| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (19)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
ཨ་མཚར་པོ་ཅི་འདྲ་ཚོར་བར་འདུག །ཚིག་གི་སྦོས་པའི་སྟོན་པ་དེ། །རྩོད་དུས་ཁྲམ་པས་བསྙོན་བསྙོན་བྱེད། །ལབ་དུས་དྲེད་མས་ལབ་ལབ་བྱེད། །ཉལ་དུས་མི་ཆེན་ཉལ་ཉལ་བྱེད། །འགྲོ་དུས་ཧོར་འདྲ་འགྲིམ་འགྲིམ་བྱེད། །དེས་གེགས་དང་གོལ་ས་ཅུག་ཆོད་ལགས། །སྤྱིར་ཁམས་གསུམ་སེམས་ཅན་སོ་སོར་གོལ། །སོ་སོ་སྐྱེ་བོ་ལས་ལ་གོལ། །ཉན་ཐོས་ཞི་བའི་ལམ་ལ་གོལ། །དགེ་བཤེས་ཟབ་པའི་དོན་ལ་གོལ། །སྟོན་པ་ཚིག་གི་རྫོང་ལ་གོལ། །དགེ་སློང་བཟའ་རྒྱུའི་ནང་དུ་གོལ། །རྣལ་འབྱོར་སྨྱོན་པའི་གསེབ་ཏུ་གོལ། །སྒོམ་ཆེན་སྟོང་ལྟ་ཧད་པོར་གོལ། །དེ་བཞིན་ཐམས་ཅད་གོལ་ཚབ་ཆེ། །བུ་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ལ། །གོལ་ས་ཡོད་སྙམ་བདུད་ཡིན་ཏེ། །རས་ཆེན་དྲུང་དུ་ཞི་བ་འོད། །གེགས་ལ་ཤོར་ན་བསླུས་པ་ཡིན། །དམར་ཁྲིད་ལག་ལེན་མངོན་སུམ་ལ། །གོལ་ས་བྱུང་ན་བདེན་པ་མེད། །བུ་གོལ་སའི་སློབ་གཉེར་མ་བསམ་པར། །རྩེ་གཅིག་ཏུ་སྒོམ་དང་མྱུར་དུ་གསལ། །
ཞེས་གསུངས་པས། སློབ་འདོད་མེད་པར་བསྒོམ་ཞིང་ཡོད་པ་ལ། རྒྱགས་ཆད་པས་ཉིན་ལྡོམ་བུ་མཛད། ནུབ་གྲོང་དུ་མི་ཉལ་བའི་དམ་བཅའ་ཡོད་པས། བླ་མའི་དྲུང་དུ་འོང་བ་ལ་སྔར་གྱི་གྲོགས་པོ་ཅིག་ཡོད་པ་སླེབས་འདུག་པས། ཁོ་ན་རེ་ཟས་ནོར་ཐམས་ཅད་མེད་པར་བྱས་ནས་ད་རྐུན་སྤྲང་རྒན་ཅིག་བྱས་ནས་ཟེར་བས། ཞི་བ་འོད་ཀྱིས་མགུར་འདི་གསུངས་སོ། །
བླ་མ་རྗེ་བཙུན་སངས་རྒྱས་ཀྱི་ངང་། །ཕ་མ་གཉིས་པོ་མཆོད་གནས་ཀྱི་རྟེན། །སྤུན་ཟླ་ཕན་ཆད་འཁོར་བའི་རྒྱུ། །བདག་དེས་ཀྱང་ཕ་ཡུལ་སྤངས་པ་གཅིག་ལགས། །རང་ཉིད་གཅིག་པུ་སངས་རྒྱས་ཀྱི་ངང་། །ཆོས་མཐུན་གྲོགས་པོ་དགེ་སྦྱོར་གྱི་རྟེན། །གསུམ་བཞི་ཕན་ཆད་ལོང་གཏམ་གྱི་རྒྱུ། །བདག་དེས་ཀྱང་གཅིག་པུར་སྡོད་པ་ཅིག་ལགས། །གདམས་ངག་ཚིག་བཞི་སངས་རྒྱས་ཀྱི་ངང་། །གསོལ་འདེབས་ཀྱི་བེ་བུམ་དགེ་སྦྱོར་གྱི་རྟེན། །དཔེ་ཆ་མང་པོ་ང་རྒྱལ་གྱི་རྒྱུ། །བདག་དེས་ཀྱང་ཟིན་རིས་སྤངས་པ་ཅིག་ལགས། །རི་ཁྲོད་དགོན་པ་སངས་རྒྱས་ཀྱི་ངང་། །འཚོ་བ་བྱ་ཚོལ་དགེ་སྦྱོར་གྱི་རྟེན། །རྫས་དང་ཡོ་བྱད་ཆགས་པའི་རྒྱུ། །བདག་དེས་ཀྱང་ཞིང་ཁང་སྤངས་པ་ཅིག་ལགས། །རྒྱལ་ཁམས་ཕྱོགས་མེད་སངས་རྒྱས་ཀྱི་ངང་། །དད་ཅན་བསོད་སྙོམས་དགེ་སྦྱོར་གྱི་རྟེན། །འཁོར་གཡོག་མང་པོ་ཉོན་མོངས་ཀྱི་རྒྱུ། །བདག་ངེས་ཀྱང་འཁོར་གཡོག་སྤངས་པ་ཅིག་ལགས། །
ཞེས་གསུངས་པས། བླ་མ་ཡང་མཉེས་ཁོ་ཡང་དད་པས་ཀ་ཆ་མང་དུ་ཕུལ་ལོ། །དེ་ཐམས་ཅད་ཞི་བ་འོད་ཀྱི་སྐོར་རོ།། །།
དེ་ནས་རྗེ་བཙུན་གུང་ཐང་ལྷོ་སྒོ་ན་བསོད་སྙོམས་ལ་བྱོན་པས། བཙས་མ་གྲ་གསུམ་འདུག་པའི་དབུས་མ་དེར། ཨ་མ་ཆོས་འཁོན་མ་བྱ་བའི་རྒན་མོ་གཅིག་འདུག་པ་ལ། འོ་རྣལ་འབྱོར་པ་ལ་བསོད་སྙོམ་ཞིག་ཞུ་བྱས་པས། རྒན་མོ་ན་རེ། ངའི་གཡས་ཀྱི་ཞིང་འདི་བུའི་ཡིན། གཡོན་གྱི་ཞིང་འདི་བུ་མོའི་ཡིན་པས་ང་རང་དང་གསུམ་ཀའི་གོར་ཆོད་པ་གྱིས་ཟེར་ནས། ཕྱག་ཏུ་སྙེ་མ་གསུམ་བཏང་ནས། ཁྱོད་འདྲ་བ་ངས་མ་མཐོང་། དབྱར་ཀར་སྤྲང་བྱེད། དགུན་སྐྱུར་སྤྲང་བྱེད་པར་འདུག་ཟེར་བས། ད་རུང་བསྔོ་རྟེན་ཞིག་ཞུ་གསུང་བས། སྡུག་སྤྲང་བརླག་སྤྲང་ཁྱོད་འགྲོ་ས་ཡོད་ན་སོང་ཟེར་ནས་ཐལ་བ་སྤར་གང་རྗེ་བཙུན་གྱི་ཞལ་ལ་གཏོར་བས་ཆོས་འཁོན་མ་ལ་མགུར་འདི་གསུངས་སོ། །
ཡར་མཐོ་རིས་ཐར་པའི་ལམ་པོ་དེ་དང་གཅིག །མར་ངན་སོང་གསུམ་གྱི་གཡང་ས་དེ་དང་གཉིས། །བར་རང་ཉིད་གར་སྐྱེ་མི་ཤེས་དེ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་མ་ཁྱོད་ཆོས་དང་འཁོན་པའི་ཆོས་འཁོན་མ་གཅིག་མ་ལགས་སམ། །ཁྱོད་ལྟ་རྟོགས་ཤིག་རང་གི་སེམས་ལ་ཐོང་དང་། །ཕ་མིང་ཕྱུག་པོའི་གོས་རྒྱན་བཟང་དང་གཅིག །ན་སོ་གཞོན་པས་ཤ་ཁྲག་ལེགས་དང་གཉིས། །གཞན་གྱིས་ངོ་སྲུང་བསྟོད་ར་ཆེ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་དེ་ན། །ཨ་མ་ནམ་ཟླ་ཡང་ཡེངས་ལ་མི་ཚེ་སྟོང་ཟད་མ་དེ་མ་ལགས་སམ། །ཁྱོད་ལྟ་རྟོགས་ཤིག་རང་གི་སེམས་ལ་ཐོང་དང་། །མེད་ཁ་མེད་པའི་མི་བདག་དེ་དང་གཅིག །ཤ་ལ་ཆད་པའི་བུ་ཚ་དེ་དང་གཉིས། །མི་བྱེད་ཁ་མེད་ཀྱི་སོ་ནམ་དེ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་དེ་ན། །ཨ་མ་གཡོག་ལ་རྒས་པའི་གླ་མེད་མ་དེ་མ་ལགས་སམ། །ཁྱོད་ལྟ་རྟོགས་ཤིག་རང་གི་སེམས་ལ་ཐོང་དང་། །ནང་ནུབ་སྔ་ཕྱིའི་སྡུག་ཟར་དེ་དང་གཅིག །མགུ་བ་མེད་པའི་ཐབ་ཀ་གཏོང་དང་གཉིས། །འཁོར་དུས་མེད་པའི་ཁྲལ་སྡུད་དེ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་མ་ཚེ་འདིར་བྱས་པ་དོན་མེད་མ་དེ་མ་ལགས་སམ། །ཁྱོད་ལྟ་རྟོགས་ཤིག་རང་གི་སེམས་ལ་ཐོང་དང་། །མནའ་མའི་མིག་ལོག་ཁྲོ་ཚིག་དང་གཅིག །ཚ་དབྱུག་རྣམས་ཀྱི་རྡོག་སྟན་དེ་དང་གཉིས། །ཁྱིམ་མཚེས་རྣམས་ཀྱིས་འབར་བ་དེ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་དེ་ན། །ཨ་མ་དགྲ་གོ་ཁ་ན་ལང་བའི་ཁས་ཉན་མ་དེ་མ་ལགས་སམ། །ཁྱོད་ལྟ་རྟོགས་ཤིག་རང་གི་སེམས་ལ་ཐོང་དང་། །ཕྱི་ལྤགས་པ་འདུས་པའི་གཉེར་མ་མང་དང་གཅིག །ནང་ཤ་ཁྲག་སྐམ་པའི་རུས་འགོ་མང་དང་གཉིས། །བར་འབྱུང་བཞི་རྒུད་པས་ལང་འདུག་དཀའ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་དེ་ན། །ཨ་མ་རྒན་མོ་ཐལ་མདོག་མ་དེ་མ་ལགས་སམ། །ཁྱོད་ལྟ་རྟོགས་ཤིག་རང་གི་སེམས་ལ་ཐོང་དང་། །མ་བསྡུས་དགུ་བསྡུས་ཀྱི་ཉལ་སྟན་དེ་དང་གཅིག །མ་བླན་དགུ་བླན་གྱི་དུག་པོ་དེ་དང་གཉིས། །མ་འབྱར་དགུ་འབྱར་གྱི་ཁ་ལོར་དེ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་དེ་ན། །ཨ་མ་ཟ་ཐང་ཟད་པའི་བསོད་ཟད་མ་དེ་མ་ལགས་སམ། །ཁྱོད་ལྟ་རྟོགས་ཤིག་རང་གི་སེམས་ལ་ཐོང་དང་། །ཡར་མཐོ་རིས་ཐར་པའི་ཐེམ་སྐས་མ་ཟིན་པ་དང་གཅིག །མར་ངན་སོང་གསུམ་གྱི་གཡང་ས་ཆེ་དང་གཉིས། །བར་རང་ཉིད་འཁྲུལ་བའི་དབང་དུ་སོང་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་དེ་ན། །ཨ་མ་ངན་སོང་ན་འགྲོ་བའི་ཡི་མུག་མ་དེ་མ་ལགས་སམ། །ཁྱོད་ལྟ་རྟོགས་ཤིག་རང་གི་སེམས་ལ་ཐོང་དང་། །བསགས་པའི་ཟས་ནོར་ཤུལ་དུ་ལུས་པ་དང་གཅིག །སྡིག་དང་རྣམ་སྨིན་རང་གིས་ཁུར་བ་དང་གཉིས། །མཐའ་མེད་ཀྱི་འཁོར་བར་རྣམ་ཤེས་འཁྱམ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་དེ་ན། །ཨ་མ་སེར་སྣ་ཅན་གྱི་ཡིད་དྭགས་མ་དེ་མ་ལགས་སམ། །ཁྱོད་ལྟ་རྟོགས་ཤིག་རང་གི་སེམས་ལ་ཐོང་དང་། །མི་ང་དང་གང་ཡིན་མ་ཤེས་ན། །གུང་ཐང་གི་མི་ལ་རས་པ་ཡིན། །ཁྱོད་ན་བས་འཇིགས་ན་ལུས་ཚོགས་ཐོང་། །རྒུད་པས་འཇིགས་ན་བསོད་ནམས་སོགས། །འཁོར་བས་འཇིགས་ན་སེམས་ལ་ལྟོས། །ཉོན་མོངས་ཀྱིས་འཇིགས་ན་བདག་འཛིན་ཐུལ། །སྡུག་བསྔལ་གྱིས་འཇིགས་ན་གཟུང་འཛིན་སྤོངས། །དོན་དེ་ལ་སེམས་ལ་ལྷ་ཆོས་མཛོད། །མི་ངས་ཟེར་ཁ་ལ་ཉན་པ་ན། །རྒྱུ་དངོས་པོ་གང་ཡོད་ཆོས་ལ་ཐོང་། །ཚེ་འདི་ཕྱི་སྐྱིད་པའི་ལྷ་ཆོས་མཛོད། །
ཅེས་གསུང་པས། མོའི་སེམས་ལ་ཕོག་སྟེ་ངའི་གནས་ལུགས་ཐམས་ཅད་ཁྱེད་ཀྱིས་མཁྱེན་པར་འདུག་པས། མགུར་དེ་ལན་གཅིག་རྡོབ་དང་ཟེར་བ་ལ། ཡང་མགུར་དེ་གསུང་བས། ད་ཅིས་ཀྱང་བཞུགས་པར་ཞུ་ཞུས་པས་ཞག་བདུན་བཞུགས་ནས་བྱོན་ནོ། །དེའི་བར་ལ་མོས་གཏུམ་མོ་བསྒོམ་པས་འཇིག་རྟེན་གྱི་བྱ་བ་བློས་བཏང་ནས་རས་གོས་རྐྱང་པ་གཅིག་གིས་ཆོག་པར་བྱུང་སྐད་དོ། །
དེ་ནས་རྗེ་བཙུན་གྲོང་དུ་བསོད་སྙོམས་ལ་བྱོན་ཏེ། ང་རྣལ་འབྱོར་པ་ལ་ད་ནང་གི་འཚོ་བ་ཞིག་སློང་བྱས་པས། འདིའི་འོག་ཏུ་ཡོན་བདག་མོ་བསོད་ནམས་སྒྲོན་བྱ་བ། འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པ། ཡར་བླ་མ་ལ་འབུལ་བ། མར་སྤྲང་ལོང་ལ་སྦྱིན་པ་བཏང་བ་ཅིག་ཡོད་ཟེར་བ་དང་། རྗེ་བཙུན་གྲོང་འོག་ཏུ་བཞུད་པས། བསོད་ནམས་སྒྲོན་གྱིས་བུ་ཁུར་ར་སྦྲེལ་གཅིག་དེད་ནས་བྱུང་བ་ལ། ཁྱོད་སྐྱེ་བ་སྔ་མ་ལ་ཚོགས་བསགས་པས་ད་ལྟ་འབྱོར་བ་ཕུན་སུམ་ཚོགས། ཡར་བླ་མ་ལ་ཚོགས་སོགས་དང་། མར་སྤྲང་ལོང་ལ་སྦྱིན་པ་བཏང་བ་ཡིན་ཟེར་བས། ང་རྣལ་འབྱོར་པ་ལ་ད་ནང་འཚོ་བ་ཅིག་སློང་བྱས་པས། ངས་ར་འདི་ཡར་བསྐྱལ། དེ་ནས་ཚ་བ་ཞུ་ཟེར་བ་ལ། འོ་ཡོན་བདག་མོ་བྲེལ་བ་ཞོག་ལ་རིངས་པ་མཛོད་བྱ་བ་ཡིན། ང་རྣལ་འབྱོར་པ་འགྲོ་འདོད། དང་པོ་ཚ་བ་སློང་བྱས་པས། ཁྱེད་ལ་ལས་ཀ་ཅང་ཡང་མ་བཅོག །ཡུས་མ་ཆེ་ཁྱོད་ཉིད་བརྒྱུད་པ་སུ་ཡིན་ཟེར་བས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་རློབས་པར་མཛད་དུ་གསོལ། །ང་ཡི་ཡབ་ནི་ཀུན་ཏུ་བཟང་པོ་ཡིན། །ཡུམ་ནི་འགྲོ་བ་བཟང་མོ་ཡིན། །ཕོ་བོ་ཐོས་པའི་རྒྱལ་པོ་ཡིན། །ཨ་ནེ་སྣང་གསལ་སྒྲོན་མེ་ཡིན། །སྲིང་མོ་དད་པའི་ལྕམ་མེ་ཡིན། །གྲོགས་གཅིག་ཡེ་ཤེས་རང་བྱུང་ཡིན། །བུ་ནི་རིག་པའི་ཁྱེའུ་ཆུང་ཡིན། །དཔེ་ཆ་སྣང་སྲིད་གཞི་བཞག་ཡིན། །རྟ་ཕོ་རྣམ་ཤེས་རླུང་ཞོན་ཡིན། །ཡོན་བདག་དབུས་གཙང་རུ་བཞི་ཡིན། །ང་རང་མཆོད་རྟེན་དཀར་ཆུང་ཡིན། །ཅེས་གསུང་པས། ཨ་ལ་ལ་ངོ་མཚར་རེ་ཆེ་ཡོད་པར་འདུག །ངེད་འཇིག་རྟེན་པས་མི་གོ་བས་ཅི་ལྟར་ཡིན་གསུང་བར་ཞུ་བྱས་པས། མགུར་འདི་གསུངས་སོ། །
ངས་སྔོན་ཆད་དབྱངས་ལ་སྐྱོར་མ་ཡིན། །ད་རེས་ཚིག་ལ་གསལ་ཅིག་འདེབས། །ང་ཡི་ཕ་ཅིག་ཀུན་ཏུ་བཟང་པོ་དེས། །ལྟ་སྒོམ་ཕོགས་སུ་གཏད་པ་ལ། །འཇིག་རྟེན་གྱི་སྣང་བ་འཆར་མ་མྱོང་། །ཡུམ་ཅིག་འགྲོ་བ་བཟང་མོ་དེས། །གདམས་ངག་ནུར་མར་སྨེད་པ་ལ། །ཉམས་ལེན་ལ་མུ་གེ་འོང་མ་མྱོང་། །ཕོ་བོ་ཐོས་པའི་རྒྱལ་པོ་དེས། །ཐབས་ཤེས་རལ་གྲི་ལག་ཏུ་གཏད། །ཕྱི་ནང་སྒྲོ་འདོགས་བཅད་ནས་བཞག །ཨ་ནེ་སྣང་གསལ་སྒྲོན་མེ་དེས། །རང་སེམས་མོས་གླེང་ཡང་ཡང་ལྟ། །བག་ཆགས་གཡའ་ཡིས་གོས་མ་མྱོང་། །སྲིང་མོ་དད་པའི་ལྕམ་མེ་དེས། །སེར་སྣའི་མདུད་པ་བཀྲོལ་ནས་བཞག །ཟས་ནོར་སྡུག་བཙིར་བྱེད་མ་མྱོང་། །གྲོགས་མོ་རང་བྱུང་ཡེ་ཤེས་དང་། །གཉིས་སུ་མེད་པར་འགྲོགས་འགྲོགས་ནས། །གཤིས་ངན་སྡུག་འཐབ་བྱེད་མ་མྱོང་། །བུ་ཅིག་རིག་པའི་ཁྱེའུ་ཆུང་གིས། །སངས་རྒྱས་གདུང་ཅིག་སེམས་སེམས་པས། །སྣབ་བཤལ་བུ་ཚ་གསོ་མ་མྱོང་། །དཔེ་ཆ་སྣང་སྲིད་སྣང་བ་ལ། །མཚོན་པའི་གོ་ཡུལ་སྟོན་སྟོན་པས། །ཡིག་ནག་དཔེ་ཆ་ལྟ་མ་མྱོང་། །རྟ་ཕོ་རྣམ་ཤེས་རླུང་ལ་བསྐྱོན། །གར་འདོད་གནས་སུ་སྐྱེལ་བ་ལ། །ཁྲག་ཆགས་རྐྱང་པའི་གཡོག་མ་མྱོང་། །ཡོན་བདག་དབུས་གཙང་རུ་བཞི་དེ། །འཚོ་བ་གར་འདོད་སྦྱོར་བ་ལ། །ཕྱེ་རྐྱལ་གག་ཙིར་བྱེད་མ་མྱོང་། །ང་རང་མཆོད་རྟེན་དཀར་ཆུང་འདི། །མཆོད་པ་དཀོན་མཆོག་མཆོད་པ་ཡིན། །བརྟེན་པ་བླ་མ་བརྟེན་པ་ཡིན། །དཀར་བ་ཆོས་ལ་དཀར་བ་ཡིན། །ཆུང་བ་ཉོན་མོངས་ཆུང་བ་ཡིན། །ང་དེ་ཕྱིར་མཆོད་རྟེན་དཀར་ཆུང་ཡིན། །
ཅེས་གསུང་པས། ཨ་ལ་ལ་དེ་ཤིན་ཏུ་བཟང་། ངེད་ནི་བུ་ནོར་མེད་ན་སྤྲང་པོ་ཡིན། ཁྱེད་ངེད་ཚོའི་ནང་དུ་འབྱོན་དུས་འཁོར་བའི་སྣང་བ་མེད་ལས་ཆེ་ཞུས་པས་མགུར་འདི་གསུངས་སོ། །
ངས་དགྲ་འཁོར་བ་འདི་ལ་ཕར་བལྟས་ཙ། །དང་པོ་འཁོར་བ་ཉམས་དགའ་བོ། །བར་དུ་སྣང་བ་བྲིད་མཁན་པོ། །ཐ་མ་བཙོན་དོང་ཐར་མེད་པོ། །འཁོར་བའི་མཐའ་ལ་ཞེན་པ་ལོག །དེ་ནས་གྲོགས་ལ་ཕར་བལྟས་ཙ། །གྲོགས་དང་པོ་ལྷ་མོ་འཛུམ་ཁ་མ། །བར་དུ་མི་མོ་གདོང་དམར་མ། །ཐ་མ་བདུད་མོ་ངོ་ནག་མ། །ཐ་མ་ཐེན་གྲོགས་དེ་ལ་ཆགས་པས་ཕུང་། །དེ་ནས་བུ་ལ་ཕར་བལྟས་ཙ། །བུ་དང་པོ་ལྷ་ཕྲུག་ཁ་འཇམ་པོ། །བར་དུ་ཁྱིམ་མཚེས་སྙིང་རིང་པོ། །ཐ་མ་དགྲ་བོ་ལན་ཆགས་པོ། །དགྲ་ལན་མེད་གསོས་པས་བློ་ཉེས་ཆེ། །དེ་ནས་ནོར་ལ་ཕར་བལྟས་ཙ། །ནོར་དང་པོ་ནོར་བུ་རིན་པོ་ཆེ། །བར་དུ་མེད་ཐབས་མེད་པས་བཟུང་། །ཐ་མ་སྦྲང་རྩི་བསགས་པ་བཞིན། །སྡུག་སོགས་བྱས་ཚད་མི་ཡིས་སྤྱད། །དེ་ལ་སོམ་ལ་ལྷ་ཆོས་མཛོད། །འཆི་ཁ་མི་འགྱོད་ཙམ་རེ་གྱིས། །
ཅེས་གསུངས་པས། ཉ་མ་དེ་དད་པ་སྐྱེས་ནས་རྣལ་འབྱོར་པ་ཁྱེད་ལ་ཆོས་བརྒྱུད་བཟང་པོ་ཨེ་ཡོད་ཞུས་པས་མགུར་འདི་གསུངས་སོ། །
ཆོས་སྐུ་ཀུན་ལ་ཁྱབ་པ་དེ་ཀུན་ཏུ་བཟང་པོ་ཡིན། །ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དེ་རྡོ་རྗེ་འཆང་ཆེན་ཡིན། །སྤྲུལ་སྐུ་འགྲོ་དོན་ཕྱོགས་མེད་དུ་མཛད་པ་ཤཱཀྱ་ཐུབ་པ་ཡིན། །བརྒྱུད་པ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་སོ། །བརྒྱུད་པ་དེ་གསུམ་ལ་དད་པའི་ཉ་མ་འདྲ་ཡོད་དམ། །
ཞེས་གསུངས་པས། མོ་ན་རེ། བརྒྱུད་པ་བཟང་བར་འདུག །བརྒྱུད་པ་བཟང་པོའི་ཞལ་པོའང་ཆེ་བར་འདུག །བླ་མ་བཟང་པོ་ཡོད་དམ་ཞུས་པས་མགུར་འདི་གསུངས་སོ། །
ཤེས་རྒྱུད་ཕྱི་ནས་བཤད་པ་ཕྱི་ཡི་བླ་མ། །རིགས་རྒྱུད་ནང་ནས་སྟོན་པ་ནང་གི་བླ་མ། །དོན་རྒྱུད་སེམས་ལ་འཆར་བ་སེམས་ཀྱི་བླ་མ། །བླ་མ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་སོ། །བླ་མ་དེ་གསུམ་དད་པའི་ཉ་མ་འདྲ་ཡོད་དམ། །
ཞེས་གསུངས་པས། མོ་ན་རེ། བླ་མ་བཟང་པོ་དེ་ལྟ་བུ་ལ་དབང་བསྐུར་ཞུས་སམ་ཟེར་བས་མགུར་འདི་གསུངས་སོ། །
བུམ་པ་མགོ་ཐོག་ཏུ་བཞག་པ་ཕྱི་ཡི་དབང་། །རང་ལུས་ལྷ་སྐུར་བསྒོམ་པ་ནང་གི་དབང་། །སེམས་ཉིད་བདེ་སྟོང་རྙེད་པ་དོན་གྱི་དབང་། །དབང་བསྐུར་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་སོ། །དབང་བསྐུར་དེ་གསུམ་ཞུས་པའི་ཉ་མ་འདྲ་ཡོད་དམ། །
ཞེས་གསུངས་པས། མོ་ན་རེ། དབང་ཟབ་མོ་ཐོབ་རྟིང་ཉམས་ཁྲིད་གདམས་ངག་ཨེ་ཞུས་ཟེར་བས་མགུར་འདི་གསུངས་སོ། །
ཐོས་བསམ་སྒོམ་གསུམ་བྱེད་པ་ཕྱི་ཡི་ཁྲིད། །རིག་པ་རྡོ་རྒྱུས་འཕྲོད་པ་ནང་གི་ཁྲིད། །ཉམས་དང་འདུ་འབྲལ་མེད་པ་དོན་གྱི་ཁྲིད། །ཁྲིད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་སོ། །ཁྲིད་དེ་གསུམ་ཞུས་པའི་ཉ་མ་འདྲ་ཡོད་དམ། །
ཞེས་གསུང་པས། མོ་ན་རེ། ཁྲིད་དེ་གསུམ་ཞུས་པའི་རྟིང་ལ་གཉན་པ་རི་ཁྲོད་ཨེ་འགྲིམ་ཟེར་བས་ཡང་མགུར་འདི་གསུངས་སོ། །
གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་ཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །གཅོད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་སོ། །གཅོད་དེ་གསུམ་ཞུས་པའི་ཉ་མ་འདྲ་ཡོད་དམ། །
ཞེས་གསུངས་པས། མོ་ན་རེ། གཅོད་དེ་ལྟ་བུ་བྱས་རྟིང་སེམས་ལ་འཆར་ཚུལ་ཅི་ལྟ་བུ་བྱུང་ཟེར་བས་མགུར་འདི་གསུངས་སོ། །
གཞི་མ་བཅོས་ཕྱག་རྒྱ་ཆེན་པོར་ཤར། །ལམ་མ་བཅོས་དབུ་མ་ཆེན་པོར་ཤར། །འབྲས་བུ་མ་བཅོས་ཆོས་སྐུ་ཆེན་པོར་ཤར། །འཆར་ཚུལ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་སོ། །འཆར་ཚུལ་དེ་གསུམ་བསྒོམ་པའི་ཉ་མ་འདྲ་ཡོད་དམ། །
ཞེས་གསུང་བས། མོ་ན་རེ། དེ་ལྟ་བུ་སེམས་ལ་ཤར་ན་མི་འཇིགས་པའི་གདེང་ཨེ་ཡོད་ཟེར་བས་མགུར་འདི་གསུངས་སོ། །
ལྷ་མེད་དང་འདྲེ་མེད་ལྟ་བའི་གདེང་། །ཡེངས་མེད་དང་སྒོམ་མེད་སྒོམ་པའི་གདེང་། །རེ་མེད་དང་དྭོགས་མེད་འབྲས་བུའི་གདེང་། །གདེང་དེ་གསུམ་དང་ལྡན་པའི་རྣལ་འབྱོར་བ་ལགས་སོ། །གདེང་དེ་གསུམ་རྟོགས་འདོད་ཀྱི་ཉ་མ་འདྲ་ཡོད་དམ། །
ཞེས་གསུང་པས། ཉ་མ་ཤིན་ཏུ་དད་ནས་ནང་དུ་གདན་དྲངས་ཏེ་བསྙེན་བཀུར་བཟང་པོ་བྱས། དེའི་ནུབ་མོ་ལེགས་སེ་འབུམ་དང་། ཞིག་མོ་འབུམ་དང་། བཙུན་ཆུང་སྨན་དང་། རྡོ་རྗེ་སྨན་དང་། ཁུ་བྱུག་སྨན་དང་། ཞི་བ་འཚོ་དང་། པདྨ་ལྕམ་དང་དེ་རྣམས་བསྐུལ་ཏེ་འཚོགས་ནས། རྗེ་བཙུན་དཔོན་སློབ་རྣམས་ལ་ཤ་ཆང་གི་ཚོགས་འཁོར་རྒྱ་ཆེན་པོ་དྲངས་ནས། ཞག་བདུན་བར་དུ་བཞུགས་པར་ཞུས་ཏེ། ནུབ་མོའི་རིང་ལ་ཆོས་ཞུས། ཁྱད་པར་དུ་ཉ་མ་དཔལ་དར་འབུམ་གྱིས་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པས་བླ་མ་མཉེས་པར་བྱས་ནས་འདི་ལྟར་བསམ་སྟེ། བདག་མི་ལུས་ཐོབ་པ་ཡང་རབ་ཏུ་དཀོན། རྗེ་བཙུན་འདི་ལྟ་བུ་དང་མཇལ་བས་བསོད་ནམས་ཆེ། བླ་མ་འདི་ལ་ཅིས་ཀྱང་ཆོས་ཤིག་ཞུས་སྙམས་ཏེ་གླུ་འདི་ཕུལ་ལོ། །
ཀ་ཡེ་བླ་མ་རིན་པོ་ཆེ། །འོ་ན་རྗེ་བཙུན་རིན་པོ་ཆེ། །ནག་ཆག་གི་ལུས་འདི་སྐྱེ་བ་དམན་པ་དང་གཅིག །བདུད་མོའི་རིགས་འདི་སེར་སྣ་ཆེ་བ་དང་གཉིས། །འཛིན་པའི་སེམས་འདི་ལོག་ལྟ་ཆེ་བ་དང་གསུམ། །ཆ་དེ་གསུམ་མཐོང་ཞིང་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཀྱང་ཆོས་མ་དྲན། །ཆོས་དྲན་ཙམ་ནས་ཕྱིས་ནས་གདའ། །ཆོས་གདམས་ངག་ཐུགས་ལ་འདོགས་པར་ཞུ། །ནང་སྔ་མོ་ལོང་བའི་ཟར་མོ་ཆེ་དང་གཅིག །ནུབ་ཕྱི་མོ་ཉལ་བའི་མཇུག་སྡུད་མ་དང་གཉིས། །ཚེ་ཡང་ཡེངས་ལ་མི་ཚེ་འགྲོ་བ་དང་གསུམ། །ཆ་དེ་གསུམ་མཐོང་ཞིང་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཀྱང་ཆོས་མ་དྲན། །ཆོས་དྲན་ཙམ་ནས་འཕྱིས་ནས་གདའ། །ཆོས་གདམས་ངག་ཐུགས་ལ་འདོགས་པར་ཞུ། །སྐྱེ་འབྲས་ལེགས་པོ་དེ་རྒས་ནས་འགྲོ་བ་དང་གཅིག །འཁོར་བའི་ཁྱིམ་ཐབ་འདི་དགོས་ཆ་མང་བ་དང་གཉིས། །གཏན་གྲོགས་ངན་པའི་བརྒྱུད་ཐག་མེད་པ་དང་གསུམ། །ཆ་དེ་གསུམ་མཐོང་ཞིང་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཀྱང་ཆོས་མ་དྲན། །ཆོས་དྲན་ཙམ་ནས་ཕྱིས་ནས་གདའ། །ཆོས་གདམས་ངག་ཐུགས་ལ་འདོགས་པར་ཞུ། །ལྟ་བ་མཐོ་ཡང་སྤྱོད་པ་རྩིང་བ་དང་གཅིག །ཁ་ལྟ་མཐོ་ཡང་ཉམས་ལེན་ཞན་པ་དང་གཉིས། །ནག་ཆག་གི་བློ་འདི་བྱ་བྱེད་མང་བ་དང་གསུམ། །ཆ་དེ་གསུམ་མཐོང་ཞིང་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཀྱང་ཆོས་མ་དྲན། །ཆོས་དྲན་ཙམ་ནས་འཕྱིས་ནས་གདའ། །ཆོས་གདམས་ངག་ཐུགས་ལ་འདོགས་པར་ཞུ། །སྡུག་སྲན་ཆུང་ལ་སྙིང་རུས་མེད་པ་དང་གཅིག །ཤེས་རབ་ཆུང་ལ་བརྩོན་འགྲུས་ཞན་པ་དང་གཉིས། །རྐོ་ལོང་དམ་ལ་ཟུར་བག་རྣོ་བ་དང་གསུམ། །ཆ་དེ་གསུམ་མཐོང་ཞིང་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཀྱང་ཆོས་མ་དྲན། །ཆོས་དྲན་ཙམ་ནས་འཕྱིས་ནས་གདའ། །ཆོས་གདམས་ངག་ཐུགས་ལ་འདོགས་པར་ཞུ། །དང་པོ་ལུས་ཀྱི་བཀྲག་མདངས་བྲལ་བ་དང་གཅིག །བར་དུ་ཟས་དང་ནོར་རྣམས་འཕྲོག་པ་དང་གཉིས། །ཐ་མ་ཡོ་བྱད་ཕོག་ཀྱང་ཚུར་ལ་རྩོད་པ་དང་གསུམ། །ཆ་དེ་གསུམ་མཐོང་ཞིང་སྐྱོ་བ་སྐྱེས།།སྐྱོ་བ་སྐྱེས་ཀྱང་ཆོས་མ་དྲན། །ཆོས་དྲན་ཙམ་ནས་འཕྱིས་ནས་གདའ། །ཆོས་གདམས་ངག་ཐུགས་ལ་འདོགས་པ་ཞུ། །ཕྱི་ཤ་མདོག་སྐམ་པའི་གཉེར་མ་དང་གཅིག །བར་ཤ་ཁྲག་སྐམ་པའི་འཁོས་ཁ་དེ་དང་གཉིས། །ནང་བཀྲག་མདངས་སྐམ་པའི་ཐལ་མདོག་རིད་པ་དེ་དང་གསུམ། །ཆ་དེ་གསུམ་མཐོང་ནས་རྒས་པའི་ཕྱོགས་ལ་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཀྱང་ཆོས་མ་དྲན། །ཆོས་དྲན་ཙམ་ནས་འཕྱིས་ནས་གདའ། །ཆོས་གདམས་ངག་ཐུགས་ལ་འདོགས་པར་ཞུ། །ཉིན་མོ་འཁོར་བའི་ལས་ལ་ཡེངས་པ་དང་གཅིག །ནུབ་མོ་གཏི་མུག་གཉིད་ལ་ཡེངས་པ་དང་གཉིས། །ནང་ནུབ་ལྟོ་གོས་ཀྱི་གཞི་ལ་ཡེངས་པ་དང་གསུམ། །ཆ་དེ་གསུམ་མཐོང་ཞིང་སྐྱོ་བ་སྐྱེས། །སྐྱོ་བ་སྐྱེས་ཀྱང་ཆོས་མ་དྲན། །ཆོས་དྲན་ཙམ་ནས་འཕྱིས་ནས་གདའ། །ཆོས་གདམས་ངག་ཐུགས་ལ་འདོགས་པ་ཞུ། །སངས་རྒྱས་འཐོབ་པའི་ཆོས་ཤིག་ཞུ། །བྱང་ཆུབ་འཐོབ་པའི་ཆོས་ཤིག་ཞུ། །
ཞེས་མོས་གུས་བྱས་ཤིང་ངུས་ཏེ་ཡང་ཞུས་པ། བླ་མ་རིན་པོ་ཆེ་ང་ལ་ཁྲིད་ཅིག་གནང་བར་ཞུ་བྱས་པས། སྒོམ་ཁྲིད་འདེབས་མི་དགོས། ཚོགས་བསགས་པའི་མི་ལ་སྒོམ་གཏད་མེད་དུ་འཆར་བར་འོང་བ། དེ་ཁྱོད་ལྟ་བུ་ཡིན་གསུང་བས། ཡང་བླ་མ་རིན་པོ་ཆེ་ང་ལ་སྒོམ་ཁྲིད་ཅིས་ཀྱང་གནང་བར་ཞུ་ཞུས་པས། དཔེ་བཞི་དོན་ལྔའི་མགུར་འདི་གསུངས་སོ། །ཨ་ངེ་ཉ་མ་དད་པ་ཅན། །གསོན་དང་ཕྱུག་མོ་དད་པ་ཅན། །ཁྱེད་ནམ་མཁའ་འདི་ལ་དཔེ་ལོང་ལ། །མཐའ་དབུས་མེད་པའི་སྒོམ་ཞིག་གྱིས། །ཉི་ཟླ་གཉིས་ལ་དཔེ་ལོང་ལ། །གསལ་འགྲིབ་མེད་པའི་སྒོམ་ཞིག་གྱིས། །རི་བོ་འདི་ལ་དཔེ་ལོང་ལ། །གཡོ་འགུལ་མེད་པའི་སྒོམ་ཞིག་གྱིས། །རྒྱ་མཚོ་འདི་ལ་དཔེ་ལོང་ལ། །རྦ་རླབས་མེད་པའི་སྒོམ་ཞིག་གྱིས། །ཆུ་བོ་འདི་ལ་དཔེ་ལོང་ལ། །རྒྱུན་ཆད་མེད་པའི་སྒོམ་ཞིག་གྱིས། །རང་སེམས་འདི་ལ་དཔེ་ལོང་ལ། །རྣམ་རྟོག་མེད་པའི་སྒོམ་ཞིག་གྱིས། །
ཞེས་གསུངས་པས། ཉ་མ་དེས་བསྒོམ་པས་སྣང་བ་སྣ་ཚོགས་སུ་ཤར་ནས་བླ་མ་ལ་སེམས་དཔྱོད་འདི་ཕུལ་ལོ། །
རྗེ་བཙུན་བླ་མ་རིན་པོ་ཆེ། །འོ་ན་སྐྱེས་མཆོག་རྣལ་འབྱོར་པ། །ངས་ནམ་མཁའ་སྒོམ་དུ་གཏུབ་ལགས་ཀྱང་། །ལྷོ་སྤྲིན་བྱུང་ན་ཅི་ལྟར་སྒོམ། །ཉི་ཟླ་སྒོམ་དུ་གཏུབ་ལགས་ཀྱང་། །གསལ་འགྲིབ་བྱུང་ན་ཅི་ལྟར་སྒོམ། །རི་བོ་སྒོམ་དུ་གཏུབ་ལགས་ཀྱང་། །རྩི་ཤིང་རྒྱས་ན་ཅི་ལྟར་སྒོམ། །རྒྱ་མཚོ་སྒོམ་དུ་གཏུབ་ལགས་ཀྱང། །རྦ་རླབས་བྱུང་ན་ཅི་ལྟར་སྒོམ། །ཆུ་བོ་སྒོམ་དུ་བཏུབ་ལགས་ཀྱང་། །རྒྱུན་ཆད་བྱུང་ན་ཅི་ལྟར་སྒོམ། །རང་སེམས་སྒོམ་དུ་གཏུབ་ལགས་ཀྱང། །རྣམ་རྟོག་འཕྲོ་ན་ཇི་ལྟར་སྒོམ། །
ཞེས་ཞུས་པས། གེགས་སེལ་གྱི་མགུར་འདི་གསུངས་སོ། །
ཨ་ངེ་ཉ་མ་དཔའ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ནམ་མཁའ་སྒོམ་དུ་གཏུབ་ལགས་ན། །ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཉི་ཟླ་བསྒོམ་དུ་གཏུབ་ལགས་ན། །གསལ་འགྲིབ་ཉི་ཟླའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །རི་བོ་སྒོམ་དུ་གཏུབ་ལགས་ན། །རྩི་ཤིང་རི་བོའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །རྒྱ་མཚོ་སྒོམ་དུ་གཏུབ་ལགས་ན། །རྦ་རླབས་རྒྱ་མཚོའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆུ་བོ་སྒོམ་དུ་བཏུབ་ལགས་ན། །རྒྱུན་ཆད་ཆུ་བོའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །རང་སེམས་སྒོམ་དུ་བཏུབ་ལགས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །ད་རུང་རྣམ་རྟོག་བདར་ཤ་ཆོད། །ད་རུང་སེམས་ཉིད་གཏན་ལ་ཕོབ། །
ཅེས་གསུངས་པས། ཉ་མ་དེས་རྩེ་གཅིག་ཏུ་བསྒོམ་པས་འཇིག་རྟེན་གྱི་བྱ་བ་ལ་སྣང་བ་འཕྲོས་པ་ལ། བླ་མའི་དྲུང་དུ་ཕྱིན་ནས་ངས་ཡུལ་དུ་འུ་ལག་ཁྲལ་ཞིང་ལ་སེམས་འཕྲོས་ཞུས་པས་ཆོས་གཤའ་མ་ཅིག་བྱེད་ན། ཆོས་བྱེད་པ་དང་ཡུལ་དུ་བསམ་མནོ་མང་པོ་གཏོང་བ་གཉིས་རྒྱབ་བསྣོལ་ཡིན། ཐམས་ཅད་རྒྱབ་ཏུ་སྐྱུར་དགོས་པ་ཡིན་པས་རྒྱབ་ཏུ་སྐྱུར་གསུང་སྟེ་རྒྱབ་སྐྱུར་རྣམ་བཞིའི་མགུར་འདི་གསུངས་སོ། །
ཨ་ངེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལས་ཕྱི་མ་ཤུལ་ཐག་རིང་། །དེ་ལ་རྒྱགས་ཕྱེ་གྲབས་སུ་ཚུད་ལགས་སམ། །རྒྱགས་ཕྱེ་སྦྱིན་པ་ཡིན་པས་བཏང་ལགས་སམ། །དགྲ་སེར་སྣ་ཟེར་བའི་འགག་འཆིངས་མཁན། །འདིས་ཕན་ཕན་བྱས་ནས་གནོད་པ་བསྐྱལ། །སེར་སྣ་དགྲ་བོ་ཡིན་པར་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །ཨ་ངེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལས་ཕྱི་མ་མུན་པ་ནག །དེ་ལ་གསལ་མེ་གྲབས་སུ་ཚུད་ལགས་སམ། །གསལ་མེ་འོད་གསལ་ཡིན་པས་བསྒོམ་ལགས་སམ། །དགྲ་གཏི་མུག་ཟེར་བའི་རོ་ཉལ་མཁན། །འདིས་ཕན་ཕན་བྱས་ནས་གནོད་པ་བསྐྱལ། །གཏི་མུག་དགྲ་བོ་ཡིན་པ་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །ཨ་ངེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལས་ཕྱི་མ་འཇིགས་པ་ཆེ། །དེ་ལ་སྐྱེལ་མ་གྲབས་སུ་ཚུད་ལགས་སམ། །སྐྱེལ་མ་ལྷ་ཆོས་ཡིན་པས་བྱས་ལགས་སམ། །དགྲ་གཉེན་འབྲེལ་ཟེར་བའི་བཤོལ་འདེབས་མཁན། །འདིས་ཕན་ཕན་བྱས་ནས་གནོད་པ་བསྐྱལ། །གཉེན་འབྲེལ་དགྲ་བོ་ཡིན་པས་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །ཨ་ངེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལས་ཕྱི་མ་ལམ་འཕྲང་རིང་། །དེ་ལ་རྟ་ཕོ་གྲབས་སུ་ཚུད་ལགས་སམ། །རྟ་ཕོ་བརྩོན་འགྲུས་ཡིན་པས་བརྩམ་ལགས་སམ། །དགྲ་ལེ་ལོ་ཟེར་བའི་བསླུ་བྲིད་མཁན། །འདིས་ཕན་ཕན་བྱས་ནས་གནོད་པ་བསྐྱལ། །དགྲ་བོ་ལེ་ལོ་ཡིན་པས་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །
ཞེས་གསུངས་ནས། ཁྱོད་ཆོས་ལ་དཔའ་འཁོར་བ་ལ་སྡར་བས་དཔའ་སྡར་འབུམ་ཡིན་གསུངས་ནས། བརྩོན་པར་བསྒོམ་པས་གནས་ལུགས་ཅི་ལྟ་བ་བཞིན་ངོ་འཕྲོད་ནས་མགུར་འདི་ཕུལ་ལོ། །
ཨ་འདི་བླ་མ་རིན་པོ་ཆེ། །ད་རུང་རྗེ་བཙུན་རིན་པོ་ཆེ། །ལྟ་བ་སེམས་ཉིད་ནམ་མཁའ་བཞིན། །སྒོམ་པ་འབྲལ་མེད་རྒྱ་མཚོ་བཞིན། །སྤྱོད་པ་ཞེན་མེད་སྐྱི་བསེར་བཞིན། །འབྲས་བུ་རང་གསལ་ཁྲི་གདུགས་བཞིན། །ཉམས་མྱོང་བདེ་གསལ་བར་སྣང་བཞིན། །རྟོགས་པ་གདེང་ལྡན་རི་བོ་བཞིན། །ཤེས་རབ་སྣ་ཚོགས་ནགས་ཚལ་བཞིན། །དེ་ཡང་སེམས་ཀྱི་ཆོ་འཕྲུལ་གདའ། །ཚིག་ལ་མི་ལྟ་དོན་ལ་ལྟ། །དོན་བདེ་ལ་འདྲིལ་བའི་གདམས་ངག་ཞུ། །ཞེས་ཞུས་པས་ཡང་མགུར་འདི་གསུངས་སོ། །
དགུང་སྔོན་གྱི་དབྱིངས་ལ་དར་གཅིག་ཕྱར། །གངས་དཀར་གྱི་རྩེ་ལ་རྟ་ཅིག་རྒྱུག །བྲག་དམར་གྱི་ལོག་ལ་སྒོ་ཅིག་བཙུག །རྒྱ་མཚོའི་མཐིལ་དུ་ཞིང་ཅིག་འདེབས། །ཡི་དྭགས་ཀྱི་ཡུལ་ན་མགྲོན་གཅིག་འགྱེད། །དམྱལ་བའི་ཡུལ་དུ་དམག་ཅིག་འདྲེན། །ཅེས་གསུང་པས། ཡང་ཉ་མ་དཔལ་དར་འབུམ་གྱིས་ཞུས་པ།
ཁྱེད་དགུང་སྔོན་གྱི་དབྱིངས་ལ་དར་ཕྱར་དེ། །དར་ཐག་ཆད་ཀྱི་མི་དོགས་སམ། །གངས་དཀར་གྱི་རྩེ་ལ་རྟ་རྒྱུག་དེ། །མཐུར་མདའ་བུས་ཀྱིས་མི་དོགས་སམ། །བྲག་དམར་གྱི་ལོག་ལ་སྒོམ་བཙུག་དེ། །བཟོ་བོ་ལྟུང་གི་མི་དོགས་སམ། །རྒྱ་མཚོའི་ནང་དུ་ཞིང་འདེབས་དེ། །ས་བོན་རུལ་གྱི་མི་དྭོགས་སམ། །ཡིད་དྭགས་ཀྱི་ཡུལ་དུ་མགྲོན་འགྱེད་དེ། །སྐལ་བ་ཆད་ཀྱིས་མི་དོགས་སམ། །དམྱལ་བའི་ཡུལ་དུ་དམག་འདྲེན་དེ། །དམག་དཔོན་ཉེས་ཀྱི་མི་དྭོགས་སམ། །ཞེས་ཞུས་པས། ཡང་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
དགུང་སྔོན་གྱི་དབྱིངས་ལ་དར་ཕྱར་དེ། །ལྟ་བ་ཀློང་ཡངས་ཀྱི་དར་ཅིག་ཕྱར། །དར་ཐག་ཆད་ཀྱིས་ག་ལ་དྭོགས། །རེ་དྭོགས་མེད་པའི་རྣལ་འབྱོར་ཡིན། །གངས་དཀར་རྩེ་ལ་རྟ་རྒྱུག་དེ། །ཤུགས་འབྱུང་འགག་མེད་ཀྱི་རྟ་ཅིག་རྒྱུག །མཐུར་མདའ་འབུད་ཀྱི་ག་ལ་དྭོགས། །རེ་དྭོགས་མེད་པའི་རྣལ་འབྱོར་ཡིན། །རྒྱ་མཚོའི་གཏིང་དུ་ཕ་ཞིང་འདེབས། །སྐུ་གསུམ་ལྷུན་གྲུབ་ཀྱི་ས་བོན་བཏབ། །འབྲས་བུ་རུལ་གྱི་ག་ལ་དྭོགས། །རེ་དྭོགས་མེད་པའི་རྣལ་འབྱོར་ཡིན། །བྲག་དམར་ལོག་ལ་སྒོ་བཙུག་དེ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ཅིག་བཙུགས། །བཟོ་བོ་ལྟུང་གིས་ག་ལ་དྭོགས། །རེ་དྭོགས་མེད་པའི་རྣལ་འབྱོར་ཡིན། །ཡིད་དྭགས་ཀྱི་ཡུལ་དུ་འགྲོན་འབྱེད་དེ། །བྱམས་དང་སྙིང་རྗེའི་མགྲོན་ཅིག་འགྱེད། །སྐལ་བ་ཆད་ཀྱི་ག་ལ་དྭོགས། །རེ་དྭོགས་མེད་པའི་རྣལ་འབྱོར་ཡིན། །དམྱལ་བའི་ཡུལ་དུ་དམག་འདྲེན་དེ། །སྐྱེ་འཆི་མེད་པའི་དམག་ཅིག་འདྲེན། །དམག་དཔོན་ཤི་ཡི་ག་ལ་དྭོགས། །རེ་དྭོགས་མེད་པའི་རྣལ་འབྱོར་ཡིན། །
ཅེས་གསུང་པས། ཉ་མ་དཔལ་དར་འབུམ་ལ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་འཁྲུངས། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་ཤར་ཏེ། དུས་དེ་ནས་བཟུང་སྟེ་རྗེ་བཙུན་ལ་སངས་རྒྱས་དངོས་ལྟ་ཞིང་། བསྙེན་བཀུར་རྣམ་གསུམ་གྱིས་རྟག་ཏུ་མཉེས་པར་བྱས་པ་ཡིན་ནོ། །བུ་མོ་ཟླ་བོ་རྣམས་ཀྱང་རྗེ་བཙུན་ཆེན་པོའི་གདམས་ངག་ཐོབ་པས་རྒྱུད་གྲོལ་ཞིང་ཡོན་བདག་གི་རྩ་བ་བྱས་ཏེ། རྗེ་བཙུན་ཡང་མཉེས་སོ། །ཉ་མ་དཔལ་དར་འབུམ་གྱིས་ཞུ་བ་ཞུས་ལན་ནོ། །དེ་ཐམས་ཅད་གུང་ཐང་ལྷོ་སྒོའི་སྐོར་རོ།། །།
དེ་ནས་རྗེ་བཙུན་མང་ཡུལ་གུང་ཐང་ཡངས་པ་ཅན་གྱི་ཚོང་འདུས་སུ་བྱོན་པ་ལ། རྩེ་སྣ་མང་པོ་བྱེད་ཅིང་འདུག་པའི་ནང་ནས། བུ་མོ་ཤ་རྩ་སྔོ་ལ་དངས་པ་རྣམ་རིག་བཀྲ་ཞིང་ཤེས་པ་གསལ་བ་ཅིག་འདུག་པས། རྣལ་འབྱོར་པ་གང་ནས་བྱོན། ཡུལ་དང་ཕ་ཚན་ལ་ཅི་ཟེར། ཟེར་བས་རིགས་བརྗོད་བྱོན་ཚུལ་གྱི་མགུར་འདི་གསུངས་སོ། །
ཡུལ་ནི་ཀུན་བཟང་བདེ་ཆེན་ཡིན། །ཞིང་ནི་འདུན་པ་བཟང་པོ་ཡིན། །ཁང་པ་སྙིང་རྗེ་དྲག་པོ་ཡིན། །ཕ་ཚན་བདེ་གཤེགས་རིགས་བཟང་ཡིན། །ཕ་སྤུན་ཕྱོགས་བཅུའི་ཆོས་མཛད་ཡིན། །ཡབ་མེས་ཏེ་ལོ་ན་རོ་ཡིན། །ཕ་ནི་ཐབས་ཀྱི་རྒྱལ་པོ་ཡིན། །མ་ནི་ཤེས་རབ་བཟང་མོ་ཡིན། །ཕོ་བོ་དམ་ཚིག་གཙང་མ་ཡིན། །ནུ་བོ་བརྩོན་འགྲུས་དྲག་པོ་ཡིན། །སྲིང་མོ་དད་པ་བརྟན་པོ་ཡིན། །ང་རང་རང་བྱུང་ཐོལ་སྐྱེས་ཡིན། །རང་གི་གནས་ལུགས་སྒོམ་པ་ཡིན། །བྱུང་བ་ཡོན་ཏན་འབྱུང་བ་ཡིན། །ཏོལ་སྐྱེས་ལྷ་དང་མཇལ་བ་ཡིན། །སྐྱེས་པ་ཆོས་སྐུ་སྐྱེས་པ་ཡིན། །
ཞེས་གསུངས་པས། མོ་ན་རེ། ཁྱེད་ལ་ཡབ་ཐོས་པ་སེ་བ་བྱ་བ་ལ་བུ་མི་ལ་རས་པ་བྱ་བ་གཅིག་བྱུང་ནས་ཡོད་ཟེར་བ་དེ་ཡིན་ལས་ཆེ། ནང་དུ་དྲོ་མཛད་པ་ལ་འབྱོན་པར་ཞུ་ཞུས་པས། ངས་ཐེམ་པ་སྤངས་ནས་ཡོད་གསུངས་པས། མོས་ཁང་པའི་རྒྱབ་ཏུ་སྐས་བཙུགས་ནས་དཔོན་སློབ་གཉིས་ལ་དྲོ་དྲངས་ནས་ལོ་གསུམ་གྱི་ཞབས་ཏོག་བྱེད་ཞུས་པས། ཞག་བདུན་དུ་བཞུགས་པར་གནང་ངོ་། །
ཉིན་གཅིག་མཆོད་རྟེན་ཆེན་པོ་གཅིག་ཡོད་ཟེར་ནས་མོས་གོས་ངན་པ་ཕུད་བཟང་པོ་རྣམས་གྱོན་ཏེ། ཁྱེད་རྣལ་འབྱོར་པ་གཟིགས་མོ་ལ་འབྱོན་ནམ་ཞུས་པས། ངས་ནི་སེམས་ལ་ལྟ་བས་ཆོག་གསུངས་པ་ལ། མོ་ན་རེ། འོ་ན་བུ་ཆུང་ངུ་མ་འཇུག་རེལ་ལུག་མིའི་ཞིང་ལ་མ་གཏོང་། སྡོང་བུ་འགའ་དང་ཚ་ཚ་འགའ་ཡང་མཛོད། ཁྱེད་རྣལ་འབྱོར་པ་གཞོན་པས་ཁང་པ་ལ་ཕྱག་བདར་གྱིས། ཕོར་སྡེར་གཙང་མ་གྱིས་ཟེར་ནས་བུད་སོང་ངོ་། །དཔོན་སློབ་གཉིས་ཀྱིས་གང་ཡང་མ་འགྲུབ་པས། བྱིས་པ་ངུས་ཤིང་ཚ་ཚ་རྒྱུའི་ས་ཡང་གཏོར། རེལ་ལུག་མིའི་ཞིང་ཁར་སོང་ནས་སུག་པ་བཅག་འདུག་པ་ལ། མོས་སླེབ་བྱུང་བས་རྣལ་འབྱོར་པ་ཁྱེད་ཐེམ་པ་སྤངས་ཟེར་ཙ། རེལ་ལུག་དང་བུ་ཆུང་ལ་སྙིང་རྗེ་མ་སྐྱེས་ཟིན་ཟེར་བས། སོ་ནམ་དཔེ་དྲུག་མའི་མགུར་འདི་གསུངས་སོ། །
གནས་ཆོས་སྐུ་བདེ་ཆེན་སྤང་ཀ་ཡངས་པ་འདིར། །གཞི་འགྱུར་མེད་རེལ་ལུག་བསྐྱང་བསྐྱངས་ནས། །རེལ་ལུག་བསྐྱང་བའི་ལོང་མ་བྱུང་། །རེལ་ལུག་སྐྱོང་མཁན་ལེགས་སེ་འབུམ་མེས་མཛོད། །ངས་བྱམས་དང་སྙིང་རྗེའི་ཨ་མ་དེས། །གཉུག་མ་ངོ་སྤྲོད་བུ་ཆུང་བསྐྱང་བསྐྱངས་ནས། །བུ་ཆུང་སྣབ་བཤལ་འབྲིད་པའི་ལོང་མ་བྱུང་། །སྣབ་བཤལ་འབྲིད་མཁན་ལེགས་སེ་འབུམ་མེས་མཛོད། །ངས་སྒོམ་མ་འགྱུར་གྱི་རི་བོ་བརྟན་པོ་ལ། །དྲན་པ་ཡེངས་མེད་ཀྱི་ཚ་ཚ་བཏབ་བཏབ་ནས། །ཚ་ཚ་འབི་འབི་བྱེད་པའི་ལོང་མ་བྱུང་། །ཚ་ཚ་འབི་འབི་བྱེད་མཁན་ལེགས་སེ་འབུམ་མེས་མཛོད། །ངས་བྱང་ཁོག་སྟོད་ཀྱི་མཆོད་ཁང་དུ། །སྒོམ་འོད་གསལ་གྱི་མར་མེ་ཕུལ་ཕུལ་ནས། །རས་དཀར་སྡོང་བུ་དཀྲི་བའི་ལོང་མ་བྱུང་། །རས་དཀར་སྡོང་བུ་དཀྲི་མཁན་ལེགས་སེ་འབུམ་མེས་མཛོད། །ངས་སྒྱུ་མ་ལུས་ཀྱི་ཁང་རྒན་ལ། །འགག་ངན་ལང་གི་ས་རྡོ་ཕྱགས་ཕྱགས་ནས། །ཁང་པ་ཕྱག་བདར་བྱེད་པའི་ལོང་མ་བྱུང་། །ཁང་པ་ཕྱགས་བདར་བྱེད་ལེགས་སེ་འབུམ་མེས་མཛོད། །ངས་སྣ་ཚོགས་སྲིད་པའི་སྤྱད་ཆ་ལ། །སྒྱུ་མའི་རྩལ་སྦྱང་བྱས་བྱས་ནས། །ཕོར་སྡེར་འཁྲུ་བའི་ལོང་མ་བྱུང་། །སྤྱད་པ་འཁྲུ་མཁན་ལེགས་སེ་འབུམ་མེས་མཛོད། །
ཅེས་གསུངས་ཏེ་ཁང་པའི་ཕྱི་ལོག་ཏུ་འཕུར་ནས་སོང་བ་ལ། མོ་སྒོ་ལ་བརྒྱུག་ནས་བླ་མ་ལ་འཇུས་ཏེ། བླ་མ་ལགས། ངེད་འཇིག་རྟེན་པའི་སྣང་བ་ལ་ཕྱི་ཡི་རྩེ་སྣ་ཡང་ལོངས་སྤྱོད་བྱེད། ཚ་ཚ་མར་མེའི་ཆོས་སྤྱོད་ཀྱང་ཕྱི་མའི་དོན་དུ་སེམས་པས། ཁྱད་དུ་མི་གསོད་པར་ཞུ་ཟེར་བས་འདྲ་ཆོས་བཅུ་བཞི་འདི་མགུར་དུ་གསུངས་སོ། །
ཁྱོད་མི་ནག་པ་ཡི་ནང་རྟེན་འདི། །ལས་རྣམ་སྨིན་གསོག་པའི་རྩ་བ་ཡིན། །སེར་སྣས་བཅིངས་པའི་མར་མེ་འདི། །མི་དཔོན་མདུན་གྱི་ཕོ་མེ་འདྲ། །རེལ་ལུག་མང་པོའི་བདག་པོ་དེ། །ཤ་ཟ་སོ་ལ་ཆས་པ་འདྲ། །བུ་ཕྲུག་མང་པོའི་ཕ་མ་དེ། །ཁྲེལ་མེད་ལག་གི་ཤ་བཙོན་འདྲ། །ཁང་རྒན་གོག་པོའི་ཕྱག་བདར་དེ། །གྱང་ར་སྟོང་པའི་ཡིད་དྭགས་འདྲ། །སྤྱད་པ་མང་པོའི་བདག་པོ་འདི། །ལྟ་ལོག་དཀོར་བདག་སྲུང་མ་འདྲ། །ཤོ་དར་གོར་མ་མདའ་ལ་སོགས། །ལྷ་མིན་རྩོད་པའི་འཁྲུག་པ་འདྲ། །མིག་མངས་འགྲིག་དང་རྒྱལ་བློན་སོགས། །རྒྱལ་རིགས་ངན་པའི་འཁྲུག་གཞི་འདྲ། །ཆབ་དང་ཆོ་ལོ་གཞི་འདིང་རྣམས། །འབྱུང་པོས་གཏོར་མ་རྩོད་པ་འདྲ། །སོ་ནམ་བྲེལ་མོའི་བཀལ་ཐག་དེ། །རྩི་ཤིང་འགོ་ཡི་བ་དང་འདྲ། །གླུ་གར་རོལ་མོའི་རྩེ་སྣ་རྣམས། །བདུད་ཀྱི་ཕོ་ཉའི་མགོ་གཡོག་འདྲ། །དེ་ལ་ལྟད་མོ་ལྟ་བ་རྣམས། །རི་དྭགས་སྨིག་རྒྱུ་མཐོང་བ་འདྲ། །དེ་ལ་ཁ་གཏོགས་འཇལ་བ་རྣམས། །ལག་འགོ་མེ་ལ་བུས་པ་འདྲ། །དེ་ལ་འདོད་པས་གཡེང་བ་རྣམས། །དྲི་ཟ་རྟོག་རྫིས་ཐེབས་པ་འདྲ། །
ཞེས་གསུངས་པས། མོ་ན་རེ། བླ་མ་ལགས། དེ་སྐད་མ་གསུངས་ངེད་ཚོས་ཀྱང་བླ་མཆོད་འཇོག་མྱོང་། སྦྱིན་པ་དང་ཚོགས་གསོག་ཀྱང་བྱེད་མྱོང། ད་ཁྱད་དུ་མི་གསོད་པར་ཞུ་ཞུས་པས་ཡ་ཆ་བཅུ་མ་འདི་མགུར་འདི་གསུངས་སོ། །
བླ་མཆོད་སྙིང་རྗེ་མེད་པ་དེ། །ཐེལ་རང་ལྷ་རུ་མཆོད་པ་འདྲ། །བདག་གཞན་ཕུང་བས་ཡ་རེ་ཆ། །སེམས་བསྐྱེད་མེད་པའི་ཆོས་པ་དེ། །བླུན་པོ་མགོ་སྐོར་གྱི་ར་བ་འདྲ། །འདོད་པས་འབར་བ་ཡ་རེ་ཆ། །ཕྱོགས་རིས་ཅན་གྱི་དགེ་བ་དེ། །ཁ་ལན་སྟོན་མོའི་རེས་མོ་འདྲ། །རེ་འཁང་མང་བས་ཡ་རེ་ཆ། །ཞིང་ས་མེད་པའི་འབུལ་བ་དེ། །ཁྲོམ་ལ་སྤྱི་ནོར་གཏད་པ་འདྲ། །འཁྲུག་པ་འོང་བས་ཡ་རེ་ཆ། །སྙིང་རྗེ་མེད་པའི་སྦྱིན་པ་དེ། །ཀ་བ་བྲིང་ལྕགས་བརྒྱབ་པ་འདྲ། །རང་ལ་འཁུས་པས་ཡ་རེ་ཆ། །རང་རྒྱུད་མ་དུལ་ལྟ་བ་དེ། །འུད་རྒོད་རྦད་གཏམ་བྱེད་པ་འདྲ། །རྒྱུ་འབྲས་གསོད་པས་ཡ་རེ་ཆ། །གནད་དུ་མ་སོང་སྒོམ་པ་དེ། །རྫུན་མས་ཟོལ་ཁང་དབུབ་པ་འདྲ། །ཡོད་ལོ་བྱེད་པས་ཡ་རེ་ཆ། །རྟེན་འབྲེལ་མ་ཤར་སྤྱོད་པ་དེ། །སྨྱོན་པས་ཚ་ཆུ་འཐུང་བ་འདྲ། །རང་མགོ་གཡོགས་པས་ཡ་རེ་ཆ། །ཆོས་བརྒྱད་བསྒྲིགས་པའི་དམ་ཚིག་དེ། །མི་གཙང་དར་གྱིས་གཏུམ་པ་འདྲ། །ནང་དུ་རུལ་བས་ཡ་རེ་ཆ། །རང་འདོད་མ་སྤངས་ལྟ་བ་དེ། །རྫབ་ལ་མི་གཟུགས་བཟོས་པ་འདྲ། །རྐྱེན་ངན་མི་ཐུབ་ཡ་རེ་ཆ། །
ཞེས་གསུངས་པས། མོ་དད་པ་སྐྱེས་ནས་གཡུ་ཕུད་ལ་མཎྜལ་བྱས་ཏེ་ཕུལ་ནས། ཚེ་གཅིག་ལ་སངས་རྒྱས་པའི་ཆོས་ཤིག་ཉན་ནས་སྒོམ་ཅིག་བྱེད་འདོད། ཟབ་པའི་ཆོས་ཤིག་ཐུགས་ལ་ཐོགས་ཞུས་པས། རྡོ་རྗེའི་ཚིག་རྐང་བཞི་པ་འདི་མགུར་དུ་གསུངས་སོ། །
ཀྱེ་ཉོན་དང་གསོན་དང་ཕྱུག་མོ་འབུམ། །རྣམ་རིག་བཀྲ་བའི་དད་པ་ཅན། །ཁྱོད་རང་གི་ལུས་ལ་ཚུར་ལྟོས་ལ། །སྐྱིད་འདོད་མེད་པའི་སྒོམ་ཞིག་གྱིས། །རང་གི་ངག་ལ་ཚུར་ལྟོས་ལ། །སྨྲ་འདོད་མེད་པའི་སྒོམ་ཞིག་གྱིས། །རང་གི་སེམས་ལ་ཚུར་ལྟོས་ལ། །རྣམ་རྟོག་མེད་པའི་སྒོམ་ཞིག་གྱིས། །ལུས་ངག་ཡིད་གསུམ་མ་ཡེངས་ལ། །སྒོམ་རྒྱུ་མེད་པའི་སྒོམ་ཞིག་གྱིས། །
ཞེས་གསུངས་པས། ཞག་བདུན་མ་ཡེངས་པར་བསྒོམས་པས། བླ་མ་ལ་དད་པ་སྐྱེས་ཏེ། གསེར་གྱི་ཕུད་ལ་མཎྜལ་བྱས་ཏེ་ཕུལ་ནས། གསོལ་འདེབས་ཡན་ལག་བདུན་པ་འདི་གླུ་རུ་ཕུལ་ལོ། །
རྗེ་ངོ་མཚར་རས་ཀྱི་ན་བཟའ་ཅན། །གཏད་པ་མེད་པའི་ཁེངས་སེམས་ཅན། །ཡ་ང་མེད་པའི་ཞེ་གདེང་ཅན། །ཆགས་པ་མེད་པའི་བློ་གདེང་ཅན། །བརྟུལ་ཞུགས་རས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་རས་ལ་མཆོད་པ་འབུལ། །བརྟུལ་ཞུགས་རས་ལ་སྡིག་པ་བཤགས། །བླ་མ་ཁྱེད་ལ་རྗེས་ཡི་རང་། །བརྟུལ་ཞུགས་རས་ལ་གསོལ་བ་འདེབས། །བརྟུལ་ཞུགས་རས་པས་བྱིན་གྱིས་རློབས། །བདག་འགྲོ་བའི་དོན་དུ་ཐུགས་རྗེས་ཟུངས། །ངས་རང་གི་ལུས་ལ་ཚུར་བལྟས་ནས། །སྐྱིད་འདོད་མེད་པའི་སྒོམ་ཞིག་བྱས་ལགས་ཀྱང་། །ད་རུང་སྐྱིད་འདོད་འོང་ཞིང་འདུག །རང་གི་ངག་ལ་ཚུར་བལྟས་ནས། །སྨྲ་འདོད་མེད་པའི་སྒོམ་ཞིག་བྱས་ལགས་ཀྱང་། །ད་རུང་སྨྲ་འདོད་ཅིག་འོང་ཞིང་འདུག །རང་གི་སེམས་ལ་ཚུར་བལྟས་ནས། །རྣམ་རྟོག་མེད་པའི་སྒོམ་ཞིག་བྱས་ལགས་ཀྱང་། །ད་རུང་རྣམ་རྟོག་འོང་ཞིང་འདུག །ལུས་ངག་ཡིད་གསུམ་མ་གཡོས་པའི། །སྒོམ་རྒྱུ་མེད་པའི་སྒོམ་ཞིག་བྱས་ལགས་ཀྱང་། །ད་རུང་སྒོམ་ཞིག་ཅིས་ཀྱང་འདོད་ཅིང་གདའ། །
ཞེས་ཞུས་པས། གེགས་སེལ་ངོ་སྤྲོད་ཀྱི་མགུར་འདི་གསུངས་སོ། །
ཉོན་དང་གསོན་དང་ཕྱུག་མོ་འབུམ། །རྣམ་རིག་བཀྲ་བའི་དད་པ་ཅན། །ཁྱོད་ལུས་ལ་སྐྱིད་འདོད་འདུག་པ་ན། །འདུས་པའི་གཉེན་ལ་གསོན་བྲལ་རྒྱོབ། །བསགས་པའི་ནོར་རྫས་ཆོས་ལ་ཐོང་། །ཞེན་ཆགས་མེད་པའི་ངང་ལ་སྡོད། །ཁྱོད་ངག་ལ་སྨྲ་འདོད་འདུག་པ་ན། །འཇིག་རྟེན་ཆོས་བརྒྱད་ཆུ་ལ་ཐོབ། །འཕྱོར་དང་རང་མཐོ་རླུང་ལ་སྐུར། །ང་རྒྱལ་མེད་པའི་ངང་དུ་སྡོད། །ཁྱོད་སེམས་ལ་རྣམ་རྟོག་འདུག་པ་ན། །རྣམ་རྟོག་དྲན་པའི་ཐག་པས་ཟུངས། །མཉམ་པ་ཉིད་ཀྱི་ངང་ལ་སྦོས། །གང་ཤར་རྗེས་མེད་ངང་ལ་སྐྱོང་། །ཁྱོད་ད་རུང་སྒོམ་ཞིག་འདོད་པ་ན། །སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ། །རང་ལུས་ཐུགས་རྗེ་ཆེན་པོར་བསྒོམ། །སྤྱི་བོར་རྩ་བའི་བླ་མ་བསྒོམ། །སྟོང་པ་ཉིད་ལ་སྒོམ་ཡུན་སྲིང་། །རྗེས་ལ་བསྔོ་བ་རྒྱ་ཡིས་ཐོབ། །དེ་གོ་བར་གྱིས་ལ་ལྷ་ཆོས་གྱིས། །
ཞེས་གསུངས་པས། ཁྲིད་དང་གདམས་ངག་སྟོན་པའི་རང་བྱུང་གི་རྣལ་འབྱོར་མ་གཅིག་ཏུ་གྲོལ་ཏེ། ཚོགས་ཀྱི་འཁོར་ལོ་བརྒྱ་འདྲེན་པའི་དམ་བཅའ་ཡང་བྱས། དབུལ་ཕོངས་ཡོངས་ལ་ཟས་ནོར་ཡང་བཀྱེས་པ། ངོ་མཚར་བ་ཅིག་བྱུང་ངོ་། །དེ་ཐམས་ཅད་ལེགས་སེ་འབུམ་མེའི་སྐོར་རོ།། །།
དེ་ནས་རྗེ་བཙུན་ཡབ་སྲས་མང་ཡུལ་རོང་དུ་བྱོན་ནས་རབ་ཆད་རྒན་རྒོན་གཉིས་འདུག་པ་ལ། རྣལ་འབྱོར་པ་ལ་འཚོ་བ་ཅིག་སློང་བྱས་པས། ཁོང་གཉིས་ན་རེ། རྣལ་འབྱོར་པ་ཁྱོད་ལ་ཡུལ་ཨེ་ཡོད། མེད་ན་ངེད་གཉིས་ཀྱི་བུ་དོད་ཨེ་བྱེད། ངེད་ལ་ཡུལ་བཟང་པོ་ཡོད་ཟེར་བས་མགུར་འདི་གསུངས་སོ། །
ཡུལ་དང་པོ་ཉམས་དགའ་སྐྱིད་སྐྱིད་པོ། །ལུས་ངག་ཡིད་གསུམ་གཟད་པའི་སག་བདར་ཡིན། །བར་དུ་རྨོ་རྐོ་འོ་རེ་བརྒྱལ། །ས་བོན་ཕར་བཏབ་ཚུར་མི་འབྱུང་། །ཡུལ་ངན་བཙའ་མའི་མུག་གྲོང་དེ། །མགོན་མེད་དྲི་ཟའི་གྲོང་ཁྱེར་འདྲ། །ཐ་མ་སྐྱུར་ནས་འགྲོ་བ་ཡིན། །དེ་འདྲའི་ཡུལ་མེད་འགྱོད་རྒྱུ་མེད། །འགྱོད་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་དེ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །
ཞེས་གསུངས་པས། ཁོང་གཉིས་ན་རེ། དེ་མ་གསུངས་ངེད་ལ་ཕ་བཟང་གི་བུ་མོ་བཞིན་ལེགས་མ་ཞིག་ཀྱང་ལེན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །
གཉེན་དང་པོ་འཕྲད་དགའ་མཐོང་སྡུག་པོ། །ཨ་རྒུ་དང་ངོ་བྲིད་ཀྱི་ལུང་པ་འགེངས། །བར་དུ་ཤ་ཆང་གི་ཟས་ལན་ཅན། །ཕར་གཅིག་བྱིན་ན་ཚུར་གཅིག་སྟོན། །ཐ་མར་ཆགས་སྡང་གི་གྱོད་གཞི་ཅན། །དམེ་ཤི་གྱོད་རྩའི་གཉེན་མེད་འགྱོད་རྒྱུ་མེད། །འགྱོད་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་འདི་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །
ཞེས་གསུངས་པས། ཁོང་གཉིས་ན་རེ། ཕ་བཟང་གི་བུ་མོ་འདི་ལ་ནི་མཐོན་དམན་མེད་པས་ལེན་ཟེར་བས་མགུར་འདི་གསུངས་སོ། །
གྲོགས་དང་པོ་ལྷ་མོ་ཞལ་ཀ་མ། །ཕར་ལྟ་བའི་གདོང་ལ་ཆོག་རྒྱུ་མེད། །བར་དུ་སྲིན་མོ་རུ་མིག་མ། །ཕར་གཅིག་བཟླས་ན་ཚུར་གཉིས་ཟློ། །སྐྲ་ལ་འཇུས་ན་སྒྱིད་པ་འཕྱངས། །དབྱུག་པ་བརྒྱབ་ན་གཟར་བུ་ཁུར། །ཐ་མ་བ་རྒན་སོས་མེད་མ། །སྲིན་མོའི་སྡང་མིག་སེམས་ལ་གཟན། །དེ་འདྲའི་གྲོགས་མེད་འགྱོད་རྒྱུ་མེད། །འགྱོད་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །
ཞེས་གསུངས་པས། དེ་མ་གསུང་ཤི་རྒས་ཀྱི་གཏུགས་ཙ་བུ་མེད་པ་འདི་སེམས་ཕམ་པོ་ཅིག་འདུག་ཟེར་བ་ལ་ལན་དུ་མགུར་འདི་གསུངས་སོ། །
བུ་དང་པོ་ལྷ་བུ་ཆུང་ཆུང་པོ། །སྙིང་བརྩེ་བས་སེམས་ལ་བཟོད་བླག་མེད། །བར་དུ་བུ་ལོན་གདོས་དྲག་པོ། །ཡོད་ཚད་བྱིན་ཡང་མགུ་རྒྱུ་མེད། །མི་ཡི་བུ་མོ་ཁྱིམ་དུ་བཅུག །དྲིན་ཆེན་ཕ་མ་རྒྱབ་ཏུ་ཕུད། །ཕ་ཡིས་བོས་ཀྱང་ལན་མི་ཁུག །མ་ཡིས་བོས་ཀྱང་ཨ་མི་ཁུག །ཐ་མར་ཁྱིམ་མཚེས་སྙིང་རིང་པོ། །གྲོང་པའི་ཁ་ཆེས་བྱས་པས་ཕུང་། །དེ་འདྲའི་བུ་མེད་འགྱོད་རྒྱུ་མེད། །འགྱོད་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །
ཞེས་གསུངས་པས། ཁོང་གཉིས་ན་རེ། བླ་མ་ལགས་ངེད་ཚོ་ལ་ནི་བུ་མོ་རེ་ཡང་མེད་ཟེར་བས་མགུར་འདི་གསུངས་སོ། །
བུ་མོ་དང་པོ་ལྷ་མོ་འཛུམ་ཁ་མ། །ནོར་གང་དམར་འཁྱེར་བའི་དབང་མོ་ཆེ། །བར་དུ་ལན་ཆགས་འཁོར་མེད་མ། །ཕ་ལ་ངོས་ནས་སློང་ཞིང་འཁྱེར། །མ་ལ་ལྐོག་ཏུ་རྐུ་ཞིང་འཁྱེར། །བྱིན་པ་ངོ་སོར་མི་འཁྱེར་ཞིང་། །དྲིན་ཅན་ཕ་མ་སྙིང་སྟོང་འཇུག །ཐ་མ་མི་མོ་གདོང་དམར་མ། །ཡག་ན་མི་ཡི་དཔལ་བསྐྱེད་མ། །ཉེས་ན་རང་གི་སྡུག་བྱུར་མ། །དེ་འདྲའི་བུ་མོ་མེད་ཀྱང་འགྱོད་རྒྱུ་མེད། །འགྱོད་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །
ཅེས་གསུངས་པས། བླ་མ་ལགས་དེ་མ་གསུང་། ངེད་གཉིས་ལ་ཟས་ནོར་བཟང་པོ་ཡོད་པས་སྐྱིད་ནས་འོང་ཟེར་བས་མགུར་འདི་གསུངས་སོ། །
ནོར་དང་པོ་བདག་སྐྱིད་གཞན་སྨོན་ཡིན། །ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །བར་དུ་སེར་སྣའི་མདུད་པས་བསྡམས། །དམ་པའི་ཆོས་ལ་གཏོང་མི་ཕོད། །དགྲ་འདྲེ་གཉིས་ཀྱི་གཡབ་ཤིང་ཡིན། །རང་གིས་གསོག་ཤིང་མི་ཡིས་སྤྱད། །ཐ་མ་རང་སྲོག་སྐྱེལ་བའི་རྒྱུ། །དེ་འདྲའི་ནོར་མེད་འགྱོད་རྒྱུ་ཆུང་། །འགྱོད་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །ལར་ཟང་ཟིང་བདུད་ཀྱི་ཕུང་གཞི་ལ། །ང་མི་ལ་རས་པ་ག་ལ་ཆགས། །ཁྱོད་སྐྱི་རོང་རབ་ཆད་རྒན་རྒོན་དང་། །ང་གུང་ཐང་མི་ལ་རས་པ་གཉིས། །སྨོན་ལམ་གྱི་འབྲེལ་པ་བཞག་པ་ཡིན། །ཚེ་འདི་ལ་མཇལ་བར་མ་མཆིས་ཀྱང་། །ཚེ་ཕྱི་མ་ཅིས་ཀྱང་འཕྲད་པར་ངེས། །འཆི་ཁར་ལྷ་ཆོས་བྱེད་ནུས་ན། །བུ་དང་ཚ་བོ་དེ་ག་ཡིན། །
ཞེས་གསུངས་པས། རབ་ཆད་རྒན་རྒོན་དད་པ་སྐྱེས་ནས། ཆོས་ལ་ནོར་ཐམས་ཅད་བཏང་ནས་གདམས་ངག་འཕོ་བ་ཞུས་ནས། ཤི་དུས་འཕོ་བ་ཟིན་ནས་མཁའ་སྤྱོད་དུ་འགྲོ་ནུས་པ་བྱུང་ངོ་། །དེ་ཐམས་ཅད་སྐྱི་རོང་རབ་ཆད་རྒན་རྒོན་གྱི་སྐོར་རོ།། །།
དེ་ནས་རྗེ་བཙུན་གཙང་གི་སྙེ་ནམ་དུ་བྱོན་ནས། ཡོན་བདག་གཤེན་རྡོར་མོ་དང་མཇལ་བས། ཁོ་རྒས་ཟིན་ནས་མཆི་མ་ཕྲུལ་ལེ་བྱུང་བ་ལ། ཡོན་བདག་ཁྱེད་ཅི་ཡིན་གསུངས་པས། ང་རྒས་ཟེར་བས་རྒས་པ་ཁྱེད་མིན་སྐྱེ་འགྲོ་ཐམས་ཅད་ལ་འོང་། དེ་བས་ངའི་གླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །
འོ་སྐོལ་འགྲོ་བ་འཇིག་རྟེན་པ། །སྐྱེ་རྒ་ན་འཆི་ཆུ་བོ་བཞི། །གཅིག་ལ་མི་ཚད་ཡོངས་ལ་འོང་། །འཁོར་བའི་སྡུག་བསྔལ་དུ་ཡང་ཡང་འཁོར། །མི་ཤེས་རྒྱ་མཚོའི་རྦ་ལ་གཡེངས། །བདེ་བ་སྐད་ཅིག་མི་གདའ་ན། །སྡུག་གི་དྭོགས་ཤིང་སྡུག་བསྔལ་བྱས། །སྐྱིད་ལ་རེ་བས་སྡུག་བསྔལ་བྱས། །དུས་ད་ལྟ་སྡུག་བསྔལ་སྤངས་ལེན་དང་། །ད་ཡང་སྡུག་བསྔལ་མ་བྱེད་པར། །འཆི་ཁ་ལྷ་ཆོས་བྱས་ན་འཐད། །
ཅེས་གསུངས་པས། ཁོ་ན་རེ། སྐྱེ་བའི་སྡུག་བསྔལ་ཅི་ལྟ་བུ་ལགས་ཞུས་པས། མགུར་འདི་གསུངས་སོ། །
འོ་ན་ཡོན་བདག་གཞུང་བཟང་པོ། །སྐྱེ་བའི་སྡུག་བསྔལ་བཤད་ཙ་ན། །ཀུན་གཞི་བར་དོར་འཁྱམས་པོ་ལ། །ཆགས་སྤྱོད་མཐོང་དུས་རྣམ་ཤེས་འཁྲུགས། །ཕ་མའི་ཆགས་སྤྱོད་མངལ་དུ་ཞུགས། །མ་ཡི་མངལ་དུ་ཞུགས་ཙ་ན། །ཉ་མོ་རྒྱ་ལ་འཁྲིས་པ་བཞིན། །ཁྲག་དང་ཆུ་སེར་ནང་དུ་ཉལ། །མི་གཙང་བ་ལ་སྔས་སྟན་བྱས། །ལས་ངན་དབང་གིས་ལུས་ངན་གྲུབ། །གནས་ངན་ནང་དུ་སྡུག་བསྔལ་སྤྱོད། །ཚེ་སྔ་ཕྱི་དྲན་ཡང་སྐད་མི་ཐོན། །ཚ་གྲང་སྡུག་བསྔལ་སྣ་ཚོགས་སྤྱོད། །ཟླ་བ་བཅུ་ལ་དམྱལ་བར་སྲེག །མངལ་ནས་སྐྱེས་པའི་དུས་སུ་ཡང་། །ཟིལ་མའི་མིག་ནས་འགྲིམ་པ་བཞིན། །མ་ལ་སྐྱེས་ནས་སྒོར་ཐོན་ཙ། །ཚེར་མའི་དོང་དུ་བསྐྱུར་བ་འདྲ། །མ་ཡི་ལག་པས་བླངས་ཙ་ན། །བྱེལ་ཕྲུག་ཁྲ་ཡིས་ཁྱེར་བ་འདྲ། །མི་གཙང་ཕྲུ་མ་ཕྱིས་ཙ་ན། །ཤ་ལྤགས་སོ་སོར་ཕྱེས་པ་འདྲ། །ལྟེ་བའི་ཐག་པ་བཅད་ཙ་ན། །ཁོག་པའི་སྲོག་རྩ་བཅད་པ་འདྲ། །ཚེམ་བུ་ནང་དུ་བཅུག་ཙ་ན། །བཙོན་དོང་ནང་དུ་འཕང་པ་འདྲ། །ལར་སྐྱེ་མེད་དོན་གཅིག་མ་རྟོགས་ན། །སྐྱེ་བའི་སྡུག་བསྔལ་བསམ་ལས་འདས། །འཆི་ཁ་དགོས་པའི་ལྷ་ཆོས་ལ། །ཕྱི་བཤོལ་བྱས་ན་སྐལ་པ་ཆད། །འབུང་བ་ཡོད་ཚད་སྦྱིན་པ་ཐོང་། །
ཞེས་གསུངས་པས། བླ་མ་ལགས། རྒས་པའི་རྒྱུས་ང་རང་ཡང་ཞིབ་སྟེ། དེ་ཡང་གཅིག་གསུང་བར་ཞུ་ཞུས་པས། མགུར་འདི་གསུངས་སོ། །
འོ་སྐོལ་འགྲོ་བ་འཇིག་རྟེན་པ། །འཇིག་རྟེན་པ་ལ་ཕར་བལྟས་ཙ། །རྒས་པའི་སྡུག་བསྔལ་ཡི་ཆད་མང་། །དྲང་པོར་སྐྱེས་པའི་རྐེད་པ་སྒུར། །བརྟན་པོར་བཞག་པའི་གོམ་པ་འཁྱོར། །སེམས་ཀྱི་ལོ་མ་སྐྲ་ཡང་དཀར། །དབང་པོའི་དྭངས་མ་མིག་ཀྱང་འགྲིབ། །ཡན་ལག་གཙོ་བོ་མགོ་བོ་འཁོར། །སྒྲ་ཡི་རྒྱལ་པོ་རྣ་བ་འོན། །མཁུར་ཚོས་ཁྲག་གི་རྒྱ་མཚོ་སྐམ། །བྱད་ཀྱི་བརྒྱངས་ཤིང་སྣ་ཡང་ཞོམ། །རུས་པའི་རྒྱལ་པོ་སོ་ཡང་བུད། །སྨྲ་བའི་རྒྱལ་པོ་ལྕེ་ཡང་དིག །ཤིག་དང་བུ་ལོན་བསད་ཅིང་མང་། །ཟས་དང་གཉེན་འདུན་བཏུད་ཀྱང་འབྲོས། །བདེན་པར་སྨྲས་ཀྱང་ཉན་མི་མེད། །གཅེས་པར་གསོས་པའི་བུ་ཚ་སྡང་། །བསགས་ཚད་བྱིན་ལ་དྲིན་བཟོ་མེད། །ཤི་འཕྱིས་ཟེར་ཞིང་བསྡིག་མོ་མང་། །ལར་རྒས་མེད་དོན་ཅིག་མ་རྟོགས་ན། །རྒས་པའི་སྡུག་བསྔལ་བསམ་ལས་འདས། །རྒས་ནས་ལྷ་ཆོས་མ་དྲན་ན། །སྔོན་གྱི་ལས་ཀྱི་རྣམ་སྨིན་ཡིན། །ལྷ་ཆོས་ཁ་དབུགས་ཡོད་རིང་གྱིས། །
ཞེས་གསུངས་པས། ཨ་མཚར་པོ་རྒས་པ་ང་བས་ཁྱེད་ཞིབ་པར་འདུག །ན་བའི་སྡུག་བསྔལ་ཅི་འདྲ་ལགས་ཞུས་པས་མགུར་འདི་གསུངས་སོ། །
འོ་སྐོལ་འགྲོ་བ་མི་རྟག་པ། །ན་བའི་སྡུག་བསྔལ་བཤད་ཙ་ན། །གློ་བུར་ཉིད་ལ་ནད་ཀྱིས་སླེབ། །ཟུག་གཟེར་ཡིད་ལ་མེད་པར་འོངས། །རླུང་མཁྲིས་བད་ཀན་བདུད་དུ་བབས། །ཁྲག་དང་ཆུ་སེར་ཁོལ་ཞིང་གཟེར། །གཟེར་དང་ནད་ཀྱི་དབང་སོང་བས། །གདན་མཐུག་པོ་བཏིང་ཡང་སྲབ་པ་འདྲ། །སྔས་མཐོན་པོ་བཞག་ཀྱང་དམའ་བ་འདྲ། །སྔོན་སེར་སྣ་བྱས་པའི་ལས་དབང་གིས། །ཟས་བཟང་པོ་བྱིན་ཡང་དང་ཁ་ལོག །གནས་བསིལ་སར་བཞག་ཀྱང་མེ་བས་ཚ། །གོས་དྲོན་པོ་བཀོན་ཡང་ཆུ་བས་གྲང་། །མལ་བདེ་མོར་ཉལ་ཡང་འགྲེ་ལྡོག་མང་། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་། །ན་བའི་སྡུག་བསྔལ་སེལ་ཐབས་མེད། །མོ་བོན་སྨན་པ་ཐབས་མང་ཡང་། །ལས་ངན་ནད་ལ་སེལ་བ་དཀའ། །ལར་ནད་མེད་དོན་ཞིག་མ་རྟོགས་ན། །ན་བའི་སྡུག་བསྔལ་བསམ་མི་ཁྱབ། །ལས་ནད་ནམ་ཕོག་མི་ཤེས་པས། །སྡུག་ཚིས་ལྷ་ཆོས་བྱས་ན་འཐད། །
ཅེས་གསུངས་པས། ཁོ་ན་རེ། འཆི་བ་ཅུག་འོང་ཡེ་ནས་མི་ཤེས་པས་གསུང་བར་ཞུ་ཟེར་བའི་མགུར་འདི་གསུངས་སོ། །
འོ་ན་ཡོན་བདག་བཟང་རྒན་པོ། །འཆི་བའི་སྡུག་བསྔལ་སྐྱི་རེ་བུང་། །ལན་གཅིག་འཆི་བའི་དུས་བྱུང་ན། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །ཕྱུག་པོས་ནོར་གྱིས་བསླུ་ཐབས་མེད། །དཔའ་བོས་གོམ་གསུམ་བཏུད་ས་མེད། །མཛངས་པས་ལོ་རྒྱུས་བཀྲོལ་ས་མེད། །ཕོངས་པས་ཞུ་བ་བྱེད་ས་མེད། །ངན་པས་བསྙོན་རྟོལ་བྱེད་ས་མེད། །སྡར་མས་ཝ་བྲོས་བྱེད་ས་མེད། །ཡན་ལག་རྩ་རྣམས་མཐའ་ནས་སྡུད། །ཕུང་པོ་རི་བོས་ནོན་པ་འདྲ། །བརྒྱ་འགྲོ་སྟོང་འགྲོ་མཐོང་བ་མེད། །ཁྲི་བོས་སྟོང་བོས་ཚོར་རྒྱུ་མེད། །ཕན་དུ་རེ་བའི་སྨན་པས་བོར། །སྐྱབས་སུ་རེ་བའི་མོ་བོན་བྲོས། །བརྟེན་སྒྲུབ་བྱས་པའི་ལྷ་སྲུང་ཡལ། །ངོ་ཨེ་ཤེས་བྱས་ཀྱང་མགོ་བོ་བསྒྲིལ། །གཏམ་སྨྲ་བར་འདོད་ཀྱང་སྨྲ་མ་ནུས། །དབུགས་ཕྱི་ནང་རྒྱུ་བ་མ་ཆད་ཀྱང་། །ལུས་ལ་གཤིན་རྗེའི་དྲི་མ་བྲོ། །དྲོད་མེ་སྟག་ཙམ་དེ་མཐའ་ནས་བསྡུས། །ལ་ལས་གཟའ་དང་སྐར་མ་རྩི། །ལ་ལས་སྡུག་བསྔལ་འོ་དོད་འབོད། །ལ་ལས་ཟས་དང་ནོར་ལ་སྒོམ། །ནོར་རང་གིས་སྡུག་གསོག་གཞན་གྱིས་སྤྱོད། །ནོར་བདག་བསགས་གཞན་སྤྱོད་སྡུག་བསྔལ་ཡོད། །སེམས་བརྩེ་བ་མང་སྟེ་གཅིག་པུར་འགྲོ། །གྲོགས་བཟང་པོ་ཡོད་ཀྱང་སྐྱུགས་བྲོ་ལྟ། །ཤུལ་དུ་རྫས་ལ་གང་ཐོབ་ལྟ། །གཅེས་པའི་ལུས་ལ་གསུམ་ཁུག་བྱེད། །ཕུང་པོ་རྒྱང་དུ་སྐྱུར་ནས་འབྲོས། །མེར་བསྲེགས་ཆུར་སྐྱུར་དོང་དུ་བཅུག །མེད་པ་ཟིན་དང་ཁོ་ཐག་ཆོད། །དེ་བཟོད་པར་འདུག་གམ་སྐལ་ལྡན་ཀུན། །ལར་དབུགས་རྒྱུ་བ་ཆད་པའི་ནང་པར་དེར། །འཛམ་གླིང་ནོར་གྱིས་ཅིས་ཕན་ཨང་། །ད་སེར་སྣ་བྱེད་མི་ཅི་བསམ་ན། །བྱམས་པའི་གཉེན་གྱིས་མཐའ་བསྐོར་ཡང་། །ཕན་པ་སྐད་ཅིག་བསྒྲུབ་ཐབས་མེད། །ཐམས་ཅད་འབྲལ་བ་མཐོང་ཙ་ན། །བརྩེ་གདུང་གཉེན་གྱིས་ཅི་བྱེད་ཨང་། །དེ་འདྲའི་དུས་གཅིག་བྱུང་ཙ་ན། །དམ་པའི་ལྷ་ཆོས་མ་ལགས་པ། །གང་གིས་ཕན་པ་ཡོད་མ་ཡིན། །རྒས་དུས་མི་འགྱོད་ཙམ་རེ་མཛོད། །འཆི་དུས་མི་འཚེར་ཙམ་རེ་མཛོད། །
ཅེས་གསུངས་པས། རང་དབང་མེད་པར་ཞེན་པ་ལོག་ནས་བསགས་ཚད་ཆོས་ལ་བཏང་ངོ་། །རང་ཡང་དད་པའི་ངང་ནས་འཕོ་བ་ཟིན་ཏེ་ཐར་པའི་གནས་སུ་སྐྱེས་སོ། །དེ་ཐམས་ཅད་གཤེན་རྡོར་མོའི་སྐོར་རོ།། །།
དེ་ནས་རྗེ་བཙུན་གུང་ཐང་ཡངས་པའི་གྲོང་དུ་བྱོན་པ་ལ། མི་མང་པོས་མཁར་ལེན་བྱེད་ཅིང་འདུག་པས། ངེད་ཀྱི་མཁར་ལེན་འདིའི་དོད་ཅིག་མཛད་རྒྱུ་ཨེ་ཡོད་ཟེར་བས་མགུར་འདི་གསུངས་སོ། །ངེད་དད་པའི་ས་གཞི་བརྟན་པ་དང་། །བརྩོན་འགྲུས་ཀྱི་རྩིག་པ་མཐོ་བ་དང་། །བསམ་གཏན་གྱི་གྱང་ཞེང་ཆེ་བ་དང་། །ཤེས་རབ་ཀྱི་བག་འབིབ་ལེགས་པ་དང་། །ཡང་དེ་བཞི་བསྡེབ་པའི་མཁར་ལེན་དེ། །ནམ་ཞིག་གཏན་གྱི་ས་མཁར་ཡིན། །ཁྱེད་འཇིག་རྟེན་པའི་ས་མཁར་གྱིས་བསླུ་བསླུ་འདྲ། །ས་མཁར་བདུད་ཀྱི་བརྩོན་ར་དེ་ཤོལ་ལ་ཐོང་། །ཞེས་གསུང་པས། ངེད་ཀྱི་ཞིང་གི་དོད་གང་ཡིན་ཟེར་བས་མགུར་འདི་གསུངས་སོ། །
བདག་ཀུན་གཞིའི་ཞིང་ས་བཟང་པོ་ལ། །གདམས་ངག་གི་ས་བོན་བཏབ་པ་དང་། །ཉམས་ལེན་གྱི་མྱུ་གུ་སྐྱེས་པ་དང་། །སྐུ་གསུམ་གྱི་འབྲས་བུ་སྨིན་པ་སྟེ། །ཡང་འདི་བཞི་བསྡེབ་པའི་སོ་ནམ་ལ། །ནམ་ཞིག་གཏན་གྱི་སོ་ནམ་ཡིན། །ཁྱེད་འཇིག་རྟེན་གྱི་སོ་ནམ་གྱིས་བསླུ་བསླུ་འདྲ། །ལྟོ་རྒྱབ་ཀྱི་ཁོལ་པོ་དེ་ཤེལ་ལ་ཐོང་། །
ཅེས་གསུང་པས། བླ་མ་ལགས། ངེད་ཀྱི་ནོར་རྫས་ཀྱི་དོད་གང་ཡིན་ཟེར་བས་མགུར་འདི་གསུངས་སོ། །
ངེད་སྟོང་ཉིད་ཀྱི་གཏེར་ཁ་བཟང་བ་དང་། །འཕགས་པའི་ནོར་བདུན་གྱིས་ཕྱུག་པ་དང་། །དགེ་བཅུ་སྤྱད་པར་བདེ་བ་དང་། །ཟག་མེད་ཀྱི་གཏེར་ལ་སྤྱོད་པ་སྟེ། །ཡང་འདི་བཞི་བསྡེབ་པའི་ཟས་ནོར་དེ། །ནམ་ཞིག་གཏན་གྱི་ཟས་ནོར་ཡིན། །ཁྱེད་འཇིག་རྟེན་པའི་ཟས་ནོར་གྱིས་བསླུ་བསླུ་འདྲ། །སྒྱུ་མའི་མགོ་སྐོར་དེ་ཤོལ་ལ་ཐོང་། །ཅེས་གསུང་པས། བླ་མ་ལགས། ངེད་ཀྱི་ཕ་མེས་ཀྱི་དོད་གང་ཡིན་ཟེར་བས་མགུར་འདི་གསུངས་སོ། །
ངེད་སངས་རྒྱས་ཀྱི་ཕ་མེས་བཟང་བ་དང་། །དམ་ཆོས་ཀྱི་ཞལ་ངོ་རག་པ་དང་། །དགེ་འདུན་གྱི་ཚ་ཞང་དར་བ་དང་། །ཆོས་སྐྱོང་གི་སྟ་ཟུར་དཔའ་བ་སྟེ། །ཡང་དེ་བཞི་བསྡེབ་པའི་སྲིད་ཟླ་དེ། །ནམ་ཞིག་གཏན་གྱི་སྲིད་ཟླ་ཡིན། །ཁྱེད་འཇིག་རྟེན་པའི་སྲིད་ཟླས་བསླུ་བསླུ་འདྲ། །གནས་སྐབས་ཀྱི་ཟ་རོགས་དེ་ཤོལ་ལ་ཐོང་། །ཅེས་གསུངས་པས། བླ་མ་ལགས། ངེད་ཀྱི་ཆུང་མའི་དོད་གང་ཡིན་ཟེར་མགུར་འདི་གསུངས་སོ། །
ངེད་བདེ་གཤེགས་ཕ་མིང་བཟང་བ་དང་། །བདེ་གསལ་གྱི་གཡོ་སྦྱོར་མཁས་པ་དང་། །གསལ་སྟོང་གི་ཤ་བཀྲག་དྭངས་པ་དང་། །ཉམས་རྟོགས་ཀྱི་རྒྱན་ཆ་མང་བ་སྟེ། །ཡང་འདི་བཞི་བསྡེབ་པའི་ཆུང་མ་དེ། །ནམ་ཞིག་གཏན་གྱི་གྲོགས་མོ་ཡིན། །ཁྱེད་འཇིག་རྟེན་པའི་ཆུང་མས་བསླུ་བསླུ་འདྲ། །གནས་སྐབས་ཀྱི་འཐབ་རོགས་དེ་ཤོལ་ལ་ཐོང་། །ཅེས་གསུང་པས། བླ་མ་ལགས། ངེད་ཀྱི་བུ་ཡི་དོད་གང་ཡིན་ཟེར་བས་མགུར་འདི་གསུངས་སོ། །
ངེད་རིག་པ་རང་གྲོལ་གྱི་སྲས་བུ་འཁྲུངས་པ་དང་། །བྱིན་རླབས་རང་འབར་གྱི་ཚར་སྐྱེད་ཆེ་བ་དང་། །ཉམས་རྟོགས་རྣོ་བའི་སྨྲ་ལྕེ་བདེ་བ་དང་། །སངས་རྒྱས་ཀྱི་གདུང་བརྒྱུད་འཛིན་པ་སྟེ། །ཡང་དེ་བཞི་བསྡེབ་པའི་བུ་ཚ་དེ། །ནམ་ཞིག་གཏན་གྱི་སྲས་བུ་ཡིན། །ཁྱེད་འཇིག་རྟེན་པའི་བུ་ཡི་བསླུ་བསླུ་འདྲ། །ད་འཁོར་བའི་བཤལ་ཐག་དེ་ཆོད་ལ་ཐོང་། །ཁྱེད་མང་ཡུལ་ཡོན་བདག་རྒན་གཞོན་རྣམས། །ང་གུང་ཐང་མི་ལ་རས་པ་དང་། །གླུ་ཕར་འདྲི་ཚུར་དྲིའི་བག་ཆགས་དེས། །དཔལ་ཨོ་རྒྱན་ཡུལ་དུ་མཇལ་བར་ཤོག །
ཅེས་གསུང་བས། ཡོན་བདག་དེ་རྣམས་དད་པ་སྐྱེས་ཏེ་ཆོས་ལ་གནས་པ་མང་པོ་བྱུང་ངོ་། །དེ་ཐམས་ཅད་མང་ཡུལ་གུང་ཐང་གི་སྐོར་རོ།། །།
