Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (28)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

དེ་ནས་རས་ཆུང་བས་བླ་མ་ལ་ཉམས་ངེས་པ་ཅན་ཡོད་ངེས་པས་ང་ལ་བསྟན་པར་ཞུ་ཞུས་པས། ཁྱེད་རང་བསྒོམ་དང་ཤེས་ནས་འོང་གསུངས། ཁྱེད་ད་ལོ་དུ་ནས་དྲོང་། ངས་ཀྱང་དེ་སྔ་ཞབས་ཏོག་བྱས་པས་རྟགས་ཅི་འདྲ་འོང་ཞུས་པས། བླ་མའི་ཞལ་ནས། ད་ཁྱོད་ང་ལ་འཕྲེང་མི་དགོས་པའི་རྒྱུ་བཞི་ཡོད། འབྱུང་བ་བཞི་ལ་དབང་ཐོབ་པས་ནད་གཡོག་མི་དགོས། ཤི་ཡང་མི་ཡུལ་དུ་རོ་མི་ལུས་པས་རོ་ཁུར་མི་དགོས། གདུང་རིང་བསྲེལ་མཁའ་སྤྱོད་དུ་མཁའ་འགྲོ་མས་གདན་འདྲེན་པས་རོ་མེད། གདམས་ངག་གི་སྒྲོ་འདོགས་ཆོད་པས་གསལ་འདེབས་མི་དགོས། མྱོང་བ་ལ་བརྟེན་ས་ཟིན་པས་སྐྱེལ་མ་མི་དགོས། །མཐོང་སྣང་ཡང་གང་ཟག་གི་དབང་པོའི་བྱེ་བྲག་གིས་མཐོང་བ་ཡིན། ང་རང་ལ་བར་དོ་མེད་གསུང་ནས་བར་དོ་མི་མཐོང་ངེས། དེ་སྔ་མཐོང་མཐོང་བས་ཟད་ནུས་པ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །
བླ་མེད་ཐེག་པ་མཆོག་གི་ལམ། །ཤེས་རབ་སྙིང་རྗེ་ལྡན་ཙ་ན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མེ་འོབས་ནང་དུ་ཆུད་པ་ལ། །འབྱུང་བ་དྭངས་སྙིགས་ཕྱེད་པ་ཡི། །རྣལ་འབྱོར་ལུས་ཀྱི་མེ་ཏོག་རྒྱས། །སེམས་ཅན་འབྲེལ་ཚད་དྲངས་པ་ཡིན། །ཁམས་རང་བཞིན་རྣམ་པར་དག་པ་འདི། །ཆུ་ཡི་ནང་གི་གཟུགས་བརྙན་ལྟར། །ཟབ་མོ་སྐྱེ་བ་མེད་པའི་དོན། །མཚོན་བྱེད་ཉམས་ཀྱི་བརྒྱུད་པ་འདི། །གདམས་ངག་སྙིང་ལ་ཞེན་པ་འདི། །ལན་ཚྭ་ཆུ་ལ་ཐིམ་པ་འདྲ། །ཡེ་ཤེས་ནང་ནས་ཤར་བ་ཡི། །སེམས་དང་ཕུང་པོ་འཆིང་ཐག་གྲོལ། །ཐེ་ཚོམ་ཆོད་པའི་ཤེས་པ་འདི། །ཉམས་བྱེད་རྨི་ལམ་སངས་པ་འདྲ། །ཤེས་བྱའི་གཤིས་ལ་ཕེབས་པ་འདི། །ཡུལ་དང་དབང་པོ་རྟག་ཀྱང་གྱེས། །བདེན་ཞེན་འཐས་པའི་སྣང་བ་འདི། །གཉིས་མེད་ཆབ་ཀྱི་ལྦུ་བ་འདྲ། །རྣམ་དག་ལྟ་བའི་གདེང་ཟིན་པས། །དོན་དམ་སྒྲིབ་མེད་ཡེ་ཤེས་ཐོབ། །རང་བྱུང་ལྷུན་གྲུབ་གཉུག་མ་འདི། །སྤྲིན་ཐག་ཆད་པའི་ནམ་མཁའ་འདྲ། །སྒོམ་བྱར་མེད་ངང་ལ་གནས་པ་ཡི། །སྣང་གསལ་སྟོང་གསལ་ཡེ་ཤེས་གསལ། །གནས་ལུགས་རིག་པའི་ཡེ་ཤེས་འདི། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །སྤྱོད་པ་བླང་དོར་མེད་པ་ཡི། །ཐབས་ཀྱི་འཁོར་བར་མི་གནས་ལ། །ཤེས་རབ་གསུམ་གྱིས་གྲོལ་བ་ཡི། །རྩལ་གསུམ་རྫོགས་པའི་སེང་གེ་འདྲ། །ཀུན་གཞི་ཆོས་སྐུར་ཐིམ་པ་ཡི། །ལས་ཀྱི་ས་བོན་གཏིང་ནས་ཟད། །སྐྱེ་གནས་སྲེད་ལེན་ཕུང་པོ་འདི། །སྒོ་ང་རྡོག་པས་བརྫིས་པ་འདྲ། །གཟུང་འཛིན་ཐག་པ་ཆོད་པ་ཡི། །སེམས་ཉིད་མ་བུ་མཇལ་དུས་སུ། །སོ་མཚམས་སྲིད་པའི་བར་དོ་འདིར། །རང་གྲོལ་སྦྲུལ་གྱི་མདུད་པ་འདྲ། །ཡོན་ཏན་རྫོགས་པའི་བར་དོ་ལ། །ཟབ་མོ་སྙན་བརྒྱུད་མཚམས་སྦྱར་ནས། །སེམས་སྐྱེ་མེད་འོད་གསལ་འཕྲོད་དུས་སུ། །མི་ང་ལ་མཐོང་སྣང་སྣ་ཚོགས་འབྱུང་། །ཁྱེད་རྣམས་ཀྱང་རང་སྣང་གིས་མཐོང་བ་ཡིན། །
ཞེས་གསུངས་ནས། རས་ཆུང་པ་ལྷོ་ཕྱོགས་ཀྱི་ཟུར་ཁ་ལ། ཤམ་པོའི་གངས། བྱར་པོའི་ནགས། སྒོམ་གནས་རྡོ་བོད་ཀྱི་སོ་མཚམས་སུ་ཐོབ་ཅེས་ལུང་བསྟན་ནས། མ་འགྲོ་བཟླས་དུས་འགྲོ་རང་ཟེར། ད་ནི་མ་སྡོད་སོང་ལ་འགྲོ་དོན་གྱིས་གསུངས་ནས་མགུར་འདི་གསུངས་སོ། །
ཕ་ཡི་བུ་ཆེན་རས་ཆུང་པ། །དབུ་རུ་བོད་ཀྱི་དབུས་སུ་སོང་། །བུ་བཞིའི་ནང་གི་དོན་པོ་ཁྱོད། །བླ་མ་སྤྱི་བོར་བསྒོམ་ཞིང་སོང་། །བརྒྱུད་པ་ནང་གི་སྲས་བུ་ཁྱོད། །དམ་ཚིག་ཡེངས་མེད་བསྲུང་ཞིང་སོང་། །སྙན་བརྒྱུད་འཛིན་པའི་སྒྲོན་མེ་ཁྱོད། །མ་རིག་མུན་པ་སེལ་ཞིང་སོང་། །སངས་རྒྱས་བསྟན་པའི་སྲོག་ཤིང་ཁྱོད། །སྐལ་ལྡན་རྣམས་ལ་སྤེལ་ཞིང་སོང་། །སྐལ་མེད་རྣམས་ལ་གསང་ཞིང་སོང་། །བསྟན་པའི་སྒྲོན་མེ་འཛུགས་ཤིང་སོང་། །སྐལ་ལྡན་ཐུགས་རྗེས་འཛིན་ཞིང་སོང་། །ལྷོ་ཕྱོགས་ཟུར་ཁ་འགྲིམ་ཞིང་སོང་། །ཤམ་པོའི་གངས་ལ་སྒོམ་ཞིང་སོང་། །རྡོ་བོད་མཚམས་སུ་དགོན་པ་ཐོབ། །
ཅེས་གསུངས་ནས་ལུང་བསྟན་པས། རས་ཆུང་པས་ཕྱག་གསུམ་འཚལ་ནས་མགུར་འདི་ཕུལ་ལོ། །
རྗེ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །དུས་རྒྱུན་པར་བྱིན་གྱིས་རློབ་ཏུ་གསོལ། །ཡང་ཡང་ཐུགས་རྗེའི་ལྕགས་ཀྱུས་བཟུང་བ་ལ། །ཕྱིར་མི་ལྡོག་པ་ཐར་པའི་ཡུལ། །སྐུ་གསུམ་འབྲས་བུའི་རྒྱས་པར་ཕྱུངས། །བླ་མེད་མཆོད་པ་རྒྱས་པར་འབུལ། །ཐུགས་བདེ་ཆེན་ངང་དུ་བཞེས་སུ་གསོལ། །ད་སྣང་བ་ལ་ཨ་འཐས་མེད་པ་དང་། །རྣལ་འབྱོར་ཆགས་འཛིན་མེད་པ་དང་། །སྡོད་པ་ལ་ངེས་པ་མེད་པའི་ཕྱིར། །ཕྱོགས་མེད་ཀྱི་ལྡོམ་བུ་རི་ཁྲོད་ཞུ། །རས་ཆུང་མི་འདུག་དབུས་སུ་འགྲོ། །ཕ་ཡི་བུ་ཆེན་རས་ཆུང་ང་། །བླ་མ་སྤྱི་བོར་སྒོམ་ཞིང་འགྲོ། །བུ་བཞིའི་ནང་གི་དོན་པོ་ང་། །དམ་ཚིག་ཡེངས་མེད་སྲུང་ཞིང་འགྲོ། །བརྒྱུད་པ་རྣམས་ཀྱི་སྲས་བུ་ང་། །སྣོད་མེད་རྣམས་ལ་གསང་ཞིང་འགྲོ། །སྙན་བརྒྱུད་འཛིན་པའི་སྒྲོན་མེ་ང་། །མ་རིག་མུན་པ་སེལ་ཞིང་འགྲོ། །བསྟན་པའི་སྲོག་ཤིང་རས་ཆུང་ང་། །ཆོས་ཀྱི་སྒྲོན་མེ་འཛུགས་ཤིང་འགྲོ། །ང་སོང་དུས་བླ་མ་རིན་པོ་ཆེ། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །འགྲོ་བའི་མགོན་པོ་བདེ་བར་བཞུགས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུར་གྱུར་བླ་མ་བདེ་བར་བཞུགས། །སྐུ་གསུམ་རང་བཞིན་རྡོ་རྗེ་འཆང་། །མཉམ་མེད་བླ་མ་བདེ་བར་བཞུགས། །མངོན་ཤེས་རིག་པའི་རྫུ་འཕྲུལ་ཅན། །ཆོས་ཀྱི་སྤྱན་ཅན་བདེ་བར་བཞུགས། །སྐུ་དྲིན་འཁོར་མེད་རིན་པོ་ཆེ། །མ་རིག་མུན་སེལ་བདེ་བར་བཞུགས། །མཇལ་བས་དོན་ལྡན་མཐུ་སྟོན་ཅན། །བྱང་ཆུབ་ལམ་མཁན་བདེ་བར་བཞུགས། །བདག་གི་བླ་མ་ཀུན་གྱི་བཤེས། །འགྲོ་བའི་སྐྱབས་གནས་བདེ་བར་བཞུགས། །
ཞེས་ཞུས་ནས་རས་ཆུང་པ་སྤྱན་ཆབ་ཕྲུལ་ལེ་བྱུང་ནས་ཡུས་ཀྱིས་བརྣངས་ཏེ། ཚིག་ཐོན་ཀྱང་དབྱངས་མ་ཐོན་པས། བྱ་འོང་གི་སྐད་དེ་ལ་དཔེ་བྱས་ཏེ་སྨོན་ལམ་དྲུག་གི་མགུར་འདི་ཕུལ་ལོ། །
འགྲོ་དྲུག་གི་སེམས་དང་རྒྱལ་བའི་ཐུགས། །རྣམ་རྟོག་གི་དབང་གིས་སོ་སོ་སྟེ། །ཆོས་ཉིད་ཀྱི་ངང་དུ་གཅིག་པ་དེས། །རྟོག་མེད་ཀྱི་དབྱིངས་སུ་མཇལ་བར་ཞུ། །དགུང་སྔོན་གྱི་མདངས་དང་ཉི་ཟླའི་ཟེར། །གླིང་བཞིའི་དབང་གིས་ཤར་ནུབ་བྱུང་། །འོད་ཟེར་དང་མདངས་ལ་འདུ་འབྲལ་མེད། །དགུང་སྔོན་གྱི་དཀྱིལ་དུ་མཇལ་བར་ཞུ། །བོད་ཡུལ་གྱི་ཆུ་དང་རྒྱ་གར་གྱི་ཆུ། །ལུང་པའི་དབང་གིས་སོ་སོ་སྟེ། །འབྱུང་བཞིའི་ངང་དུ་གཅིག་པ་དེ། །རྒྱ་མཚོའི་གླིང་དུ་མཇལ་བར་ཞུ། །གཞི་རང་ལ་ཡོད་པའི་ཡེ་ཤེས་དང་། །འཕྲལ་དུ་སྐྱེས་པའི་རྣམ་རྟོག་གཉིས། །བག་ཆགས་ཀྱི་དབང་གིས་སོ་སོ་སྟེ། །ཆོས་ཉིད་ཀྱི་ངང་དུ་གཅིག་པ་དེ། །རྣམ་རྟོག་ཟད་ཙ་མཇལ་བར་ཞུ། །གཅིག་པུར་སྡོད་པའི་རི་ཁྲོད་དང་། །མང་པོ་འཚོགས་པའི་གྲོང་ཡུལ་གཉིས། །བཞུགས་ཚུལ་གྱི་སྟོབས་ཀྱིས་སོ་སོ་སྟེ། །རང་སེམས་དབེན་པའི་དོན་རྟོགས་ནས། །ཡེ་ཤེས་ཀྱི་དབྱིངས་སུ་མཇལ་བར་ཞུ། །ཕ་རྗེ་བཙུན་རི་ལ་བཞུགས་པ་དང་། །རས་ཆུང་དབུས་སུ་འགྲོ་བ་གཉིས། །དམ་ཚིག་ལ་ངོ་ལྐོག་མ་མཆིས་པས། །འོག་མིན་གྱི་གནས་སུ་མཇལ་བར་ཞུ། །ཕ་རྗེ་བཙུན་སྐུ་ཁམས་བདེ་བར་བཞུགས། །སྔར་ཡང་བཀའ་དྲིན་ཡང་ཡང་ཆེ། །ད་ཡང་བྱིན་གྱིས་བརླབ་པར་ཞུ། །
ཞུས་ནས་མིག་མཆི་མས་གང་བཞིན་དུ་ཞབས་ལ་འཇུས་ནས་སྤྱི་བོར་བཞག་སྟེ།
རྡོ་རྗེ་སྐུ་ཡིས་བྱིན་གྱིས་རློབས། །ཚངས་པའི་གསུང་གིས་བར་ཆད་སོལ། །རྟོག་མེད་ཐུགས་ཀྱིས་ལམ་སྣ་དྲོངས། །ཕ་རྗེ་བཙུན་སྐུ་ཁམས་བདེ་བར་བཞུགས། །བུ་རས་ཆུང་དབུས་སུ་འགྲོ་བ་ལ། །བཀའ་དྲིན་གྱིས་སྐྱེལ་མ་ད་རུང་མཛོད། །ཞེས་ངུ་ཞིང་ཞུས་པས། རས་ཆུང་པའི་དབྱངས་སྙན་པ་དེས་རྗེ་བཙུན་ཡང་ཐུགས་གཡོ་བ་བྱུང་ངོ་། །
དེ་ནས་བླ་མས་རས་ཆུང་པའི་ལག་པ་ནས་བཟུང་ནས། སྙན་བརྒྱུད་ཀྱི་རྗེས་གནང་རྫོགས་པར་གནང་ནས་འདི་གསུངས་སོ། །
ལྟ་བ་ཕྱོགས་རིས་མ་བྱེད་ཨང་། །སྒོམ་པ་རི་ཁྲོད་ཟུང་ཞིག་ཨང་། །སྤྱོད་པ་གྲོགས་ངན་སྤོངས་ཤིག་ཨང་། །དམ་ཚིག་སྣང་བ་བསྟུན་ཅིག་ཨང་། །འབྲས་བུ་འཆི་བ་སོམས་ཤིག་ཨང་། །དེ་བཞིན་ནུས་ན་ཐམས་ཅད་ཚུར་ལ་སྟོན་མཁན་གྱི་བླ་མ་ནི་ང་དང་འདྲ་བ་ཡང་ནས་ཡང་དུ་འོང་། ངས་ཡང་དང་ཡང་དུ་ཉུལ་ལོ་ཞེས་གསུངས་པས། རས་ཆུང་པས་ད་གདམས་ངག་མ་ལུས་ཨང་ཞུས་པས། གཅིག་ལུས་པ་འགོལ་སར་ཆ་ལ་བསྟན་གསུངས་པས། ཅི་ཡིན་བསམ་ཙ། བླ་མས་རས་ཆུང་པའི་མགོ་ལ་ཕྱག་གིས་བརྒྱབ་ནས། འཆི་བ་འཆི་བ་འཆི་བ། ཏུ་གེ་ཏུ་གེ་ཏུ་གེ །ས་ན་ས་ན་ས་ན། འོང་ངོ་འོང་ངོ་འོང་ངོ་གསུངས་ཏེ། བསྒོམ་བསྒོམ་པས་ཁོང་རང་གི་འཕོང་སྤྲེའུའི་འཕོང་བཞིན་ཤ་རོ་དང་རྨན་པོ་དེ་བསྟན་ནས་འདི་བས་ཟབ་པ་མེད་གསུངས་སོ། །དེ་ནས་རས་ཆུང་པས་ཁོ་ཐག་ལོན་ནས་དབུས་སུ་སོང་ངོ་། །དེ་ཐམས་ཅད་དབུས་གཏད་ཞལ་ལྟའི་སྐོར་རོ།། །།

དེ་ནས་རས་ཆུང་པ་དབུས་སུ་བྱོན་ཏེ། དབེན་གནས་རོང་སོགས་རྩེ་གོང་དུ་བཞུགས་པའི་དུས་སུ། རས་ཆུང་པ་ལ་མཛེ་ནད་ལ་ཕན་པའི་གདམས་ངག་ཟབ་མོ་འདུག་ཟེར་བ་ཐམས་ཅད་ཀྱིས་ཐོས་ནས་ཕྱོགས་ཀྱི་མཛེ་ཕོ་མོ་མང་དུ་འདུས། དེ་རྣམས་ལ་གདམས་ངག་གནང་བས་ཐམས་ཅད་ཀྱི་ནད་སོས་པར་མཛད།
དེའི་དུས་སུ་སྔར་ལྷ་ལྕམ་གྱིས་རས་ཆུང་པ་མ་སླེབས་ནས་མོ་ཡི་ཆད་དེ་ལོག་ནས་ཕྱིན་པ་ལ། ཡབ་རྒྱལ་པོས་མོ་ལ་ནག་གཅོད་ཟེར་བས། བློན་པོ་ཚོས་ནག་བཅད་ན་དམེར་འགྲོ། ནང་པར་སྒོ་འདིར་སུ་སྔ་གཅིག་ལ་བྱིན་བྱས་པས། ད་ནང་ཕ་བཟང་བུ་ཅིག་ཨེ་འོང་བྱས་ཙ། ལས་དབང་གིས་ཞང་གི་མཛེ་པོ་དགའ་ལེ་བྱ་བ་ཞིག་བྱུང་བ་དེ་ལ་བྱིན་པས། མཛེ་པོའི་གཡོག་བྱས་པས་མོ་ལ་ཡང་མཛེ་བྱུང་། སྤྲང་སྤྲང་ནས་སྡུག་ཐུག་ནས་ཡོད་པ་ལ། མི་གཅིག་གིས་རས་ཆུང་བ་རོང་སོགས་རྩེ་གོང་ན་ཡོད། མཛེ་ནད་པ་བརྒྱ་རེ་ཙམ་ཕན་ཟེར་བས། དེ་མ་ཐག་སྤྲང་ཞིང་འོངས་པས་རས་ཆུང་པའི་དྲུང་དུ་སླེབས། རིན་ཆེན་གྲགས་ཀྱིས་བླ་མ་རས་ཆུང་པ་ལ། ལྷ་ལྕམ་མ་མོས་མཛེའི་གདམས་ངག་ཞུ་བ་དང་བཤགས་པ་བྱེད་འོང་བ་ཡིན་ཟེར་བདོ། བཤགས་པ་དང་དུ་མི་ལེན་ན་གསོན་སྡུག་བས་ཤི་བས་སྐྱིད་ཟེར་བ་ཞུས་པས། འོ་ན་ངེད་གཉིས་ཀྱི་བར་དུ་རས་ཡོལ་ཐོང་ལ་འོང་ཆུག་གསུངས། མ་འོང་མ་འོང་ལ་མགུར་འདི་གསུངས་སོ། །
ཤོ་ཨ་ཙེ་ཨ་ཙེ་ང་རེ་འཇིགས། །ལྷ་ལྕམ་ལྡེམ་བུ་བྱོན་ལགས་སམ། །དྲིན་ཅན་བླ་མ་བརྡུང་བ་ཡི། །སྟོབས་ཅན་མ་དེ་བྱོན་ལགས་སམ། །ལོ་ཚོད་ཅོད་པན་བཏགས་པ་ཡི། །མོས་གུས་ཅན་དེ་བྱོན་ལགས་སམ། །སིང་པོས་སྐུ་ཁྲུས་གསོལ་བ་ཡི། །དག་སྣང་ཅན་དེ་བྱོན་ལགས་སམ། །སྦང་ཟན་སྒྱོག་རྡོ་བརྒྱག་པ་ཡི། །ཤུགས་ཅན་མ་དེ་བྱོན་ལགས་སམ། །རྒྱག་དབྱུག་མ་མོའི་བརྒྱག་པ་ཡི། །དཔུང་ཤེད་ཅན་དེ་བྱོན་ལགས་སམ། །ཚིག་ངན་མཚོན་ཆ་འཕེན་པ་ཡི། །ལྕེ་བདེ་མ་དེ་བྱོན་ལགས་སམ། །ཞེས་གསུངས་ཏེ། མོ་གཡུ་ལ་དགའ་བ་ཡིན་གསུང་ནས་དྲུག་དཀར་སྦར་གང་བྱིན་ནས་འདི་ཁྱེར་ལ་སོང་གསུང་པས། ང་ལ་གཡུ་མི་དགོས་ཟེར་ནས་མོས་ཡུས་ཀྱིས་བརྣངས་ཏེ་བཤགས་པ་འདི་ཕུལ་ལོ། །
ཕ་བཤགས་པ་དང་དུ་ལེན་པར་ཞུ། །བཤགས་པ་དང་དུ་མི་ལེན་ན། །སྡུག་གྲི་སོར་གསུམ་སྙིང་ལ་འཛུག །ཚེ་འདིའི་འདུ་བྱེད་གུམ་པ་ལ། །གཏམ་སྙན་པའི་བཟང་ངན་ཅི་སྒྲོགས་པ། །ཕ་རས་ཆུང་པ་ཡི་ཐུགས་ཀྱིས་མཁྱེན། །ལར་མི་ཤེས་མུན་པ་སེལ་བ་དཀའ། །འགྱོད་པ་ཆེ་སྟེ་བྱ་ཐབས་མེད། །ལས་ངན་ལས་ཀྱི་ལ་ཡོགས་དེ། །ཚེ་འདི་ལ་སྨིན་པ་ནུས་པ་ཆེ། །ལུས་ངན་གྲིབ་མའི་མཛེ་གྲོགས་དེ། །སྡུག་བསྔལ་ནད་ཀྱིས་གདུང་བ་ལ། །སྙིང་རྗེ་དང་བྱིན་རླབས་མ་ཆུང་བར། །ཐུགས་རྗེའི་ལྕགས་ཀྱུས་དམ་དུ་ཟུང་། །ཞེས་ཞུས་པས། རས་ཆུང་པས་སྡིག་སྦྱངས་འདི་མགུར་དུ་གསུངས་སོ། །
ཤོ་ཨ་ཙ་མ་ན་ང་རེ་འཇིགས། །བླ་མ་རྡུང་བའི་མཐུ་མོ་ཆེ། །སྦར་ཤད་བྱེད་པའི་སེན་རྣོན་མ། །དཔེ་བུམ་འཕྲོག་པའི་དབང་མོ་ཆེ། །རྐྱག་ཁ་ཟློ་བའི་སྨྲ་མཁན་མ། །ཁྱོད་དང་རྣལ་འབྱོར་བདག་ཅག་གཉིས། །སྔོན་ལས་རྐྱེན་གྱིས་ལྷན་དུ་འཛོམ། །རང་ལན་རང་གིས་སྡུག་བསྔལ་སྤྱོད། །ཁྱོད་རིན་ཆེན་སྲོག་དང་དེས་བྲལ་བྱས། །ཁྱོད་བླ་མ་བསྐྱུར་ནས་ཞང་དང་འགྲོགས། །ནད་གཡོག་སྡུག་བསྔལ་མ་སྤྱད་དམ། །རྒྱལ་མཁར་བཞག་ལ་སྒོ་ཕུག་འགྲིམ། །མི་ཁའི་དམག་གིས་མ་བསྐོར་རམ། །རྟ་འོལ་བ་བཞག་ནས་བོང་སྣ་ཁྲིད། །ཡི་མུག་རྒྱུན་དུ་མ་སྐྱེས་སམ། །ནོར་གསོག་འཇོག་བཞག་ནས་རྡོག་ཁམ་སྒུག །མུ་གེའི་རྫོང་ལ་མ་བསྡད་དམ། །ཐེར་ཕྲུག་བཞག་ནས་ར་སློག་གྱོན། །ཤིག་སྲོ་མའི་བུ་ལོན་མ་ཆགས་སམ། །
ཞེས་གསུངས་པས་མོས་གླུ་འདི་ཕུལ་ལོ། །
ཕ་ཡི་བུ་ཆེན་རས་ཆུང་པ། །རྗེ་རས་ཆུང་པ་ལ་གསོལ་བ་འདེབས། །ང་སྐྱེ་སར་སྐྱེས་པའི་རང་རྩིས་དང་། །སྒྱུ་མ་ནོར་གྱི་རང་མཐོང་དང་། །བསམ་པ་བརླག་པའི་སྤྱོད་པ་དང་། །རང་འབྱོར་ཆེ་བའི་རང་དབང་དང་། །ཞེ་སྡང་འཁྲུགས་པའི་ང་རྒྱལ་གྱིས། །ཕ་བླ་མའི་བུ་ལ་གནོང་འགྱོད་ཤོར། །རྗེ་རས་པ་ཁྱེད་དང་མཉམ་འཇོག་བྱས། །དེ་ཞེ་གནོང་ཆེ་སྟེ་བཟོད་པར་གསོལ། །ང་ལྷ་མིའི་ཁྲོམ་པས་འཕྱར་ཟློས་བྱས། །ཚང་ཟླ་རོགས་མོ་ཡི་ཞེ་ཁྲེལ་བཅུག །རྒྱལ་པོ་ཕ་ཡིས་ཁྲིམས་ལ་གཏད། །ལ་ཡོགས་ཁྲེལ་གྱི་མཛེ་པོས་སླེབས། །སྡུག་བསྔལ་སྤྲང་གི་ཐ་མས་བསྐོར། །ར་སློག་དུག་པོ་དགུ་བརྩེགས་ལ། །ཤིག་སྲོ་མའི་བུ་ལོན་འཁོར་སྙམ་མེད། །བོང་སྣ་མཛེ་ཕོའི་ནད་གཡོག་ལ། །སྡུག་ཡི་མུག་གི་ཐ་མ་འཛད་སྙམས་མེད། །ཕ་བཤགས་པ་དང་དུ་ལེན་པར་ཞུ། །བཤགས་པ་དང་དུ་མི་ལེན་ན། །ནམ་ཡང་སྡུག་གྲིར་འཆི་བ་ལ། །ཕ་རྗེ་བཙུན་ཁྱེད་ཀྱི་དྲུང་དུ་འགུམ། །བདག་ལྷ་ཆོས་སྙིང་ནས་བསམ་ནས་མཆི། །ཁྱེད་ཀྱིས་མ་བརྗེད་ཐུགས་རྗེས་བཟུང་དུ་གསོལ། །
ཞེས་ཞུས་པས། རས་ཆུང་པས་སྙིང་རྗེ་སྐྱེས་ནས་གསེར་བླ་མས་བསྐུར་ཡོད་པ་བྱིན་ཏེ་མགུར་འདི་གསུངས་སོ། །
སྐྱེས་མཆོག་མི་ལའི་སྐུ་ལ་གསོལ་བ་འདེབས། །བཀའ་དྲིན་ཡང་ཡང་བྱིན་པས་ཐུགས་རྗེས་ཟུང་། །ཁྱེད་སྔར་དང་མི་འདྲ་བླ་བོ་བཤན། །ང་བླ་མའི་དྲུང་དུ་བྲོས་ནས་སོང་། །འོ་སྐོལ་འཐབ་གཞིའི་གཡུ་མོ་ཆེ། །མཎྜལ་སྟེང་དུ་བཞག་ནས་འདུག །དེ་མཐོང་བས་ཁོ་བོ་བ་སྤུ་གཡོས། །སྔར་དབུས་སུ་མ་འགྲོ་མ་འགྲོ་གསུངས། །ད་དབུས་སུ་སོང་ཅིག་སོང་ཅིག་གསུངས། །དེ་དྲན་ཞིང་ཁོ་བོ་ངོ་མཚར་སྐྱེས། །ཕ་རྗེ་བཙུན་དེ་ཡི་རྣམ་ཐར་ལ། །གསེར་དང་ས་རྡོ་ཁྱད་པར་མེད། །གསེར་འདི་ཁྱེར་ཅིག་ཁྱེར་ཅིག་གསུངས། །དེ་དྲན་ཅིང་ཁོ་བོ་ཡི་རང་སྐྱེས། །ཕ་ཡིས་གནང་བའི་གསེར་འདི་ལ། །སངས་རྒྱས་སྐུ་འདྲ་མང་དུ་བཞེངས། །དེས་ལུས་ཀྱི་སྒྲིབ་པ་འདག་པ་ཡིན། །གཟུངས་སྔགས་ཆོ་ག་མང་དུ་ཐོན། །དེས་ངག་གི་སྒྲིབ་པ་འདག་པ་ཡིན། །མཆོད་རྟེན་ཚྭ་ཚྭ་མང་དུ་གྱིས། །དེས་ཡིད་ཀྱི་སྒྲིབ་པ་དག་པ་ཡིན། །ནང་དུ་རང་སེམས་དཔང་པོར་ཞོག །དོན་དུ་སྙན་བརྒྱུད་གདམས་པ་སྒོམ། །ཡང་ཡང་རྗེ་ལ་གསོལ་བ་ཐོབ། །སྐབས་སུ་འགྱོད་པ་ཡང་ཡང་བསྐྱེད། །དེ་ལྟར་མཛོད་དང་དོན་ཆེན་འགྲུབ། །
ཅེས་གསུངས་པས་མོ་དགའ་སྟེ་གསུངས་པ་བཞིན་བྱས་ནས། ཕྱག་བསྐོར་མང་དུ་བྱས་པས་ཁམས་ཀྱང་ཇེ་བདེ་ལ་སོང། མཛེ་པོ་དང་ལྷ་ལྕམ་གཉིས་ཀའི་མཛེ་སོས་སོ། །དེ་ནས་སྙན་བརྒྱུད་ཀྱི་ཁྲིད་གནང་ནས་བསྒོམ་བཅུག་པས། ཉམས་རྟོགས་སྐྱེས་ཏེ་རང་བྱུང་གི་གྲུབ་ཐོབ་མ་བཟང་མོ་ཕར་ལ་ཁྲིད་འདེབས་ནུས་པ་ཅིག་བྱུང་ངོ་། །
ཡང་ལོ་རྒྱུས་ཤིག་ལ། ཁྱོད་དམ་ཚིག་ཉམས་པ་ཡིན་པས་རང་ཡུལ་དུ་སོང་ལ་སྐུ་གསུང་ཐུགས་ཀྱི་རྟེན་གྱི་མདུན་དུ་བཤགས་པ་གྱིས། དེ་ནས་ཤོག་དང་གདམས་ངག་སྟེར་གསུངས། དེ་ནས་ཞང་དང་ལྷ་ལྕམ་གཉིས་ཡུལ་དུ་སོང་ནས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། ཡོ་བྱད་ནོར་རྫས་ཐམས་ཅད་ཆོས་ལ་བཏང་ནས། ཡང་རས་ཆུང་པའི་སྤྱན་སྔར་ཕྱིན་ནས་གདམས་ངག་ཞུས་པས། ལོ་གསུམ་ནས་མཛེ་སོས་སོ། །དེ་ནས་ཁྲིད་བསྐྱངས་པས་ཞང་ཡང་སྒོམ་ཆེན་ཚད་ལྡན་ཞིག་བྱུང་སྐད། ལྷ་ལྕམ་ཡང་རས་མ་ངོ་མཚར་ཅན་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་གྲུབ་ཐོབ་མ་ཅིག་བྱུང་སྐད་དོ། །བླ་མས་ལུང་བསྟན་ནས་མོ་གྲོལ་ནུས་པ་དང་། འགྲོ་བ་མང་པོ་སྨིན་པར་མཛད་དོ། །དེ་ཐམས་ཅད་རོང་སོགས་རྩེ་གོང་གི་སྐོར་རོ།། །།

དེ་ནས་རྗེ་བཙུན་ལ་ཡོན་བདག་མོ་ལྕམ་མེས་བསྙེན་བཀུར་ཆེན་པོ་ཞིག་བྱས་ཏེ། དགེ་བའི་རྩ་བ་བསྔོ་བ་གལ་ཆེ་བར་གདའ་བས། བསྔོ་བ་ཅིག་ཞུ་ཟེར་བ་ལ། རྗེ་མི་ལའི་ཞལ་ནས། བསྔོ་བ་འདི་ལ་ཞིང་། བསམ་པ། དངོས་པོ། ཆོ་ག །དམིགས་པ། སྨོན་ལམ་དང་བདུན་ལྡན་པ་ཞིག་དགོས་པས་དཀའ། མི་ལ་རས་པས་བསྔོ་བ་ཡོན་བཤད་མ་བསླབ། ཤེས་ཀྱང་མི་ཤེས་གསུང་བའི་དུས་སུ། རྗེ་བཙུན་མ་སྒྲོལ་མ་ནམ་མཁའ་ལ་བྱོན་འདི་གསུངས་སོ། །
ཨ་ལ་ལ། སྐྱེས་བུ་ཆེན་པོ་འཇིགས་མི་དགོས། །ཚོགས་རྣམས་མ་ལུས་ཐམས་ཅད་ལ། །སངས་རྒྱས་འགྲུབ་པར་བྱེད་པའི་ཐབས། །ང་ལ་ཡོད་པས་ལད་མོ་མཛོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དགེ་འདུན་བདག་ལ་དགོངས་སུ་གསོལ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །ཐོག་མེད་འཁོར་བ་ཆེན་པོ་ནས། །སྦྱིན་དང་ཚུལ་ཁྲིམས་སྒོམ་པ་ཡི། །དགེ་བགྱིས་བགྱིད་སྩལ་རྗེས་ཡི་རང་། །ད་ལྟར་བགྱིས་པའི་དགེ་བ་འདིས། །སྦྱིན་པ་དམ་པ་སེམས་ཀྱིས་ནི། །རྒྱན་དང་ཡོ་བྱད་རྣལ་འབྱོར་གྱི། །ཚོགས་སུ་གྱུར་ཏེ་ཕ་མ་དང་། །མཁན་པོ་སློབ་དཔོན་ལ་སོགས་ཀྱི། །ཆེད་དུ་སངས་རྒྱས་ཐོབ་པར་ཤོག །མ་ཐོབ་བར་དུ་བདག་དགེ་འདིས། །ཐེག་ཆེན་བླ་མ་དམ་བསྟེན་ནས། །སྡོམ་གསུམ་གནས་པའི་ལུས་བཟུང་སྟེ། །ཡིད་ལ་འདོད་པ་ཀུན་འགྲུབ་ཅིང་། །ཕན་ཚུན་སྡིག་སོགས་མེད་པར་ཤོག །འདིར་ཡང་དགེ་འབྱུང་བསོད་ནམས་ཀྱིས། །ཚེ་དང་བསོད་ནམས་ལོངས་སྤྱོད་དང་། །འཁོར་དང་དགེ་སྦྱོར་ལ་སོགས་པ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས། །ཐར་པའི་སྲོག་གཅོད་བྱེད་པ་ཡི། །བར་དུ་གཅོད་པ་ཞི་གྱུར་ཅིག །ཅེས་གསུངས་ནས་བླ་མ་དང་ཐམས་ཅད་ཀྱི་བསྔོ་བ་དུས་གཅིག་ལ་མཛད་དོ། །དེ་ནི་ལྕམ་མེའི་བསྔོ་བའི་སྐོར་རོ།། །།

དེ་ནས་སྙེ་ནམ་པའི་མི་ང་དང་མ་ཕྲད་པ་ཐམས་ཅད་དང་། འབྲེལ་པ་ཡོད་པ་རྣམས་ཀྱིས་ཚོགས་འཁོར་རྒྱུ་རེ་ཁྱེར་ལ་ཤོག་གྱིས་ལ་སྐད་ཐོང་གསུངས། དེར་ཐམས་ཅད་འཚོགས་པ་དང་ཚོགས་འཁོར་དང་ཆབ་གཏོར་མང་དུ་མཛད་པ་ལ། ནམ་མཁའ་ལ་འཇའ་འོད་ཀྱི་གུར་དང་། མེ་ཏོག་མང་པོ་བབས་པས་འདི་རྣམས་ཅི་ཡིན་ན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །
ནམ་མཁའ་ཆོས་དབྱིངས་དག་པ་ལ། །ལྷ་དང་ལྷ་མོའི་ཆོས་ཉན་སླེབས། །ཁྱོད་སྐྱེ་བོ་ཕལ་པས་ག་ལ་མཐོང་། །ངས་ནི་ཐམས་ཅད་ས་ལེར་མཐོང་། །ཁྱེད་འདིར་འཚོགས་ཀྱི་ཁྲོམ་པ་ཆོས་ལ་ཉོན། །སྔོན་ནས་ལས་ངན་བསགས་བསགས་པས། །མ་ལ་སྐྱེས་ནས་སྡིག་ལས་དགའ། །ཅིས་ཀྱང་དགེ་བ་མི་འདོད་ཅིང་། །རྒས་ཀྱང་བསམ་པ་མི་དགེ་བ། །ལས་ཀྱི་རྣམ་སྨིན་དུ་ཁ་ཡིན། །སྡིག་དེ་བཤགས་པས་ཨེ་འདག་པ། །དགེ་བ་དྲན་ན་འདག་པ་ཡིན། །ལར་བསམ་པ་ཤེས་ལ་སྡིག་སྤྱོད་པ། །ཁམ་ཟན་གཏམ་ངན་བརྗེ་བ་ཡིན། །རང་ཡང་གར་འགྲོ་མི་ཤེས་པས། །རོགས་ལ་གནོད་པ་སྣ་ཚོགས་པ། །རང་གི་སྡུག་བསྔལ་སྣ་ཚོགས་སྤྱོད། །ད་ངེས་པར་སྡུག་བསྔལ་མི་འདོད་ན། །གཞན་ལ་གནོད་པ་ཐམས་ཅད་སྤངས། །ལྷ་དང་བླ་མའི་ཞབས་དྲུང་དུ། །སྡིག་པ་འགྱོད་པས་བཤགས་པ་གྱིས། །ཕྱིན་ཆད་མི་བྱེད་དམ་བཅའ་ན། །མྱུར་དུ་དམ་པའི་སྡོམ་པ་ཡིན། །ལར་སྡིག་ཅན་ཕལ་ཆེར་དབང་པོ་ཉམས། །གཏན་ཚུགས་མེད་པར་ཡེངས་ལ་དགའ། །ཆོས་ཀྱི་སྣང་བ་བྲལ་སྙམ་ན། །ད་རུང་ལས་ངན་ཡོད་རྟགས་ཡིན། །དེ་ལ་བཤགས་པ་ཡང་ཡང་གྱིས། །
ཞེས་གསུངས་པས་ཁྲོམ་པ་རྣམས་ཀྱིས་བཤགས་པ་བྱས། སྡིག་པ་འབུལ་མཁན་ཡང་མང་དུ་བྱུང་། ཉ་པ་གཅིག་གི་ཉ་རྒྱ་ཕུལ་བས། ཁྱོད་ཉ་ཅི་ཙམ་བསད་ང་ལ་འདི་འབུལ་ནས་ཅི་བྱེད་བྱས་པས། རྒྱ་སོ་མ་ཞིག་བྱས་ཡོད་པས་འདི་འབུལ་བ་ཡིན་ཟེར། བླ་མའི་ཞལ་ནས། ཨ་མཚར་པོ་སོ་མ་བྱས་ནས་རྙིང་པ་ཕུལ་བས་ཕན་པ་མེད། ཉ་གཏིང་ནས་མི་གསོད་པར་ཁས་ལོང་གསུངས་པས། དེས་ན་ང་ལྟོགས་དྲིར་འཆི། ཉག་ཉོག་ཡང་མང་ཞུས་པས། ཁྱོད་ལྟོགས་དྲིར་མི་འཆི་བའི་ཁག་ཁུར། དེས་ན་ངའི་གླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །
མ་ཀི་རྒྱ་ནག་གི་ཤན་པ་དེ། །མི་རང་བས་བཟང་བ་མང་པོ་གསོད། །མི་ཤ་ལ་དོང་ཁ་མི་ལོག་པར། །མི་ཤ་ཟོས་ཟོས་གོད་ཤ་རླག །ལུས་ལག་ཁོག་ཙམ་དེ་མ་ཁྱོག་པས། །ལས་དེ་འདྲ་བྱེད་ཅིང་དམྱལ་བར་འགྲོ། །ལས་དེ་འདྲ་བསམ་ན་སྙིང་རླུང་ལྡང་། །བུ་ཉ་པ་སྡིག་པ་ཕུལ་དང་སྐྱིད། །མ་ཀི་ལྷོ་མོན་གྱི་ས་མཐའ་ན། །མ་རྒན་མོ་གསོད་ཅིང་མནའ་མ་ལེན། །ཞིང་ངན་པ་ཁྱི་ཕག་གི་ཞབས་ཏོག་བྱེད། །ལས་ངན་མ་ཤ་བུ་ཡིས་ཟ། །སྡིག་ཆེན་པོ་ཕ་མ་གསོད་པའི་མི། །མནར་མེད་དམྱལ་བར་རྒྱུན་དུ་བསྲེགས། །དེ་བས་དེ་འདྲ་གྲུབ་པའི་གོ་ཆོད་པོ། །འདི་དྲན་ཅིང་སྣང་བ་ཡང་ཡང་འཁྲུགས། །བུ་ཉ་པ་སྡིག་པ་ཕུལ་དང་རྒྱགས། །བྱང་རེལ་ལུག་སྐྱོང་བའི་འབྲོག་པ་རྣམས། །རེལ་ལུག་བུ་ཕྲུག་བཞིན་དུ་གསོ། །ཡར་ཚར་ཙ་རྒྱབ་ལ་མྱོང་མྱོང་བྱེད། །གང་ཚོ་གང་ཚོ་ངན་སྔགས་འདེབས། །རང་བས་དྲུང་བའི་མིག་སེར་གསོད། །ཁྱིམ་ནི་གཤིན་རྗེའི་ཁང་པ་བཞིན། །ཉིན་གཅིག་གི་བདེ་སྐྱིད་དེ་དེ་ལ་རག །ཞོ་བལ་བྱིན་པའི་དྲིན་ལན་ཡིན། །དེ་དྲན་ཅིང་མཆི་མ་ཁོང་ནས་འཁྲུགས། །བུ་ཉ་པ་སྡིག་པ་ཕུལ་ན་དགའ། །ཕ་ཀི་བྱང་གི་རི་ཤི་དེས། །སེམས་ཅན་གང་མཐོང་ཟས་སུ་མཐོང་། །ཉེས་མེད་སེམས་ཅན་གསོད་ལ་དགའ། །དྲུང་དྲུང་ཅོར་ཅོར་མགོ་སུག་ལ། །ཡ་ང་བག་ཚ་མི་སྐྱེ་བར། །སྤུ་ཟེང་ངེ་ཁུར་ནས་ཕོ་བྱས་སྙམས། །ཁ་བྱི་ཁུང་ཙམ་ཅིག་མ་སོས་པས། །ལས་དེ་འདྲ་བྱེད་ཅིང་དམྱལ་བར་འགྲོ། །འདི་དྲན་ཅིང་བསམ་པ་ཡང་ཡང་འཁྲུགས། །བུ་ཉ་པ་སྡིག་པ་ཕུལ་ན་དགེ །ནུབ་ཀྱི་མ་ཕམ་མཚོ་འགྲམ་ན། །ཁྱོད་ཉ་པ་སློང་པོས་ཉ་རྒྱ་སྒྲུབ། །རྒྱ་རྩིང་ཞིབ་གསུམ་དུ་ཡོད་དོ་སྐད། །ཉ་ཆེ་ཆུང་གསུམ་དུ་འཛིན་ནོ་སྐད། །ངན་ལ་མགོ་ཆུང་གི་བསམ་རླག་པོ། །ཁྱོད་ཉ་མང་དུ་སོད་ཀྱང་ལྟོགས་སུ་འགྲོ། །ཁ་ཐོག་བརྒྱ་བརྒྱ་ལྟོ་ཐེབ་རེ། །དྲུང་ཧྲིག་གེ་ཟ་བ་ཁ་མི་གཡའ། །ལར་སྙིང་རྗེ་འདི་ནི་གོལ་ས་ཆེ། །བུ་དམད་སྙིང་རྗེས་གསོའོ་སྐད། །ཚོང་ཕུང་རྫ་ལོག་བྱུང་ན་ཅི་མ་རུང་། །ལས་དེ་འདྲ་སྤྱད་ཅིང་གསོ་གསོ་ཡང་། །ཕ་མ་བུ་གསུམ་ངན་འགྲོར་ལྟུང་། །ཕན་འདོགས་གནོད་པ་འཇིགས་པའི་རྒྱུ། །ཕན་དེ་འདྲ་མ་བྱེད་ལྷ་ཆོས་མཛོད། །ངས་འདི་འདྲ་དྲན་ཞིང་ཡི་མུག་འཁྲུགས། །བུ་ཉ་པ་སྡིག་པ་ཕུལ་དང་བཟང་། །
ཞེས་གསུངས་པས། ཉ་པ་དད་པ་སྐྱེས་ནས་མཆི་མ་མང་པོ་བྱུང་བས་རྐྱེན་བྱས་ཏེ། སྡིག་པ་བྱེད་མི་རྣམས་སྙིང་ཚ་ཟིང་ཟིང་སོང་བས། རི་དྭགས་བྱེད་ཚད་ཕུལ་ལོ། །ཉ་པས་ཉ་རྒྱ་དང་སྡིག་པ་ཕུལ། སྲོག་སྡོམ་བླངས་ནས་ཕ་མ་བུ་གསུམ་གྱིས་མ་ཎི་དུང་ཕྱུར་རེ་རེ་ཁས་བླངས་པས། ཉ་པ་སྐྱིད་པ་དང་དར་རྒྱགས་སུ་སོང་ནས། ཤི་བའི་དུས་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷར་ཕ་མ་བུ་གསུམ་སྐྱེས་ཏེ། དེ་ལ་བརྟེན་ནས་རྗེ་བཙུན་དང་མངོན་དགའི་ཞིང་དུ་མཇལ་ལོ། །
དེ་ནས་ཡོན་བདག་ཅིག་གིས། ངེད་འདི་ཚོས་སྡིག་པ་མི་བྱེད་བསམ་ཡང་འཇིག་རྟེན་པའི་ལས་འདི་ལ་སྡིག་པ་རེ་མི་བྱེད་པའི་ཐབས་མ་བྱུང་། དཔོན་དང་རྗེ་བོ་དང་ཆེན་པོ་རྣམས་ཀྱང་སྡིག་པ་ལ་མཉེས་པར་འདུག །སྡིག་ནུས་ཚད་རྒོད་པོར་རྩི་བ་གདའ། ཁོང་མི་ཆེ་ཆེ་དང་དབང་ཆེ་ཆེ་ལ་ཞལ་ཏ་རེ་མཛོད་ཅེས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །
འོ་ན་ཡོན་བདག་བསམ་པ་ཅན། །བསམ་པ་བཟང་པོའི་ཁ་ཚིག་ལེགས། །ཆེན་པོ་ལུས་ངན་ལས་ཀྱིས་འཁྲུལ། །རྒྱལ་ངན་མི་ངན་ཁ་ལ་ཉན། །དཔོན་ངན་གཡོག་གིས་ཁ་ལོ་སྒྱུར། །མི་ངན་ཁ་ཡི་ཟས་ལ་གཉག །བསམ་ངན་འཁྲུག་པའི་ཕུང་གཞི་བསྐུལ། །འདི་བསམ་བཞིན་རྣལ་འབྱོར་ཞེན་པ་ལོག །བུ་དད་ཅན་དམ་པའི་ལྷ་ཆོས་མཛོད། །ལར་རིང་པོར་མི་སྡོད་འཆི་བ་ལ། །རྟ་བརྒྱ་བརྒྱ་འཛིན་ཀྱང་རེ་རེ་ཞོན། །གོས་བརྒྱ་བརྒྱ་བརྩིག་ཀྱང་གཅེར་བུར་སྡོད། །འབྲི་བརྒྱ་བརྒྱ་བཞོ་ཡང་བེལ་སྐེ་གཅོག །སྡུག་གསོག་བྱས་ཀྱང་མི་ཡིས་སྤྱོད། །ཁྱེད་ཕྱུག་པོའི་ནོར་ལ་ཞེན་པ་ལོག །བུ་དད་ཅན་ཡོད་ཚད་ཆོས་ལ་ཐོང་། །དམག་བརྒྱ་བརྒྱའི་ནང་ནས་རང་མགོ་ཐོན། །འཐབ་ཚོད་དང་འབྲོས་ཚོད་མི་ཤེས་པར། །འཁྲུག་པའི་སྣ་ལ་རང་སྲོག་གཏོང་། །ཁོ་ཤི་བས་ཕན་པ་ཡོད་ལོ་སྐད། །ཁྱེད་དཔའ་བོའི་འཐབ་ལ་ཤིན་ཏུ་འཇིགས། །བུ་དད་པ་ཅན་བཟོད་པ་སྒོམ་ཞིག་ཨང་། །གོང་དུ་ཆོས་རྒྱལ་གྱི་བཀའ་ཁྲིམས་མེད། །སྡིག་པའི་ཚོགས་དཔོན་ལ་བློ་གཏད་མེད། །ཟས་ངོའི་འདུན་མ་ལ་ཡི་ནག་ཆད། །ཁྲམ་པའི་ཞལ་ལྕེ་སྙིང་ལ་གཟན། །མི་དཔོན་གྱི་ཁ་ད་ངས་མི་འོང་། །བུ་དད་པ་ཅན་རང་མགོ་ཐོན་ན་ལེགས། །མི་ངན་གྱི་གཡོག་པོས་ཁྲེལ་ངན་བསྒོ། །གཏམ་ངན་ཟེར་ཟློས་ཇེ་མང་འགྲོ། །གཞུང་ངན་ལས་ངན་སྣང་བ་འཁྲུལ། །ཁ་མཆུའི་གཞི་མ་ངས་མི་འདོད། །བུ་དད་པ་ཅན་རང་རྩིས་ཆུང་བར་མཛོད། །བུ་ཕྲུག་གི་སྐྱོང་བྲན་རང་སྐལ་འཆད། །རེལ་ལུག་གི་བདག་པོ་སྡིག་པ་ཆེ། །ཆུང་མའི་ཞབས་ཏོག་ཕུགས་སུ་ལྷུང་། །ཁྲེལ་ངན་གྱི་རྐུ་རྫུན་གནོང་འགྱོད་ཆེ། །བུ་དད་པ་ཅན་སོ་ནམ་ཆོས་ལ་གྱིས། །
ཞེས་གསུངས་པས་ཡོན་བདག་དད་པ་སྐྱེས་ནས། བསགས་ཚད་ཆོས་ལ་བཏང་ནས་སྡིག་པ་ཕུལ། སྐྱབས་འགྲོ་དང་ཕྱག་བསྐོར་དང་མ་ཎི་རང་བརྗོད་པས་ཤི་བའི་དུས་ཐར་པ་ཐོབ་བོ། །
ཡང་འགས་ངེད་ལ་ཡང་ཞལ་ལྟ་རེ་མཛད་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ཁྱེད་རྣམས་ཐམས་ཅད་ངས་ཟློ་བས་མི་ལོང་། གཅིག་ལ་བཟླས་པ་དེ་ཐམས་ཅད་ཀྱི་སྐལ་པ་གྱིས་གསུངས་ནས་མགུར་འདི་གསུངས་སོ། །
རྗེ་བླ་མའི་ཞབས་ལ་གུས་པས་བསྟོད། །ཁྱེད་དཔོན་པོས་གཡོག་པོ་སྐྱོང་འདོད་རྣམས། །གཡོག་ལ་གཟན་ཚོལ་མ་བྱེད་ཅིག །གཡོག་པོས་རྗེ་བོ་ཁུར་འདོད་རྣམས། །རྗེ་ལ་གཞུང་ངན་མ་བྱེད་ཅིག །ཕྱུག་པོ་བེལ་ལུག་སྐྱོང་འདོད་རྣམས། །རང་ནོར་རང་གིས་མ་གསོད་ཅིག །དཔའ་བོས་སྟག་འཐབ་བྱེད་འདོད་རྣམས། །ཁ་མཆུ་འཁྲུག་པ་མ་སྐུལ་ཅིག །མཛངས་མས་གསོག་སྙིང་འདོད་པ་རྣམས། །མ་འོ་མ་བུ་སྐལ་མ་གཅོད་ཅིག །གཉེན་དང་ཉེ་དུ་འགྲོགས་འདོད་རྣམས། །གཤིས་ངན་སྡུག་འཐབ་མ་བྱེད་ཅིག །དྲིན་ཆེན་ཕ་མ་ཁུར་འདོད་རྣམས། །དྲིན་ལན་ལོག་པ་མ་འཇལ་ཅིག །ལས་དང་བྱ་བ་བྱེད་འདོད་རྣམས། །སྡིག་པའི་ལས་ལ་མ་སྒྲེ་ཞིག །དཀོན་མཆོག་ལ་མཆོད་པ་འབུལ་འདོད་རྣམས། །ཡུལ་དང་ཞིང་ས་མ་ནོར་ཞིག །ཆུ་སྦྱིན་གཏོར་མ་གཏོང་འདོད་རྣམས། །སེར་སྣ་ཕོངས་སེམས་མ་བྱེད་ཅིག །ཀློག་དང་འདོན་པ་འདོད་པ་རྣམས། །ཡོན་ལ་སྙོག་མོ་མ་ཚོལ་ཞིག །གང་ཞིག་ཆོས་ལ་འགྲོ་འདོད་རྣམས། །ལས་ངན་ཕྱི་བཤོལ་མ་འདེབས་ཤིག །ཚོགས་དང་མཆོད་པ་འདྲེན་འདོད་རྣམས། །ཐར་པའི་གེགས་ཤིང་མ་བྱེད་ཅིག །ལར་དུས་དང་རྣམ་པ་ཐམས་ཅད་དུ། །ཆོས་དང་མཐུན་པའི་ལས་མཛོད་ཅིག །
ཅེས་གསུངས་པས། དེར་ཡོད་པའི་ཡོན་བདག་རྣམས་ཀྱིས། ངེད་ཚོས་ཚེ་འདི་ལ་སྡིག་པ་བྱས་ཀྱང་ཤུལ་དུ་ཡོད་པའི་བུ་ཚ་བོས་དགེ་བ་དང་དབང་བསྐུར་དང་ཆོ་ག་མཆོད་པ་སྐྱོང་བ་ཡིན་ཟེར་བས། བླ་མ་ཐུགས་སྐྱོ་ནས་མགུར་འདི་གསུངས་སོ། །
ཁྱེད་མི་མང་ཁ་ལ་ཉན་ཕྱོགས་མེད། །ཆ་སྒོག་གཡེར་གསུམ་ཐུ་ལུ་ལུ། །ཁྱེད་ཅལ་ཅོལ་མཁན་རྣམས་ང་ལ་ཉོན། །ཁྱེད་དབང་པོ་ཚང་རིང་སྡིག་བྱེད་ན། །ཤི་ཙ་རོ་ལ་དབང་བསྐུར་བྱེད། །མདང་གསུམ་ནོར་བུ་བོར་བ་ལ། །རྐུན་མའི་རྗེས་ལ་རྡོ་རྒྱག་འདྲ། །ཚེ་འདིར་སྡུག་གསོག་བྱེད་བྱེད་ནས། །ཤི་ཙ་ཕྱི་ལ་གཏོང་ལོ་སྐད། །སེམས་ཅན་ཤི་བའི་ཐེད་རུལ་ལ། །གཅན་གཟན་བྱ་ཁྱིས་ཟ་བ་འདྲ། །དགེ་བཤེས་བཟང་པོར་མཚན་གསོལ་ཡང་། །ནོར་གྱི་ཕྱིར་དུ་ཆོ་ག་བྱེད། །བླུན་པོ་འཚོགས་པའི་གྲོང་ཁྱེར་དུ། །འབྱམ་པས་ཁ་བཤད་བྱེད་པ་འདྲ། །བླ་མ་བཟང་པོའི་མིང་བཏགས་ཀྱང་། །མི་ཤི་དགའ་བའི་སེམས་སྐྱེས་ནས། །ང་ཡི་ཅི་འཐོབ་བསམ་པ་ན། །རྔོན་པས་རི་སུལ་འགྲིམ་པ་འདྲ། །ཟབ་མོའི་དཀྱིལ་འཁོར་བཞེངས་པ་དང་། །བདུན་ཚིགས་ཆོ་ག་གང་བྱེད་ཀྱང་། །སྡིག་པ་བསྔོས་པའི་སྡིག་སྤྱད་ན། །གཤིན་པོ་ཐར་པའི་སྲོག་རྩ་བཅད། །དགེ་དང་སྡིག་པ་མི་ཤེས་པའི། །བརྩོན་འགྲུས་བྱས་ཀྱང་ལྟུང་བའི་རྒྱུ། །རང་གིས་དགེ་ལ་མ་མོས་ན། །ཉེ་བས་བཏང་བ་ཁྱོད་དགེ་མིན། །ལར་ཁ་ལ་ཉེ་བཟང་ལ་བག་ཆགས་བཟང་། །ཆོས་བདེན་པར་བརྗོད་པ་འཕགས་པའི་རིགས། །གཏམ་དྲང་དུ་སྨྲ་བ་རྒྱལ་རིགས་རྗེ། །ཆོས་ནུས་དུས་བྱེད་པ་དུས་ཚོད་ལགས། །བྱམས་པས་ཀུན་ལ་ཕན་པ་རྒྱལ་བའི་སྲས། །དུས་དེང་སང་ཁྲོམ་པའི་ལྷ་མི་རྣམས། །ཁ་ཡ་ཁ་མ་འབོད་ལྷ་ཆོས་མཛོད། །
ཅེས་གསུངས་པས་ཁོང་ཚོ་འགྱོད་པས་དད་པ་སྐྱེས་ཏེ། དེར་འཚོགས་པ་ཐམས་ཅད་ཀྱིས་སེམས་ཅན་མང་པོ་ཚེ་ཐར་ལ་གཏོང་བ་དང་། སྲོག་སྡོམ་ལེན་པ་དང་། བསྙེན་པ་དང་ཁ་ཏོན་མང་པོའི་དམ་བཅའ་བྱེད་པ་དང་། གཞན་ཡང་ཆོས་མིན་པ་རེ་མེད་པར་འདུག་ཟེར་བའི་ངེས་ཤེས་སྐྱེས་པ་མང་པོ་བྱུང་ངོ་། །དེ་ནས་བླ་མ་རྗེ་བཙུན་གྱིས་ཁོང་རྣམས་ལ་འདི་གསུངས་སོ། །
སྙེ་ནམ་ཙར་མའི་བུ་སློབ་རྣམས། །བདག་ལ་ཁྱོད་རྣམས་བཀའ་དྲིན་ཆེ། །བདག་ཀྱང་ཁྱེད་ལ་བཀའ་དྲིན་ཆེ། །བཀའ་དྲིན་མཉམ་པའི་བུ་སློབ་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག །འདིར་བཞུགས་ཡོན་བདག་ཐམས་ཅད་ཀྱང་། །ནད་མེད་ཚེ་རིང་བསོད་ནམས་ལྡན། །བསམ་པ་ལོག་པ་མི་སྐྱེ་ཞིང་། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ཡུལ་ཕྱོགས་འདིར་ཡང་བཀྲ་ཤིས་ཤིང་། །མི་ནད་འཁྲུག་པ་མེད་པ་དང་། །ལོ་ཡགས་འབྲུ་འཕེལ་སྐྱིད་པ་དང་། །ཀུན་ཏུ་ཆོས་ལ་སྤྱོད་པར་ཤོག །བདག་གི་ཞལ་མཐོང་གསུང་ཐོས་དང་། །རྣམ་ཐར་ཡིད་ལ་དྲན་པ་དང་། །མཚན་ནི་རྣ་བར་ཐོས་ཚད་པ། །མངོན་དགའི་ཞིང་དུ་མཇལ་བར་ཤོག །གང་ཞིག་བདག་གི་རྣམ་ཐར་ལ། །དཔྱད་ཅིང་སྒྲུབ་པ་བྱེད་པ་དང་། །ཉན་ཅིང་ཀློག་པར་བྱེད་པ་དང་། །ཕྱག་དང་བསྐོར་བ་མཆོད་པ་ཕུལ། །མངོན་དགའི་ཞིང་དུ་མཇལ་བར་ཤོག །མ་འོངས་གང་ཟག་ཐམས་ཅད་ལ། །གལ་ཏེ་སྒོམ་པར་ནུས་སྲིད་ན། །མི་ཁོ་བོས་དཀའ་བ་སྤྱད་སྤྱད་པས། །གེགས་དང་གོལ་ས་མེད་པར་ཤོག །ཆོས་ཕྱིར་དཀའ་ཐུབ་སྤྱད་པ་ལ། །བསོད་ནམས་དཔག་ཏུ་མེད་པ་ཡོད། །དེ་ལ་འཇུག་ཅིང་བསྐུལ་བ་ལ། །བཀའ་དྲིན་དཔག་ཏུ་མེད་པ་ཡོད། །མི་ཁོ་བོའི་རྣམ་ཐར་ཐོས་པ་ལ། །བྱིན་རླབས་དཔག་ཏུ་མེད་པ་ཡོད། །དཔག་མེད་གསུམ་གྱི་བྱིན་རླབས་ཀྱིས། །ཐོས་པ་ཙམ་གྱིས་གྲོལ་གྱུར་ནས། །བསམ་པ་ཙམ་གྱིས་འགྲུབ་པར་ཤོག །བདག་གི་གནས་དང་གནས་མལ་དང་། །དངོས་པོ་མཆིས་པ་ཐམས་ཅད་ཀྱིས། །གར་སོང་ཡུལ་དུ་བདེ་སྐྱིད་ཤོག །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་འབྱུང་བས་གར་ཁྱབ་པ། །དེ་བཞིན་བདག་གིས་ཁྱབ་པར་ཤོག །ལྷ་ཀླུ་ལ་སོགས་སྡེ་བརྒྱད་དང་། །དེ་བཞིན་གཞི་བདག་འབྱུང་པོའི་ཚོགས། །གནོད་པ་སྐད་ཅིག་མི་སྐྱེལ་ཞིང་། །བསམ་པ་ཆོས་དང་མཐུན་པར་ཤོག །སྲོག་ཆགས་སྲིན་བུ་ཡན་ཆད་པ། །གཅིག་ཀྱང་འཁོར་བར་མི་ལྟུང་བར། །མ་ལུས་ང་ཡིས་འདྲེན་པར་ཤོག །
ཅེས་གསུངས་ནས། ཁྱེད་རྣམས་འདིར་ཤོག་བཟླས་པ་ལ་འདྲེན་རྒྱུ་མེད། ཁྱེད་རྣམས་དྲིན་ཆེ་བས་སྨོན་ལམ་དེ་རྣམས་སྟོན་མོའི་དོད་ཡིན་པས་ཡིད་ལ་བཟུང་། ཁྱེད་རྣམས་ཀྱིས་ཤ་གཟུགས་གཅིག་ལས་ཆེ་བའི་དངོས་པོ་མ་ཕུལ་བས་དཀོར་ལ་ཡང་མ་འདྲེས། དད་པ་ཡང་ཆེ་ཆུང་རན་པས་དགེ་སྦྱོར་ཡང་མ་གཡེང་། ཟ་རྒྱུ་ཁམ་རེ་ཁམ་རེ་བྱིན་པས་ལྟོགས་དྲིར་ཡང་མ་བསད། ངས་སྨོན་ལམ་དང་འབྲེལ་བ་བཟང་བས། ཡུལ་འདིར་ཡང་བདེ་སྐྱིད་ལོ་ལེགས་པར་འོང་ཨང་གསུངས་པས། དེར་འཚོགས་ཚད་ཐམས་ཅད་ཀྱིས་ཕྱག་དང་། བསྐོར་བ་དང་། སྨོན་ལམ་གསོལ་འདེབས་བཀྲ་ཤིས་མང་དུ་བྱས་ནས་སྣང་བ་དགའ་ཡ་ལེ་བྱུང་། ལ་ལ་སྐྱོ་ཤས་དང་མི་རྟག་པ་སྐྱེས་ནས་མཆི་མ་མང་པོ་བྱུང་ངོ་། །
བླ་མ་གྲོངས་པ་ནི་མ་ཤེས། སྔར་བས་ཐུགས་གོམས་པ་ཅི་ཡིན་ནམ། དེ་རིང་ནས་ཉེ་རིང་མེད་པའི་མཉེས་མཉེས་ཐམས་ཅད་ལ་བྱས་པ་ཅི་ཡིན་ནམ་ཟེར། ལ་ལས་བྱིན་རླབས་ཀྱང་ཆེར་སོང་འདུག་ཟེར་ནས། དེར་ཡང་རྗེ་བཙུན་ཆེན་པོས་བཀྲ་ཤིས་ཀྱི་མགུར་འདི་གསུངས་སོ། །
རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས། །རང་དོན་མཐར་ཕྱིན་གདུལ་བྱ་རྣམས། །བདེ་གཤེགས་ས་ལ་འགོད་མཛད་པ། །ཏེ་ལོ་པ་ཡི་བཀྲ་ཤིས་ཤོག །མི་ཕྱེད་དད་དང་བརྩོན་ལྡན་པས། །སྡུག་བསྔལ་ཁྱད་བསད་བཀའ་བཞིན་བསྒྲུབ། །ཚེ་འདིར་མཆོག་གི་དངོས་གྲུབ་བརྙེས། །དཔལ་ལྡན་ན་རོ་པ་ཡི་བཀྲ་ཤིས་ཤོག །དཀའ་བ་སྤྱད་པས་བླ་མ་མཆོག །བསྟེན་ནས་གདམས་ངག་བདུད་རྩི་འཐུང་། །གདོང་དམར་ཡུལ་དུ་གསལ་བྱེད་སྒྲོན། །སྒྲ་བསྒྱུར་ལོཙྪའི་བཀྲ་ཤིས་ཤོག །བརྩོན་པའི་དམ་བཅའ་རི་ཁྲོད་བསྟེན། །མཁའ་འགྲོས་བྱིན་རླབས་འོད་གསལ་ཤར། །རྣམ་འཕྲུལ་མཛད་ནས་འགྲོ་བ་འདུལ། །རྗེ་བཙུན་རས་པའི་བཀྲ་ཤིས་ཤོག །འོད་གསལ་སྐྱེ་མེད་ངང་ལས་མི་གཡོ་བས། །ཆོས་དབྱིངས་མཁའ་ལ་ཆགས་སྡང་གཏི་མུག་སྤྲིན། །ཡེ་ཤེས་རླུང་གིས་རྣམ་པར་གཏོར་གྱུར་ཅིང་། །སྣང་མེད་མཁའ་ལ་འོད་ཟེར་རབ་འཕྲོ་བའི། །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་གསུངས་སོ། །
ཡང་རྗེ་བཙུན་ཆེན་པོས་བཀྲ་ཤིས་ཀྱི་མགུར་འདི་གསུངས་སོ། །
རི་དང་ས་གཞི་ཐམས་ཅད་སྣུམ་ཞིང་གཤིན། །ལྗོན་ཤིང་མེ་ཏོག་འབྲས་བུ་ཁུར་ཆེན་ཁྱེར། །ཆར་རྣམས་དུས་སུ་ལོ་ཏོག་སྐྱེད་ལ་མཁས། །འདི་ནི་བཀྲ་ཤིས་མཚན་མ་དང་པོའོ། །ལོ་དང་ཟླ་བ་དུས་རྣམས་ཐམས་ཅད་བཟང་། །གཟའ་དང་རྒྱུ་སྐར་ཐམས་ཅད་དགེ་བར་རྒྱུ། །ཕྱོགས་རྣམས་སྐྱོང་བ་ཐམས་ཅད་དཔལ་དང་ལྡན། །འདི་ནི་བཀྲ་ཤིས་མཚན་མ་གཉིས་པའོ། །སྐྱེ་བོ་ཐམས་ཅད་དང་བའི་སེམས་ལྡན་ཞིང་། །བྱམས་པས་བལྟས་ནས་སྡུག་ལ་ཕྲག་དོག་མེད། །ལོ་འདབ་བཞིན་དུ་དགེ་བ་ངང་གིས་འཕེལ། །འདི་ནི་བཀྲ་ཤིས་མཚན་མ་གསུམ་པའོ། །ལྷ་རྣམས་ཐམས་ཅད་མཁའ་ལ་མེ་ཏོག་འཐོར། །དྲི་ཟ་རྣམས་ཀྱིས་སྙན་པའི་གླུ་དབྱངས་ལེན། །རྒྱལ་ཆེན་རྣམ་བཞིས་རིན་ཆེན་ཆར་དུ་འབེབས། །འདི་ནི་བཀྲ་ཤིས་མཚན་མ་བཞི་པའོ། །ཨུ་དུམ་ཝ་རའི་མེ་ཏོག་འཇིག་རྟེན་འབྱོན། །བྱང་ཆུབ་ལྗོན་ཤིང་རིན་ཆེན་མེ་ཏོག་རྒྱས། །གསལ་བའི་འོད་ཀྱི་འཇིག་རྟེན་ཀུན་ཏུ་ཁྱབ། །འདི་ནི་བཀྲ་ཤིས་མཚན་མ་ལྔ་པའོ། །འཇིག་རྟེན་དུ་ནི་ཆོས་རྗེ་བླ་མ་བྱོན། །སྲིད་པ་གསུམ་ལས་རྒྱལ་བར་དམ་བཅའ་མཛད། །འགྲོ་བའི་དེད་དཔོན་ཉིད་དུ་ཞལ་གྱིས་བཞེས། །འདི་ནི་བཀྲ་ཤིས་མཚན་མ་དྲུག་པའོ། །བཤེས་གཉེན་དམ་པ་བྱང་ཆུབ་ཤིང་དྲུང་བཞུགས། །སངས་རྒྱས་ཡོན་ཏན་མ་ལུས་མངོན་དུ་གྱུར། །བསམ་པ་ཅི་བཞིན་དམ་ཆོས་བདུད་རྩི་འགྱེད། །འདི་ནི་བཀྲ་ཤིས་མཚན་མ་བདུན་པའོ། །བཀྲ་ཤིས་མཚན་མ་འདི་བདུན་བརྗོད་པ་ཡི། །སྐྱེ་བོ་ཐམས་ཅད་ཚེ་རིང་ནད་མེད་དང་། །དཔལ་དང་འབྱོར་པ་ཤིན་ཏུ་རྒྱས་པ་དང་། །སངས་རྒྱས་ཡོན་ཏན་མ་ལུས་ཐོབ་པར་ཤོག །
ཅེས་གསུངས་ནས་ཐམས་ཅད་སོང་སྐད་དོ། །དེ་ཐམས་ཅད་བྲིན་གྱི་སྨོན་ལམ་དང་བཀྲ་ཤིས་ཀྱི་སྐོར་རོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact