| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (30)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
རྗེ་བླ་མའི་དྲུང་དུ་བཞུགས་དུས་སུ། །སྙིང་རུས་མཐུ་སྟོབས་རིན་པོ་ཆེ། །གྲུབ་ཐོབ་མང་པོའི་གྲོགས་དང་འཕྲད། །གདམས་ངག་གནད་ཀྱི་ལྡེ་མིག་ལོན། །རྗེ་འགྲོ་བའི་དོན་ལ་བརྩེ་བ་ཅན། །སེམས་ཅན་ཡོངས་ལ་ཐུགས་རྗེས་ཟུང་། །རྗེ་གཅིག་པུ་རི་ལ་བཞུགས་ཙ་ན། །སྡུག་སྒུར་སྐྱིད་ཀྱི་ཐ་མ་འཁོར། །རྫུ་འཕྲུལ་ཏིང་ངེ་འཛིན་ནུས་པ་ཆེ། །སྐལ་ལྡན་བུ་ལ་བརྩེ་བ་ཅན། །མཐོང་ཐོས་རྣམས་ལ་ཐུགས་རྗེས་ཟུང་། །རྗེ་བུ་སློབ་ནང་དུ་བཞུགས་ཙ་ན། །ཉེ་རིང་མེད་པའི་རིན་པོ་ཆེ། །མངོན་ཤེས་རིག་པའི་ཡེ་ཤེས་རྒྱས། །འགྲོ་བའི་དོན་ལ་བརྩེ་བ་ཅན། །སྐལ་ལྡན་བུ་ལ་ཐུགས་རྗེས་ཟུང་། །རྗེ་མང་པོའི་ཁྲོམ་དུ་བཞུགས་ཙ་ན། །བྱམས་སེམས་རྒྱལ་བའི་རིན་པོ་ཆེ། །འབྲེལ་ཚད་ཐར་པའི་ལམ་ལ་འདྲེན། །སྡུག་བསྔལ་ལྡན་ལ་བརྩེ་བ་ཅན། །ནུས་པ་མེད་ལ་ཐུགས་རྗེས་ཟུང་། །རྗེ་སྒྱུ་མའི་སྐུ་ལུས་དོར་བའི་དུས། །མཁའ་སྤྱོད་གྲུབ་པའི་རིན་པོ་ཆེ། །སྣང་སྲིད་ཆོས་སྐུ་སྒྱུར་མཛད་ཅིང་། །མཁའ་འགྲོ་ཡོངས་ཀྱིས་བརྩེ་བ་ཅན། །འདིར་བཞུགས་བུ་ལ་ཐུགས་རྗེས་ཟུང་། །
ཞེས་ངུ་ཞིང་བླང་བས་ཐུགས་དེ་ལ་རིང་བསྲེལ་ལྕོག་གའི་སྒོ་ང་ཙམ་ལ་འོད་ཟེར་འཕྲོ་བ་ཅིག །སྤུར་ཁང་ཐོག་ཏུ་འོད་ཡ་ལེ་བྱུང་བས་རས་པ་རྣམས་ཀྱིས་ངའི་ཡིན་ངའི་ཡིན་ཏིར་སེ་བཏང་བས། ཁ་གཉིས་སུ་སོང་ནས་ཡ་བ་གཅིག་ལ་ཤེལ་གྱི་མཆོད་རྟེན་ཁྱུད་གང་ཞིག་ལ། སངས་རྒྱས་སྟོང་རྩ་གཉིས་སྐུ་ཁྲ་ཤིག་གེ་བ་ཅིག་བསྟན་ནས། པདྨ་ཉི་མའི་སྟེང་དུ་རྗེ་བཙུན་སྐུ་ཆུང་ཆུང་སོར་བཅུ་གཉིས་པའི་ཚད་གཅིག་ཏུ་སྤྲུལ་ནས། མཆོད་རྟེན་ལ་སྐུ་རྒྱབ་གཏད་ནས་མགུར་འདི་གསུངས་སོ། །
དད་པ་ཅན་གྱི་ཞི་བ་འོད། །འདིར་འཚོགས་འདུས་པའི་བུ་སློབ་རྣམས། །མི་བདག་གི་མཚན་ལ་བོས་བོས་ནས། །ཐུགས་རྗེས་སྐུ་གསུམ་སྤྲུལ་པའི་རྟེན། །མཐོང་བས་འཁོར་བར་མི་ལྟུང་སྟེ། །དད་པ་བྱས་ན་མངོན་སངས་རྒྱས། །ཆོས་སྐུ་ཐིག་ལེ་ཉག་གཅིག་ལ། །རིང་བསྲེལ་བྱ་མོའི་སྒོ་ང་ཙམ། །འགྲོ་བ་ཡོངས་ཀྱི་རྟེན་ཡིན་པས། །ང་ཡི་ཡིན་བྱས་ན་ཡོངས་ཀྱང་འཇིག །ལར་ཕལ་པའི་ཡུལ་དུ་ག་ལ་སྡོད། །འོན་ཀྱང་གསོལ་བ་བཏབ་གྱུར་ན། །ཐུགས་རྗེ་ཆུང་དུ་མི་འགྲོ་བ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། །ཐུབ་པ་ཆོས་ཀྱི་འཕྲིན་ལས་ཀྱིས། །སྤྲུལ་སྐུ་སྣ་ཚོགས་ཅིར་ཡང་སྟོན། །ཤེལ་གྱི་མཆོད་རྟེན་ཁྱུད་གང་ལ། །སངས་རྒྱས་སྟོང་གི་ཕྲ་བཏབ་སྟེ། །དངོས་སུ་བྱོན་པ་ངོ་མཚར་ཆེ། །མ་ཡེངས་གསོལ་བ་འདེབས་འདེབས་ནས། །ཕྲིན་ལས་ཆུང་དུ་མི་འགྲོ་བ། །ཆོས་སྐྱོང་སྤྱི་ཡི་དམ་ཚིག་ཡིན། །བླ་མ་སྐུ་གསུམ་དབྱེར་མེད་པ། །རྫུ་འཕྲུལ་སྣང་བ་ཅིར་ཡང་སྟོན། །ཆུང་ལ་དོད་པའི་སྐུ་འབྲས་ཅན། །དངོས་སུ་བྱོན་པ་ངོ་མཚར་ཆེ། །མོས་གུས་གདུང་བ་དྲག་པོ་ཡིས། །སྙིང་ནས་གསོལ་བ་འདེབས་འདེབས་ནས། །དངོས་གྲུབ་ཆུང་དུ་མི་འགྲོ་བ། །གྲུབ་ཐོབ་ཡོངས་ཀྱི་དམ་ཚིག་ཡིན། །དམ་ཚིག་དམ་དུ་བསྲུང་བ་ན། །དམ་ཅན་ཡོངས་ཀྱི་དངོས་གྲུབ་སྟེར། །གཅིག་པུ་རི་ཁྲོད་ཟིན་པ་ན། །མ་དང་མཁའ་འགྲོ་ངང་གིས་འཁོར། །ཆོས་ལ་ངོ་ལྐོག་མ་བྱས་ན། །མྱུར་དུ་འགྲུབ་པའི་སྔ་ལྟས་ཡིན། །ནང་དུ་སྐྱིད་འདོད་མི་འདུག་ན། །ཉོན་མོངས་རྩ་བ་བུད་པ་ཡིན། །བདག་དང་དངོས་པོ་མི་གདའ་ན། །འདྲེ་བདུད་བར་ཆད་གསོད་པ་ཡིན། །ཕྱོགས་དང་ཉེ་རིང་མི་འདུག་ན། །ལྟ་བ་ཡོངས་སུ་དག་པ་ཡིན། །འཁོར་འདས་སྟོང་པར་འཆར་ནུས་ན། །སྒོམ་པ་ཡོངས་སུ་དག་པ་ཡིན། །བརྟུལ་ཞུགས་ཁོང་ནས་རྡོལ་བ་ན། །སྤྱོད་པ་ཡོངས་སུ་དག་པ་ཡིན། །བླ་མའི་ལུང་བསྟན་གྲུབ་པ་ན། །དམ་ཚིག་ཡོངས་སུ་དག་པ་ཡིན། །སེམས་ཅན་ཀུན་གྱི་དོན་གྲུབ་ན། །འབྲས་བུ་ཡོངས་སུ་དག་པ་ཡིན། །དཔོན་སློབ་ཐུགས་ཡིད་འདྲེས་པ་ན། །འབྲེལ་བ་གོང་དུ་སོང་བ་ཡིན། །རྟགས་དང་དངོས་གྲུབ་མཐོང་བ་འདི། །སྣང་བ་ཡོངས་སུ་དག་པ་ཡིན། །
ཞེས་གསུངས་ཏེ། ནམ་མཁའི་དབྱིངས་སུ་འཁོར་ལོ་བདེ་མཆོག་དཀྱིལ་འཁོར་ལྷ་རྣམས་ཁྲ་དཔུང་ངེ་འདུག་པའི་ནང་དུ་བླ་མ་ཐིམ་ནས་སོང་། ཤེལ་གྱི་མཆོད་རྟེན་དེ་ནི་མཁའ་འགྲོ་མ་དཀར་མོ་གཅིག་གིས་དར་དཀར་གྱིས་ལྕིབས་ནས་ཁོང་རྣམས་ལ་བསྟན་པས། ཡང་ཞི་བ་འོད་ཀྱིས་འདི་མཁའ་འགྲོ་མས་གདན་འདྲེན་པར་འདུག་བསམ་ནས་གསོལ་འདེབས་ཕུལ་ལོ། །
རྗེ་རང་འོད་སྤྲུལ་པའི་སྐུ་གཟུགས་ཅན། །མི་མངོན་ཆོས་ཀྱི་ཞིང་ཁམས་ཁྱབ། །ལོངས་སྤྱོད་རྫོགས་པའི་རྣལ་འབྱོར་པ། །རྗེ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྗེ་གྲུབ་ཐོབ་རྣམས་དང་མཇལ་དུས་སུ། །རིན་ཆེན་གསེར་གྱི་འབྲུ་དང་འདྲ། །འབྲིམ་ཐང་ཆེ་བའི་རྣལ་འབྱོར་པ། །རྗེ་སྦྱངས་པ་ཅན་ལ་གསོལ་བ་འདེབས། །རྗེ་བླ་མའི་ཞབས་ཏོག་བྱེད་དུས་སུ། །གཡང་དཀར་ལུག་གི་བལ་དང་འདྲ། །ཀུན་ལ་ཕན་པའི་རྣལ་འབྱོར་པ། །རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །རྗེ་འཇིག་རྟེན་གྱི་བྱ་བ་བཏང་དུས་སུ། །དྲང་སྲོང་རིག་པའི་རྒྱལ་པོ་འདྲ། །འགྱུར་བ་མེད་པའི་རྣལ་འབྱོར་པ། །རྗེ་སྙིང་སྟོབས་ཅན་ལ་གསོལ་བ་འདེབས། །རྗེ་བླ་མའི་དྲུང་དུ་བསྒོམ་ཙ་ན། །སྟག་མོས་མི་རོ་ཟ་བ་འདྲ། །ཐེ་ཙོམ་མེད་པའི་རྣལ་འབྱོར་པ། །རྗེ་སྙིང་རུས་ཅན་ལ་གསོལ་བ་འདེབས། །རྗེ་མི་མེད་ལུང་པ་འགྲིམ་ཙ་ན། །ལྕག་གི་རྡོ་བ་སྲུབ་མེད་འདྲ། །སྡུག་བསྲན་ཆེ་བའི་རྣལ་འབྱོར་པ། །རྗེ་བཅོས་མ་མེད་ལ་གསོལ་བ་འདེབས། །རྗེ་རྟགས་དང་ཆོ་འཕྲུལ་བྱུང་ཙ་ན། །གླང་ཆེན་སེང་གེ་དཀར་མོ་འདྲ། །ཉམ་ང་མེད་པའི་རྣལ་འབྱོར་པ། །རྗེ་འཇིགས་པ་མེད་ལ་གསོལ་བ་འདེབས། །རྗེ་ཉམས་དང་དྲོད་རྟགས་སྐྱེས་ཙམ་ན། །བཅོ་ལྔའི་ཟླ་བ་ཉ་རྒྱས་འདྲ། །འཛམ་གླིང་ཁྱབ་པའི་རྣལ་འབྱོར་པ། །རྗེ་ཆེད་འཛིན་མེད་ལ་གསོལ་བ་འདེབས། །རྗེ་སྐལ་ལྡན་སློབ་མ་སྐྱོང་ཙམ་ན། །ཉི་མ་མེ་ཤེལ་ཕྲད་པ་འདྲ། །གྲུབ་ཐོབ་མཛད་པའི་རྣལ་འབྱོར་པ། །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །རྗེ་ཟང་ཟིང་ནོར་དང་ཕྲད་ཙ་ན། །དངུལ་དཀར་མེ་ལོང་མདོག་དང་འདྲ། །དྲི་མ་མི་གནས་རྣལ་འབྱོར་པ། །རྗེ་ཉེས་སྐྱོན་མེད་ལ་གསོལ་བ་འདེབས། །རྗེ་མང་པོའི་འཚོགས་པ་སྐྱོང་ཙ་ན། །འཛམ་གླིང་ཉི་མ་ཤར་བ་འདྲ། །མུན་པ་སེལ་བའི་རྣལ་འབྱོར་པ། །རྗེ་སྙིང་སྟོབས་ཅན་ལ་གསོལ་བ་འདེབས། །རྗེ་འཛམ་གླིང་མི་དང་མཇལ་ཙ་ན། །མ་དང་བུ་གཉིས་འཕྲད་པ་འདྲ། །ཅི་ཕན་སྒྲུབ་པའི་རྣལ་འབྱོར་པ། །རྗེ་བྱམས་པ་ཅན་ལ་གསོལ་བ་འདེབས། །རྗེ་མཁའ་སྤྱོད་གནས་སུ་གཤེགས་ཙ་ན། །དངོས་གྲུབ་གཏེར་གྱི་བུམ་པ་འདྲ། །ཚད་བཟུང་མེད་པའི་རྣལ་འབྱོར་པ། །རྗེ་ངོ་མཚར་ཅན་ལ་གསོལ་བ་འདེབས། །རྗེ་མངོན་ཤེས་ལུང་བསྟན་མཛད་ཙ་ན། །ཁ་དང་ལག་པ་འཕྲད་པ་འདྲ། །འཆུག་པ་མེད་པའི་རྣལ་འབྱོར་པ། །རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །རྗེ་དངོས་གྲུབ་མྱུར་དུ་གནང་ཙ་ན། །ཕ་ཡི་བུ་ལ་ནོར་འཕོག་འདྲ། །འཕངས་པ་མེད་པའི་རྣལ་འབྱོར་པ། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་འདི། །བུ་སློབ་རྣམས་ལ་གནང་བར་ཞུ། །
ཞེས་ཞུས་པས། རྗེ་བཙུན་གྱི་གསུང་ལྷང་ལྷང་བ་གཅིག་མཆོད་རྟེན་དེའི་ནང་དུ་གྲགས་པ་ལ། མཁའ་འགྲོ་མ་དེས་ལོཙྪ་དང་རམ་འདེགས་མཉམ་དུ་མཛད་ནས་མགུར་འདི་གསུངས་སོ། །
འོ་ན་སྐལ་ལྡན་དད་པ་ཅན། །ལྷང་ལྷང་སྐད་ཀྱིས་གསོལ་འདེབས་པ། །ཡ་མཚན་རས་པའི་བུ་སློབ་རྣམས། །ཁྱོད་བླ་མ་མཚན་ལྡན་བསྟེན་པ་དང་། །བསོད་ནམས་ཅན་ལ་བརྟེན་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །སྟོང་ཉིད་སེམས་ལ་ཤར་བ་དང་། །མི་རྟོག་བློ་ཡི་སྟོང་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །སྒོམ་གཉུག་མ་རང་ས་ཟིན་པ་དང་། །ཞི་གནས་ཀྱི་རྩི་ལ་འབྱངས་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །རང་བྱུང་ལྷུག་པ་རང་ཤར་དང་། །འཐད་འཐད་མང་བའི་དྲན་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །སེམས་ཉིད་དྲི་མ་མེད་པ་དང་། །བསམ་པ་བཟང་པོའི་ཕན་འདོད་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །དངོས་གྲུབ་རྟེན་འབྲེལ་ཤར་བ་དང་། །ཟང་ཟིང་མང་པོའི་བསོད་ནམས་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །མ་དང་མཁའ་འགྲོའི་ལུང་བསྟན་དང་། །ས་བླ་འབྱུང་པོའི་ལྷ་འབོད་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །ཆོས་སྐུ་དྲི་མེད་གོང་བུ་དང་། །མཚན་མ་རྫས་ཀྱི་རིང་བསྲེལ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །སྤྲུལ་པའི་དབྱིངས་ཀྱི་མེ་ཏོག་དང་། །འོད་གསལ་ལྷ་ཡི་མེ་ཏོག་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །སྤྲུལ་པ་སྐུ་ཡི་མཆོད་རྟེན་དང་། །སྔོན་ལས་སྐྱེས་པའི་ལྷན་སྐྱེས་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །སྣང་སྲིད་འཇའ་འོད་གུར་ཁང་དང་། །འབྱུང་བ་རྐྱེན་གྱི་འཇའ་འོད་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །སྔོན་གྱི་ལས་འཕྲོས་དེད་པ་དང་། །ཚེ་འདིའི་ལྟོ་གོས་དེད་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །དད་པ་སྙིང་ནས་སྐྱེས་པ་དང་། །ངོ་ཚ་ཁྲེལ་ལ་བསམ་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །སྙིང་ནས་སྒྲུབ་ལ་བསམ་པ་དང་། །བླ་མའི་ངོ་སྲུང་བྱེད་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །དད་པས་འཚོ་བ་འདྲེན་པ་དང་། །དད་པས་སྲུང་བ་རེ་བ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །བསོད་ནམས་ལག་ཏུ་ལེན་པ་དང་། །ཁ་དོན་རླུང་ལ་ཕྱར་བ་གཉིས། །འདྲ་འདྲ་འདྲ་ལ་ནོར་དྭོགས་མཛོད། །མ་དང་མཁའ་འགྲོའི་མཆོད་རྟེན་འདི། །དུས་གསུམ་སངས་རྒྱས་ཞིང་ཁམས་ཡིན། །དཔའ་བོ་དཔའ་མོའི་ཚོགས་ཁང་ཡིན། །བླ་མ་རྗེ་བཙུན་སྒོམ་ཁང་ཡིན། །ད་ནི་ཤར་ཕྱོགས་ཞིང་ཁམས་སུ། །མཁའ་འགྲོ་མང་པོ་འདུས་པའི་ནང་། །མངོན་དགའ་དག་པའི་ཞིང་དེ་ན། །བཅོམ་ལྡན་སངས་རྒྱས་བདེ་མཆོག་དང་། །སྤྱན་རས་གཟིགས་མགོན་སྒྲོལ་མ་དང་། །ཀུན་བཟང་བདེ་བའི་ཞིང་དེ་ན། །མཁའ་འགྲོ་མང་པོའི་སུན་མ་ཡོད། །ཁྱོད་དད་པས་སྙིང་ནས་གསོལ་གདབ་པ། །ཁ་ཞེ་མེད་པའི་མཆོད་པ་ཕུལ། །བཅོས་མ་མེད་པའི་ཕྱག་རྟེན་ལེགས། །ཤེས་རབ་རྣལ་འབྱོར་མེ་ཏོག་འཐོར། །བྱང་ཆུབ་སེམས་ཀྱི་བུམ་ཁྲུས་བྱས། །དད་པ་འགྱུར་མེད་སྲུང་བ་བཟང་། །ཡེ་ཤེས་གཉིས་མེད་དབང་ཞུ་ན། །ཁྱོད་མགོ་བོ་འདི་ཡི་འོག་ཏུ་ཆུག །
ཅེས་གསུངས་ཏེ་མཁའ་འགྲོ་མ་དེས་བར་སྣང་དུ་ཁྱེར་ནས་འོང་ནས། རས་པ་བུ་ཆེན་ཚོའི་མགོ་ལ་རེག་ཙམ་རེ་བྱས་ནས་ནམ་མཁའ་ལ་གདན་དྲངས་ནས་སོང་ངོ་། །དེར་མཁའ་འགྲོ་མ་དེ་རྣམས་དབྱངས་ཙེ་རེ་རེ་ཚོར་མི་ཚོར་མིན་པ་ཅིག་ཀྱང་མ་མཐོང་། འཇའ་ཚོན་ཡང་མདངས་ཆུང་དུ་སོང་བ་མིན་པ། གཞན་གྱི་རྟགས་རྣམས་ད་རུང་མ་འགྱུར་རོ། །གདུང་བཞུ་བའི་རྣམ་པ་གཅིག་བྱས་ཀྱང་། གདུང་རུས་དང་གདུང་ལ་ཤ་ཁྲག་གི་གསུར་གཞོབ་མེད་པར་འཇའ་འོད་དུ་ཡལ་ནས་སོང་བས་གདུང་ཐལ་ཡང་མ་རྙེད་དོ། །
ཡང་བར་སྣང་དུ་མཁའ་འགྲོ་མའི་མཆོད་རྫས་དེ་རྣམས་ལོ་མ་འཁོར་བར་དུ་བསྡད། དབྱར་ལོ་གསུམ། ལོ་ཡགས་ལོ་བརྒྱད། ནད་ཡམས་མེད་པར་མི་རབས་གསུམ། འཁྲུག་པ་མེད་པ་མི་རབས་བདུན། དེ་ལ་སོགས་པའི་ལྟས་ཡི་གེར་བྲིར་མ་ལང་ངོ་། །དེ་ནས་སྤུར་བཞུས་ས་དེར་བུམ་པ་ཆུང་ཆུང་གཅིག་བྱས་སོ། །
སློབ་མ་ཡོན་བདག་དེར་འཚོགས་པས། བུར་དཀར་དེ་གྲི་གུ་དེས་ཁ་གཉིས་བྱས་པས་ཆུང་དུ་མ་སོང་བར་འདྲ་འདྲ་གཉིས། བཞི་བྱས་པས་འདྲ་འདྲ་བརྒྱད། བརྒྱད་བྱས་པས་བཅུ་དྲུག །བཅུ་དྲུག་བྱས་པས་སུམ་ཅུ་སོ་གཉིས། དེ་བཞིན་དུ་ཟད་རྒྱུ་མ་བྱུང་ངོ་། །རས་ལ་ཡང་ཁ་གང་གཤགས་པས་ཁ་དོ། དེ་བཞིན་དུ་བཞི་བརྒྱད་བཅུ་དྲུག་ལ་སོགས་པ་གོང་བཞིན་བྱུང་བས། དེར་འཚོགས་པ་ལ་བུ་རམ་རྡོག་པོ་རེ་དང་། རས་ཁ་རེ་བྱིན་པས་ཐམས་ཅད་ཀྱིས་བུ་རམ་ཟོས་པས་ཟད་རྒྱུ་མ་བྱུང་སྟེ། དང་ཁ་མེར་ཆིལ་ལེ་བ་བྱུང་ནས། ཁྱིམ་དུ་ཁྱེར་དུས་ཀྱང་ཆུང་དུ་མ་སོང་སྟེ། བྲིན་དང་སྙེ་ནམ་གྱི་མི་ཐམས་ཅད་ཀྱིས་ལོ་མ་འཁོར་བར་དུ་ཅི་ཟ་ཟ་རྒྱུ་བྱུང་། བུ་རམ་ཟོས་ཤིང་འདི་རང་ངོ་མཚར་ཆེ་ཟེར་ཞིང་ཟོས་པས། ནམ་མཁའ་ནས་སྒྲ་འདི་སྐད་བྱུང་ངོ་། །
སྐྱེས་བུ་དེ་ཡི་ཏིང་འཛིན་ཟས། །མི་ཚེ་རིང་དུ་ཟོས་ཟོས་པས། །བསམ་གཏན་ཆེན་པོའི་དངོས་གྲུབ་ཟས། །དེ་ཁ་ན་སོང་བའི་མི་རྣམས་ལ། །ཡི་དྭགས་སུ་སྐྱེ་བའི་སྒོ་གཅོད་དོ། །རས་དཀར་བཟང་པོའི་ཤེས་རབ་གོས། །མགུར་དུ་བཏགས་པའི་མི་རྣམས་ལ། །དམྱལ་བར་བསྲེགས་པའི་སྐྱེ་སྒོ་གཅོད། །བྱིན་རླབས་ཐོབ་པའི་མི་རྣམས་ལ། །ངན་སོང་གསུམ་གྱི་གནས་ལས་ཐར། །ཞེས་སྒྲ་དབྱངས་བྱུང་ངོ་། །
དེ་ནས་སྤུར་བཞུས་ཤུལ་དུ་སྒྱེད་པུ་གསུམ་ལུས་འདུག་པ་དེ་གཙོ་བོ་མི་གསུམ་གྱིས་ཕྱག་འཚལ་བའི་རྟེན་བྱས་སོ། །དེ་ལ་སོགས་པའི་ལྟས་བཟང་པོ་ལོ་མ་འཁོར་བར་དུ་དུས་བཟང་ཐམས་ཅད་ལ་དཔའ་བོ་དང་མཁའ་འགྲོ་མའི་མཆོད་དབྱངས་གྲགས་ཙ། ཡུལ་གྱི་བུ་ཙ་བུ་མོ་རྣམས་ཀྱང་། མེ་ཏོག་འཛིན་ཟེར་ནས་འགྲོ་བས་མེ་ཏོག་ཟིན་མེ་བྲོས་ནས་འོང་། མ་ཟིན་པ་རྣམས་ཀྱིས་ཕྱི་དེད་ནས་སོང་། ནུབ་མོ་ཡུལ་པ་དང་། གཞི་བདག་དང་། མི་མ་ཡིན་ཐམས་ཅད་ཀྱིས་མེ་ཏོག་སྤར་བ་མང་པོ་ཐུ་བ་དང་། ཕྱག་དང་བསྐོར་བ་བྱས་བྱས་ནས་ས་འོབས་སུ་སོང་ངོ་། །ཐོ་རེངས་དང་། དགོང་མོ་ལ་ཤྭ་བ་དང་། རྐྱང་དང་། རི་དྭགས་མང་པོས་སྐོར་བར་བྱེད་དོ། །བུད་མེད་སྨ་ར་ཡོད་པ་མང་པོ་འདུག་ཙ། ཡར་ལ་ཉེ་བ་དང་མེད་ཅིང་སོང་ངོ་། །དེ་ལ་སོགས་པ་མང་པོ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་བོ། །
བླ་མ་ཆོས་སྐུར་ཡལ། མཐོང་སྣང་ལོངས་སྐུར་གྲུབ། ཐུགས་རྗེས་སྤྲུལ་སྐུར་བཞུགས་སོ།། །།
སྤྱིར་རྗེ་བཙུན་ཆེན་པོ་དེ་ཉིད་ལ་སློབ་མ་བསམ་གྱིས་མི་ཁྱབ་སྟེ། དེ་ལ་བུ་ཆེན་ཁྱད་པར་ཅན་བྱོན་པ་ལ་ཡོངས་སུ་གྲགས་པའི་བུ་ཆེན་བཞི་ནི། ཡིད་གཟུགས་ཀྱི་ལྷ་འདྲེ་དབང་དུ་སྡུད་པ་ཞིང་སྐྱོང་གི་ཌཱཀྐི་ཚེ་རིང་མ། ལྐོག་གྱུར་དབང་པོ་ཡང་རབ་ཀྱི་སྐྱེ་བོ་དབང་དུ་སྡུད་པ་སྔགས་སྐྱེས་ལྷན་ཅིག་སྐྱེས་པའི་སྒྲོལ་མ། མངོན་སུམ་མིའི་འགྲོ་བ་དབང་དུ་སྡུད་པ་དྭགས་པོ་ཟླ་འོད་གཞོན་ནུ། སྙན་བརྒྱུད་ཀྱི་གདམས་ངག་གི་བཅུད་འཛིན་པའི་སྐྱེས་བུ་རས་ཆུང་པ་སྟེ། བཞི་པོ་འདི་བུ་ཆེན་ཐམས་ཅད་ཀྱི་གཙོ་བོ་བཞི་ཡིན་ནོ། །ཐུགས་སྲས་བཞི་ནི། གུང་ཐང་གི་གཉེན་རས། མདོ་བཀྲའི་སེ་བན་རས་པ། ལྕིམ་ལུང་གི་ངན་རྫོང་རས་པ། རྟ་མོའི་འབྲི་སྒོམ་རས་པ་དང་བཞིའོ། །ཉེ་བའི་སྲས་བརྒྱད་ལ། རང་བྱུང་གི་བདེ་དྲོད་ཤར་ཞིང་ཤེས་རབ་ཕྱོགས་མེད་དུ་རྒྱས་པ་རས་པ་ཞི་བ་འོད། སྒོམ་བསྲན་རྨད་དུ་བྱུང་བ་རས་ཆུང་པ། དད་པ་དང་མོས་གུས་མཐར་ཕྱིན་པ་འབྲི་སྒོམ་རས་པ། རྟོགས་པ་མངོན་དུ་གྱུར་པ་རྡོ་རྗེ་དབང་ཕྱུག །ཉམས་མྱོང་བཟང་བ་གཉེན་སྒོམ་རས་པ། གཞན་དོན་ལ་བརྩོན་པ་རས་པ་སངས་རྒྱས་སྐྱབས། མངོན་ཤེས་དང་ལྡན་པ་མཁར་ཆུང་བ། བརྟུལ་ཞུགས་ཅན་རས་པ་ཙག་ཡུ་བ་དང་བརྒྱད་དོ། །ཐུགས་ཟིན་གྱི་སྲས་དྲུག་ནི། ལི་གོང་ཕྱར་ཕུ་བ། འོར་སྟོན་དགེ་འདུན། སྐྱོ་སྟོན་ཤག་འབུམ། རས་པ་རྐྱང་ཡུ་བ། འབྲེ་བན་བཀྲ་ཤིས། ཁྱི་ར་རས་པ་དང་དྲུག་གོ །གཅེས་པའི་བུ་ཆེན་བཞི་ལ། གླན་སྒོམ་རས་པ། དགེ་ཚུལ་རིན་ཆེན་མགོན། སྟོན་པ་ཤག་འགུ། རས་པ་དབང་ཡེ་དང་བཞིའོ། །དེ་ལྟར་ཉི་ཤུ་རྩ་དྲུག་པོ་འདི་བུ་ཆེན་ཉི་ཤུ་རྩ་དྲུག་ཡིན་ནོ། །བུད་མེད་མཆོག་ཐོབ་པ་ཉི་ཤུ་རྩ་ལྔ་ལ། ཡོན་བདག་རྡོར་མོ། ཉ་མ་དཔལ་དར་འབུམ། ཇོ་མོ་ལེགས་སེ། བཀྲ་ཤིས་མཚོ། ཇོ་མོ་ཧོར་མོ། དར་མ་མཚོ། ཁུ་བྱུག་སྨན། ལེགས་སེ་འབུམ། ཞིག་མོ་འབུམ། བཙུན་ཆུང་སྨན། རྡོ་རྗེ་སྨན། ཞི་བ་འཚོ། པདྨ་ལྕམ། རས་ཆུང་མ། གསལ་ལེ། པྲེ་ཏ། མཛེས་སེ། ཆོས་ཀྱི་བྱང་ཆུབ། འབྲི་མཚམས་མ། པ་ཚབ་ཟ་ལ་སོགས་པ་ཉི་ཤུ་རྩ་ལྔ་བྱོན་པ་ལ། ཕྱི་མ་ལྔ་པོ་འདི་མཁའ་སྤྱོད་དུ་བཞུད་དོ། །རས་པ་ཞི་བ་འོད། སངས་རྒྱས་སྐྱབས། རོང་ཆུང་རས་པ་གསུམ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བཞུད་དོ།། །།རྗེ་བཙུན་ཆེན་པོ་མི་ལ་རས་པའི་རྣམ་ཐར་རྡོ་རྗེའི་གླུ་དང་མགུར་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་འདི། ཆོས་རྗེ་ཀརྨཱ་པའི་ཞལ་ནས། རྗེ་བཙུན་ཆེན་པོའི་གསུང་མགུར་ཕྱོགས་གཅིག་ཏུ་བསྒྲིགས་པ་བརྒྱ་རྩ་གཟིགས་པའི་ནང་ནས་ཀྱང་། འདི་མང་ཤོས་སུ་འདུག་གསུང་ནས་ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེ་ཉིད་ཀྱིས་ཕྱག་བྲིས་མཛད་པས། ཁུངས་བཙུན་ཅིང་ཐུགས་རྩིས་ཤིན་ཏུ་ཆེ་བའི་མཛོད་ནག་མ་ཞེས་བྱ་བ་དང་། མགུར་འབུམ་རིགས་མི་གཅིག་པ་བཅུ་བདུན་བསགས་ནས། གུང་ཐང་དཔལ་གྱི་གཙུག་ལག་ཁང་ཆེན་མོར་ལེགས་པར་བསྒྲུབས་ཟེར་བ་དང་། རྗེ་བཙུན་གྱི་རྣམ་ཐར་རིགས་མི་གཅིག་པ་བརྒྱ་དང་ཉི་ཤུ་རྩ་བདུན་གཟིགས་ནས། ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན་ཟེར་བ་དང་། དེ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལ་གཞན་ཡང་རྗེ་བཙུན་གྱི་མགུར་མའི་ཚོགས་རྙེད་ཚད་ཀྱིས་ཁ་བསྐང་ནས་ལེགས་པར་བསྒྲུབ་པ་འདི་ཡི་བསོད་ནམས་ཀྱིས། སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དར་ཞིང་ཤིན་ཏུ་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །
རྗེ་བཙུན་ཆེན་པོ་བཤད་པའི་རྡོ་རྗེ་ཡི། །གསུང་སྒྲོས་ཅི་སྙེད་བདག་གིས་བསགས་པ་འདི། །ཉམས་ལེན་བྲིས་ཀློག་ཡི་རངས་གང་བྱས་རྣམས། །རྡོ་རྗེ་འཛིན་པའི་ས་ལ་གནས་པར་ཤོག །དམ་ཆོས་འདི་བཞེངས་དགེ་བའི་རྩ་བ་འདིས། །ཕ་མས་ཐོགས་དྲངས་འགྲོ་དྲུག་སེམས་ཅན་རྣམས། །ཚེ་འདིའི་སྣང་བ་ནུབ་པར་གྱུར་ཙམ་ན། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། །རྗེ་བཙུན་ཆེན་པོ་བཞད་པའི་རྡོ་རྗེ་དང་། །མྱུར་དུ་མཇལ་ནས་སངས་རྒྱས་ཐོབ་པར་ཤོག །རྗེ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་མགུར་ཚོགས་ལོ་རྒྱུས་ཀྱིས་སྤྲས་པ། བྱིན་རླབས་ཀྱི་ཆུ་རྒྱུན་གྱིས་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ་ཞེས་བྱ་བ་རྫོགས་སོ།། །།
༈ རྗེ་མི་ལའི་རྫོང་ཆེན་དྲུག་ནི། བྲག་དམར་ལིང་ང་རྫོང་། རྟ་སོ་དབུ་མ་རྫོང་། བྲག་དམར་སྤོ་མཐོན་རྫོང་། རྐང་འཕེན་ནམ་མཁའ་རྫོང་། རག་མ་བྱང་ཆུབ་རྫོང་། སྨིན་ཁྱུག་གྲིབ་མ་རྫོང་ངོ་། །སྐུ་ཐང་རྫོང་དྲུག་ནི། བྲག་སྐྱ་རྡོ་རྗེ་རྫོང་། ཁྲ་ཚང་སྲིན་པོ་རྫོང་། སྐྱིད་པ་ཉི་མ་རྫོང་། ཁུ་བྱུག་དབེན་པ་རྫོང་། ཤེལ་ཕུག་ནམ་མཁའ་རྫོང་། རྩིག་པ་རྐང་གཅིག་རྫོང་ངོ་། །དཔའ་མོ་རྫོང་དྲུག་ནི། རྒྱ་བྲག་ནམ་མཁའ་རྫོང་། སྦས་ཕུག་མ་མོ་རྫོང་། སྟག་ཕུག་སེང་གེ་རྫོང་། ལ་ཕུག་པདྨ་རྫོང་། ཁྲོ་རྒྱལ་རྡོ་རྗེ་རྫོང་། གླང་མགོ་ཀླུ་བདུད་རྫོང་ངོ་། །རྫོང་ཆུང་གཉིས། བྲག་དམར་སྤོ་མཐོན་ནམ་མཁའ་རྫོང་། སྐྱིད་ཕུག་ཉི་མ་རྫོང་ངོ་།། །།
རྗེ་བཙུན་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཐོས་པ་དགའ་ཤུ་ཨ་ནན་ཏས་ལམ་སྒོམ་སྟོབས་ཀྱིས་ལུས་ཀྱི་རྩ་མདུད་རྣམས་རླུང་གི་དྭངས་མས་དྭངས་ནས། ནང་ཁམས་དྭངས་སྙིགས་འབྱེད་པའི་རྟེན་འབྲེལ་ལས། ལྷ་འདྲེའི་དམག་བྱུང་བ་ལ་སོགས་པ་མི་མཐུན་པ་དང་མཁའ་འགྲོ་མས་འདོད་ཡོན་གྱིས་རོལ་མོ་བྱེད་པ་ལ་སོགས་པ་མཐུན་པ་དང་། བར་མ་ལ་སོགས་པ་དུ་མའི་མཐོང་སྣང་སྐད་དེ།
དེ་ཡང་ལིང་པའི་བྲག་རྒོད་ཚང་ཅན་ལ་བསྒོམ་པའི་ཚེ། སྲོད་འཇིགས་ཡོལ་ཙམ་ན། བྲག་གསེབ་ན་བཤུད་པ་ཙེར་བ་ཅིག་གྲག །དེ་ནས་བྲག་བར་ན་འོད་དམར་ཁྱུག་པ་ཞིག་བྱུང་། དེའི་སྣ་ལ་མི་དམར་པོ་གླ་བ་ཞོན་པ་ཞིག་སྣ་བུད་མེད་ཅིག་གིས་ཁྲིད་ནས་གཡོན་ཕྱོགས་ནས་བསྐོར་ཏེ་བྱུང་། མི་དེས་གྲུ་ཐོ་གཅིག་བརྒྱབ་ནས་གར་སོང་ཆ་མེད་དུ་སོང་། བུད་མེད་དེ་ཁྱི་མོ་དམར་མོ་གཅིག་ཏུ་སོང་ནས་ཞབས་གཡོན་པའི་ཐེ་བོང་ལ་ཡུན་རིང་བཟུང་། དུས་དེར་ནམ་མཁའ་ནས་བར་ཆད་རང་གྲོལ་གྱི་གླུ་སྙན་དུ་གྲགས་པས་ལན་བཏབ། དེ་ལ་བརྟེན་ནས་ཉམས་སྣང་མཆེད་ཐོབ་གསུམ་གྱི་ངེས་དོན་མགུར་དུ་གསུངས་སོ། །མཐར་མི་སྣང་བར་གྱུར་ཏོ། །
དེ་ལ་བཤུད་པ་ནི་སྲོག་གི་རླུང་། འོད་ནི་ཐུར་སེལ་གྱི་མེ་སྟེ། འདི་རྣམས་རྩུབ་ཟིན་གྱི་རྩུབ་ཉམས་ཡིན་པས་གཡོན་ནས་བསྐོར་ཏེ་བྱུང་། ཞེས་པ་ནི། རྐྱང་མའི་སྒོ་ནས་ཁམས་འདུ་བ། གྲུ་ཐོ་གཅིག་བརྒྱབ་ནས་གར་སོང་ཆ་མེད་དུ་སོང་ཞེས་པ་ནི། སྟེང་གི་དཀར་ཆའི་ནུས་པ་འོག་ཏུ་སོང་བ། མཐེ་བོང་ནས་བཟུང་བ་ནི། མེའི་ནུས་པ་ཞུགས་པས་འཛག་མེད་དུ་བཟུང་བ། མི་སྣང་བར་གྱུར་ཅེས་པ་ནི། འོག་གི་སྣ་རྩེར་བརྟེན་པ་ཡིན་ནོ། །
ལ་ཕྱི་སྣ་ཡོན་ཆུ་མདོར་སེང་ལྡེང་གི་ནགས་ལ་བསྒོམས་ཤིང་བཞུགས་པའི་དུས་སུ། འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མས་བར་ཆད་རྩོམ་དུ་ཕྱིན་པའི་སྣང་བ་ལ། བག་མེད་གཅེར་བུར་བྱུང་ནས་རིགས་ངན་གྱི་བུ་མོ་ལ་ལོངས་སྤྱོད་དངུལ་དཀར་གྱི་མེ་ལོང་ལྟ། སྐུ་ལུས་ནམ་མཁར་ཐིམ་པ་ཞིག་མཐོང་། དེ་ལ་མ་ཚུགས་པར་ལོག་སྐད། དེ་ཡང་རིགས་ངན་གྱི་བུ་མོ་ལ་ལོངས་སྤྱོད་པ་ནི། ཡུལ་དམན་པ་ལ་བརྟེན་ནས་དགའ་བ་གསུམ་སྐྱེས་པ། མེ་ལོང་ལ་ལྟ་བ་ནི། ལྷན་སྐྱེས་ཀྱི་དགའ་བ་ངོས་བཟུང་བ། ནམ་མཁར་ཐིམ་པ་སྣང་གསུམ་འོད་གསལ་དུ་ཐིམ་པའོ། །
ཡང་མཆོང་ལུང་གི་བྲག་ལ་བཞུགས་པའི་ཚེ་ཕྱིན་པས། ཉི་ཟླ་གོས་སུ་གྱོན། མེ་ཏོག་གི་ཕྲེང་བ་དབུ་ལ་བཅིང་། ལུས་ལ་ཐལ་ཆེན་རཀྟས་བྱུགས། གཡས་ན་གདུགས། གཡོན་ན་རྒྱལ་མཚན་ཐོགས། སེང་གེ་ལ་བཅིབས་ནས་ནམ་མཁར་གཤེགས། དེ་ནས་མི་སྣང་བར་གྱུར་པ་ཞིག་མཐོང་ནས་སྐབས་དེར་མ་རྙེད་པས་ལོག་སྐད་དེ། དེ་ཡང་ཉི་ཟླ་གོས་སུ་གྱོན་པ་ནི། འབར་འཛག་དབུ་མར་འདྲེས་པ། མེ་ཏོག་གི་ཐོད་ནི་དྭངས་མའི་བདུད་རྩི་འདུས་པ། གཡས་གཡོན་གྱི་གདུགས་དང་རྒྱལ་མཚན་ནི། རོ་རྐྱང་གཉིས་ཀྱི་རླུང་དབུ་མར་འདུས་པ། སེང་གེ་ལ་བཅིབས་ནས་ནམ་མཁར་གཤེགས་པ་ནི། དྭངས་མ་སྤྱི་གཙུག་ཏུ་དྲངས་པ། མི་སྣང་བར་གྱུར་པ་ནི་སྒྱུ་ལུས་འོད་གསལ་དུ་ཐིམ་པའོ། །
ཡང་ཆུ་བར་ན་བཞུགས་པའི་ཚེ་ཕྱིན་པས་རྒྱ་མཚོའི་གླིང་ན་མདུང་གསུམ་ལ་དཀྱིལ་ཀྲུང་བཅས། མེ་དཔུང་འབར་བ་གོས་སུ་གྱོན། དུག་སྦྲུལ་ཐོད་ཏུ་བཅིངས། རལ་གྲིའི་སོ་ལ་རྒྱབ་གཏད་པ། ཡིད་བཞིན་ནོར་བུ་སྒོང་དུ་རྩེ། རི་བོ་ཁྱུར་མིད་དུ་ཟ་བ་མཐོང་བས་ཐེ་ཙོམ་དུ་གྱུར་ནས་ལོག་སྐད། དེ་ཡང་རྒྱ་མཚོ་ནི་ཆུ་རླུང་། མེ་དཔུང་མེ། རལ་གྲི་རླུང་། རི་བོ་ས། དུག་སྦྲུལ་ནམ་མཁའི་རླུང་། མདུང་རྩེ་སྐྱིལ་ཀྲུང་བཅས་པ་ནི། དབུ་མའི་མར་སྣ་རླུང་བཅུ་གཅིག་ཏུ་གྱུར་པ། ནོར་བུ་ནི་དཀར་དམར་འབྲོས་དེད་ཀྱི་བདེ་བ་དབུ་མར་ཐིམ་པའོ། །
ཡང་ཆུ་བར་ན་ཆུ་ཕོ་འབྲུག་གི་ལོ་དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ནམ་གུང་ཡོལ་ཙམ་ན། འཇིགས་ཤིང་མི་བསྲུན་པའི་ཤ་ཟ་ཆེན་པོ་ལྔས། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ལྷ་འདྲེ་ཐམས་ཅད་འཚོགས་ནས་མི་སྡུག་པའི་གཟུགས་དང་། མི་སྙན་པའི་ངག་དང་། མི་འཚམས་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་པ་དེ་དག་ཀྱང་། མགྲིན་པའི་རྩ་རླུང་གི་རྟེན་འབྲེལ་ཡིན་ཏེ། ཨོཾ་ལཾ་མཾ་སཾ་ཏཾ་གི་རྩ་མདུད་གྲོལ་བ་ལས། ཤ་ཟ་མ་ལྔ། དེ་ལས་སྐྱེས་པའི་རྩ་མདུད་གྲོལ་བ་ལས། ལྷ་འདྲེའི་དམག་ཚོགས་གནོད་སྦྱིན་དང་། སྲིན་པོའི་ཚོགས་མཚོན་ཆ་སྣ་ཚོགས་ཐོགས་པ། གཟུགས་མེད་ལག་པ་བརྐྱང་བ། རྩི་ཤིང་ནགས་ཚལ་འགུལ་བ། ས་རྡོ་རི་བྲག་རྒོད་པ། གནམ་འགྱུར་བ། ས་གཡོ་བ་ལ་སོགས་པར་སྣང་བ། མདུད་པ་གྲོལ་ནས་རྩ་ནང་དུ་རླུང་ཞུགས་པའི་རླུང་ཁམས་ཀྱི་དྭངས་སྙིགས་འབྱེད་པ་ལ། ཁམས་རྣམས་ནང་དུ་བསྡུས་པས་ན། དམར་མོ་ཁྲག་འཛག་ལྕེ་སྤྱང་གདོང་། རྒྱ་མཚོ་ཧུབ་ཀྱིས་འདེབས་པ་མཐོང་། དབུ་མར་འཇུག་པ་ནི། ཀེང་རུས་བཞད་པའི་བུད་མེད་ཀྱིས་རི་རབ་པང་དུ་འདེབས་པ་དང་། དཀར་དམར་གྱི་དྭངས་སྙིགས་འབྱེད་པ་ནི། རབ་འཇིགས་གཤིན་རྗེའི་གཟུགས་ཅན་མས། ཉི་ཟླ་ཆ་ལང་རྡེབ་པ་དང་། རྩ་བྲན་གྱི་ཁམས་རྣམས་དྭངས་མ་དབུ་མར་འདུས་པ་ན། སོལ་བའི་བུད་མེད་གད་རྒྱངས་ཅན། གཟའ་སྐར་ཐང་ལ་འབེབས་པ་དང་། དེ་ལ་ཞུ་བདེ་ཉམས་སུ་མྱོང་བས་ན། མཛེས་ཤིང་འཛུམ་པའི་བུ་མོས་བསླུ་བྲིད་བྱེད་པ་དང་། ས་རླུང་ལས་ཕྱོགས་བཞི་འོབས་ཀྱིས་བསྐོར་བ་དེ། མེ་རླུང་ལས་ནམ་མཁའ་མེ་ཡིས་འཁྲིགས་པ་དང་། ཆུའི་རླུང་ལས་ས་གཞི་ཆུས་ཡིས་ཁེངས་པ་དང་། རླུང་གི་རླུང་ལས་མཚམས་བཞི་གྱད་ཀྱིས་བསྲུང་བ་དང་། ཡི་གེ་རྣམས་འཇིག་པས་མི་སྙན་པའི་ང་རོ་སྒྲོགས་པ་ལ་སོགས་པ་རྣམས་སོ། །
ཡང་ཐིག་ལེ་དྭངས་སྙིགས་སྟོབས་འཕེལ་བ། ཅུང་ཟད་གྱེན་དུ་འཕེལ་ཞིང་བརྟན་འདོད་པའི་སྔོན་དུ། ཟག་བཅས་ཀྱི་དགའ་བ་འགགས་པའི་རྟགས་ལ། སྔར་གྱི་ཤ་ཟ་ལྔ་པོ་འཇིག་རྟེན་གྱི་ཌཱཀྐི་མ་ལྔར་གྱུར་ནས། བ་མེན་གྱི་ཞོ་མུ་མེན་གྱི་སྐྱོགས་གང་དྲངས། མཆོད་པ་རྒྱ་ཆེན་པོ་བཤམས། ཐུན་མོང་གི་དངོས་གྲུབ་སྣ་རེ་ཕུལ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞུས་སོ།། །།
རྗེ་འབའ་བྲོམ་པས། རྗེ་བཙུན་གྱི་རྣམ་ཐར་མཛད་པའི་ནང་ནས། རྣལ་འབྱོར་མི་ལའི་ནང་རླུང་བཅུད་ཀྱི་རྟེན་འབྲེལ་ལས། ཕྱི་མི་མ་ཡིན་གྱི་འཆར་སྒོ་སོགས་ཀྱི་བཤད་པ་སྣང་བ་ཟུར་དུ་ཕྱུང་ནས། འདི་བྲིས་བླ་མ་མཁའ་འགྲོས་བཟོད་པར་མཛོད།། །།
རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པའི་མགུར་འབུམ་ཀརྨཱ་པ་ནས་བརྒྱུད་པའི་མཛོད་ནག་མ་ཡི་ལོ་རྒྱུས་ནི། རྗེ་བཙུན་དགུང་ལོ་བརྒྱད་ཅུ་གྱ་གཉིས་པ་ཆུ་མོ་གླང་གི་ལོ་ལ། ངམ་རྫོང་རས་པ་དང་། རས་པ་ཞི་བ་འོད་གཉིས་ཀྱིས་ཐོག་དྲངས་རས་པ་རྣམས་ཀྱིས་རྣམ་ཐར་གསུང་འབུམ་གཅིག་སྒྲིག་པར་ཡང་ཡང་ཞུས་པའི་མཐར། རྗེ་བཙུན་གྱི་ཞལ་ནས། ངས་རྟེན་འབྲེལ་ཅིག་བྱོན་གསུངས་ནས། རས་ཀྱིས་དབུ་གཏུམ་ནས་ཡུད་པ་ཞིག་བཞུགས་པ་དང་། ད་དེ་ལྟར་གྱིས་གསུང་ནས་ཞལ་གྱིས་བཞེས་པ་ནི། སྔོན་ངས་བསྒྲུབ་པ་བྱས་པའི་གནས་རྣམས་སུ་ཁྱེད་རྣམས་སོང་དང་། ཤིང་ཤུན་དང་ཏ་ལའི་ལོ་མ་རྣམས་ལ་དམ་དུམ་བྲིས་ནས་ཡོད། ཕལ་ཆེར་ཚེ་རིང་མའི་ཡིད་ལ་ཡོད། ཕལ་ཆེར་ངམ་རྫོང་རས་པ་དང་། ཁྱེད་རང་རྣམས་ལ་གསལ་གསུངས་པ་དང་། རས་པ་རྣམས་ཀྱིས་ཕྱོགས་ཕྱོགས་ནས་ཀྱང་བསྡུས། ཚོགས་འཁོར་གོང་དུ་བཀྲ་ཤིས་ཚེ་རིང་མ་ལ་ཡང་ཞུས། རས་པ་བུ་ཆེན་རྣམས་ཀྱི་ཐུགས་ལ་ཡོད་པ་རྣམས་དང་། མ་འཚོབ་པ་རྣམས་རྗེ་བཙུན་ཉིད་ཀྱིས་ཁ་བསྐང་ཞིང་། རྣམ་ཐར་གྱིས་ཚུལ་དང་བསྒྲིགས་ནས་ལུང་དང་བཅས་པ་མཛད་པའི་དུས་སུ། རྗེ་བཙུན་གྱི་ཞལ་ནས། ཤིན་ཏུ་ལེགས་ཟིན། ད་ལོ་གཅིག་གཉིས་རེད་ནས་ང་འཆི་ཙ། ང་ཡི་གསུང་འདི་ལ་ཐམས་ཅད་མོས་ཤིང་དད་པའི་རྟེན་འབྲེལ་ཡོད་གསུངས་ནས། སྨོན་ལམ་བཀྲ་ཤིས་དང་བཅས་པ་མཛད། དེ་ནས་དཔེ་དེ་ཉིད་རས་ཆུང་པས་ལོ་རོ་ན་གདན་དྲངས། དེ་ནས་ཆོས་རྗེ་དུས་གསུམ་མཁྱེན་པ་ལོ་རོ་ན་བྱོན་ཏེ། རས་ཆུང་པ་ལ་ལུང་གསན་ཅིང་ཕྱག་དཔེ་བཤུས་ནས་མཚུར་ཕུ་ན་གདན་དྲངས། དེ་ལ་འགྲོ་མགོན་རས་ཆེན་པས་གསན། དེ་ལ་པོམ་རག་པས་གསན། དེ་ལ་ཀརྨཱ་པག་ཤིས་གསན། དེ་ལ་ཨུ་རྒྱན་པས་གསན། དེ་ལ་ཆོས་རྗེ་རང་བྱུང་རྡོ་རྗེས་གསན། དེ་ལ་རྒྱལ་བ་གཡུང་སྟོན་པས་གསན། དེ་ལ་རོལ་པའི་རྡོ་རྗེས་གསན། དེ་ལ་མཁའ་སྤྱོད་དབང་པོས་གསན། དེ་ལ་ཀ་བཞི་རིག་པའི་རལ་གྲིས་གསན། དེ་ལ་རྗེ་མཐོང་དོན་ལྡན་པས་གསན། དེ་ལ་དྲུང་རིན་ཆེན་རྡོ་རྗེ་བས་གསན། དེ་ལ་བླ་མ་རིན་པོ་ཆེ་རསྨྲི་བྷ་ཏྲས་གསན། དེ་ཡན་ཆད་ནི་གཅིག་བརྒྱུད་ཀྱི་ལུགས་སུ་གདའ། གླེགས་བམ་འདི་ཉིད་ཆོས་རྗེ་རང་བྱུང་རྡོ་རྗེས་གདན་དྲངས་ནས། ཀོང་པོ་རྩེ་ལ་སྒང་གི་མཛོད་ནག་ནང་དུ་བཞུགས་པ་ལ། ཆོས་རྗེ་མཐོང་བ་དོན་ལྡན་པ་ནང་སོ་ཀུན་དགའ་རྒྱལ་མཚན་གྱིས་གདན་འདྲེན་བྱས་པའི་དུས་སུ། མཛོད་ནག་ནང་ནས་མགུར་འབུམ་འདི་ཡང་དྲངས་ནས་ལྷོ་བརྒྱུད་འདིར་ཕེབས། དེ་ལ་མ་ཕྱི་བྱས་ནས་དད་ལྡན་རྣམས་ཀྱིས་མང་དུ་བཞེངས་པས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཏོ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །
འདིར་བཞུགས་ཡོན་བདག་ཐམས་ཅད་ཀྱང་། །ནད་མེད་ཚེ་རིང་བསོད་ནམས་ལྡན། །བསམས་པ་ལོག་པ་མི་སྐྱེ་ཞིང་། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ཡུལ་ཕྱོགས་འདིར་ཡང་བཀྲ་ཤིས་ཤིང་། །མི་ནད་འཁྲུག་པ་མེད་པ་དང་། །ལོ་ལེགས་འབྲུ་འཕེལ་སྐྱིད་པ་དང་། །ཀུན་ཏུ་ཆོས་ལ་སྤྱོད་པ་ཤོག །རྗེ་བཙུན་མི་ལའི་ཞལ་མཐོང་གསུང་ཐོས་དང་། །རྣམ་ཐར་ཡིད་ལ་དྲན་ཞིང་བསྒོམ་པ་དང་། །མཚན་ནི་རྣ་བར་ཚོར་ཚད་པ། །མངོན་དགའི་ཞིང་དུ་མཇལ་བར་ཤོག། །།
འདི་བྲིས་དགེ་བས་བདག་དང་ཕ་མ་གཙོས། །འགྲོ་བས་ཐོག་མེད་དུས་ནས་ད་ལྟའི་བར། །བཅས་དང་ཁ་ན་མ་ཐོའི་སྡིག་ལྟུང་ལས། །བྱས་བསགས་འཁོར་བ་སྤྱི་དང་ངན་སོང་གི །སྡུག་བསྔལ་འགྱུར་བ་མ་ལུས་རབ་ཞི་ཞིང་། །ཚེ་རབས་ཀུན་ཏུ་མི་ཁོམ་ལས་འདས་པའི། །འཁོར་ལོ་བཞི་ལྡན་དལ་འབྱོར་རྟེན་ཐོབ་ནས། །རྡོ་རྗེ་ཐེག་པའི་ལམ་གྱིས་ཚེ་གཅིག་ཏུ། །ཁ་སྦྱོར་བདུན་ལྡན་གོ་འཕང་སྒྲུབ་པ་ལ། །དད་དང་བརྩོན་འགྲུས་སྐལ་བ་ལ་སོགས་པ། །རྗེ་བཙུན་ཆེན་པོ་ཉིད་དང་རབ་མཉམ་ནས། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག། །།སརྦ་མངྒ་ལཾ།། །།
༈ མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་འདི་ནི་འབྲི་གུང་ཆོས་མཛོད་ཆེན་མོའི་ནང་དུ་བཞུགས་པའི་མཛོད་ནག་མ་དང་། མཛོད་ནག་མར་གྲགས་པའི་དབུ་མེད་ཀྱི་ཡིག་རྙིང་ཞིག་སྟེ་མ་ཕྱི་དེ་གཉིས་ལ་གཞིར་བཅོལ། བརྡ་གསར་གྱིས་ཅུང་ཟད་རེ་བཅོས་ཏེ་ཀརྨ་ལེགས་བཤད་གླིང་གི་མཁན་པོ་ཀརྨ་རྣམ་རྒྱལ་གྱིས་སྤྱི་ལོ་༢༠༢༣་ལོར་དཔེ་བསྒྲིགས་ཞུས་པའི་དགེ་བ་འདིས་འབྲེལ་ཐོགས་རང་གཞན་ཐམས་ཅད། སྒྲུབ་ལ་བརྩོན་པ་མཐར་ཕྱིན་ཞིང་། །འཁྲུལ་པའི་ས་བོན་རྒྱུན་ཆད་དེ། །རྗེ་བཙུན་རས་པ་ཆེན་པོ་དང་། །རྣམ་ཐར་ཕྲིན་ལས་མཉམ་གྱུར་ཅིག །དགེའོ། །
༄༅། །ཨོཾ་སྭསྟི་སིདྡྷི་རསྟུ། དེང་འདིར་གསུང་རབ་རིན་ཆེན་འཕྲུལ་པར་དུ། །བཞེངས་དགེས་ལེགས་བྱས་འདིས་མཚོན་དུས་གསུམ་དུ། །བགྱིས་པའི་དགེ་ཚོགས་དྲི་མ་མེད་པ་རྣམས། །གཅིག་ཏུ་བསྡོམས་ཏེ་མཐུན་རྐྱེན་སྒྲུབ་རྣམས་དང་། །བསྟན་པའི་སྦྱིན་བདག་ཚེ་རིང་འབྱོར་ལྡན་ཞིང་། །མ་གྱུར་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཏེ། །བླ་མེད་རྣམ་གྲོལ་ཐོབ་པའི་རྒྱུ་རུ་བསྔོ། །བསྟན་འཛིན་དམ་པ་གང་ན་སུ་བཞུགས་རྣམས། །སྐུ་ཚེའི་རྐྱེན་གེགས་ཐ་དག་རབ་ཞི་ནས། །བསྟན་འགྲོའི་དོན་ཆེན་བླ་མེད་མཛད་བཞིན་དུ། །དམ་ཆོས་བདུད་རྩིའི་སྦྲང་ཆར་འབེབས་གྱུར་ཅིག །ཡངས་པའི་རྒྱལ་ཁམས་ཀུན་ཏུ་ལོ་ལེགས་ཤིང་། །ནད་མུག་འཁྲུག་རྩོད་ཐམས་ཅད་ཞི་བ་དང་། །མི་མཐུན་རྒུད་པའི་མིང་ཡང་མི་གྲགས་པར། །རྫོགས་ལྡན་དང་པོའི་ལང་ཚོ་འཆར་བར་ཤོག །དེའི་མཐུས་ཁ་བ་རིས་པའི་སྐྱེ་དགུའི་ཡིད། །རྣམ་དཀར་དགེ་བའི་ལས་ལ་ཕྱོགས་པ་དང་། །མཐུན་རྐྱེན་ལེགས་ཚོགས་གོང་ནས་གོང་འཕེལ་ཏེ། །དམ་ཆོས་འཛིན་པའི་སྣོད་དུ་རུང་བར་ཤོག །འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨོ་ཡི། །ཞབས་པད་བྷོ་ཊའི་ལྗོངས་འདིར་མྱུར་བཀོད་དེ། །ཞི་བསིལ་ཆོས་ཀྱི་བདུད་རྩིའི་ཟིལ་མངར་རོར། །ལོངས་སུ་སྤྱོད་པའི་སྐལ་བཟང་མྱུར་འཆར་ཤོག །ཁྱད་པར་བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་ཀྱི། །རིང་ལུགས་དྲི་མེད་ས་ཆེན་ཡོངས་ཁྱབ་སྟེ། །བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་མི་འགྱུར་ཚེ་ལྷའི་ངོ་བོར་བརྟན། །ཕྲིན་ལས་མི་ཟད་ཉི་ཟླའི་འོད་དང་སྡེབ། །འདུས་ཚོགས་དགེ་འདུན་བགྲང་ཡས་རྒྱུ་སྐར་ལ། །ཟབ་རྒྱས་ཆོས་ཀྱི་གྲུ་ཆར་འབེབས་པར་ཤོག །ལྷ་རྣམས་མཁའ་ལ་ཤིས་པའི་གླུ་དབྱངས་ལེན། །འགྲོ་རྣམས་བདེ་ཞིང་སྐྱིད་པའི་ཡུན་དུ་འཚོ། །ཀླུ་རྣམས་དགའ་བས་ནོར་འཛིན་དབྱིག་གིས་བཀང་། །མཐར་ཐུག་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག །ཅེས་པའང་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་བཅུ་གསུམ་སྟེང་། འོག་མིན་མཚུར་ཕུའི་གདན་སར་ལྗགས་རྩོམ་གནང་བའི་རྟེན་གསུམ་གསར་བཞེངས་ཀྱི་དགེ་བསྔོའི་སྨོན་ཚིག་བྱིན་རླབས་ཅན་ནོ།། །། སརྦ་མངྒ་ལཾ། དགེའོ། །དགེའོ། །ད
