁོང་ཅག་ལྷ་འདྲེ་ཡང་དགའ། ང་རང་ཡང་གླུ་རང་ལེན་སྙིང་འདོད་ཅེས་གསུངས་པས། གླུ་རང་ལེན་སྙིང་འདོད་པ་ཅི་ལགས་གསུང་བར་ཞུ་ཞུས། ཡང་མགུར་འདི་གསུངས་སོ། །
རྗེ་བླ་མའི་སྐུ་དྲིན་ཡང་ཡང་དྲན། །སྣང་དགའ་གླུ་ཡི་དྲིན་ལན་མཇལ། །སྤང་སེར་པོ་རི་ཡི་ལོགས་ཤེད་ན། །ཤ་རྒྱས་པས་རི་དྭགས་གླུ་དབྱངས་ལེན། །དབྱར་མེ་ཏོག་སེར་པོའི་ཟེའུ་འབྲུ་ལ། །རྩི་རྒྱས་པས་བུང་བས་གླུ་དབྱངས་ལེན། །དགུང་སྔོན་པོ་འབྱུང་བ་སྙོམས་པ་ལ། །དྲོད་ཤར་བས་གཡུ་འབྲུག་གླུ་དབྱངས་ལེན། །རི་གཡའ་སྤང་དག་པའི་གཡུ་ལོ་ལ། །ཁམས་རྒྱས་པས་ན་ཆུང་གླུ་དབྱངས་ལེན། །གྲོང་ཁྱེར་ཕྱུག་པོའི་སྒོ་འགྲམ་ན། །ཟ་འདོད་པ་འཁྱམས་པས་གླུ་དབྱངས་ལེན། །མི་ཤི་བ་རོ་ཡི་མགོ་བོ་ན། །ནོར་འདོད་པ་བན་བོན་གླུ་དབྱངས་ལེན། །རི་ན་བུན་ཅན་གྱི་རི་ཁྲོད་ན། །ཉམས་ཤར་བས་རྣལ་འབྱོར་གླུ་དབྱངས་ལེན། །གླུ་ཁོང་ནས་སྐྱོ་བས་དབྱངས་སུ་ལེན། །ཉམས་རིག་པ་དྭངས་པས་སེམས་ཉིད་བདེ། །ཆོས་སྙིང་ནས་བརྣག་པས་ཅི་བསམ་འགྲུབ། །བློ་གང་བྱུང་ལྡན་པས་སྐྱིད་པར་བྱུང་། །
ཞེས་གསུང་སྟེ་དེར་བཞུགས་པའི་རས་པ་རྣམས་ལ་ངེས་ཤེས་དང་། སྐྱོ་ཤས་དང་། ཞེན་ལོག་དང་། སྙིང་རུས་དང་། སྡུག་བསྲན་དང་། དད་པ་དང་། སྙིང་རྗེ་དང་། བརྩོན་འགྲུས་ལ་སོགས་ལ་བརྩོན་པས་ངོ་མཚར་བའི་རྟོགས་པ་རྣམས་རྒྱུད་ལ་སྐྱེས་སོ། །དེ་ཐམས་ཅད་སྒྱུ་འཕྲུལ་རིག་པའི་སྐོར་རོ།། །།
དེ་ནས་རྗེ་བཙུན་ཆེན་པོ་ལ་ཕྱིའི་གངས་ལ་བསྒོམ་ཤིང་བཞུགས་ཡོད་པའི་དུས་སུ། རྗེ་དམ་ལ་རྒྱ་གར་ནས་བྱོན་པ་ཐོས་པས། རྗེ་བཙུན་གྱི་ཐུགས་དགོངས་ལ། དམ་པ་རྒྱ་གར་བ་དེ་རྒྱ་གར་གྱི་པཎྜིཏ་གྲུབ་ཐོབ་གྲགས་པ་ཆེ་བར་འདུག་པ་དེ་ལྟ་བུ་ཡིན་ཀྱང་། ང་རང་ལ་ན་རོ་མཱཻ་ཏྲིའི་གདམས་ངག་སྤྱི་མཐུན་མ་ཡིན་པ་ཡོད་པས། གདམས་ངག་རྒྱ་གར་ཐམས་ཅད་བསྐོར་ཡང་འདི་ལས་ལྷག་པ་མི་རྙེད། ཆོས་ཞུ་རྒྱུ་ནི་མེད། འོན་ཀྱང་མོས་གུས་གཅིག་བྱ་དགོས་སྙམ་ནས་ཕར་བྱོན། ཕ་དམ་པ་ཤིང་ནྱ་གྲོ་ཏའི་བསིལ་གྲིབ་ཏུ་བཞུགས་པ་ལ། ག་རེ་བོད་ལ་གྲུབ་ཐོབ་མི་ལ་རས་པ་བྱ་བ་ཡོད་ཟེར་བ་ལ། ཁོང་དུ་ཆུད་པའི་གདེང་ཅི་ཡོད་ཉམས་ཚད་དགོས་དགོངས་ནས་ཚུར་བྱོན་པ་དང་། དིང་རི་མཁན་པ་ཁྲོད་དུ་མཇལ་བ་ལ། རྗེ་བཙུན་གྱིས་སྨྱོ་བརྫུ་མཛད་པས། དམ་པས་བྲིན་པའི་གླུ་མཁན་སྨྱོས་མ་གསུང་བས། རྗེ་བཙུན་གྱིས་ལན་དུ་མགུར་འདི་གསུངས་སོ། །
བརྒྱུད་པ་རྡོ་རྗེ་འཆང་ཆེན་སྨྱོ། །ཕ་སྨྱོ་བུ་སྨྱོ་མེས་པོ་སྨྱོ། །ཡང་མེས་ཏེ་ལོ་ཤེས་རབ་སྨྱོ། །ཆོས་ཕྱག་རྒྱ་ཆེན་པོའི་གདོན་གྱིས་བརླམས། །མེས་པོ་ན་རོ་པཎ་ཆེན་སྨྱོ། །རིག་པ་བརྟུལ་ཞུགས་གདོན་གྱིས་བརླམས། །ཕ་རྒན་མར་པ་ལོཙྪ་སྨྱོ། །ཆོས་རྒྱུད་སྡེ་བཞི་ཡི་དོན་གྱིས་བརླམས། །ང་རང་མི་ལ་རས་པ་སྨྱོ། །ཆོས་རླུང་སེམས་གཉིས་ཀྱི་དོན་གྱིས་བརླམས། །ལྷུན་གྲུབ་འགྱུར་མེད་ཀྱི་ལྟ་བ་སྨྱོ། །སྟོང་གསལ་འཛིན་མེད་ཀྱི་སྒོམ་པ་སྨྱོ། །ཤུགས་འབྱུང་འགག་མེད་ཀྱི་སྤྱོད་པ་སྨྱོ། །རང་སེམས་ཟག་མེད་ཀྱི་དམ་ཚིག་སྨྱོ། །སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ་སྨྱོ། །གདམས་ངག་ན་རོའི་ཆོས་དྲུག་སྨྱོ། །
ཅེས་གསུང་པས་སྨྱོ་ལུགས་དགའ་མོ་ཡིན། གདོན་ལུགས་ཤོད་གསུང་པས། ཡང་མགུར་འདི་གསུངས་སོ། །
ང་སྨྱོ་བས་མི་ཆོག་འདྲེ་གཅིག་གདོན། །ཕོ་གདོན་བླ་མའི་གདམས་ངག་གདོན། །མོ་གདོན་མཁའ་འགྲོའི་བྱིན་རླབས་གདོན། །བདུད་དུ་ལྷག་མཐོང་ཡེ་ཤེས་གནས། །བློ་བདེ་བའི་འགོང་པོ་སྙིང་ལ་ཞུགས། །རྟོགས་པའི་འདྲེ་མོ་རྒྱུན་པར་གནས། །རྒྱབ་རྟེན་དཀོན་མཆོག་གསུམ་གྱིས་བྱས། །
ཞེས་གསུང་པས། གདོན་ཞུགས་དགའ་མོ་ཡིན། ན་ལུགས་ཤོད་གསུང་པས། ཡང་མགུར་འདི་གསུངས་སོ། །
གདོན་གྱིས་མི་ཆོག་ན་ཡང་ན། །ང་སྟོད་དུ་ཕྱག་ཆེན་གྱི་ཚད་པས་ན། །སྨད་དུ་ཆོས་ཉིད་ཀྱི་གྲང་བས་ན། །རྒྱབ་ན་ཡེ་ཤེས་རླུང་དམར་འབུད། །ཆོས་ཉིད་བདེ་ཆེན་གྱིས་བྱང་ཁོག་རྒྱས། །སྙིང་ལ་དམ་ཆོས་ཆུ་རྒྱུན་འབྲུབ། །སེམས་ལ་འོད་གསལ་རྒྱུན་པར་ཤར། །ལུས་ལ་གཏུམ་མོ་མེ་ལྟར་འབར། །ཁ་ནས་གདམས་ངག་ཁྲག་ལྟར་སྐྱུག །སྙིང་རླུང་བྱམས་དང་སྙིང་རྗེ་ཞུགས། །ནད་འཚོ་བར་དཀའ་བའི་རྟོགས་པ་ཞུགས། །
ཞེས་གསུང་པས། ན་ལུགས་དགའ་མོ་ཡིན། འཆི་ལུགས་ཤོད་གསུང་པས། ཡང་མགུར་འདི་གསུངས་སོ། །
ད་ན་ཡང་མི་ཆོག་འཆི་ཡང་འཆི། །དོན་དམ་གྱི་ངང་དུ་ཀུན་རྫོབ་འཆི། །ཆོས་སྐུའི་ངང་དུ་རྣམ་རྟོག་འཆི། །མྱང་འདས་ཀྱི་ངང་དུ་འཁོར་བ་འཆི། །ལྟ་བའི་ངང་དུ་ཕྱོགས་རིས་འཆི། །སྒོམ་པའི་ངང་དུ་བྱིང་རྒོད་འཆི། །སྤྱོད་པའི་ངང་དུ་ཚུལ་འཆོས་འཆི། །འབྲས་བུའི་ངང་དུ་རེ་དྭོགས་འཆི། །ལྷག་མཐོང་གི་ངང་དུ་ཞི་གནས་འཆི། །མཉམ་གཞག་གི་ངང་དུ་རྗེས་ཐོབ་འཆི། །སྐུ་གསུམ་གྱི་ངང་དུ་རྣལ་འབྱོར་འཆི། །
