| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (24)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་འདིར་འཚོགས་དད་ལྡན་ཉ་མ་དང་། །གླུ་གྲེ་འགྱུར་མཐུན་པའི་གཞོན་པ་རྣམས། །ཚིག་སྡེབ་སྦྱོར་ལེན་པའི་བུ་མོ་ལྔ། །དོན་དམིགས་ནས་འདྲེན་པའི་དབུས་ན་མོ། །མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །མི་ང་ངོ་ཁྱོད་ཀྱི་མ་ཤེས་ན། །རས་ཆེན་རས་ཆུང་བྱ་བ་ཡིན། །ང་རྒས་པོས་གཡས་ནས་གླུ་ལེན་པ། །མི་ལ་རྣལ་འབྱོར་བྱ་བ་ཡིན། །ཁོང་གཞོན་པས་གཡོན་ནས་རམ་འདེགས་པ། །གུང་ཐང་རས་ཆུང་བྱ་བ་ཡིན། །རྣལ་འབྱོར་སྙན་ཚིག་ཟུང་དུ་བསྡེབ། །དྲིས་པའི་དཔེ་དོན་དངོས་རང་འཆད། །ཉམས་རྟོགས་པ་ཁོང་ནས་རྡོལ་བའི་གླུ། །དོན་དགོས་ཆད་ཅི་གདའ་སེམས་ལ་ཞོག །གངས་དཀར་ཏི་སེ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གངས་ཤེལ་གྱི་མཆོད་རྟེན་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །རི་མགོ་ཁ་བས་གཡོགས་པ་གཅིག །རི་མགོ་ཁ་བས་གཡོགས་པ་དེ། །སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པའི། །རི་བོ་གངས་ཅན་བྱ་བ་ཡིན། །སྤྱིར་འཛམ་བུ་གླིང་གི་ལྟེ་བ་ཡིན། །སེང་གེ་དཀར་མོའི་འགྱིང་ས་ཡིན། །གངས་ཤེལ་གྱི་མཆོད་རྟེན་འདྲ་བ་དེ། །ལྷ་དབང་ཕྱུག་ཆེན་པོའི་ཕོ་བྲང་ཡིན། །སྡེ་བརྒྱད་ཀུན་གྱི་མཆོད་རྟེན་ཡིན། །དེ་མཐའ་གཡའ་རིས་བསྐོར་བ་དེ། །དགྲ་བཅོམ་ལྔ་བརྒྱའི་བཞུགས་གནས་ཡིན། །དེ་མཐའ་སྤང་རིས་བརྒྱན་པ་དེ། །རི་སྤོས་ངད་ལྡན་པའི་རི་བོ་ཡིན། །སྨན་ཤི་གསོས་བདུད་རྩི་འཁྲུངས་ས་ཡིན། །གྲུབ་པ་ཐོབ་པའི་གནས་ཆེན་ཡིན། །ཟག་མེད་ཏིང་འཛིན་བརྙེས་ས་ཡིན། །ངོ་མཚར་དེ་ལས་ཆེ་བ་མེད། །ཡ་མཚན་དེ་ལས་ཆེ་བ་མེད། །མ་ཕང་གཡུ་མཚོ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །མཚོ་གཡུའི་མཎྜལ་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །ཀོ་མོག་ཆབ་ཀྱིས་གང་བ་གཅིག །ཀོ་མོག་ཆབ་ཀྱིས་གང་བ་དེ། །སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པའི། །མཚོ་མ་དྲོས་པ་ཞེས་བྱ་བ་ཡིན། །སྤྱིར་ཆུ་བོ་བཞི་འདུས་ཀྱི་མགོ་བོ་ཡིན། །ཉ་སྲམ་གཉིས་ཀྱི་འཕྱོ་ས་ཡིན། །མཚོ་གཡུའི་མཎྜལ་འདྲ་བ་དེ། །དབུས་ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་ཡིན། །དེ་ལ་ཆུ་ཐིགས་བཏབ་པ་དེ། །བདུད་རྩི་འོ་མའི་ཆུ་རྒྱུན་ཡིན། །ལྷ་མཆོད་སྦྱིན་བརྒྱ་པའི་ཁྲུས་ཆུ་ཡིན། །ཆུ་ཡན་ལག་བརྒྱད་དང་ལྡན་པ་ཡིན། །དེ་མཐའ་སྤང་དང་བྲག་རིས་བརྒྱན་པ་དེ། །ཀླུ་བྲན་རྣམས་ཀྱི་བང་མཛོད་ཡིན། །ཤིང་འཛམ་བུ་ཀྲི་ཤའི་སྐྱེ་གནས་ཡིན། །ལྷོ་འཛམ་བུ་གླིང་ཞེས་དེ་ལས་གྲགས། །ངོ་མཚར་དེ་ལས་ཆེ་བ་མེད། །ཡ་མཚན་ཆེ་ན་དེ་ཆེ་མོད། །བྲག་དཀར་སྤོ་མཐོན་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །བྲག་རིན་ཆེན་སྤུངས་པ་འདྲའོ་སྐད། །མཐོང་ནས་དྲུང་གཏུགས་ཙམ་ན། །སྤང་ལ་བྲག་རི་འབུར་བ་གཅིག །སྤང་ལ་བྲག་རི་འབུར་བ་དེ། །སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པའི། །རི་ནག་པོ་འབིགས་བྱེད་བྱ་བ་ཡིན། །ཡུལ་དབུས་འགྱུར་ཚལ་གྱི་བྱང་ཕྱོགས་ཡིན། །སྤྱིར་རྒྱ་བོད་གཉིས་ཀྱི་སོ་མཚམས་ཡིན། །རྒྱ་སྟག་ཁྲ་བོའི་འགྲིམ་ས་ཡིན། །དེ་ལ་ནགས་ཚལ་སྐྱེས་པ་དེ། །ཙནྡན་དམར་པོའི་སྡོང་པོ་ཡིན། །བཟང་དྲུག་སྨན་པའི་ལྗོན་ཤིང་ཡིན། །བྲག་རིན་ཆེན་སྤུང་པ་འདྲ་བ་དེ། །ལྷ་དྲང་སྲོང་རྣམས་ཀྱི་ཕོ་བྲང་ཡིན། །མཁའ་འགྲོས་ལུང་བསྟན་དབེན་གནས་ཡིན། །སྔར་འདས་གྲུབ་ཐོབ་བཞུགས་ས་ཡིན། །དེ་མཐའ་ཆུ་ཡི་བསྐོར་བ་དེ། །ཀུན་གྱིས་བགྲོད་པར་དཀའ་བ་ཡིན། །ངོ་མཚར་དེ་ལས་ཆེ་བ་མེད། །ཡ་མཚན་ཆེ་ན་དེ་ཆེ་མོད། །ངེད་རས་ཆེན་རས་ཆུང་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གྲུབ་ཐོབ་རྣལ་འབྱོར་ལགས་སོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །མི་ཆེན་ངོ་ཚ་མེད་པ་གཅིག །མི་ཆེན་ངོ་ཚ་མེད་པ་དེ། །མཚན་མའི་རྣམ་རྟོག་ཟད་པ་ཡིན། །མི་རྒན་གཅེར་ཉལ་བྱེད་པ་དེ། །གཟུང་འཛིན་གོས་དང་བྲལ་བ་ཡིན། །ཁ་ནས་གླུ་ཆུང་ལེན་པ་དེ། །ཉམས་མྱོང་ཁོང་ནས་ཤར་བ་ཡིན། །ལུས་ལ་རས་གོས་གྱོན་པ་དེ། །གཏུམ་མོ་མེ་ལྟར་འབར་བ་ཡིན། །འཚོ་བ་ཁམ་ཟན་སློང་བ་དེ། །འདོད་ཡོན་སྲེད་པ་བསྐྱུང་བ་ཡིན། །སྤྱོད་པ་ཅི་དགའ་བྱེད་པ་དེ། །ཚོགས་དྲུག་ལྷག་པར་བཞག་པ་ཡིན། །ངེད་སྐལ་ལྡན་འདྲེན་པའི་བླ་མ་ཡིན། །དད་ཅན་གདམས་ངག་ཞུ་ས་ཡིན། །ཡོན་བདག་ཕོ་མོའི་འཁོར་ས་ཡིན། །མཁས་བཙུན་རྣམས་ཀྱིས་གཏུགས་ས་ཡིན། །སྒོམ་ཆེན་ཉམས་རྟོགས་འབུལ་ས་ཡིན། །སྒྲོ་འདོགས་ནང་ནས་གཅོད་ས་ཡིན། །གནས་ལུགས་གཏན་ལ་འབེབས་ས་ཡིན། །སྐྱེ་མེད་ཁོང་དུ་ཆུད་ས་ཡིན། །གཉུག་མ་རང་སོ་ཟིན་པ་ཡིན། །དྲོད་རྟགས་རྒྱུད་ལ་སྐྱེས་པ་ཡིན། །རང་དོན་ཆོས་སྐུར་རྟོགས་པ་ཡིན། །ཐུགས་རྗེས་གཞན་དོན་བྱེད་པ་ཡིན། །ངོ་མཚར་དེ་ལས་ཆེ་བ་མེད། །ཡ་མཚན་འདི་ལས་ཆེ་བ་མེད། །ཁྱེད་འདིར་འཚོགས་ཀྱི་དད་འདུས་ཕོ་མོ་ཀུན། །ཁྱོད་མ་བསྐོར་བ་ཞིག་མེད་པ་ལ། །སྔོན་ཆད་བསྐོར་བ་ངལ་དུབ་ཡིན། །ད་སྐོར་ན་འཕགས་པ་ཝ་ཏི་སྐོར། །ཁྱོད་མ་ཕྱིན་ས་ཞིག་མེད་པ་ལ། །སྔོན་ཆད་ཕྱིན་པ་རྐང་ཚག་ཡིན། །ད་འགྲོ་ན་རྡོ་རྗེ་གདན་དུ་སོང་། །ཁྱོད་མ་མཐོང་བ་ཞིག་མེད་པ་ལ། །སྔོན་ཆད་མཐོང་བ་དོན་མེད་ཡིན། །ད་ལྟ་ན་ལྷ་ས་འཕྲུལ་སྣང་ལྟོས། །ཁྱོད་མ་ཐོས་པ་ཞིག་མེད་པ་ལ། །སྔོན་ཆད་ཐོས་པ་ཅལ་ཅོལ་ཡིན། །ད་ཉན་ན་སྙན་བརྒྱུད་གདམས་ངག་ཉོན། །ཁྱོད་མ་བརྟེན་པ་ཞིག་མེད་པ་ལ། །སྔོན་ཆད་བརྟེན་པ་ཉེ་དུ་ཡིན། །ད་བརྟེན་ན་བླ་མ་དམ་པ་བརྟེན། །ཁྱོད་མ་བྱས་པ་ཞིག་མེད་པ་ལ། །སྔོན་ཆད་བྱས་པ་ལས་སུ་སོང་། །ད་མཛད་ན་དམ་པའི་ལྷ་ཆོས་མཛོད། །ང་མི་རྒན་གྱི་ཁ་ནས་གཏམ་རྒན་བྱུང་། །དེ་གོ་བས་བསམ་ན་གདམས་ངག་ཡིན། །མ་གོ་བ་ཡི་གླུ་ཆུང་མཛོད། །ངེད་རྣལ་འབྱོར་སྤྱོད་པ་གར་བདེ་ཡིན། །ཁྱེད་ཉ་མ་རྣམས་ཁྱིམ་དུ་ལོག་ལ་བཞུད། །
ཅེས་གསུངས་པས། དབུས་ན་མ་དེ་དད་པ་སྐྱེས་ནས་མགྲོན་ཐོད་དང་ནོར་གཡུ་རྣམས་བླ་མ་ལ་ཕུལ་ཏེ། ཆགས་ཕྱི་ལ་འབྲང་བར་ཞུ་ཞུས་པས། རྗེ་བཙུན་གྱིས་ཁྲིད་དེ་བྲིན་གྱི་ལོ་སྟོང་དགོན་དུ་གཏུམ་མོའི་གདམས་ངག་གནང་བས་ཞག་གསུམ་ནས་དྲོས་ཕེབས་ཏེ་རས་ཐུབ་པ་གཅིག་བྱུང་། དེ་ནས་ཟླ་བ་བདུན་དུ་མཆོང་ལུང་རི་ཁྲོད་དུ་བྱོན་ནས་ཆོས་དྲུག་མ་ལུས་པ་གནང་བས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་སོ། །
དེར་རྗེ་བཙུན་གྱིས་རས་ཆུང་པ་ཁྱོད་སློབ་མ་སྐྱོང་མཁས་པ་ཡིན་པས་འདི་སྐྱོང་ཅིག་གསུང་ནས་རས་ཆུང་བའི་རྗེས་སུ་བཏང་། ཞག་འགའ་རས་མ་ཁམས་མ་བདེ་བས། རས་ཆུང་པས་རླུང་ལ་བརྟགས་པས་ཅང་མི་ཉེས་པ་འདུག་པས། འདི་ལ་དད་པ་གཏིང་ནས་འདུག་གམ་མི་འདུག་བརྟག་སྙམ་ནས་མོ་གར་དགར་བཞག །རས་ཆུང་བ་རི་ལ་བཞུད། ཕྱིས་ལར་ལུང་གི་གད་པ་སྟེང་བྱ་བར་ཡོན་བདག་ཅིག་གིས་ཚོགས་འཁོར་བྱེད་པར་མཇལ། བླ་མ་རས་ཆུང་པས། ཁྱོད་ན་བས་གར་དགར་བཞག་ནས་ང་རི་ལ་སོང་བ་ལ་ཁྱོད་དད་པ་མ་ལོག་གམ་གསུང་ནས། དེར་འཚོགས་པ་ཀུན་ལ་ཚིག་དོན་བསྡུས་པའི་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ཁྱེད་འདིར་འཚོགས་ཡོན་བདག་ཕོ་མོ་ཀུན། །འཇིག་རྟེན་ཆོས་བརྒྱད་མ་སྤངས་པར། །དད་པ་ཅན་ཡིན་མ་ཟེར་དང་། །དད་པ་རྐྱེན་གྱིས་འགྱུར་ཉེན་གདའ། །མི་དགེ་བཅུ་ལས་མ་ལོག་ན། །ཚུལ་ཁྲིམས་ཅན་ཡིན་མ་ཟེར་དང་། །སླར་ངན་སོང་གི་རྒྱུ་རུ་འགྲོ་ཉེན་གདའ། །རང་སེམས་གཡོ་སྒྱུ་མི་གཏོང་བར། །ང་དམ་ཚིག་ཅན་ཡིན་མ་ཟེར་དང་། །རྡོ་རྗེ་དམྱལ་བར་འགྲོ་ཉེན་གདའ། །ཐོས་པ་ཕྱོགས་མེད་མ་བྱས་པར། །ཐེག་པ་གཞན་ལ་མ་སྨོད་དང་། །ཆོས་སྤང་རྒྱུ་རུ་འགྲོ་ཉེན་གདའ། །སྒྱུ་མ་ལྟ་བུར་མ་རྟོགས་པར། །ལས་དགེ་སྡིག་ཁྱད་དུ་མ་གསོད་དང་། །ངན་སོང་གསུམ་དུ་འགྲོ་ཉེན་གདའ། །ཕ་རོལ་གྱི་སེམས་ཤེས་མ་བྱུང་བར། །གང་དང་གཞན་ལ་མ་སྨོད་དང་། །རློམ་སེམས་ལྟུང་བ་ཕོག་ཉེན་གདའ། །སེམས་དང་ཆོས་སྐུ་མ་འདྲེས་པར། །ཉམས་ལེན་མཁན་ཡིན་མ་ཟེར་དང་། །བདུད་ཀྱི་བར་ཆད་འོང་ཉེན་གདའ། །བརྗོད་མེད་དབྱིངས་སུ་མ་སླེབས་པར། །ང་ལྟ་བ་མཁན་ཡིན་མ་ཟེར་དང་། །འབྲས་བུ་ཡིད་སྨོན་དུ་འཆོར་ཉེན་གདའ། །
ཞེས་གསུངས་པས། དེ་ཚོའི་ནང་ནས་རས་ཆུང་མས་གོ་བ་བླངས་ནས། ཞུ་དོན་བཅོ་ལྔའི་རྟོགས་པ་འདི་ཕུལ་ལོ། །
རྗེ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་རློབས། །ཕ་གཅིག་དམ་པ་རྗེ་བཙུན་ལ། །དད་གུས་རྒྱུན་ཆད་མི་བགྱིད་འཚལ། །ལྷ་གཅིག་དཀོན་མཆོག་གསུམ་པོ་ལ། །རྒྱབ་རྟེན་སྤོང་ལེན་མི་བགྱི་འཚལ། །བླ་མའི་སྙན་བརྒྱུད་གདམས་ངག་ལ། །ཐ་སྙད་ལྷན་པ་མི་གདབ་འཚལ། །ཡི་དམ་རྗེ་བཙུན་རྣལ་འབྱོར་ལ། །ཐུན་བཞིའི་རྣལ་འབྱོར་མི་བཅག་འཚལ། །སྣང་བ་སྒྱུ་མའི་རང་བཞིན་ལ། །མངོན་ཞེན་བག་ཆགས་མི་བཞག་འཚལ། །སེམས་ཉིད་རང་རིག་འོད་གསལ་ལ། །རྣམ་རྟོག་ལྷད་ཀྱིས་མི་བསླད་འཚལ། །ཤེས་བྱ་དངོས་པོའི་གནས་ལུགས་ལ། །གཟུང་འཛིན་གྲུབ་མཐས་མི་བཅིངས་འཚལ། །གཉུག་མ་སེམས་ཀྱི་ངོ་བོ་ལ། །བག་ཆགས་བརྟེན་པ་མི་བགྱི་འཚལ། །ཆོས་སྐུ་སྟོང་པའི་རང་བཞིན་ལ། །མཚན་མའི་དྲི་མ་མི་བསྒོ་འཚལ། །ལུས་འབྱུང་བཞིའི་ནད་གཞི་འཐབ་པ་ལ། །གྲོགས་གཞན་རྐྱེན་གྱིས་གྱོད་ཁ་མི་བགྱི་འཚལ། །གདོན་བགེགས་དགེ་སྦྱོར་གྲོགས་པོ་ལ། །ལོག་རྟོག་མོ་པྲ་མི་གདབ་འཚལ། །རྨི་ལམ་བག་ཆགས་འཁྲུལ་པ་ལ། །བདེན་ཞེན་རྟོགས་པས་མི་གཟུང་འཚལ། །དགྲ་སྡང་བཟོད་པའི་བླ་མ་ལ། །གནོད་སེམས་ལེ་ལན་མི་བགྱི་འཚལ། །བླ་མ་གྲུབ་ཐོབ་ཀྱི་མཛད་སྤྱོད་ལ། །རྟོག་དཔྱོད་ཀྱི་སྒྲོ་སྐུར་མི་གདབ་འཚལ། །རང་ཤར་ལྷུན་གྲུབ་སངས་རྒྱས་ལ། །འབྲས་བུ་གཞན་ནས་མི་བཙལ་འཚལ། །རྗེས་འཇུག་སྣོད་ལྡན་སློབ་མ་ལ། །ཐུགས་རྗེའི་ཆུ་རྒྱུན་མི་བཅད་འཚལ། །རྗེ་བླ་མ་དམ་པ་སྐུ་དྲིན་ཅན། །བདག་བློ་དམན་གྱི་སློབ་མ་དྲང་དུ་གསོལ། །ཐུགས་རྗེའི་ཞགས་པས་བཟུང་དུ་གསོལ། །
ཞེས་ཞུས་པས། བླ་མ་རས་ཆུང་པ་ཡང་ཤིན་ཏུ་མཉེས་ཏེ། སྤྱོད་པ་སོ་ཐུབ་པའི་སློབ་མ་སྣོད་ལྡན་དུ་གཟིགས་ནས། དེ་ཕྱིན་ཆད་སྙན་བརྒྱུད་ཀྱི་གདམས་ངག་ཐབས་ལམ་ལ་སོགས་པ་མ་ལུས་པ་གནང་ནས། རས་ཆུང་མས་གནས་མཚོ་ཕྱུག་མོའི་མ་ཆགས་སེ་མོ་དོ་བྱ་བར་ལོ་བརྒྱད་ངག་བཅད་ནས་བསྒོམ་པས། རྟགས་བཅུ་ཡོན་ཏན་བརྒྱད་ལ་སོགས་པ་ཐམས་ཅད་ཚང་ནས་ཐ་མ་འདིར་འདུག་བྱ་བའམ། འདིས་མཐོང་བྱ་བའམ། འདིར་གཤེགས་བྱ་བ་མ་བྱུང་ནས། བླ་མ་རས་ཆུང་པས་མཁའ་སྤྱོད་དུ་གཤེགས་པ་ཡིན་གསུངས་སོ། །
དུས་དེར་བྲིན་གྱི་ལོ་སྟོང་དགོན་པར་གྲ་པ་རྣམས་ནད་དྲག་པོས་ན་བ་ལ། དེར་རྗེ་བཙུན་བྱོན་ནས་ཞབས་སྐྱིལ་མོ་ཀྲུང་མཛད་དེ་ཡང་དག་པའི་དོན་ལ་མཉམ་པར་བཞག་ནས་མགུར་འདི་གསུངས་སོ། །
བྲིན་གྱི་ལོ་སྟོང་དགོན་པ་རུ། །སྒྱུ་མ་ལུས་ཀྱི་དཀྱིལ་ཀྲུང་བཅས། །གཉིས་སུ་མེད་པའི་མཉམ་བཞག་བྱས། །སྐྱེ་བ་མེད་པ་དམིགས་པ་ལ། །ཡེངས་པ་མེད་པའི་བློ་བཞག་པས། །མ་རུང་སེམས་བྲལ་སློབ་མ་བྱས། །ཞི་ཁྲོ་གཉིས་ཀྱི་དགུག་གཞུག་ལ། །བྱམས་དང་སྙིང་རྗེའི་བློ་བཞག་ནས། །མ་རུང་སྟོང་ཕྲག་བརྒྱད་ཅུ་ཡི། །གདོན་གསལ་ནད་པ་ཡོ་ནས་བསློང་། །ཐ་མ་ལུས་ཀྱི་ནད་པ་ལ། །ཡི་དམ་ལྷ་ཡི་སྨན་སྦྱོར་བྱས། །གཟུང་འཛིན་གཉིས་ཀྱི་ནད་པ་ལ། །གཉིས་སུ་མེད་པའི་སྨན་སྦྱོར་བྱས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ལ། །དམ་ཆོས་རོ་སྙོམས་སྨན་སྦྱོར་བྱས། །བསལ་ན་ནད་ཀྱང་སོས་སོས་འདྲ། །
ཞེས་གསུངས་པས་ནད་ཞག་གསུམ་ནས་ཕན་ནོ། །
དེ་ནས་རྗེ་བཙུན་ལ་དགོན་པ་དང་རི་ཁྲོད་དང་ཡུལ་གཞི་ལ་སོགས་པ་འབུལ་བ་མང་པོ་བྱུང་ཡང་། དེ་འདྲས་དགོས་པ་མེད་རྣ་བ་ཚ། ལར་སོ་སོ་སྐྱེ་བོ་བྱིས་པ་འདི་ཚོ་གསར་འགྲོགས་ལ་དགའ། ཕྱི་ཐག་ཐུང་། འགྲས་རྐྱེན་གསུང་ནས་མཆོང་ལུག་གི་བྲག་ལ་བྱོན། དེར་སྟོན་པ་བོ་དྷེ་ར་ཙ་དང་། སྟོན་པ་ཆོས་རྡོར་གཉིས་ཀྱིས་ངོ་ཆེན་བྱས་ནས་མངའ་རིས་པའི་རྒྱུ་སྟོན་བྱ་བ་ཕར་ཚད་ལ་སོགས་པ་མཚན་ཉིད་ལ་མཁས་པ་དཔོན་སློབ་བཅུ་གཅིག་དང་། མང་ཡུལ་དང་ལ་སྟོད་གཉིས་ཀ་ན་འབངས་མང་དུ་ཡོད་པའི་བཙད་པོ་ཁུ་ཚན་གཉིས། ལྷ་བཙུན་མངོན་པ་དང་འདུལ་བ་ཤེས་པའི་དཔོན་གཡོག་བདུན་བྱུང་སྟེ། རས་དང་ཟངས་དང་མཚོ་དང་དྲེའུ་ལ་སོགས་པ་ཕུལ་ནས། ཆོས་བཤད་པ་དང་སྒོམ་པ་གཉིས་གང་གལ་ཆེ། སྔར་ངེད་ཚོའི་ཆོས་དེ་ལམ་དུ་སོང་ངམ་མ་སོང་། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་གི་དྲང་དོན་དང་ངེས་དོན་གང་ལགས་ཞུས་པས། འབུལ་བ་རྣམས་བཞེད་ནས་གླུ་གཅིག་བྱའོ་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་སྒོམ་གཉིས་ཀྱི་ཞུ་སྣ་མཛད། །ཆེ་ཡུལ་ལུང་གསུམ་ཆེ་དགུ་བྱུང་། །གདམས་ངག་གི་ལམ་དུ་འཇུག་པར་ཞུ། །ཞུ་ཆེན་དང་ཞུ་མཁན་གཉིས་ཀ་བཟང་། །ད་གུང་ཐང་གི་མི་ལ་མཐུ་ཆེན་འདི། །སངས་རྒྱས་མར་པའི་གཅེས་མིང་ལགས། །ང་ཚིག་གཡེམ་རྒྱུག་དང་ཐོས་ལོ་མ་ཡིན་པར། །རང་འདོད་དང་ཟུར་ཟ་མ་ཡིན་པའི། །ཡང་གཏིང་ནས་སྙིང་ལ་འབབ་པའི་ཚིག །གོ་བར་སླ་ཞིང་དོན་ལ་བདེ། །རིག་པས་བརྟགས་ན་འཐད་དུ་འགྲོ། །ང་མི་རྒན་གྱིས་བཤད་ཀྱི་ལེགས་པར་ཉོན། །ཡང་རང་གིས་ཉམས་སུ་མ་བླང་ན། །མཁའ་ལ་རྒྱུ་བའི་ཡི་དྭགས་ཕལ། །རྒྱུད་སྡེའི་མཁྱེན་རྒྱ་ཁོང་གིས་ཤེས། །འགལ་འབྲེལ་གྱི་རིག་པ་ཁོང་ཡང་མཁས། །སྒྲ་ཚད་དང་ཐ་སྙད་ཁོང་ཡང་དག །མངོན་ཤེས་དང་རྫུ་འཕྲུལ་ཁོང་ལ་མངའ། །འབྱོར་པ་དང་ལོངས་སྤྱོད་ཁོང་ལ་བཟང་། །བློ་གྲོས་དང་རིག་པ་ཁོང་རྣོ་སྟེ། །ཡང་ཆོས་རང་གིས་ཉམས་སུ་མ་བླང་ན། །རྒྱུ་འབྲས་ཕྲ་ལ་མ་འཛེམ་ན། །ཆེར་རློམ་གྱིས་འཇིག་རྟེན་བློས་མ་ཐེངས། །རང་འདོད་ཀྱི་རྣམ་རྟོག་མ་ཟད་པར། །ངེས་པའི་དོན་ལ་རྟོགས་དུས་མེད། །འཁོར་བའི་ཆུ་ལ་ཐར་དུས་མེད། །སྡུག་བསྔལ་མྱུ་གུ་སྐམ་དུས་མེད། །ཤེས་བྱ་མཁས་དང་མངོན་ཤེས་མྱུར། །འགལ་འབྲེལ་རྣམ་རྟོག་རག་པ་དེ། །རང་རྒྱུད་བསྲེགས་པའི་མེ་ཤིང་ཡིན། །སླར་ལ་རང་སྐྱོན་རང་ལ་འཁོར། །དམ་ཆོས་ཉམས་སུ་བླངས་རྒྱུ་ཡིན། །དེ་བས་ཉམས་སུ་བླང་ཡང་འཚལ། །ཡང་འཆི་སོས་སྨན་གྱི་བདུད་རྩི་དེ། །ནད་པ་རང་གིས་མ་མྱོང་ན། །བདུད་རྩི་ཡོད་པས་ཅི་ལ་ཕན། །ནད་ལ་མྱུར་དུ་ཐར་འདོད་ན། །འཆོས་སོས་སྨན་དེ་ཟ་ཡང་འཚལ། །སྨན་མཆོག་དེ་ལ་ལོངས་སྤྱོད་འཚལ། །ཡང་འཆི་མེད་ལྷ་ཡི་བདུད་རྩི་དེ། །ལྷ་མིན་ལག་ན་མང་ཡོད་དེ། །རང་གི་ཉམས་སུ་མ་མྱོང་ན། །ལྷ་མིན་ཕལ་ཆེར་དུས་མིན་འཆི། །འཆི་མེད་བདུད་རྩིས་ཅི་ལ་ཕན། །དུས་མིན་འཆི་ལ་ཐར་འདོད་ན། །འཆི་མེད་རྒྱལ་པོ་འཐུང་ཡང་འཚལ །བདུད་རྩི་རང་གིས་སྤྱད་ཀྱང་འཚལ། །ཡང་རོ་བརྒྱ་ལྡན་པའི་ཟས་མཆོག་དེ། །འཇིག་རྟེན་པ་ལ་མང་ཡོད་ཀྱང་། །རང་གིས་ཟ་བར་མ་ནུས་པས། །གཤིན་རྗེ་ཕལ་ཆེར་བཀྲེས་ནས་འཆི། །ཁ་ཟས་མཆོག་དེས་ཅི་ལ་ཕན། །བཀྲེས་པའི་ནད་ལ་ཐར་འདོད་ན། །ཁ་ཟས་རང་གིས་ཟ་ཡང་འཚལ། །རོ་བརྒྱ་རང་གིས་མྱོང་ཡང་འཚལ། །ཡང་ལར་དང་དེས་ནི་མི་ཤེས་ལ། །བཤད་རལ་མཁན་པོ་ཡིན་ཡང་མིན། །མིན་ཡང་ད་རེས་ཞུ་མཁན་བཟང་། །ཡང་ཕར་ཕྱིན་དྲུག་ལ་ཆོས་ཀུན་འདུས། །སྦྱིན་པ་རྒྱལ་པོའི་ཆོས་ལུགས་ཡིན། །བདོག་པ་ཅི་ཡོད་སྦྱིན་པས་ན། །མཆོང་ཆོས་ལྷ་ཡི་རྒྱལ་སྲིད་འཐོབ། །ངེད་ཆོས་མཛད་རྣམས་ཀྱི་གཡེང་བའི་རྒྱུ། །ཚུལ་ཁྲིམས་ཐར་པའི་སྤྱི་སྐས་ཡིན། །སངས་རྒྱས་བསྟན་པར་ཞུགས་པ་ཡིན། །སྐྱེས་བན་ཀུན་ལ་མེད་ཐབས་མེད། །བརྟན་པ་ཟུང་ཞིག་འདིར་འདུས་རྣམས། །བཟོད་པ་དྲང་སྲོང་གི་ཁྱད་ཆོས་ཡིན། །དྲང་སྲོང་ཤཱཀྱའི་རྗེས་འབྲང་ནས། །ཀུན་གྱིས་གྱོན་པར་དཀའ་བའི་གོས། །བཟོད་པའི་གཡང་ལུག་ལེགས་པོར་གྱོན། །བརྩོན་འགྲུས་ཐར་པའི་ཉེ་ལམ་ཡིན། །དམ་ཆོས་སྤྱི་ལ་དགོས་པའི་ལམ། །ལམ་དེ་དང་བྲལ་ནས་རེ་ཐག་ཆད། །ལམ་དེ་ཡི་གཞུང་ལ་ཞུགས་ལ་རྒྱུག །ཡང་ཆོས་བཞི་པོ་དེ་ཚོ་བསོད་ནམས་ཚོགས། །རྣལ་འབྱོར་ཀུན་ལ་མེད་ཐབས་མེད། །ད་ནི་ཡེ་ཤེས་ཕྱོགས་ཀྱི་ཆོས། །བསམ་གཏན་ཚོགས་གཉིས་ས་མཚམས་ཡིན། །ས་མཚམས་རྟག་ཏུ་སྡོད་དགོས་པས། །གཡེང་བ་བྱུང་ན་བསྲུང་བའི་མཆོག །ཚོགས་གཉིས་ཀུན་ལ་སྦྱར་ཡང་འཚལ། །ཤེས་རབ་ངེས་པའི་དོན་གྱི་ཆོས། །སངས་རྒྱས་ཀུན་གྱི་མཛོད་གཅིག་པུ། །སྤྱད་པས་མི་འཛད་རྒྱུན་ལ་རྒྱུག །འཇིག་རྟེན་སེམས་ཅན་མ་ལུས་ལ། །གྱ་ནོམ་འབུལ་བ་འདོར་བའི་ནོར། །མི་ཁོམ་མཁའ་དག་སྤངས་ནས་ནི། །དལ་བའི་མཆོག་དེ་སྦྱིན་པར་བྱེད། །ཡེ་ཤེས་ཚོགས་དེ་རིན་ཆེན་ཡིན། །རིམ་གྱིས་ཁྱད་པར་འཕགས་སུ་སོང་། །ཁྱེད་རྣམས་ལ་མགྲོན་གྱི་དོད་པོ་མཛོད། །ཐུགས་ལ་དགྱེས་པར་དགོངས་ལ་ཉམས་སུ་ལོང་། །
ཞེས་གསུངས་པས་ཐམས་ཅད་དད་ནས་གདམས་ངག་ཞུས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པ་ལགས་སོ། །
དེ་ནས་རྗེ་བཙུན་ཆུ་བར་སྤྲུལ་སྐུའི་ཕོ་བྲང་དུ་བཞུགས་པ་ལ། དབྱར་པོ་གཅིག་ཆར་རྒྱུན་མ་ཆད་པར་བབས་ནས་ཉིན་གཅིག་ཉི་མ་ཚན་མོ་ཞིག་བྱུང་བས། ཇོ་བོ་བོན་རིའི་རྩེར་དཔོན་སློབ་བརྒྱད་སྐྱོ་བསང་ལ་བྱོན་པས། ཕ་རྗེ་བཙུན་ཡང་སྐུ་བསྙེལ་བས་ཅུང་ཞིག་གཟིམ་ནས་སྐུ་ཁམས་དྭངས་པར་གྱུར་པ་དང་། ཡུལ་ལྷ་རྣམས་ཀྱིས་བསུ་བ་བྱས། བཀྲ་ཤིས་ཚེ་རིང་མ་དཔོན་གཡོག་ལྔས་བྲོ་འཁྲབ་པའི་དུས་སུ་ནུབ་ཕྱོགས་སུ་གངས་དཀར་པོ་གཅིག་རྒྱང་ངེ་འདུག་པ་ལ། གངས་ཡ་ཀི་བླ་མས་མཁྱེན་ནམ་ཞུས་པས། གངས་དཀར་པོའི་ཆེ་བརྗོད་མགུར་དུ་གསུངས་སོ། །
གངས་མཐོ་ལྡིང་ལྷ་སྨན་རྒྱལ་མོའི་མགུལ། །བྲག་བོན་རི་གཉེན་གྱི་རྩེ་མོ་ན། །བྱ་བ་བཏང་བའི་མི་བརྒྱད་འཚོགས། །ཕ་ང་ནི་ཉམས་དགའ་ཤེས་པ་བདེ། །ཁྱེད་སྐྱིད་དུ་ཚོར་རམ་བུ་སློབ་རྣམས། །བུ་རྗེ་འབངས་བདེ་སྐྱིད་འཛོམ་དུས་འདིར། །ང་མི་རྒན་སྐྱིད་རྟགས་གླུ་ཞིག་ལེན། །མི་རྒན་གྱིས་གླུ་རྒན་ལེན་པ་དེ། །བཀྲ་རྒན་བཅུ་གསུམ་ཤེས་པའི་རྟགས། །བུ་ཞི་བ་འོད་དང་བདེ་བ་སྐྱོང་། །རས་པ་རྣམ་གཉིས་མགྲིན་བསྡེབ་མཛོད། །ཚུར་ཤོག་ཕ་ཡི་རམ་བུ་ཐེག །དེ་རྗེས་རས་པ་གླུ་ལ་ཉོན། །གདན་གང་བཞུགས་པའི་རས་པ་རྣམས། །གངས་ཡ་ཀི་ཁྱོད་ཀྱིས་མ་ཤེས་ན། །ལྷ་སྨན་བཀྲ་ཤིས་ཚེ་རིང་ཡིན། །རྐེད་པ་ཡན་ཆད་རྩེ་མོ་མཐོ། །ཟུར་གསུམ་དུང་གི་བཤོས་བཟང་འདྲ། །འགུར་ཆུ་དངུལ་གྱི་དྲ་བ་ལ། །འོད་ཉི་ཟླ་འཆར་བ་གཞན་བས་སྔ། །ཅོད་པན་ཤེལ་གྱི་ཟུར་ཕུད་ལ། །འོད་མེ་ལོང་ཙམ་ཅིག་མཛེས་པ་དེ། །ནུབ་རྒྱལ་མོའི་སྤྲིན་དཀར་ལྡིང་བ་འདྲ། །རྐེད་པ་མན་ཆད་རྨང་གཞི་ལ། །ན་བུན་སྐྱི་བུན་རྒྱུན་དུ་འཐིབས། །ཆར་མི་དྲག་དལ་གྱིས་རྒྱུན་དུ་འབབ། །འཇའ་འོད་ཚོན་ཚོགས་སྐབས་སུ་བཀྲ། །དེ་ཕྱུག་གི་རྨ་གཡང་འཛོམ་པའི་རྟགས། །རི་དྭགས་མང་པོ་རྒྱུན་དུ་འཁོར། །མེ་ཏོག་སྤང་རྒྱན་ཚོན་ཚོགས་བཀྲ། །སྨན་ནུས་པ་ཅན་རྣམས་དེ་ན་སྐྱེ། །དེ་ལྷ་སྨན་གངས་ཀྱི་ཆེ་བརྗོད་ཡིན། །མི་ང་ཡི་སྒྲུབ་གནས་ཆེ་ཤོས་ཡིན། །ཁྱོད་ངོ་ཨེ་ཤེས་ཨེ་ཤེས་ཟེར་བ་དེ། །དབྱངས་དེ་ལྟར་ཐུགས་ལ་འཇོག་པར་ཞུ། །
ཞེས་གསུངས་པས། རས་པ་རྣམས་སྤྲོ་བ་སྐྱེས་ཏེ། གངས་དེ་ལ་ཡུལ་ལྷ་བཟང་པོ་ཨེ་གནས་ཞུས་པས་མགུར་འདི་གསུངས་སོ། །
ལྷ་བཟང་པོ་ཚེ་རིང་སྤུན་ལྔ་དེ། །བརྟན་མ་བཅུ་གཉིས་ཀྱི་གཙོ་མོ་ཡིན། །འཇིག་རྟེན་མིག་བསྒྱུར་ཌཱཀྐི་མ། །བལ་བོད་གཉིས་ཀྱི་སྐད་བསྒྱུར་མ། །ཆུ་བར་སྤྲིན་གྱི་བདག་མོ་སྟེ། །ཡར་ལྷ་རུ་མཆོད་ན་མགོན་སྐྱབས་བྱེད། །ཆོས་མཛད་ཡོངས་ཀྱི་སྡོང་གྲོགས་མཛད། །སྒོས་རྣལ་འབྱོར་བདག་གི་སྲུང་མ་ཡིན། །ཁྱེད་བུ་སློབ་རྣམས་ལ་འགོ་སྟེ་མཆི། །མི་ང་དང་ལྷན་ཅིག་འགྲོགས་འགྲོགས་ནས། །སྤྱིར་བོད་ཁམས་དཀར་པོའི་ལམ་ལ་བཀོད། །སྒོས་སྒྲུབ་བརྒྱུད་འདི་ལ་དངོས་གྲུབ་ཤར། །
ཞེས་གསུངས་པས། བླ་མ་ལགས་ཁྱེད་ཀྱིས་དེ་ལ་ཆོས་བཤད་དམ་ཞུས་པས་མགུར་འདི་གསུངས་སོ། །
གངས་དེ་ཡི་མགུལ་དུ་ཆོས་བཤད་པ། །ང་མི་ལ་རས་པ་མི་ཟེར་རམ། །འཁོར་སྨན་དང་ཡུལ་ལྷའི་གྲྭ་པ་རྣམས། །ལས་དཀར་ནག་ངེས་པ་འབྱེད་པའི་ཆོས། །དྲང་དོན་མདོ་སྡེའི་རྒྱུ་འབྲས་བཤད། །ཞེ་རིང་གདུག་པ་བྱོལ་སོང་རགས། །རིགས་བཞི་ཀླུ་ལ་ཆོས་ཀྱང་བཤད། །གཉན་ཆེན་སྤུན་ལྔས་ཆོས་སྟོན་འདྲེན། །བཙན་རོལ་པ་མཆེད་ལྔས་ཡོན་བདག་བྱེད། །སྨན་བཙུན་མང་པོས་བསྐོར་བ་བྱེད། །ལྷ་འདྲེ་ཡོངས་ཀྱིས་འཚོ་བ་འདྲེན། །ཡུལ་ཕྱོགས་དཀར་པོའི་ཆོས་ལ་བཀོད། །བདག་སྐུ་མཐུ་ཆེ་བ་མ་ལགས་ཏེ། །བྱམས་དང་སྙིང་རྗེ་བསྒོམ་བསྒོམས་པས། །ངག་ཞི་བས་བཀྲོལ་ཏེ་ཆོས་བཤད་པས། །གཟུགས་མེད་ལྷ་འདྲེ་ཐབས་ཀྱིས་བཏུལ། །ངས་སྔར་བྱས་ལས་ལ་མི་འགྱོད་པས། །ད་ནི་རྒས་ཀྱང་ཅི་ལ་འགྱོད། །ཤི་ན་མི་འགྱོད་བྲོད་པ་སྐྱེ། །ཁྱེད་འདིར་བཞུགས་བྱ་བཏང་རས་པ་བརྒྱད། །འཆི་བྲོད་སྒོམ་ལ་སྙིང་རུས་མཛོད། །
ཅེས་གསུངས་པས། བླ་མ་ལགས་དེ་ན་ལྷ་འདྲེ་རང་ལ་ཆོས་བཤད་ན་འགྲོ་དོན་ཨེ་ཆེ་ཞུས་པས། ལྷ་འདྲེ་ཁོ་རང་ཚོ་མིན་པ་གཞན་ལ་ཕན་པ་ཆུང་། མི་ལ་ཆོས་བཤད་པས་རང་མི་ཚད་གཞན་ལ་ཕན། ལར་དམ་ཚིག་ལྷ་འདྲེ་བརྟན་མིས་དམ་ཚིག་སྲུང་ཐུབ་པ་ཉུང་། ཐུབ་ན་ཐུབ་མཆོག་ཡིན། མི་དམ་ཚིག་ཡོད་པ་གཅིག་དང་། ལྷ་འདྲེ་དམ་ཚིག་ཡོད་པ་བརྒྱ་གཉིས། མི་གཅིག་རང་འགྲོ་དོན་ལ་ནུས་པ་ཆེ། ཚད་མར་བྱས་ན་སུ་ལ་ཡང་ནུས་པ་མེད་གསུང་། དེ་ནས་ཡང་མགུར་འདི་གསུངས་སོ། །
བདག་བླ་མའི་བྱིན་རླབས་སྔར་ནས་བྱུང་། །ཉེ་དུ་གཟུང་འཛིན་འབྲེལ་ཐག་བཅད། །ཕྱོགས་མེད་ཀྱི་རྒྱལ་ཁམས་བསྐོར་བསྐོར་ནས། །བདག་བཀའ་དྲིན་ཅན་དང་ལས་ཀྱིས་མཇལ། །འཇིག་རྟེན་བྱ་བ་བཏང་ལགས་པས། །རྗེས་ཐོབ་ཀྱི་རྐྱེན་ངན་ལམ་དུ་སློང་། །ཉམས་ལེན་ཤི་རྒས་གཉིས་ལ་གཏུག །ཉམས་མྱོང་བྲོད་པ་ནང་ནས་སྐྱེས། །བདག་རྣལ་འབྱོར་བསོད་ནམས་མི་འདོད་པས། །འཇིག་རྟེན་གྱི་བདེ་སྐྱིད་རྒྱབ་ཏུ་བསྐྱུར། །ངན་སོང་གི་སྡུག་བསྔལ་སེམས་ལ་བཞག །ཡོན་བདག་གི་ངོ་སྲུང་མ་བྱས་པས། །རི་ཁྲོད་འགྲིམ་ཞིང་ཉམས་སུ་བླངས། །བཀའ་དྲིན་ཅན་གྱི་བྱིན་རླབས་ཀྱིས། །འབངས་རླུང་གིས་ཁྱེར་བ་དགུང་དང་མཉམ། །མཐའ་རུ་ལུས་པ་དབུས་སུ་ཕྱིན། །འབངས་སུ་བབ་པས་དཔོན་དུ་སླེབས། །དམན་ས་བཟུང་བས་རྒྱལ་ས་ཟིན། །མི་ལས་བུད་པ་ལྷ་དང་མཇལ། །སྡུག་བསྔལ་སྤྱད་པས་བདེ་བ་འཐོབ། །སྙིང་རུས་བྱས་པས་སྙིང་རྗེ་སྐྱེས། །གཅིག་པུར་བསྡད་པས་བུ་སློབ་མང་། །སྙན་བརྒྱུད་བསྒོམས་པས་ཆོས་བརྒྱུད་དར། །རྗེ་སྒྲ་བསྒྱུར་མར་པ་སྐུ་དྲིན་ཅན། །འབངས་སྤྱི་བོའི་གཙུག་ཏུ་རྒྱུན་ཏུ་བཞུགས། །ད་ང་ནི་རྒས་ཀྱང་སྟག་རྒས་ཡིན། །འཆི་བས་མི་འཇིགས་བྲོད་དབྱངས་ཡིན། །ཁྱེད་འདིར་འཚོགས་ཀྱི་རས་པ་བུ་བརྒྱད་པོ། །མི་ཚེ་ཡང་ཡེངས་མ་བྱེད་སྒོམ་ལ་འབུངས། །ཞེས་འགྱོད་མེད་གསུམ་གྱི་མགུར་གངས་མཐོ་ལྡིང་རྒྱལ་མོ་ཞེས་བྱ་བའོ། །
དེ་ལྟར་འགྱོད་མེད་རྣམ་གསུམ་གསུང་བ་དང་། སླར་བུ་སློབ་རྣམས་ཀྱིས་ཞུས་པ། སང་ཚེས་བཅུའི་མཆོད་པ་ཚར་ནས། ངེད་ལ་ལ་གངས་ཏི་ཙེ་ལ་འགྲོ་ཟེར། ལ་ལ་སྟག་ཚང་ལ་འགྲོ། ལ་ལ་སེང་གེ་ཕུག་ཏུ་འགྲོ། ལ་ལ་ལྡོམ་བུ་ལ་འགྲོ། ལ་ལ་རྗེ་བཙུན་གྱི་དྲུང་དུ་སྡོད། ལ་ལ་རྒྱལ་ཁམས་ཡུལ་ལྟས་སུ་འགྲོ་ཟེར་བས། བྱེས་སུ་འགྲོ་བ་རྣམས་ལ་ལུས་ངག་གི་དགེ་སྦྱོར་གྱི་བྱ་ཐབས་དང་། སྤྱོད་ལམ་གྱི་བྱ་ལུགས་ལ་སོགས་པའི་ཞལ་ལྟ་འདྲ་གནང་རྒྱུ་ཨེ་ཡོད་ཞུས་པས། ཨང་དྲུག་ཉམས་ཀྱི་མགུར་འདི་གསུངས་སོ། །
བུ་གསན་རྒྱ་ཅན་གྱི་སྟོན་པ་དང་། །སྙིང་རུས་ཅན་གྱི་རས་ཆུང་པ། །ཁྱོད་སྟོན་སྒོམ་གཉིས་ཀྱི་དབུ་མཛད་པའི། །གདན་གང་བཞུགས་པའི་རས་པ་རྣམས། །ངག་ཆེད་དུ་བསྐྱར་ནས་ཞུ་ཕུལ་བས། །སང་ཚེས་བཅུའི་མཆོད་པ་ཕན་ཆད་དུ། །ཁྱེད་ལ་ལ་རྒྱལ་ཁམས་ལྟའོ་སྐད། །ལ་ལ་དབེན་གནས་བསྙག་གོ་སྐད། །ལ་ལ་ལྡོམ་བུ་མཛད་དོ་སྐད། །ལ་ལ་ང་ཕྱིར་འབྲང་ངོ་སྐད། །དོན་དེ་ང་ཡིས་འདི་སྐད་བཟླས། །མི་རྒན་ཟེར་ཉན་ན་མཛངས་པ་ཡིན། །བྱ་གཤོག་དྲུག་དྲོས་ན་དུས་ཚོད་མཁས། །ནོར་ཆོག་ཤེས་ཡོད་ན་ཕྱུག་པོ་ཡིན། །དཔའ་རང་ཚོད་ཟིན་ན་རང་སྲོག་བརྟན། །དེ་ཡན་ཆད་དཔེ་ལ་དྲངས་པ་ཡིན། །ད་དགོས་དོན་མོད་ལ་ཐལ་ཙམ་ན། །བུ་ཕ་ཡི་སྐྱོང་ན་མཁས་པ་ཡིན། །མི་ཁ་ལ་ཉན་ན་རྒྱལ་པོ་ཡིན། །མི་རང་ལ་གདམས་ངག་ཡོད་པའི་དུས། །ཕྱི་རྣ་ཉན་ཐོས་པ་མ་ཡིན་པའི། །དེ་མ་བརྗེད་སྙིང་གི་དཀྱིལ་དུ་ཞོག །ཐིག་ལེ་ཚད་དུ་མ་འབྱོངས་པའི། །ཕོ་ཉ་རིགས་པའི་རྩལ་སྦྱངས་ཡང་། །མཚན་ལྡན་རིག་མ་མ་གཏོགས་པའི། །ལས་ཀྱི་ཕྱག་རྒྱ་མ་བསྟེན་ཨང་། །ཤལ་མ་རི་ལ་འཛེག་ཉེན་ཡོད། །སྙན་རྒྱུད་ཚད་དུ་བསྐྱལ་ནས་ཀྱང་། །སྙིང་རྗེ་ཆེན་པོའི་ཀུན་སློང་དང་། །ཡི་དམ་གསལ་བའི་ཏིང་འཛིན་དང་། །བསྟན་པའི་སྤྱི་དོན་མ་ལགས་པར། །མཐུ་དང་ངན་སྔགས་མ་སྒྲུབ་ཨང་། །ལས་ཀྱི་སྲིན་པོར་སྐྱེ་ཉེན་ཡོད། །རླུང་སེམས་དབང་དུ་འདུས་ནས་ཀྱང་། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །གཅན་གཟན་སྤྲུལ་པའི་གཟུགས་བསྟན་ནས། །ལྟ་སྟངས་རོལ་པ་མ་ལགས་པའི། །དུར་ཁྲོད་རོ་ལ་མ་ལེན་ཨང་། །ཤ་ཟ་མཁའ་འགྲོ་འཁྲུགས་ཉེན་ཡོད། །སུམ་ལྡན་ལ་སོགས་བླ་མ་དང་། །རྡོ་རྗེ་སྤུན་གྲོགས་མ་གཏོགས་པ། །ཆོས་སྤྱོད་གྲུབ་མཐའ་མི་མཐུན་པའི། །ཆོས་མཛད་དགོངས་པ་ཅི་མཐོ་ཡང་། །སྒོམ་ཉམས་དང་རྟོགས་པ་མ་བརྗོད་ཨང་། །སྒྲུབ་བརྒྱུད་ཀྱི་བྱིན་རླབས་ཡལ་ཉེན་ཡོད། །དམ་ཚིག་སྣོད་ལ་མ་བརྟགས་ཤིང་། །མཁའ་འགྲོའི་མཚན་ལྟས་མ་བྱུང་བར། །ཟང་ཟིང་ནོར་གྱི་ངོར་བལྟས་ནས། །ཆོས་ཞུ་ངོས་དགའི་སློབ་མ་ལ། །སྙན་བརྒྱུད་ཀྱི་གདམས་ངག་མ་སྟོན་ཨང་། །ཉམས་པའི་གྲིབ་མ་ཕོག་ཉེན་ཡོད། །རི་ཁྲོད་དབེན་པ་མ་ལགས་པ། །མི་ནག་གྲོང་པའི་ཉེ་འཁོར་དུ། །དད་ལོག་སྣང་བསྒྱུར་མི་ནུས་པའི། །ཟབ་མོ་ཚོགས་ཀྱི་འཁོར་ལོ་དང་། །བརྟུལ་ཞུགས་སྤྱོད་པ་མ་མཛད་ཨང་། །འཇིག་རྟེན་སྐྱེ་བོའི་ཡ་ཁ་འཇིགས། །ཨང་དྲུག་ཉམས་ལེན་གླུ་ཆུང་འདི། །སྤྱིར་ཆོས་མཛད་ཡོངས་ཀྱི་སྤྱི་ནོར་ཡིན། །སྒོས་བུ་སློབ་རྣམས་ཀྱི་སེམས་ལ་ཞོག །ཅེས་གསུངས་སོ། །
ཡང་ཞུས་པ། བླ་མ་ལགས་བླ་མ་ལྷོ་བྲག་མར་པའི་དྲུང་དུ་ཁྱོད་ཆོས་ཅི་ཞུས། ཁོང་གིས་ཅི་གསུང་ཞུས་པས་མགུར་འདི་གསུངས་སོ། །
སྤྲོས་མེད་ཆོས་སྐུའི་ནམ་མཁའ་ལ། །འགག་མེད་ཐུགས་རྗེའི་སྤྲིན་འདུས་ཏེ། །ལུས་ཅན་སྐྱབས་གྱུར་འགྲོ་བའི་མགོན། །བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །དཔལ་དྲི་མ་མེད་པའི་ཞིང་ཁམས་སུ། །མི་ང་ང་ཟེར་བ་མང་ལགས་ཀྱང་། །ཡུལ་རྒྱ་གར་དབུས་ན་སྒྲ་ཆེ་བ། །རྗེ་ན་རོ་མཻ་ཏྲི་རྣམ་གཉིས་ལགས། །ཕ་གྲུབ་ཐོབ་རྣམས་ཀྱི་ཐུགས་ཀྱི་སྲས། །དུས་གསུམ་སངས་རྒྱས་བཅུད་འདུས་པ། །མཚན་ལྷོ་བྲག་མར་པ་ཞེས་སུ་གྲགས། །གནས་ཉི་ཤུ་རྩ་བཞིའི་ངོ་བོ་གཅིག །ཡོན་ཏན་གཏེར་ཆེན་འབྱུང་བའི་ས། །མཁའ་འགྲོ་འདུ་བའི་གནས་མཆོག་ཏུ། །མཚན་སྙན་འབྲུག་སྒྲ་ཀུན་ལ་ཆེ། །དེ་ཐོས་ཁོ་བོས་མ་བཟོད་དེ། །སླར་འབད་རྩོལ་བྱས་པས་སྤྱན་སྔར་ཕྱིན། །སྐུ་མཐོང་བས་བ་སྤུ་གཏིང་ནས་གཡོས། །གསུང་ཐོས་པས་སྡིག་སྒྲིབ་ཐམས་ཅད་ཟད། །དཀའ་ཆེན་བཞི་ལས་ཁོང་ཕྱུང་ནས། །ལྟས་ངན་གཡང་དུ་བླངས་ནས་ཀྱང་། །མཚོན་ངར་མ་ལྟ་བུའི་རྣོ་བཞིན་དུ། །ལམ་སྲིད་པ་གསུམ་པོ་གཅོད་པར་བྱེད། །ཚེ་འདིར་སངས་རྒྱས་འགྲུབ་པ་ཞིག །ཕ་སངས་རྒྱས་ཁོང་ལ་ཡོད་དོ་གསུང་། །དེ་དམན་པ་བདག་ལ་གནང་ངོ་ཞུས། །ཕ་སངས་རྒྱས་དེ་ཡི་ཞལ་སྔ་ནས། །ཤཱཀྱ་ཐུབ་པ་རྒྱུད་བཟང་ཡང་། །སྙིགས་མའི་སེམས་ཅན་ཉོན་མོངས་རགས། །ཚེ་ཐུང་ནད་མང་ལོངས་སྤྱོད་དབུལ། །མི་ཐར་པ་སྒྲུབ་པ་ཉིན་སྐར་ཙམ། །ཁྱེད་ཤེས་བྱའི་གཤིས་ལ་མ་ཤོར་བར། །བུ་སྒྲུབ་པ་སྙིང་པོར་ལོངས་ཤིག་གསུང་། །མི་ང་ལ་གདམས་ངག་ཡོད་དོ་གསུང་། །གསེར་ཞུན་མ་ལྟ་བུའི་ཉམས་ལེན་བསྟན། །ཁྱེད་ལེ་ལོ་ལྟོ་ཕྱིར་མ་འབྲང་ཞིག །རྩེ་གཅིག་སྒྲུབ་པ་བྱེད་པ་ལ། །རིག་པ་མཐའ་སང་ཉམས་མྱོང་དང་། །དོན་འབད་རྩོལ་བྲལ་བའི་ཏིང་འཛིན་དང་། །སེམས་གཞི་རྩ་ཆོད་པའི་རྟོགས་པ་གསུམ། །དུས་གཅིག་མཉམ་པ་ཉིད་དུ་མཐོང་། །གནད་དེ་ལ་བརྟེན་ཅིང་འཇག་གྱུར་བས། །འགྱུར་མེད་བརྟན་པོར་འོང་ངོ་གསུང་། །མི་ངས་ཟེར་ཚིག་བཞིན་བསྒྲུབ་པ་ན། །དཔའ་བོ་ཁྲོམ་ཤོག་ཅིག་འོང་ངོ་གསུང་། །མི་ང་ལ་ཞེ་གདེང་གི་ཚིག་དེ་ཡོད། །གསུང་ཡིད་ལ་བཅགས་པས་དོན་ཆེན་གྲུབ། །
ཅེས་གསུངས་པས། བླ་མ་ལགས་ཉམས་ལེན་ཆུང་ཆུང་སྐྱོང་བ་ལ་གནད་གང་ཟབ་ཞུས་པས་མགུར་འདི་གསུངས་སོ། །
ཁྱེད་ད་རུང་ཉོན་དང་བུ་སློབ་རྣམས། །བཞིན་ལེགས་ཀྱང་ང་རྒྱལ་མ་ཆེ་བར། །བྱས་ལོའི་མཆོད་རྫས་རྙིང་ཙ་ན། །སྙིང་རུས་རྡོ་ལ་ཡི་གེ་བྲིས། །ཞི་གནས་རྟིང་པོར་གཉིད་ལོག་ན། །གཟེར་གསུམ་དམིགས་པ་པོ་ཡི་ཐོབ། །ཡེ་ཤེས་མེ་སྟག་ཆུང་རིང་ལ། །དྲན་པ་མེ་གསོས་ཡང་ཡང་སྣོན། །འཁོར་བའི་བཙོན་དོང་སྒྲོལ་འདོད་ན། །ཡེངས་པ་མེད་པར་ཡང་ཡང་སྒོམ། །མྱ་ངན་འདས་པ་མངོན་དགའ་ན། །མི་ཟེར་མ་ཉན་བྱེད་ལ་ལྟོས། །སྙིང་ནས་ཆོས་བྱེད་བསམ་པ་ན། །ངས་ཟེར་ཉོན་ལ་ང་ཕྱིར་འབྲོངས། །སྒྲུབ་པ་མཐའ་རུ་འདོན་འདོད་ན། །ཚེ་འདི་ལ་མ་དགའ་ཕྱི་མ་སོམ། །སྒྲུབ་པ་ཡུན་དུ་བྱས་པ་ན། །དུས་གསུམ་སངས་རྒྱས་གཏིང་ནས་མཉེས། །ཆོས་ལ་ངོ་ལྐོག་མ་བྱས་ན། །རྗེ་ལོཙྪ་ཆེན་པོའི་བཀའ་དྲིན་འཁོར། །ཚིག་དང་དོན་གཉིས་མ་འཛོལ་ན། །ང་ཡང་ཤིན་ཏུ་དགའ་ཞིང་སྤྲོ། །འདི་བས་ཕྱི་མ་ངེས་པར་བདེ། །ཞེས་གསུངས་པས། དེར་བཞུགས་པའི་རས་པ་རྣམས་ཀྱང་ཉམས་རྟོགས་འཕེལ་ཞིང་། བྱ་བ་ཐེངས་པ། མཚམས་དང་། སྨྲ་བཅད་དང་སྒོམ་ལ་བརྩོན་པ་བྱུང་ངོ་། །དེ་ཐམས་ཅད་ཇོ་བོ་བོན་རིའི་སྐོར་རོ།། །།
དེ་ནས་རྗེ་བཙུན་ལ་ཡོན་བདག་དཀོན་མཆོག་བརྩེགས་ཀྱིས་མགོ་བྱས། ཡོན་བདག་འགའ་ཆོས་ཞུ་བྱུང་བ་ལ། བླ་མས་འདི་གསུང་སྟེ། སྙིང་ནས་ཆོས་བྱེད་ན་དྲང་དོན་ཐེག་པའི་མགོ་སྐོར་གྱིས་ཉོན་མོངས་ཞི་མི་ནུས། ངེས་དོན་སྙན་བརྒྱུད་ལག་ལེན་བྱས་ན། བླ་མའི་གདམས་ངག་དང་། རང་གི་བསྒོམ་ཉམས་དང་། གཉིས་མེད་ཡེ་ཤེས་དང་། སྡུག་ལ་སྡུག་མི་ཤེས་པ་བཞི་དུས་གཅིག་ཏུ་འདྲེས་ནས་འོང་བ་ཡིན་གསུང་ནས་མགུར་འདི་གསུངས་སོ། །
ལར་མ་བསྒོམ་བཤད་པའི་ཆོས་འདི་ང་རྒྱལ་ཡིན། །མ་གསོས་རྙེད་པའི་བུ་ཙ་ཕུང་འདྲེ་ཡིན། །མ་ཞུས་དཔེ་རུལ་གྱི་ཁྲེས་པོ་འདི། །ལུང་མེད་ཁྲམ་པའི་གཉའ་ཤིང་ཅི་ལ་ཕན། །དྲང་དོན་ཐེག་པའི་མགོ་སྐོར་ཉན་ཚེ་སྐྱིད། །ངེས་དོན་བླ་མའི་གསུང་ལ་ཉན་མཁན་མེད། །དད་ལྡན་ཡོན་བདག་བུ་སློབ་ལྷ་ཆོས་གྱིས། །ཁྲེལ་མེད་ཁྲམ་པའི་ཁ་འཛིན་མ་བྱེད་པར། །ཉེས་མེད་སྙོམས་ཆུང་གི་བདེན་ཚིག་དྲང་པོར་སྟོན། །
ཅེས་གསུངས་ཏེ། ངེས་པར་ཆོས་བྱེད་ན་མང་པོ་སློབ་པ་བས་དོན་ཐོག་གཅིག་ཏུ་བཞག་ན་ཕན། སྨྲ་བ་མང་ན་གོང་མས་འོག་མ་བསྒྲིབ་ནས་ཡིད་ལ་མི་ཟིན་པར་ཡགས་ཡགས་མང་པོས་མགོ་འཁོར་དུ་འཇུག །འཇིག་རྟེན་ལ་ཞེན་པ་ཆེས་ན། ཆོས་བྱས་ཀྱང་ཁ་ཆོས་ཡིན། ཡང་ཆོས་པ་ལ་ལས་ལོངས་སྤྱོད་སྣ་རེ་ལ་ལྟ་ནས་ཡོན་ཏན་སྣ་རེ་ལ་ཁེངས་སེམས་རེ་སྐྱེས་ནས། དམ་པ་གོང་མའི་ཡོན་ཏན་ལ་མི་དད་པས་བྱིན་རླབས་མི་འཇུག་གོ །ཆོས་ལོང་ཡོད་བྱས་ནས་ལོང་མེད་ལ་ཤི་ན་ཅུག་བྱེད། ཤེས་ཚད་ཀྱིས་ཁ་ནང་དུ་ལྟ་ནས་ལག་ལེན་བྱེད་དགོས། བཤད་སྒོམ་གཉིས་གཅིག་ལ་མ་དྲིལ་ན། དང་པོར་ཤེས་པར་བྱས་ནས་སྒོམ་དགོས་བསམ་ཏེ། ཤེས་བྱའི་མཐའ་ལ་ཆོད་དུས་མེད། ལར་ཇོ་བོ་ཆོས་ཕྱུག་པོ་ཞིག་དང་བླ་བོ་བྱས་ན་མི་དགོས་བྱ་བ་གཅིག་ཀྱང་མེད་དེ། གདམས་ངག་ཟབ་ཟབ་མོ་མང་ན་གང་སྒྲུབ་ངོ་མི་ཤེས། བསྒྲུབ་ཀྱང་འདི་ལ་རྟགས་མ་བྱུང་བས། གཞན་ཨེ་དྲག་བསམ་ནས་འགྲུབ་དུས་མེད་པས། སོ་མ་གཅིག་སླེབ་རིང་ལ་དེ་གོང་གི་ཤེས་པ་དེ་བརྗེད་ནས་བྱིས་པ་ལག་གི་མེ་ཏོག་དང་འདྲ་གསུངས་ནས་མགུར་འདི་གསུངས་སོ། །
ཉོན་དང་ཡོན་བདག་དད་པ་ཅན། །ལས་བདེན་པའི་དོན་དེ་མི་ཤེས་པར། །སྡིག་ཅན་ཐར་པ་ཐོབ་ཏུ་རེ། །ལོ་ཟླ་ཞག་སོང་ཚེ་ལ་གཟན། །མི་སྐྱིད་ལོ་ཟླ་སོང་ན་དགའ། །ནམ་ཟླ་ཨེ་བཟང་ཨེ་བཟང་ཟློ། །མི་ཚེ་སོང་བར་མ་ཤེས་པར། །བླུན་པོ་མི་ཡི་རྣམ་དཔྱོད་ཡིན། །ཁྱོད་ངེས་པར་ཆོས་སྤྱོད་མཛད་དགོངས་ན། །མཆོད་པ་ཞིང་ས་བཟང་པོར་སྐྱོལ། །འབུལ་བ་དཀོན་མཆོག་གསུམ་ལ་གྱིས། །ཞབས་ཏོག་བླ་མ་རྗེ་ལ་གྱིས། །ཞེ་ས་ཕ་དང་མ་ལ་གྱིས། །སྦྱིན་པ་ལན་མོ་མེད་པར་ཐོང་། །ཕན་འདོགས་མ་ནུས་པ་ལ་གྱིས། །རང་རྒྱུད་ཆོས་དང་བསྟུན་ལ་གྱིས། །ཆོས་ཉམས་ལེན་བྱེད་ན་མང་མི་དགོས། །ཁས་ལེན་མང་ན་རྫུན་པོ་ཡིན། །དེ་བཞིན་རྒྱུད་ལ་ཨེ་འབྱོར་ལྟོས། །
ཞེས་གསུངས་པས་ཡོན་བདག་དད་ནས་ད་རུང་ཁྱེད་ཀྱི་མགུར་ལེགས་ཅིག་གསུང་དང་ཞུས་པས། ཡང་ལེགས་པའི་མདོ་བཅུ་མགུར་འདི་གསུངས་སོ། །
འོ་ན་ཡོན་བདག་ཕོ་མོ་རྣམས། །ཁྱེད་གཏན་གྱི་སོ་ནམ་བྱེད་དགོངས་ན། །མི་ང་ཡི་ཁ་ལ་ཉན་པ་ན། །མི་བུ་རིན་ཆེན་སྐྱེས་ནས་འཆི། །དེ་ཕྱིར་དམ་ཆོས་བྱས་ན་ལེགས། །སྒྱུ་མའི་ནོར་རྫས་བསགས་ནས་ལུས། །དེ་ཕྱིར་སྦྱིན་པ་བཏང་ན་ལེགས། །འཇིག་རྟེན་གཉེན་འདུན་ཟབ་ཀྱང་འཕྲལ། །དེ་ཕྱིར་གཉིས་མེད་བསྒོམ་ན་ལེགས། །སྒྱུ་མའི་ས་མཁར་བརྩིགས་ཀྱང་འཇིག །དེ་ཕྱིར་དབེན་པ་བསྙགས་ན་ལེགས། །ཁམས་ཀྱི་བཟའ་བཏུང་བསྲིས་ཀྱང་འཛད། །དེ་ཕྱིར་ཚོགས་གསོག་བྱས་ན་ལེགས། །འདུས་བྱས་ལས་ལ་ཟིན་པ་མེད། །དེ་བས་བྱ་བ་བཏང་ན་ལེགས། །བྲེ་མོའི་གཏམ་ལ་ཟད་པ་མེད། །དེ་བས་སྨྲ་བ་བཅད་ན་ལེགས། །གདམས་ངག་ལྤགས་ལ་སྣུམ་བསྐུས་འདྲ། །བླ་མ་མཁས་པ་བརྟེན་ན་ལེགས། །ཉམས་མྱོང་མུན་ལ་ཟླ་ཤར་འདྲ། །ཆུ་བོའི་རྒྱུན་བཞིན་བསྒོམ་ན་ལེགས། །ལེགས་པ་དོན་གྱི་མདོ་དོན་བཅུ། །རྣལ་འབྱོར་རས་པའི་བློ་ལ་ཤར། །བྲིན་པ་ཕོ་མོའི་ཆོས་སྐལ་མཛོད། །
ཅེས་གསུངས་ཏེ་ཡོན་བདག་ཕོ་མོ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་སྨོན་ལམ་གནང་ནས། ཐམས་ཅད་ཆོས་ལ་སྣང་བ་འགྱུར་ཏེ་དེའི་ནང་ནས་སྒོམ་བྱེད་མི་མང་པོ་བྱུང་ངོ་། །དེ་ཐམས་ཅད་བྲིན་གྱི་ལྷ་གྲང་གི་སྐོར་རོ།། །།
དེ་ནས་རྗེ་བཙུན་དང་རས་ཆུང་བ་དཔོན་སློབ་གཉིས་ལ་ཕྱིའི་གངས་ལ་བཞུགས་ཀྱང་ཟེར། ཡང་རང་རེ་གཉིས་ཀྱི་རི་ཁྲོད་ཤར་རི་ནུབ་རི་བཟུང་ནས་སྒོམ་དགོས་གསུང་པ་ལ། རྗེ་བཙུན་ཆེན་པོ་དྲོད་ཕུག་བྲག་ལ་བཞུགས། རས་ཆུང་པ་བྲིན་གྱི་ཡུལ་གྲོང་དང་། མཆོག་དཀར་དགོན་དང་། རི་ཁྲོད་རྣམས་སུ་རེ་མོས་སུ་བཞུགས། ལྷ་དང་ལྷ་མ་ཡིན་ལ་སོགས་པ་དང་། སྐྱེ་བན་གྱིས་བསྙེན་བཀུར་ཆེ་བ་མང་དུ་འབྱུང་། ཁྱད་པར་དུ་ཉ་མ་རྣམས་དང་ཡོན་བདག་ཧཱུཾ་ཀ་ར་དང་། ཇོ་བོ་ཀོན་ནེ་དང་། གཙོ་ཆུང་རྟག་དང་། དབྱིལ་དོར་འཕགས་པ་བཞིས་སྒོས་སུ་རས་ཆུང་བ་ལ་བསྙེན་བཀུར་བྱས། བསྙེན་བཀུར་རྒྱུའི་ཤ་ཚོ་བ། ཆང་ཞིམ་པ། རྩམ་པ་ཞིབ་པ། ཐུད་བཟང་བ་རྣམས་རས་ཆུང་པ་ལ་ཕུལ། རྗེ་བཙུན་ལ་ཤ་རིད་པ། ཆང་སྐྱུར་བ། རྩམ་པ་རྩིང་པ། ཐུད་ངན་པ་རྣམས་བསྐྱལ་ལོ། །དེའི་དུས་སུ་ཡུལ་མི་ཀུན་ན་རེ། རས་ཆེན་པ་བས་རས་ཆུང་བ་ངོ་མཚར་ཆེ། རྒྱ་གར་ན་ཡང་རས་ཆུང་བ་བྱོན་ནས་གདམས་ངག་ཡང་ཁོང་ཟབ་ཟེར་བས་རས་ཆུང་པས་ཐོས་ནས། དེ་ལྟ་བུའི་གཏམ་བླ་མའི་སྙན་དུ་གསན་ན་མི་དགའ་དགོངས་ཏེ། ད་ནི་འགྲོ་དགོས་སྙམས་ནས་བླ་མའི་དྲུང་དུ་བྱོན་ནས་ཕྱག་ཕུལ་ཏེ། ཉ་མས་འདིར་ཚོགས་གསོག་ཅི་ཙམ་བྱུང་ཞུས་པས། འདིར་བཟང་པོ་བྱུང་། ཉ་མའི་ཚོགས་གསོག་ལ་དྲོ་དྲོངས་ཤིག་གསུངས་པ་ལ། གཡམ་པའི་འོག་ཏུ་ཤ་རིད་དང་། ཐུད་ངན་དང་། རྩམ་རྩིང་དང་། ཆང་སྐྱུར་པོ་དུམ་པ་གཅིག་དང་དེ་རྣམས་འདུག་པས། རས་ཆུང་བ་སྙིང་མི་དགའ་ཏིང་ངེ་སོང་། བླ་མ་ལ་དྲངས་པས་ཞིམ་པ་ལྟར་མཛད་ན་གསོལ་ཡིན་འདུག །རས་ཆུང་པ་ཁམས་ལོག་པ་ཅིག་བྱུང་ནས། རས་ཆུང་པའི་དགོངས་པ་ལ་བླ་མའི་ཡོན་ཏན་ཆ་གཅིག་ང་ལ་མེད་པ་ལ། ཉ་མ་ཚོའི་ཚོགས་གསོག་ཡང་ལེགས་པོ་མ་རེད། ད་ཅིས་ཀྱང་འགྲོ་དགོས་དགོངས་ནས་བླ་མ་ལ་བསམ་ནས་བླ་མའི་དྲུང་དུ་སྡོད་ནས་གདམས་ངག་མཐར་འདོན། ཞབས་ཏོག་སྙིང་ཚིམ་པ་ཞིག་བྱེད་བསམ་སྟེ། ཞབས་ཏོག་ཏུ་མི་འགྲོ་ཞབས་འདྲེན་དུ་འགྲོ་བར་འདུག་བསམ་ནས་བླ་མ་ལ་མགུར་འདི་ཕུལ་ལོ། །
ང་རྒྱལ་ཁམས་ཕྱོགས་མེད་འགྲིམ་པ་དང་། །ཆོས་འཁོར་ལྷ་ས་ལྟ་བ་དང་། །དཔལ་གྱི་བསམ་ཡས་བསྐོར་བ་དང་། །ཇོ་ཤཱཀ་མཆེད་གཉིས་ཕྱག་ཅིག་འཚལ་བ་དང་། །གཡུ་རུའི་ཁྲ་འབྲུག་ལྟ་བ་དང་། །མར་རྔོག་གི་གདན་ས་བསྐོར་བ་དང་། །རོ་སྙོམས་ལྡོམ་བུ་བྱེད་པ་དང་། །ཅིས་ཀྱང་དབུས་སུ་འགྲོ་བར་ཞུ། །
ཞུས་པས། བླ་མས་དབུ་གཏུམས་ནས་ཅི་ཡང་མི་གསུང་བ་དང་། ཡང་རས་ཆུང་པས་མགུར་འདི་ཕུལ་ལོ། །
གངས་སྟོད་ཀྱི་སེང་གེ་དཀར་མོ་ང་། །གངས་སྟོད་ཡོངས་ལ་མི་འཕྱོ་རྒྱུས། །གཡུ་རལ་ལེགས་ལ་རྒྱས་དུས་མེད། །རས་ཆུང་མི་སྡོད་ལྡོམ་བུར་འགྲོ། །ད་རེས་བླ་མས་བཀའ་གནང་ཞུ། །ཕུ་རི་གསུམ་གྱི་བྱ་རྒྱལ་རྒོད་པོ་ང་། །ནམ་འཕང་ཡོངས་ལ་མི་འཕུར་རྒྱུས། །གཤོག་དྲུག་ལེགས་ལ་རྒྱས་དུས་མེད། །རས་ཆུང་མི་སྡོད་ལྡོམ་བུར་འགྲོ། །ད་རེ་བླ་མས་བཀའ་གནང་ཞུ། །ནགས་གསེབ་ཀྱི་སྟག་གུ་རི་བཀྲ་ང། །ནགས་གསེབ་ཡངས་ལ་མི་འགྲིམ་རྒྱུས། །འཛུམ་དྲུག་ལེགས་ལ་རྒྱས་དུས་མེད། །རས་ཆུང་མི་སྡོད་ལྡོམ་བུར་འགྲོ། །ད་རེས་བླ་མས་བཀའ་གནང་ཞུ། །མཚོ་སྟོད་ཀྱི་ཉ་མོ་གསེར་མིག་ང་། །མཚོ་མཐའ་ཡངས་ལ་མི་འགྲིམ་རྒྱུས། །གསེར་མིག་ལེགས་ལ་རྒྱས་དུས་མེད། །རས་ཆུང་མི་སྡོད་ལྡོམ་བུར་འགྲོ། །ད་རེས་བླ་མས་བཀའ་གནང་ཞུ། །གུང་ཐང་གི་རས་ཆུང་རྡོར་གྲགས་ང་། །རྒྱལ་ཁམས་ཡོངས་ལ་མི་འགྲོ་རྒྱུས། །ཉམས་རྟོགས་ལེགས་ལ་རྒྱས་དུས་མེད། །རས་ཆུང་མི་སྡོད་ལྡོམ་བུར་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །
