Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (17)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡར་མཐོ་རིས་ཐར་པའི་ལམ་སྣ་དང་གཅིག །མར་ངན་སོང་གསུམ་གྱི་སྡུག་བསྔལ་དང་གཉིས། །བར་གར་འགྲོ་རང་དབང་མི་ཆེ་དང་གསུམ། །འདི་གསུམ་འཛོམ་པའི་དུས་ཚོད་འདིར། །ཨ་ཕྱི་ཆོས་དང་འཁོན་པའི་སྙིང་མེད་མ་དེ་མིན་ནམ། །མ་རྒན་ལྟ་རྟོག་དེ་རང་གི་སེམས་ལ་གྱིས་དང་། །ནང་ནུབ་སྔ་ཕྱིའི་སྡུག་ཟེར་དང་གཅིག །བུ་ལོན་འཁོར་མེད་ཀྱི་གཡོ་གཏམ་དང་གཉིས། །མགུ་བ་མེད་པའི་གསོ་བཏང་དང་གསུམ། །འདི་གསུམ་འཛོམ་པའི་དུས་ཚོད་འདིར། །ཨ་ཕྱི་སྤྱང་ལ་དོན་ཆུང་གི་སྙིང་མེད་མ་དེ་མིན་ནམ། །མ་རྒན་ལྟ་རྟོག་རང་གི་སེམས་ལ་གྱིས་དང་། །ཐོབ་ཚད་རྐུ་བའི་རྐུན་མ་དང་གཅིག །མ་ཐོབ་འཕྲོག་པའི་ཇག་པ་དང་གཉིས། །ཤི་རྨས་བྱེད་པའི་འཁྲུག་པ་དང་གསུམ། །འདི་གསུམ་འཛོམ་པའི་དུས་ཚོད་དེར། །ཨ་ཕྱི་དགྲ་གོ་ཁར་ལང་བའི་སྙིང་མེད་མ་དེ་མིན་ནམ། །མ་རྒན་ལྟ་རྟོག་རང་གི་སེམས་ལ་གྱིས་དང་། །རང་བཞིན་བསྐྱོར་བའི་མལ་ས་དང་གཅིག །ཕན་ཞིང་རལ་པའི་དུག་རུལ་དང་གཉིས། །མ་བཀྲུས་ལྟོ་ཕོར་དབྲེ་མོ་དང་གསུམ། །འདི་གསུམ་འཛོམ་པའི་དུས་ཚོད་དེར། །ཨ་ཕྱི་ཟ་ཐང་གི་རྒུད་པའི་སྙིང་མེད་མ་དེ་མིན་ནམ། །མ་རྒན་ལྟ་རྟོག་དེ་རང་གི་སེམས་ལ་གྱིས་དང་། །ཕྱི་ལྤགས་པ་བསྡུས་པའི་གཉེར་མ་དང་གཅིག །ནང་ཤ་ཁྲག་སྐམ་པའི་རུས་པ་དང་གཉིས། །བར་དབང་པོ་འོན་ལོང་གི་ཐོ་ཡོར་དང་གསུམ། །འདི་གསུམ་འཛོམ་པའི་དུས་ཚོད་དེར། །ཨ་ཕྱི་འབྱུང་བཞི་རྒུད་པའི་སྙིང་མེད་མ་དེ་མིན་ནམ། །མ་རྒན་ལྟ་རྟོག་དེ་རང་གི་སེམས་ལ་གྱིས་དང་། །ཡར་མཐོ་རིས་རིན་ཆེན་གསེར་བས་དཀོན་དང་གཅིག །མར་ངན་སོང་གསུམ་ཤ་གཟུགས་བས་ཀྱང་འབྲིམ་པ་དང་གཉིས། །བར་དབང་པོ་གར་འགྲོ་ཆ་མེད་དང་གསུམ། །འདི་གསུམ་འཛོམ་པའི་དུས་ཚོད་དེར། །ཨ་ཕྱི་ངན་སོང་དུ་འགྲོ་བའི་སྙིང་མེད་མ་དེ་མིན་ནམ། །མ་རྒན་ལྟ་རྟོག་དེ་རང་གི་སེམས་ལ་གྱིས་དང་། །གསུངས་པས་རྒན་མོས་ཕྱག་འཚལ་ཏེ་ཐུགས་ལ་བཏགས་པར་ཞུ་ཞུས་པས། ཐུགས་ལ་བཏགས་ཏེ་མོས་ཤིང་ཐེམ་བཙོང་ནས་བསྒོམ་པས་སྒོམ་མ་བཟང་མོ་ཞི་བྱུང་ངོ་། །
དེ་ནས་ཡང་རྗེ་བཙུན་རྒྱལ་གྱི་རྩིབ་རི་ནས་ལ་སྟོད་ངོམ་ལ་བྱར་བསོད་སྙོམས་ལ་བྱོན་ཏེ། སྒོ་བཟང་པོ་གཅིག་ལ་ལ་ཉེ་ཡོད་གསུང་ནས་ཕྱག་འཁར་གྱིས་སྒོ་བརྡུང་བས། ནང་དུ་ཡོན་བདག་མོས་འབྲི་བཞོ་བདོ་ཡོད་པ་དེ་དཀྲོག །བུད་མེད་དེ་བསྒྱེལ་འོ་མ་ཕོས་པས་མོ་ཞེ་སྡང་ལངས་ནས་ཕ་མེད་མ་མེད་ཡུས་པོ་ཟེར་ཏེ། ཐལ་བ་སྦར་གང་བླངས་ནས་རྗེ་བཙུན་གྱི་ཞལ་ལ་འདེབས་འོང་ཙ་ན་སྐུ་གཟི་མདངས་ལྡན་པར་མཛད་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་ལྷོ་བྲག་མར་པའི་ཞབས་ལ་འདུད། །ང་མི་ལ་མཁའ་སྤྱོད་གནས་སུ་འགྲོ། །མ་ཡོན་བདག་མོ་ང་ལ་ཚུར་ཉོན་དང་། །མ་ཞེ་སྡང་མ་བསྐྱེད་ཚུར་ཉོན་དང་། །ང་ལ་ཕ་སྐལ་དུ་བླ་མ་དམ་པ་ཡོད། །ཕ་ཡུལ་དུ་རྒྱལ་ཁམས་ཕྱོགས་མེད་ཡོད། །ཕ་ནོར་དུ་དམ་པའི་ལྷ་ཆོས་ཡོད། །ཕ་བཟང་པོའི་བུ་ཚ་སྐྱིད་མོར་ཡོད། །ང་མི་ལ་མཁའ་སྤྱོད་གནས་སུ་འགྲོ། །ང་ལ་མ་སྐལ་དུ་མ་དང་མཁའ་འགྲོ་ཡོད། །མ་ཟས་སུ་བདུད་རྩི་རྣམ་ལྔ་ཡོད། །མ་པང་དུ་ཆོས་ཉིད་ཡངས་པ་ཡོད། །མ་བཟང་མོའི་བུ་ཚ་སྐྱིད་མོར་ཡོད། །ང་མི་ལ་མཁའ་སྤྱོད་གནས་སུ་འགྲོ། །ཐབས་ཤེས་གཉིས་ཀྱི་པང་པ་རུ། །བུ་རུ་ལ་རིག་པའི་ཁྱེའུ་ཆུང་ཡོད། །ཤེ་མོང་དུ་སྐྱེ་མེད་འགག་མེད་ཡོད། །བུ་བཟང་པོའི་ཨ་ཕ་སྐྱིད་མོར་ཡོད། །ང་མི་ལ་མཁའ་སྤྱོད་གནས་སུ་འགྲོ། །དགྲ་དུག་ལྔའི་ཇག་པ་བྱུང་ཙ་ན། །དམག་དཔོན་དུ་ཆོས་སྐྱོང་སྲུང་མ་ཡོད། །གོ་ཆ་རུ་བྱམས་པ་ཆེན་པོ་ཡོད། །དམག་དཔོན་བཟང་པོ་དཔའ་ལགས་པས། །ང་མི་ལ་མཁའ་སྤྱོད་གནས་སུ་འགྲོ། །མ་ཡོན་བདག་མོ་སྐུ་ཁམས་ཅི་བདེར་བཞུགས། །ང་རྣལ་འབྱོར་མི་འདུག་འགྲོ་བ་ཡིན། །
ཅེས་གསུངས་པས། མོ་དད་པ་སྐྱེས་ཏེ་མཆི་མ་བྱུང་ནས་ཐལ་ཏུམ་ནས་ཕར་ཕོས། རྗེ་བཙུན་གྱི་ཐུ་བ་ལ་འཇུས་ནས་མཁའ་སྤྱོད་དུ་མི་འགྲོ་བའི་བཤོལ་བཏབ་པའི་གླུ་འདི་ཕུལ་ལོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་རས་པའི་ཞབས་ལ་འདུད། །མཁའ་སྤྱོད་བྱ་བ་ཡང་འདི་ན་ཡོད། །ཁྱེད་ལ་ཕ་སྐལ་དུ་བླ་མ་དམ་པ་གདའ། །ཕ་ཡུལ་དུ་རྒྱལ་ཁམས་ཕྱོགས་མེད་གདའ། །ཕ་ནོར་དུ་དམ་པའི་ལྷ་ཆོས་གདའ། །ཕ་བཟང་གི་བུ་ཚ་སྐྱིད་མོར་གདའ། །མཁའ་སྤྱོད་བྱ་བ་ཡང་འདི་ན་ཡོད། །ཁྱེད་ལ་མ་སྐལ་དུ་མ་དང་མཁའ་འགྲོ་གདའ། །མ་ཟས་སུ་བདུད་རྩི་རྣམ་ལྔ་གདའ། །མ་པང་དུ་ཆོས་ཉིད་ཡངས་པ་གདའ། །མ་བཟང་མོའི་བུ་ཙ་སྐྱིད་མོར་གདའ། །མཁའ་སྤྱོད་བྱ་བ་ཡང་འདི་ན་ཡོད། །ཐབས་ཤེས་རབ་གཉིས་ཀྱི་པང་པ་རུ། །བུ་རུ་ལ་རིག་པའི་ཁྱེའུ་ཆུང་གདའ། །ཤེ་མོང་དུ་སྐྱེ་མེད་འགག་མེད་གདའ། །བུ་བཟང་པོའི་ཨ་ཕ་སྐྱིད་མོར་གདའ། །མཁའ་སྤྱོད་བྱ་བ་ཡང་འདི་ན་ཡོད། །དགྲ་དུག་ལྔའི་ཇག་པ་བྱུང་ཙ་ན། །དམག་དཔོན་དུ་ཆོས་སྐྱོང་སྲུང་མ་གདའ། །གོ་ཆ་རུ་བྱམས་པ་ཆེན་པོ་གདའ། །དམག་དཔོན་བཟང་པོ་དཔའ་ལགས་ཏེ། །མཁའ་སྤྱོད་བྱ་བ་ཡང་འདི་ན་ཡོད། །ཁྱེད་སངས་རྒྱས་ལ་ཐུགས་རྗེ་མི་མངའམ། །ང་སེམས་ཅན་ལ་འཁྲུལ་པ་མ་བྱུང་ན། །བླ་མ་ཆེ་བ་ལ་ཚད་གཅིག་ཡོད་པ་དེ། །ལོ་གསུམ་མཆོད་གནས་བཞུགས་པར་ཞུ། །བླ་མ་འབྲིང་ལ་ཚད་ཅིག་ཡོད་པ་དེ། །ཟླ་གསུམ་བླ་མཆོད་བཞུགས་པར་ཞུ། །བླ་མ་ཐ་མ་ལ་ཚད་ཅིག་ཡོད་པ་དེ། །ཞག་གསུམ་བླ་མཆོད་བཞུགས་པར་ཞུ། །ཞེས་ཞུས་པས་ཞག་གསུམ་བཞུགས་ཏེ་བསྙེན་བཀུར་བཟང་པོ་བྱས་སྐད་དོ། །
དེ་ནས་རྗེ་བཙུན་དཔོན་སློབ་རི་ཁྲོད་དུ་བཞུགས་པའི་སྐབས་ཤིག་ཏུ་ཉིན་གཅིག་རྣལ་འབྱོར་པ་རྣམས་དྲོ་མ་གསོལ་དང་། དྲོ་འདྲེན་མི་གཞན་ན་ཡོད་གསུངས། དེར་རྣལ་འབྱོར་རྣམས་ཀྱིས་དྲོ་འདྲེན་པ་ནམ་འོང་སྙམ་ནས་འདུག་ཙ། རྗེ་བཙུན་གྱིས་དྲོ་འདྲེན་པ་ན་འདོང་གསུངས་ཏེ། དཔོན་སློབ་བརྒྱད་དག་པོ་འབྲོ་ཀ་ན་བྱོན། ཡོན་བདག་མོ་སེ་མ་མགོན་མོ་ལྕམ་བྱ་བ་དད་པ་ཤིན་ཏུ་ཆུང་བ་འབྱོར་པ་ཆེ་བ་ཞིག་ཡོད་པ་དེ་ལ། དྲོ་ཞུ་དགོས་གསུང་པས་ཡོན་བདག་མོ་དེ་སྔུན་གྱང་ལ་བསྟན། རྒྱབ་ཉི་མ་ལ་བསྟན་ནས་འདུག་པ་ལ་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡར་མཐོ་རིས་ཐར་པའི་བདེ་བ་དང་གཅིག །མར་ངན་སོང་གསུམ་གྱི་སྡུག་བསྔལ་དང་གཉིས། །བར་གར་འགྲོ་རང་དབང་མི་ཆེ་དང་གསུམ། །གསུམ་དེ་སུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་ཆོས་དང་འཁོན་པའི་སྙིང་མེད་མ་དེ་མིན་ནམ། །ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ད་རུང་ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ནང་ནུབ་སྔ་ཕྱིའི་སྡུག་ཟར་དང་གཅིག །བུ་ལོན་འཁོར་མེད་ཀྱི་གཏན་གཡོག་དང་གཉིས། །བར་མགུ་བ་མེད་པའི་ངོ་སྲུང་དང་གསུམ། །གསུམ་དེ་སུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་རང་ཕམ་ལེན་པའི་ངེས་ཤེས་ཅན་དེ་མིན་ནམ། །ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ད་རུང་ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ཕྱི་ལྤགས་པ་འདུས་པའི་གཉེར་མ་དང་གཅིག །ནང་ཤ་ཁྲག་སྐམ་པའི་རུས་པ་དང་གཉིས། །བར་རྣ་མིག་འོན་ལོང་གི་ཐོ་ཡོར་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་འབྱུང་བཞི་རྒུད་པའི་སྙིང་མེད་མ་དེ་མིན་ནམ། །ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ད་རུང་ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ཕྱི་མིང་པོ་མནའ་མའི་གདུག་ཚིག་དང་གཅིག །ནང་ཚ་དབྱུག་རྣམས་ཀྱི་ཨ་གསར་དང་གཉིས། །བར་བུ་ཚ་རྣམས་ཀྱི་ཁྲོ་བ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་དགྲ་ཉེ་བར་ལང་བའི་སྙིང་མེད་མ་དེ་མིན་ནམ། །ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ད་རུང་ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ཐུབ་ན་འཕྲོག་པའི་བུ་ཚ་དང་གཅིག །མ་ཐུབ་རྐུ་བའི་བུ་མོ་དང་གཉིས། །ཤི་རྨས་མེད་པའི་ཤག་ཤིག་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་དགྲ་གོ་ཁར་ལང་བའི་ཁས་ཉེན་མ་དེ་མིན་ནམ། །ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ད་རུང་ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ཕྱི་སྦར་སྦུར་བསྡུས་པའི་ཉལ་མང་དང་གཅིག །ནང་ཧྲུལ་བཞི་བསྡུས་པའི་དུག་པོ་དང་གཉིས། །བར་མ་བཀྲུས་གྱོང་པའི་ཁ་ཕོར་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་ཟ་ཐང་དབྲི་བའི་བསོད་ཆུང་མ་དེ་མིན་ནམ། །ལྟ་རྟོག་ཅིག་རང་གི་སེམས་ལ་ཐོང་དང་། །ད་རུང་ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ཡར་མཐོ་རིས་ནམ་ལང་གི་སྐར་མ་བས་དཀོན་པ་དང་གཅིག །མར་ངན་སོང་གསུམ་བཙོང་ན་ཤ་གཟུག་པས་འབྲིམ་པ་དང་གཉིས། །བར་ཡི་དྭགས་བཀྲེས་སྐོམ་ཉམས་སུ་ལེན་པ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་འཆི་ཀ་སྟོང་པར་འགྲོ་བའི་མདོ་མེད་མ་དེ་མིན་ནམ། །ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ད་རུང་ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །དྲང་པོར་སྐྱེས་པའི་ལུས་པོ་སྒུར་པོ་དང་གཅིག །ནག་པོར་སྐྱེས་པའི་སྐྲ་ལོ་དཀར་བ་དང་གཉིས། །རུས་པའི་དྭངས་མ་ཁ་སོ་བུད་པ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མགོ་བོ་དཀར་ལ་དད་པ་ཡལ་བའི་དཀར་ཡལ་མ་དེ་མིན་ནམ། །ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །ད་རུང་ལྟ་རྟོག་གཅིག་རང་གི་སེམས་ལ་ཐོང་དང་། །
ཅེས་གསུང་པས། ཚིག་བཞི་ཚིགས་སུ་བཅད་པ་དང་པོ་གསུང་པས། ཚོར་ཙུག་ཀྱང་མ་བྱས། མིག་གིས་ཀྱང་མི་ལྟ་བར་འདུག །ཡང་གཉིས་པ་གསུང་པས། རྣལ་འབྱོར་པ་ཁ་རེ་མཁས་ཤིག་ཟེར། །ཡང་གསུམ་པ་གསུང་པས། ལག་པ་པུས་འགོར་བཞག་ནས་ཉན། ཡང་བཞི་པ་གསུང་པས། མདུན་ཚུར་གྱུར་ནས་ཐལ་མོ་སྦྱར་ཏེ། མགུར་གསུང་ཐོན་ནས་ཕྱག་འཚལ་ནས་གདན་དྲངས་ཏེ་བསྙེན་བཀུར་བཟང་པོ་དྲངས་ནས། རྗེ་བཙུན་ཆེན་པོ་བདག་མ་ཤིའི་བར་དུ་མཆོད་གནས་སུ་བཞུགས་པར་ཞུ། ཞེས་ཞུ་བ་ཕུལ་བ་ལ། རྗེ་བཙུན་གྱིས་ངེད་རི་ཁྲོད་དང་རྒྱལ་ཁམས་སུ་འགྲོ་གསུང་པ་ལ། མོ་ན་རེ། འོ་ན་ལོ་བདུན་བཞུགས་པར་ཞུ་ཞུས་པས་མ་གནང་། འོ་ན་ཟླ་བ་བདུན་བཞུགས་ཞུས་པ་ལ་ཡང་མ་གནང་། འོ་ན་ཞག་བདུན་བཞུགས་པར་ཞུ་ཞུས་པ་ལ། མི་སྡོད་དེ་རིང་འགྲོ་གསུང་པ་ལ། མོ་ན་རེ། འོ་ན་བག་ཙམ་བཞུགས་པར་ཞུ་ཟེར་ནས། བང་བ་ནང་ན་ཐལ་ནས་རལ་གྲི་དངུལ་རིང་གཅིག་བཟུང་ནས་ཕྱུང་སྟེ། རྗེ་བཙུན་དཔོན་སློབ་ཀྱིས་གཟིགས་པར་རལ་གྲི་ཕྱུང་སྟེ། སྦལ་འགོ་ཐང་ལ་གཏད། རྩེ་མོ་ལ་མཆན་བཀལ་བྱས་ནས། ཁྱེད་ལ་ཞུ་བ་དེ་རྣམས་ཞུས་ཀྱང་། སྣ་ཅིག་མ་གནང་ནས་ཐུགས་རྗེས་མི་གཟིགས་ན། ཁྱེད་ཀྱི་སྤྱན་སྔར་བདག་ད་ལྟ་ཉིད་དུ་ཤི་བ་ཅིག་བྱའོ་ཟེར་བ་ལ། རྗེ་བཙུན་གྱིས་ཨ་ཕྱི་ཁྱོད་དད་པ་དང་མོས་གུས་འདི་ཤིན་ཏུ་ཆེ་བར་གདའ། འདི་ལྟ་བུའི་དད་གུས་འདི་ལ་མ་ཤི་བར་དུ་མ་འགྱུར་བ་ཅིག་བརྟན་པར་མཛོད་དང་། ཁྱོད་ཀྱི་ཚེ་རབས་ཐམས་ཅད་ཀྱི་དོན་ཐམས་ཅད་འགྲུབ་པ་ཁོ་བོས་ཁས་ལེན། ཁྱོད་ནན་ཏན་དང་དད་གུས་ཆེན་པོ་གདའ་བས་ཁྱོད་ཀྱི་ཚོགས་སོགས་པའི་དོན་ལ་ངེད་དཔོན་སློབ་ཞག་བདུན་གྱི་བར་དུ་བཞུགས་པར་བགྱིའོ་གསུང་ནས། ཨ་ཕྱི་མགོན་མོ་ལྕམ་གྱིས་འབུལ་བ་དང་ཚོགས་ཉིན་མཚན་སྦྲེལ་མར་བྱས་ནས། ཨ་ཕྱི་ལ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་ལ་སོགས་པའི་ཆོས་དང་། ཉམས་ལེན་གྱི་གདམས་ངག་བསྟན་ནས་སློབ་མ་ངོ་མཚར་ཅན་གཅིག་ཏུ་གྱུར་ཏོ། །དེ་ནས་རྗེ་བཙུན་དཔོན་སློབ་གཤེགས་ཏེ། ཕྱིས་ཀྱང་ཞབས་ཏོག་རྒྱུན་མར་བྱའོ། །
དེ་ནས་རྗེ་བཙུན་གྲོང་ཁྱེར་མཐུག་པོའི་སྲང་སྒོར་མི་མང་པོས་ཤོ་བཀྱེ་ཞིང་འདུག་པའི་རྩར་བྱོན་ཏེ། ཁོང་རྣམས་ཆང་འཐུང་ཞིང་འདུག་པ་ལ། ཡོན་བདག་རྣམས་རྣལ་འབྱོར་བ་ལ་སྐོམ་ཆུ་ཅིག་ཞུ་གསུང་བས། མི་གཅིག་གིས་རྣལ་འབྱོར་བ་ཁྱོད་རེ་སྐྱིང་ཞིག་འདུག །ངེད་ཤོ་ཆང་འཐུང་བ་ལ་ཁྱོད་ལ་བླུད་རྒྱུ་མེད་ཟེར། ཕུགས་སུ་ཡོན་བདག་དད་པ་ཅན་ཅིག་འདུག་པས། སྒོམ་ཆེན་པ་ཡར་བྱོན་གྱིས་ལ་ཆང་དྲོང་ཞིག །ཡུ་གུ་ལ་དེས་ཁྲག་མི་མང་ཟེར། ཡར་བྱོན་ནས་གདན་ལ་བཞུགས་ནས་བདུད་རྩི་དྲང་། ཁོང་རྣམས་གླུ་ལེན་སྲིད་པ་བཤད། དེར་མི་ཞིག་གིས་ཁྱོད་རྣལ་འབྱོར་པས་ཆང་རྣམས་ནི་འཐུང་། ད་གླུ་ཅིག་ལོང་ཟེར་བས་མགུར་འདི་གསུངས་སོ། །
ཨེ་མ་ཀྱེ། དགུང་སྔོན་པོ་འཁོར་ལོ་རྩིབ་དགུའི་ཞབས། །དགོ་བཀྲ་ཤིས་པདྨ་འདབ་བརྒྱད་ཀྱི་སྟེང་། །རི་བན་གླང་དཀར་པོའི་མཁལ་ཕུག་ན། །ང་ཤུལ་ཐག་རིང་པོའི་རྣལ་འབྱོར་འཁྱམ། །ཟས་ཞིམ་མངར་ཞེན་པ་ལོག་ནས་གདའ། །ཁྱེད་ཡོན་བདག་ཕོ་མོ་ཚུར་འདུས་རྣམས། །བསྙེན་ཀྲོག་གེ་གྱིས་ལ་ཚུར་ཉོན་དང་། །སྔོན་སྨོན་ལམ་དག་པའི་ས་གཞི་ལ། །ནས་དགེ་བ་བཅུ་ཡི་ས་བོན་བཏབ། །ཐབས་ཤེས་གཉིས་ཀྱི་རྨོན་དོར་བྲེས། །རྩ་བའི་བླ་མས་སྣ་ཁྲིད་བྱས། །དབང་པོ་ཡང་རབ་ཐང་འགོ་བཟུང་། །བརྩོན་འགྲུས་དྲག་པོའི་ལྕག་གིས་བྲབ། །མཉམ་ཉིད་དམ་པ་རོལ་དུ་བརྩེགས། །ཐམས་ཅད་ཁོད་སྙོམས་གལ་བུས་བྱས། །བྱང་ཆུབ་སེམས་ཀྱི་ལྗང་བུ་འཁྲུངས། །ཚད་མེད་བཞི་ཡི་ཡུར་མ་བྱས། །མི་དགེ་སྡིག་པའི་ལྡམ་ལྡུམ་གསལ། །རྟོགས་པ་མཆོག་གྱུར་ལོ་ཐོག་སྨིན། །འཁོར་བ་རྩད་གཅོད་ཟོར་བས་བརྔས། །དུ་མ་རོ་གཅིག་བམ་པོ་བཅིང་། །བྱང་ཆུབ་གཟུངས་ཐག་བྲིང་བ་བྲེས། །ཐེག་ཆེན་བརྒྱད་ལྡན་སྐྱེས་བུས་ཁུར། །རྒྱ་སྐས་ཕྱུག་མོའི་གློ་ལ་འདོར། །ལྷུན་གྲུབ་ཁང་པའི་སྟེང་དུ་ཁྱེར། །བདེ་ལྡན་དམ་པའི་གཡུལ་ལ་ཕོག །ཀུན་ཤེས་ཞེ་འདོད་ཚར་མ་བརྩིགས། །ཀུན་ཁྱབ་ཁྲི་གདུགས་ཉི་མར་བསྐམ། །འཁོར་བ་གཏན་འཇོམས་དབྱུག་པས་བརྡུང་། །ཤེས་རབ་དྭངས་སྙིགས་རླུང་གིས་ཕྱེས། །ཡེངས་པ་མེད་པའི་བྲེ་ལ་འཇལ། །སྟོང་ཉིད་ཟངས་ཀྱི་ནང་དུ་བླུགས། །ཐོས་བསམ་སྒོམ་གསུམ་སྒྱེད་པོ་བཙུགས། །སྣང་བ་མེ་ཡི་ཤུགས་ལ་བསྲེས། །འོད་གསལ་ཕྱར་བའི་ནང་དུ་བསྒྲང་། །ཡེ་ཤེས་བདུད་རྩིའི་ཕབ་ཀྱིས་བྲན། །ཆོས་ཉིད་ངང་དུ་གཟིམ་དུ་བཅུག །ས་བཅུའི་དོན་དུ་ཞག་བཅུ་བཞག །ཕྱིས་ཀྱི་ནང་པར་བསློང་ཙམ་ན། །རིན་ཆེན་དཀར་འགྱིང་ཟོམ་དུ་བླུག །ཤེས་རབ་རྣོན་པོའི་ཐུར་མས་ཕུག །བྱང་ཆུབ་རྒྱུན་ལམ་ཐེམ་བུ་བསྙགས། །སྣང་བ་ཁྲ་ཡལ་ནང་དུ་བླུག །ཕ་རོལ་ཕྱིན་པའི་ནང་དུ་དཀྲུག །རྒྱུད་པའི་བླ་མ་མགྲོན་དུ་བོས། །དཔའ་བོ་མཁའ་འགྲོ་གྲལ་དུ་བསྒྲིགས། །ཡི་དམ་ཆོས་སྐྱོང་སྤྲིན་དཔུང་བཞིན། །མཆོད་ན་བླ་མ་དཀོན་མཆོག་མཉེས། །འཐུང་ན་དུག་གསུམ་ནད་ཀྱང་ཞི། །འཐོར་ན་རིགས་དྲུག་སེམས་ཅན་སྨིན། །མི་ངེད་ཀྱིས་ཆང་འཐུང་དེ་ལྟར་འཐུང་། །གྲོགས་ཁྱེད་ཀྱིས་ཆང་གསོལ་ཅི་ལྟར་གསོལ། །ཅེས་གསུང་པས་དེར་འཚོགས་པ་རྣམས་དད་དེ་ཆོས་ལ་ཚུད་དོ། །
དེ་ནས་རྗེ་བཙུན་སྙེ་ནམ་ན་བཞུགས་པའི་ཚེ། ཇོ་མོ་གསལ་ལེ་སྒྲོན་གྱིས་ཉམས་ཁྲིད་ཟབ་མོ་ཞུས་ནས་བསྒོམ་པས། ཉམས་དང་རྟོགས་པ་ཁྱད་པར་ཅན་སྐྱེས། བླ་མ་ལ་གུས་ཤིང་བརྩོན་པས་རི་དང་འཚམས་དང་འདག་ཆར་གྱི་དུས་འདའ་བ་ཞིག་ཡོད་པ་ལ། མི་གཞན་རྣམས་ཀྱིས་མོ་ཞི་གནས་ཀྱི་བདེ་གསལ་མི་རྟོག་པ་ཞིག་གི་རོ་ལ་ཆགས་ནས་འདུག་ཟེར་ཞིང་ཁྱེད་གསོད་བྱེད་པ་ལ། རྗེ་བཙུན་གྱི་ཐུགས་དགོངས་ལ། འདི་ལ་ཉམས་རྟོགས་སྐྱེ་ཚུལ་དེ་དངོས་སུ་ཕྱུང་དགོས་དང་། གཞན་གྱིས་སྡིག་མི་བསོགས་པར་ཡིད་ཆེས་ནས་སྒྲུབ་པ་ལ་བརྩོན་པར་འོང་དགོངས་ནས། གསལ་ལེ་སྒྲོན་གྱི་ཙར་བྱོན་ནས་མགུར་གསུངས་སོ། །
ཀྱེ་བྲིན་སྙེ་ནམ་ནམ་མཁའ་གསལ་ལེ་སྒྲོན། །ཐོག་མར་མོས་གུས་ཀྱིས་བླ་མ་བསྟེན། །བྱིན་རླབས་དབང་གིས་རྒྱུད་སྨིན་བྱས། །ཐར་ལམ་བདུད་རྩིའི་རོ་མཆོག་རྙེད། །གདམས་པའི་ཆོས་ལ་ངེས་ཤེས་ཐོབ། །ལམ་གོང་མའི་དྲོད་རྟགས་ནང་དུ་སྐྱེས། །རི་བྲག་དགོན་པ་ཡུན་རིང་བརྟེན། །ཏིང་འཛིན་ཐང་ལྷོད་མ་ཤོར་བས། །མི་མཐུན་འགལ་རྐྱེན་བགེགས་རྣམས་སེལ། །ད་དྲི་རྒྱུ་མེད་པས་ལེགས་ཀྱང་ལེགས། །ཟས་དུག་ཅན་འདྲ་བ་ང་རྒྱལ་ཡིན། །ཆོས་འབད་པས་བྱས་ཀྱང་མི་གྲོལ་ཏེ། །བྲག་ཕུག་ཡུན་རིང་གླ་བས་བཟུང་། །བྱ་ནག་རྡོ་རྗེ་བཟླས་པ་མང་། །རླུང་སྲོག་རྩོལ་ཀྱུར་མོ་ལྟོང་དཀར་བཟུང་། །བཅུད་ལེན་དོམ་བུ་ཐུགས་ཀར་མཁས། །འགོག་པ་སྙོམས་འཇུག་ཕྱི་བས་བསྒོམ། །ཁ་བཤད་འདོན་པ་ནེ་ཙོས་བྱེད། །དཀའ་ཐུབ་ཡུན་རིང་བྲམ་ཟེས་བྱེད། །གྲོལ་ཆ་སེམས་ལ་མ་ཤར་ན། །འདོད་པས་ཐར་ལམ་བཙལ་མི་རྙེད། །སེམས་རྫིང་ཆུ་བཞིན་དུ་སྐྱིལ་བ་དེ། །རྟོགས་པའི་སྣ་ཁ་བཀག་པ་ཙམ། །འཁོར་བའི་རྒྱ་མཚོ་དེས་མི་སྒྲོལ། །ཕྱག་མཚན་བསྒོམ་པའི་ཙཎྜ་ལིས། །ཤེས་རབ་ཕྱོགས་མེད་རལ་པ་དགོས། །སེམས་ནམ་མཁར་བཞག་པའི་ཙཎྜ་ལིས། །བར་དོ་རིག་པའི་ངོས་འཛིན་དགོས། །གཉུག་མ་དོན་གྱི་ཙཎྜ་ལིས། །སྐྱེ་འགག་མེད་པའི་དོན་རྟོགས་དགོས། །ཐིག་ལེ་ན་དའི་ཙཎྜ་ལིས། །དངོས་པོའི་ཆོས་དང་བྲལ་བ་དགོས། །སྤྲོས་བྲལ་དབུ་མ་དྷུ་ཏིའི་རྩེ། །ནང་མ་བཅོས་རང་བྱུང་གདོད་ནས་དག །གཉིས་བྲལ་གཟུང་འཛིན་རང་བཞིན་འདི། །ངོ་བོ་ཕྱག་རྒྱ་ཆེན་པོའི་དོན། །རྟོགས་པར་ལྡན་ནམ་གསལ་ལེ་སྒྲོན། །
ཞེས་གསུངས་པས་ཇོ་མོ་གསལ་ལེ་སྒྲོན་གྱིས་གླུ་འདི་ཕུལ་ལོ། །
བླ་མ་ཁྱོད་ཀྱི་བཀའ་དྲིན་གྱིས། །མི་བདག་ཏུ་མ་ཟད་སྐལ་ལྡན་ཀུན། །རྟོག་དཔྱོད་ཁ་ལོ་ཆོས་ལ་བསྒྱུར། །ཕྱིན་ཅི་མ་ལོག་ལམ་ལ་བཀོད། །བདག་མ་སྨིན་དབང་གིས་སྨིན་པར་བྱས། །སྨིན་པ་བརྡ་ཡི་དབང་བཞི་མཐོང་། །ཕྱི་འཁྲུལ་པ་འཁོར་ལོའི་སྣང་བ་འདི། །སྒྱུ་མ་ལྟ་བུ་ཉེར་མཚོན་པ། །ནང་རིག་པའི་སྲང་ལ་མང་དུ་བཞག །འགྱུ་བ་སེམས་ཀྱི་ཆོ་འཕྲུལ་དེ། །རྒྱ་མཚོའི་རླབས་བཞིན་རང་སར་ཐིམ། །འཇིག་རྟེན་ལམ་གྱི་གོལ་བ་རྣམས། །སྦྱོར་བ་འཕེན་པ་སྟོབས་ལྡན་གྱིས། །དེ་རྣམས་སྒྲོ་འདོགས་ཐད་ཀར་ཆོད། །ལམ་མ་སྐྱེས་རྒྱུད་ལ་བསྐྱེད་བྱེད་པ། །གསང་སྔགས་ཐབས་ལམ་དོན་གྱིས་གོ །ལམ་གང་ནས་གང་དུ་འཁྲུལ་པ་མེད། །ཞིབ་མོ་ཡང་ཡང་འཐག་མི་ནུས། །རྒྱབ་རྟེན་བཟང་པོའི་གདམས་ངག་ལ། །དང་པོའི་དུས་ནས་ནན་ཏན་བྱེད། །མཚུངས་ལྡན་མཆེད་གྲོགས་ཁྱད་པར་ཅན། །ངམ་རྫོང་རས་པས་ཉམས་རྟོགས་དྲིས། །མོ་གྲུང་མོས་ཤ་ཚིང་སྙིང་ལ་ཁུར། །ཟོག་གི་བསླུ་བྲིད་བློ་ལ་བྱས། །གཏི་མུག་གཉིད་ལ་ཕྱི་ཐག་བསྟུང། །ཞི་གནས་སྟེང་དུ་རང་རྒྱུད་བསྲིང་། །གྲོགས་ཁྱོ་ག་རྣམས་ལ་ཐག་ཆོད་བྱས། །འབོལ་སྔས་བསྐྱུར་ནས་ལོ་བདུན་ལོན། །དོན་ཕྱག་རྒྱ་ཆེན་པོ་ཐོག་བབ་ལ། །མ་ཡེངས་རྩེ་གཅིག་ངང་ལ་བཞག །ཁྱད་གསོད་བརྙས་པ་བྱེད་པ་ལ། །མྱ་ངན་འདས་པའི་བསམ་པ་དེས། །བྱམས་སྙིང་རྗེ་གཉིས་དང་མ་བྲལ་ལགས། །ཆོས་དྲི་མེད་དྲི་རྒྱུ་མ་བདེ་མེད། །རྡོ་རྗེ་འཆང་གི་བརྒྱུད་པ་འཛིན། །མཁའ་འགྲོ་སྡེ་བཞིའི་ལུང་བསྟན་ཐོབ། །རྒྱལ་སྲས་ཀླུ་སྒྲུབ་མར་གྲུམ་པ། །ཏེ་ལོ་ན་རོའི་སྐྱེས་རབས་ལ། །རྒྱུད་སྡེ་གུས་པ་མངའ་བརྙེས་པས། །རྗེ་མར་པ་ལོཙྪ་རིན་པོ་ཆེ། །ཐུགས་རྗེའི་མེ་ཏོག་ཕྱོགས་བཅུར་རྒྱས། །དག་པའི་འབྲས་བུ་སོ་སོར་སྨིན། །འབྲས་བུ་སྤྱི་བོར་ལེན་མཛད་པའི། །གུང་ཐང་གི་རས་ཆེན་ཐུགས་རྗེ་ཅན། །སྙན་པའི་བ་དན་བོད་ཁམས་ཁྱབ། །རྗེ་གཙུག་གི་ནོར་བུ་རིན་ཆེན་ལ། །ཡིད་གདུང་བར་བྱ་བའི་མོས་གུས་དང་། །ཡོན་ཏན་མཐོང་བའི་ངེས་ཤེས་ཀྱིས། །གླུ་མཆོད་པར་འབུལ་ལོ་ཐུགས་རྗེ་ཅན། །ཚོགས་བྱང་ཆུབ་བསྔོའོ་མཁའ་འགྲོའི་ཚོགས། །
ཞེས་པའི་མགུར་བཞེངས་པ་ལ། བླ་མ་རྗེ་བཙུན་ཡང་དགྱེས། གཞན་གྲོགས་པོ་རྣམས་ཀྱང་ཡིད་ཆེས་ཏེ། དེས་བསྐུལ་པ་ལྟར་ཐམས་ཅད་སྒྲུབ་པ་ལ་བརྩོན་པར་སོང་ངོ་།།
རྗེ་བཙུན་དང་རས་ཆུང་པ་དཔོན་སློབ་གཉིས་རྒྱ་ལྕགས་རི་གོང་བྱ་བ་ཆུ་ཆེན་པོ་བབས་པའི་འགྲམ་ན་བྱོན་པ་ལ། ཕ་རི་ན་བུ་མོ་གཉིས་ཀྱིས་ཁྲུས་བྱས་མེ་ལོང་ལ་བལྟ་ཞིང་འདུག་ལ། བུ་མོ་ཆུང་བ་ན་རེ། རྣལ་འབྱོར་པ་ཕ་ཀི་གཉིས་འདྲ་བས་རྒྱལ་ཁམས་འགྲིམ་ནས་ཅི་འདོད་པ་ཡིན་ཟེར་བ་ལ། ཆེ་བ་དེ་ན་རེ། ངེད་རང་གཉིས་འདྲ་བ་ལ་ཕ་ཕྱུག་གི་བུ་མོ་གཟུགས་མཛེས་པ་གོས་ནོར་འཛོམ་པ་རེ་འདོད་ནས་འགྲོ་བ་ཨེ་མ་ཡིན་ཟེར་བས། ཡང་ཆུང་བ་དེ་ན་རེ། དེ་ཨེའུ་ཡིན། ཚེ་ཕྱི་མ་སངས་རྒྱས་འདོད་ནས་འགྲོ་བ་ཨེ་མ་ཡིན་ཟེར། དེ་ནས་ཆུ་དེའི་ཟམ་སྔས་སུ་འཕྲད་པ་དང་། རྗེ་བཙུན་གྱིས་རས་ཆུང་པ་ལ་བུ་མོ་གཉིས་ཀྱི་ཐུ་བ་ལ་འཇུས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །
རྗེ་འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད། །མི་ཀུན་གྱིས་མི་ལུས་མི་ལུས་ཟེར། །མི་ལུས་རྩྭ་རྩེའི་ཟིལ་པ་འདྲ། །སྔ་དྲོ་ཆགས་ཀྱང་ཕྱི་དྲོ་འཇིག །ཆགས་འཇིག་དེ་མཐོང་བས་བློ་མ་བདེ། །ཆགས་འཇིག་མེད་པའི་སེམས་ལ་ལྟོས། །ཡང་ལྟོས་ཡང་ལྟོས་སེམས་ལ་ལྟོས། །ལྟ་རྟོག་རང་གི་སེམས་ལ་གྱིས། །བསམ་མནོ་རང་གི་སེམས་ལ་ཐོང་། །མི་ཀུན་གྱིས་མི་ཚེ་མི་ཚེ་ཟེར། །མི་ཚེ་བྲག་ལ་ཆུ་འབབ་འདྲ། །ཚེ་དར་ཅིག་འགྱིང་ལོང་མི་གདའ་ན། །ཚེ་འགྱིང་ལོང་མེད་པས་བློ་མ་བདེ། །འགྲོ་འོང་མེད་པའི་སེམས་ལ་ལྟོས། །ཡང་ལྟོས་ཡང་ལྟོས་སེམས་ལ་ལྟོས། །ལྟ་རྟོག་རང་གི་སེམས་ལ་གྱིས། །བསམ་མནོ་རང་གི་སེམས་ལ་ཐོང་། །མི་ཀུན་གྱིས་ནོར་རྫས་ནོར་རྫས་ཟེར། །ནོར་རྫས་སྦྲང་མས་རྩི་གསོག་འདྲ། །ནོར་བདག་པོས་བསགས་པ་གཞན་གྱིས་སྤྱད། །བདག་གསོག་གཞན་སྤྱད་བློ་མ་བདེ། །ཡང་ལྟོས་ཡང་ལྟོས་སེམས་ལ་ལྟོས། །ལྟ་རྟོག་རང་གི་སེམས་ལ་གྱིས། །བསམ་མནོ་རང་གི་སེམས་ལ་ཐོང་། །ཁྱོད་གཞོན་ནུ་ཀུན་གྱི་སྙིང་ལམ་ན། །ན་བ་འོང་སྙམ་མི་གདའ་སྟེ། །ནད་ཐོག་བབ་ཐབས་སུ་འོང་ཉེན་གདའ། །རྒས་པ་འོང་སྙམ་མི་གདའ་སྟེ། །རྒས་སྒོ་ཉལ་ཐབས་སུ་འོང་ཉེན་གདའ། །འཆི་བ་འོང་སྙམ་མི་གདའ་སྟེ། །འཆི་བ་གློ་བུར་ཐབས་སུ་འོང་ཉེན་གདའ། །ད་ན་དང་རྒས་དང་འཆི་དང་གསུམ། །ཉི་མ་ཐལ་ཀའི་གྲིབ་སོ་བཞིན། །ཕར་ཕར་བྲོས་ཀྱང་ཚུར་ཚུར་འདེད། །བྲོས་ཀྱང་ཐར་བ་ངས་མ་མཐོང་། །སང་ལན་གཅིག་འཆི་བའི་དུས་བྱུང་ན། །དཔའ་བོས་རལ་ཁ་སྤྲད་དུ་མེད། །གླང་སྙིང་ཅན་ལ་ཅི་ཆ་ཡོད། །སྡར་མས་ཝ་བྲོས་བྱེད་ས་མེད། །ངན་སྤྱང་ཅན་ལ་ཅི་ཆ་ཡོད། །ཕྱུག་པོས་ནོར་གྱིས་བསླུ་ས་མེད། །སྡུག་བསོགས་མཁན་ལ་ཅི་ཆ་ཡོད། །མཛངས་པས་ཟས་ཀྱིས་བསླུ་ས་མེད། །སེར་སྣ་ཅན་ལ་ཅི་ཆ་ཡོད། །སྐྱེ་ཡག་བཞིན་གྱིས་བསླུ་ས་མེད། །ངོ་ཆུ་ཁྲུས་མཁན་ལ་ཅི་ཆ་ཡོད། །བྱིས་པའི་གཅེས་སྐད་ཚད་ས་མེད། །སྡུག་ཡུས་མཁན་ལ་ཅི་ཆ་ཡོད། །ལེ་ལོ་མཁན་ཁང་སྟོང་གི་རྐུན་མ་འདྲ། །ཁྱོད་སྟོང་ལོག་མཁན་ལ་ཅི་ཆ་ཡོད། །དམ་ཚིག་སོ་ཁའི་མཁར་བུ་འདྲ། །གང་བསྲུང་བསྲུང་ཚོ་དེ་རྒྱལ་ནས་གདའ། །
ཞེས་གསུང་པ་དང་། བུ་མོ་ཆུང་བ་དེས་ནོར་གཡུ་ཀུན་རྗེ་བཙུན་ལ་ཕུལ། ཆོས་བྱེད་པ་ཁས་བླངས་ནས་གཏུམ་མོའི་ཁྲིད་གནང་སྟེ། ལོ་གསར་སྒང་ལ་རས་རྐྱང་ཅིག་གིས་ཆོག་པའི་རས་མ་ངོ་མཚར་ཅན་ཅིག་བྱུང་ངོ་། །
དེ་ནས་རྗེ་བཙུན་དཔལ་མོ་དཔལ་ཐང་ལ་བྱོན་པས་ཚོང་པ་འགའ་ཞིག་དང་ཕྲད་དེ། རྣལ་འབྱོར་པ་ཁྱེད་རྒྱལ་ཁམས་འགྲིམ་པ་ལ་རོགས་ཡོད་དམ་མེད་ཟེར་བ་ལ། གྲོགས་བཟང་པོ་ཉི་ཤུ་རྩ་གཅིག་ཡོད་གསུངས་ཏེ་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །རྣལ་འབྱོར་རྒྱལ་ཁམས་འགྲིམ་པ་ལ། །གྲོགས་བཟང་པོ་ཉི་ཤུ་རྩ་གཅིག་ཡོད། །བླ་མ་རིན་པོ་ཆེ་དང་རྩ་གཉིས་ཡོད། །རྣལ་འབྱོར་ང་དང་རྩ་གསུམ་ཡོད། །དད་པ་དང་བརྩོན་འགྲུས་ཤེས་རབ་གསུམ། །ལྷ་ཆོས་བྱེད་པའི་གྲོགས་སུ་བཟང་། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །རྒྱབ་རྟེན་བྱེད་པའི་གྲོགས་སུ་བཟང་། །འདུལ་བ་མདོ་སྡེ་མངོན་པ་གསུམ། །སློབ་གཉེར་བྱེད་པའི་གྲོགས་སུ་བཟང་། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །དངོས་གྲུབ་ཞུ་བའི་གྲོགས་སུ་བཟང་། །རྩ་དང་རླུང་དང་ཐིག་ལེ་གསུམ། །ཉམས་ལེན་བྱེད་པའི་གྲོགས་སུ་བཟང་། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །སངས་ཆུང་རྒྱ་བའི་གྲོགས་སུ་བཟང་། །དཀའ་ཐུབ་བཅུད་ལེན་ཆུ་འཐུང་གསུམ། །རི་ཁྲོད་འགྲིམ་པའི་གྲོགས་སུ་བཟང་། །དེས་ཀྱང་གདམས་ངག་ལེའུ་གཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །རྩ་གསུམ་གྲོགས་དང་འགྲོགས་འགྲོགས་ནས། །སྐྱེལ་མ་ངང་གིས་བརྗེད་དེ་ཐལ། །མེ་ཆ་རྣོན་པོ་འཛིན་འཛིན་ནས། །ཁྱིམ་མཚེས་ངང་གིས་བརྗེད་དེ་ཐལ། །གཅིག་པུར་རི་ཁྲོད་འགྲིམ་འགྲིམ་ནས། །གྲོང་ཡུལ་ངང་གིས་བརྗེད་དེ་ཐལ། །རྟག་ཏུ་བག་ཡངས་སྡོད་སྡོད་ནས། །ངོ་ཚ་ངང་གིས་བརྗེད་དེ་ཐལ། །དཔོན་མེད་གཡོག་མེད་བསྡད་བསྡད་ནས། །ཞེ་ས་ངང་གིས་བརྗེད་དེ་ཐལ། །མི་སྒྲ་འོང་གི་འཇག་ཁྱིམ་པ། །རླུང་སྒྲ་འོང་གིས་སྦྲ་ཁྱིམ་པ། །ཆུ་སྒྲ་འོང་གིས་ས་ཁྱིམ་པ། །འཆི་བ་འོང་གིས་སྐྱེས་བུ་ཀུན། །མི་ལུས་ཐོབ་ནས་ཆོས་ཡོད་དགོས། །མི་ལུས་ཐོབ་ནས་ཆོས་མེད་ན། །བྱོལ་སོང་གིས་རྩམ་པ་འགམ་པ་འདྲ། །དེས་ཀྱང་གདམས་ངག་ལེའུ་གཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །ནམ་སྲོད་ལ་དབང་པོ་གཞི་ལ་བཞག །དབང་པོ་གཞི་ལ་བཞག་ཙ་ན། །མར་མེ་རླུང་གིས་མ་བསྐྱོད་འདྲ། །སེམས་གསལ་འགྲིམ་མེད་པའི་གདམས་ངག་བདོག །ནམ་གུང་ལ་ཤེས་པ་བུམ་པར་བཞུགས། །ཤེས་པ་བུམ་པར་བཞུགས་ཙ་ན། །མཁར་གཞོང་ནང་གི་རུས་སྦལ་འདྲ། །སེམས་འཕྲག་འཕྲིག་མེད་པའི་གདམས་ངག་བདོག །ནམ་ཐོ་རེངས་སེམས་ལ་གསལ་ཞིག་འདེབས། །སེམས་ལ་གསལ་ཞིག་བཏབ་ཙ་ན། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །སེམས་འོད་གསལ་ཆེན་པོའི་གདམས་ངག་བདོག །དེས་ཀྱང་གདམས་ངག་ལེའུ་གཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །ཕོ་རབ་གཅིག་ལ་ཆོས་ཤིག་དགོས། །ཕོ་རབ་ཤིག་ལ་ཆོས་མེད་ན། །གངས་སྟོད་སེང་གེ་དཀར་མོ་འདྲ། །ཁོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །དཔའ་རྩལ་ཆེ་ཡང་དོན་གོ་ཆུང་། །ཕོ་འབྲིང་ཅིག་ལ་ཆོས་ཤིག་དགོས། །ཕོ་འབྲིང་ཅིག་ལ་ཆོས་མེད་ན། །སྡེ་པའི་གླང་བུ་རོལ་ཞུགས་འདྲ། །ཁོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །རོལ་ཆེ་སྤངས་ཀྱང་དོན་གོ་ཆུང་། །ཕོ་ཐ་མ་ཅིག་ལ་ཆོས་ཤིག་དགོས། །ཕོ་ཐ་མ་ཞིག་ལ་ཆོས་མེད་ན། །ཚོང་པའི་བུ་ཆུང་ལམ་ཞུགས་འདྲ། །ཁོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །སྡུག་བསྲན་ཆེ་ཡང་དོན་གོ་ཆུང་། །དེས་ཀྱང་གདམས་ངག་ལེའུ་གཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །མོ་རབ་ཅིག་ལ་ཆོས་ཤིག་དགོས། །མོ་རབ་ཅིག་ལ་ཆོས་མེད་ན། །རྨ་བྱས་མདངས་ལ་ལྟ་དང་འདྲ། །མོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །ཁ་དོག་ལེགས་ཀྱང་དོན་གོ་ཆུང་། །མོ་འབྲིང་ཞིག་ལ་ཆོས་ཤིག་དགོས། །མོ་འབྲིང་ཞིག་ལ་ཆོས་མེད་ན། །རྩིག་གསེབ་ཀྱི་བྱི་བ་ཚང་ཉལ་འདྲ། །མོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །གསོག་འཇོག་རེམ་ཡང་དོན་གོ་ཆུང་། །མོ་ཐ་མ་ཞིག་ལ་ཆོས་ཤིག་དགོས། །མོ་ཐ་མ་ཞིག་ལ་ཆོས་མེད་ན། །སྒོ་རྒྱབ་ཀྱི་ཁྱི་མོ་ཚང་མ་འདྲ། །མོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །སྒོ་ཚེ་རེམ་ཀྱང་དོན་གོ་ཆུང་། །དེས་ཀྱང་གདམས་ངག་ལེའུ་གཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །བྱ་རྒོད་པོ་སྙི་ལ་མ་ཟིན་པ། །བྲག་སྟོད་ཡོངས་ལ་བདེ་བདེ་འདྲ། །གཤོག་དྲུག་ལྡེམ་མེ་སྐྱིད་སྐྱིད་འདྲ། །སྐྱིད་སྐྱིད་འདྲ་ནས་བགྱིས་པ་ལགས། །ཤྭ་རུ་བཅུ་གདོས་ལ་མ་ཟིན་པ། །སྤང་སྟོད་ཡོངས་ལ་བདེ་བདེ་འདྲ། །ཤྭ་རུ་བཅུ་ལྡེམ་མེ་སྐྱིད་སྐྱིད་འདྲ། །སྐྱིད་སྐྱིད་འདྲ་ནས་བགྱིས་པ་ལགས། །ཉ་མོ་རྒྱ་ལ་མ་ཟིན་པ། །མཚོ་སྟོད་ཡོངས་ལ་བདེ་བདེ་འདྲ། །གསེར་མིག་ཀྱི་ལེ་སྐྱིད་སྐྱིད་འདྲ། །སྐྱིད་སྐྱིད་འདྲ་ནས་བགྱིས་པ་ལགས། །ཁྱེད་ཡོན་བདག་སེར་སྣས་མ་བཅིངས་པ་དེ། །ཁོང་རྒྱལ་ཁང་ཡང་གི་ནང་དེར་བདེ་བདེ་འདྲ། །སྦྱིན་པ་ཕྱོགས་མེད་དུ་གཏོང་བས་སྐྱིད་སྐྱིད་འདྲ། །སྐྱིད་སྐྱིད་འདྲ་ནས་བགྱིས་པ་ལགས། །ང་རྣལ་འབྱོར་ཕ་ཡུལ་ལ་མ་ཆགས་དེ། །རྒྱལ་ཁམས་ཡོངས་ལ་འགྲིམ་པས་བདེ་བདེ་འདྲ། །ད་གདམས་ངག་དབྱངས་སུ་ལེན་པས་སྐྱིད་སྐྱིད་འདྲ། །བདེ་བདེ་འདྲ་ནས་བགྱིས་པ་ལགས། །སྐྱིད་སྐྱིད་འདྲ་ན་ཁྱེད་ཀྱང་མཛོད། །ཅེས་གསུང་པས། ཚོང་པ་རྣམས་དད་པ་སྐྱེས་ཏེ་ཆོས་ཞུས་ནས་སྨོན་ལམ་བཏབ་བོ། །
དུས་རེ་ཤིག་གི་ཚེ་གྲྭ་པ་ཕལ་ཆེར་འདུས་ཏེ། ཉི་མ་རྩེ་ཤར་ཞིག་ལ་འཁོར་རྣམས་དང་བྲག་དཀར་གྱི་རྩེ་ལ་བྱོན་ནས། རྗེ་བཙུན་མཁར་བརྩེགས་པ་བརྒྱད་ཅུ་ཙམ་ལ་ལྕེབ་ཤོར་བས། སློབ་མ་རྣམས་ཀྱིས་རྗེ་བཙུན་གྲོངས་པར་ཐག་ཆོད་སྙམས་ནས་ངུ་ཞིང་ཕྱིན་ཙ་རྗེ་བཙུན་བཞེངས་ཏེ། ང་ལ་མི་བདེ་བ་སྡུག་བསྔལ་ཕྲ་མོ་ཙམ་ཡང་མེད། བྲུལ་པར་བལ་འདབ་ལྟར་བདེ་བ་ཡང་བ་ཅིག་བྱུང་གསུངས། བུ་དག་དུས་འདི་ནས་ཕྱིས་ངའི་བརྒྱུད་པ་འཛིན་པ་ཐམས་ཅད་ལ་བདུད་ཀྱི་བར་དུ་གཅོད་པས་མི་ཚུགས་ཏེ། འཆི་བདག་གི་བདུད་བཅོམ་པ་ཡིན་གསུང་སྟེ་འདི་གསུངས་སོ། །
ཟུང་འཇུག་ཐང་དཀར་ཤོག་བརྐྱང་ནས། །འཕུར་བ་བྲག་དཀར་རྩེ་ལ་འཕུར། །བབ་པ་རང་ཁུང་ཤོད་དུ་བབས། །མྱོང་བ་བདེ་སྟོང་དབྱེར་མེད་མྱོང་། །གྲོལ་བ་འཁོར་འདས་ཤུགས་ལས་གྲོལ། །ཕྲད་པ་བདེ་སྟོང་དངོས་སུ་ཕྲད། །ད་ཡང་གྲོལ་དགོས་མི་སྙམ་མོ། །ཅེས་གསུངས་སོ། །
ཡང་བྲག་དམར་ཆེན་པོའི་མདུན་དུ་བཞུགས་ཙ་ན། བུད་མེད་མཁའ་འགྲོ་མ་རྒྱན་དང་ལྡན་པ་བརྒྱད་བྱུང་སྟེ། ཕྱག་འཚལ་ནས་རྗེ་བཙུན་འདིར་མི་བཞུགས་པར་ཞུ་ཟེར་ཏེ་སོང་། ཡང་ཅུང་ཟད་ཅིག་ན་བུད་མེད་མཁའ་འགྲོ་མ་གཉིས་ཀྱིས་ཕྱག་ལ་དབང་མེད་དུ་འཐེན་ནས་ཚུར་ཤོག་བྲག་འཇིག་པར་ཡོད་ཟེར་ཏེ་རིངས་པར་བྱོན་ཙ་ན། བྲག་དེ་ཉིལ་ནས་བྱུང་། སློབ་མ་རྣམས་སྡུག་བསྔལ་བར་གྱུར་པས་ངུ་ཞིང་ཕྱིན་ཙ་ན། རྗེ་བཙུན་གྱིས་འདི་གསུངས་སོ། །རྣལ་འབྱོར་ལུས་ཀྱི་མེ་ཏོག་འདི། །སྲོག་འཇོམས་བྲག་དམར་གཤེད་མ་ཡི། །བདུད་ལས་མཁའ་འགྲོ་མ་ཡི་དྲོང་། །ད་ཡང་བདུད་ཀྱིས་འཁྱེར་སྙམས་མེད། །ཞེས་གསུངས་སོ། །
ཡང་ཡོན་བདག་ཅིག་བསྙེན་བཀུར་སྐྱེལ་བྱུང་བའི་ལམ་དུ་སྟག་སྨྱོན་པས་ཉེན་འདུག་པ་མངོན་ཤེས་ཀྱིས་མཁྱེན་ཏེ། འཁོར་གཅིག་ལ་ཁྱོད་སོང་སོང་། ར་མདའ་ལ་རྒྱུག་གསུང་། དེར་ཕྱིན་པ་དང་ཡོན་བདག་སྟག་གི་ཉན་བདོ་འདུག །རྗེ་བཙུན་དང་ཐག་རིང་པོ་མེད་ཀྱང་བླ་མ་ལ་གསོལ་བ་འདེབས་པའི་གསུང་ལྷང་ལྷང་གྲགས་པས་ཁོང་གཉིས་ཀྱིས་ཅི་ལྟ་བ་བཞིན་ཐོས་པ་ཡིད་ལ་བཟུང་སྟེ། ཞུས་པས་ཞལ་འཛུམ་འཛུམ་མཛད་དེ། ཁྱོད་ཀྱིས་ཐོས་པ་དེ་དག་བྱས་ཉེན་ཡོད། ལར་ངས་མ་དྲན་སྟག་དེ་གར་སོང་གསུང་། ཡོན་བདག་ན་རེ། རྗེ་བཙུན་ལ་མངོན་ཤེས་མངའ་བ་དེ་ཤིན་ཏུ་བདེན་པར་འདུག །ཐག་རིང་པོ་ནགས་མཐུག་པོ། ཆུ་ཆེན་པོ་དེ་ཙམ་ལ་གཟིགས་པས་གཞན་གྱིས་ནགས་གསེབ་ན་རྩ་ན་ཡོད་པ་ཡང་མི་མཐོང་ཞུས་པས། ང་ལ་མངོན་ཤེས་མེད། ཕོ་ཚོད་བཏང་བ་ཡིན་མོད་གསུང་ནས་འདི་གསུངས་སོ། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་འདི། །མཐུན་རྐྱེན་བསྒྲུབ་པའི་ཡོན་བདག་ལ། །སྟག་སོགས་གནོད་པ་བྱེད་པ་ཡི། །འཇིགས་པ་མཁའ་འགྲོ་མ་ཡིས་སེལ། །ཞེས་གསུངས་ཏེ་ཁ་སྐད་མ་བཤད་གསུང་། དེར་མངོན་ཤེས་ཀྱིས་གྲགས་པས་ཐམས་ཅད་ཁྱབ་བོ། །
དེ་ནས་བྲིན་ཁ་གསུམ་གྱི་ཆུ་མིག་པ་རྣམས་ཀྱིས་མི་ལ་ཟེར་བའི་སྨྱོན་པ་ཟོག་རྒན་འདི་ཟེར་ཞིང་སྐུར་བ་མང་པོ་བཏབ་པའི་ཚེ། རྗེ་བཙུན་དཔོན་སློབ་དེར་བྱོན་པ་ལ་ཁོང་ཚོས་བརྡེག་པ་དང་འབར་བ་ལ་སོགས་པ་སྣ་ཚོགས་པ་བྱས་ནས། རྗེ་བཙུན་ལ་ལྕགས་བརྒྱབ་ནས་བཙོན་ཁང་དུ་བཅུག་སྟེ། རྗེ་བཙུན་ཕྱི་རོལ་ཏུ་སྔོན་ལ་ཕེབས་སྣང་སྟེ། ཡང་ནང་དུ་ཁྲིད་ནས་ཀ་བ་ལ་རིང་འཆིང་བྱས་ནས་བཞག་པས། བཅིང་མཁན་ཚོ་རང་བཅིང་ནས་སྣང་། ཁྱིམ་དུ་བཞུགས་པ་ལ་མང་པོས་ཐག་པ་བཏག་ཅིང་ཐོན་ཀྱང་རི་བོ་བཞིན་དུ། སྒལ་སྒུལ་མ་ཐུབ་པའི་ཚེ་འདི་གསུངས་སོ། །ཤེལ་སྒོང་ལྟ་བུའི་སེམས་ཉིད་འདི། །སྒྲིབ་མེད་སྡུག་བསྔལ་ཀུན་དང་བྲལ། །བཟུང་བས་མི་ཟིན་བཏང་མི་འགྲོ། །སྐར་མདའ་ལྟ་བུའི་སྤྱོད་པ་འདི། །མ་དད་བསལ་ཕྱིར་བྱས་པ་ཡིན། །ད་ཡང་སྤྱོད་པ་མི་བྱེད་དོ། །ཞེས་གསུངས་པས་ཡུལ་མི་ཕོ་མོ་ཐམས་ཅད་ཀྱིས་དད་པ་ཐོབ་ནས་བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་བྱས་སོ། །
དེ་ནས་རྗེ་བཙུན་ཆེན་པོ་མི་ལ་རས་པ་དེ་ཉིད་གྲོད་བུ་ལུང་བཞུགས་པའི་དུས་གདམས་ངག་ཞུ་བའི་མི་མང་པོ་བྱུང་བ་ལ། རྫིང་བུ་རྒྱན་གྱི་དགེ་འདུན་པ་རྣམས་ཀྱིས་རྗེ་བཙུན་ལ་འབར་སོགས་བྱེད་ནས་སྡིག་པའི་ལས་བྱེད་ཟེར་བས། ཉིན་གཅིག་བླ་མས་རྫིང་བུ་རྒྱན་དུ་འགྲོ་གསུང་བ་ལ་འཁོར་རྣམས་ཀྱིས་དེར་མི་གཤེགས་པར་ཞུས་པས་མ་གནང་ནས་རས་ཆུང་པ་ལ་སོགས་དཔོན་སློབ་ལྔ་བྱས་ནས་ཕྱིན་ཏེ། སྒོ་མོ་ཆེའི་རྩར་ཕྱིན་ནས་བསྡད་ཙ་ན། བཙུན་ཀུན་དྲོ་ལ་འདུས་ནས་སྣང་། བཙུན་ཆུང་ཞིག་སྤྲང་པོ་ལ་ཁམ་ཟན་སྐྱེལ་དུ་བྱུང་བ་ལ། རྗེ་བཙུན་དཔོན་སློབ་མཐོང་བ་དང་། ནང་དུ་སོང་ནས་བཙུན་པ་རྣམས་ལ་འོ་སྐོལ་གྱི་སྒོ་རྩ་ན་མི་ལ་རས་པ་དཔོན་སློབ་འགའ་བཞུགས་འདུག་བྱས་པས། གནས་བརྟན་དེ་ན་རེ། རྡུང་ལ་ཐོང་ཟེར་ནས་མི་ཐམས་ཅད་བྱུང་ནས་བཀྱིག་ཤིང་བརྡུང་། བསྲན་མ་བཏུབ་པ་བྱས་པས། རྗེ་བཙུན་བརྡུང་བའི་ན་ཚ་ཐམས་ཅད་ནང་གི་གནས་བརྟན་ལ་བྱུང་ངོ་། །ཁྱེད་ཀྱིས་ཡུལ་པའི་བཅུད་ཐམས་ཅད་བསྡུས་ནས་ཟོས་པས་ད་བཟའ་མི་དགོས། ད་ཁྱོད་རང་འདིར་སྡོད་ཅིག་ཟེར་ནས་མཆོད་ཁང་ནང་དུ་བཅུག་ནས། སྒོ་ལ་ལྕགས་བརྒྱབ་པས་བླ་མ་ཕྱིར་ངོས་ན་བཞུགས་ནས་འདུག །ཡང་མཆོད་ཁང་དུ་བཅུག་ནས་ཀ་བ་ལ་བཅིང་ལྕགས་སུ་བཅུག་པས་ཀྱང་ཕྱིར་ངོས་ནས་འདུག །ནང་ན་འདུག་པས་མི་དགའ་བར་ཕྱིར་བུད་ཟེར་ནས་ཕྱིར་བཏོན་པས་སྒུལ་ཡང་མ་ནུས། དེར་ཡོ་ཡོག་པས་ཀྱང་སྒུལ་མ་ནུས་ཏེ་ཕྱིར་མ་ཐོན་པས། བཙུན་པ་ཀུན་ཡིད་མ་ཆེས་ནས། ཅི་ཙུག་ཡིན་དྲིས་པས། བླ་མའི་ཞལ་ནས། ང་ཤེལ་སྒོང་བར་དོའི་སེམས་བཞིན་དུ། །ཀུན་ལ་སྒྲིབ་མེད་ཐོགས་རྡུག་མེད། །གཟུང་མི་ཟིན་ཅིང་བཏང་མི་ཐེངས། །སྐྲ་མདའ་ལྟ་བུའི་སྤྱོད་འགྲོས་འདི། །མ་དད་སེལ་ཕྱིར་རྣལ་འབྱོར་བས། །ལྟ་ལོག་སྣང་བ་བསྒྱུར་བ་ཡིན། །ད་ཡང་སྤྱོད་པ་མི་བྱེད་དེ། །རང་སྣང་ཤེས་པས་གར་དགའ་ཡིན། །གསུང་པས་ཐམས་ཅད་ངོ་མཚར་སྐྱེས་དད་པར་གྱུར་ནས་སྤྱོད་པ་མི་མཛད་པ་ཅི་ལགས་ཞུས་པས། མ་དད་སྣང་བ་སྒྱུར་བ་དང་། །ཉམས་མྱོང་གོང་དུ་བོགས་འདོན་དང་། །འབྲས་བུ་ངོ་སྤྲོད་བྱེད་པ་གསུམ། །སྤྱོད་པ་བྱེད་པའི་དུས་ཡིན་ཏེ། །གཞན་དུ་དེ་ལྟར་མ་ཡིན་ཞེས། །བླ་མ་རྗེ་ཡི་ཞལ་ནས་གསུང་། །ཞེས་གསུང་བས། ད་ཕྱིན་ཆད་ནས་བཙུན་པ་ཀུན་གྱིས་འབར་གསོག་མི་བྱེད་པར་ཞབས་ཏོག་བྱེད་པ་བྱུང་ངོ་། །
དེ་ནས་རྗེ་བཙུན་ཆེན་པོ་འབྲོག་ཁ་བཞི་ལ་གཤེགས་པའི་དུས་སུ། འབྲོག་ཁ་བཞིའི་མི་ཐམས་ཅད་འཚོགས་ནས་རྗེ་བཙུན་ལ་མ་དད་པ་བྱས་པས་དགེ་བཤེས་བྱ་བ་བླ་མ་བ་རི་ལོཙྪ་བ་ཡིན། གསེར་ནི་སུ་འཕྲད་ལ་སྟེར་ཟེར་བ་ལ། རྗེ་བཙུན་ཁོང་རྣམས་ཀྱི་མ་དད་པ་བཟློགས་པའི་ཆེད་དུ་འབྲོག་ཁ་བཞིའི་མི་ཐམས་ཅད་ཀྱིས་མཐོང་སར་སྟག་དང་སེངྒེ་ལ་བཅིབས་ནས་རྡོ་རྗེ་གདན་དང་། འཕགས་པ་ཤིང་ཀུན་ལ་ཉིན་རེ་ལན་གསུམ་གསུམ་མཆོད་པ་ལ་གཤེགས་པར་མཐོང་བས་དེ་ཕྱིན་ཆད་ནས་དད་པར་བྱས་སོ། །
དེ་ནས་ཡང་རྗེ་བཙུན་ཆེན་པོ་རྒྱལ་གྱི་རྩིབ་རི་ན་བསྒོམ་པའི་དུས་སུ་ཕྱི་རོ་སྙོམས་ཟས་ཀྱི་ལྡོམ་བུ་ལ་གཤེགས་པས། ཟ་འཚོད་པའི་ཁོག་མ་གཅིག་དང་། ཐོད་ཕོར་གཅིག་ཡོད་པ་དྲྭ་བའི་ནང་དུ་བཅུག་སྟེ་ཁུར་ནས་སྤང་ཁ་གཅིག་ཏུ་བྱོན་པས། དཀའ་ཐུབ་མཛད་པའི་སྟོབས་ཀྱིས་ཞབས་འཇམ་པོར་སོང་བ་དེ། སྤང་ཁ་གཅིག་ལ་འདྲེད་ནས་དྲྭ་བ་རྦབ་ལ་ཤོར་བས། དེའི་རྗེས་ལ་བྱོན་པས་ཁོག་མ་ཁོག་མ་ཆག་པའི་ནང་ནས་ཟའི་ཁོག་མ་གཅིག་བྱུང་འདུག་པས། ཐུགས་སྐྱོ་བའི་ངང་ནས་མཚར་བ་ཞིག་བྱུང་ནས། དེ་ལ་གཟིགས་རྟོག་མཛད་ཅིང་བཞུགས་ནས་ཡོད་པ་ལ། ཇག་པ་མི་ལྔ་བྱུང་ནས་ཁོང་གི་རྩར་དྲོ་བཏབ་པ་ལ། ཇག་དཔོན་དེ་ན་རེ། བཟང་པོའི་ཁ་ནང་དུ་ངན་པའི་ལྟོ་རེ་བྱ་བ་ཡིན་པས་རྣལ་འབྱོར་པ་འདི་ལ་ཕ་འབབ་ཅིག་བསྡུས་ལ་བྱིན་ཟེར་ནས་ཁམ་ཟན་བསྡུས་ནས་བྱིན་པས་སྐུ་བཞེས་པ་ཙམ་དུ་གྱུར། ཇག་དཔོན་དེ་ན་རེ། རྣལ་འབྱོར་པ་ཁྱོད་མགོ་གྲུང་པོ། མིག་རྩ་ཅན་ཅིག་འདུག་པ་ལ་ལྟོ་གོས་ཀྱིས་མ་ཆོག་པར་འདུག་པས། ངེད་ཀྱི་ཟླ་ལ་འགྲོ་ན་ཟས་ཞིམ་པོ་ཟ་གོས་དྲོན་པོ་གྱོན། རྟ་བཟང་པོ་རླུང་འདྲ་བ་གཅིག་ཞོན། འཁོར་གསུམ་ཚང་བ་ཅིག་བཏགས་པས་ཆོག །འདེང་ཟེར་བ་ལ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
རང་ལུས་རི་བོའི་དགོན་པ་རུ། །བྱང་ཁོག་སྟོད་ཀྱི་མཆོད་ཁང་ཡོད། །ཟུར་གསུམ་སྙིང་གི་ཟུར་རྩེ་ན། །སེམས་ཀྱི་རྟ་རྒོད་རླུང་ལྟར་འཕྱོ། །རྟ་འཛིན་ན་ཞགས་པ་གང་གིས་འཛིན། །བརྟོད་ན་ཕུར་པ་གང་ལ་འདོག །ལྟོགས་ན་གཟན་དུ་ཅི་ཞིག་སྟེར། །སྐོམ་ན་སྐོམ་ཆུ་གང་ཞིག་བླུད། །འཁྱག་ན་ར་བ་གང་ལ་འཛུད། །རྟ་འཛིན་ན་གཉིས་མེད་ཞགས་པས་འཛིན། །བརྟོད་ན་ཏིང་འཛིན་ཕུར་པས་བརྟོད། །ལྟོགས་ན་བླ་མའི་གདམས་ངག་སྟེར། །སྐོམ་ན་དྲན་པའི་ཆུ་རྒྱུན་བླུད། །འཁྱག་ན་སྟོང་ཉིད་ཀྱི་ར་བར་འཛུད། །ཐབས་ཤེས་གཉིས་མེད་ཀྱི་སྒ་སྟན་བསྟད། །འགྱུར་མེད་བརྟན་པོའི་གོང་སྨེད་བྱས། །སྲོག་རྩོལ་རླུང་གི་མཐུར་སྲབ་བརྒྱུས། །དེ་ལ་རིག་པའི་ཁྱེལ་ཆུང་ཞོན། །ཆོས་ཐབས་ཀྱི་རྨོག་ཕོར་མགོ་ལ་བྱོན། །ཐོས་བསམ་གྱི་ཁྲབ་དཀར་ལྟོ་རྒྱབ་བྱས། །བཟོད་པའི་ཕུབ་ཆུང་རྒྱབ་ན་ཁུར། །ལྟ་བའི་གདུང་རིང་ལག་ཏུ་ཐོགས། །ཤེས་རབ་ཀྱི་རལ་གྲི་གློ་ལ་བཏགས། །ཀུན་གཞི་འཛོམ་པའི་བསྙུག་མ་ལ། །ཁོང་ཁྲོ་མེད་པའི་འཁྱོག་ཅིང་བསྲོང་། །ཚད་མེད་བཞི་ཡི་སྒྲོ་ཞིག་བསྒྲོན། །ཤེས་རབ་རྣོན་པོའི་མདེལ་ཅིག་བཙུག །སྟོང་པ་ཉིད་ཀྱི་གཞུ་མོ་ལ། །ཐབས་ལམ་ཟབ་མོའི་ལྟོང་སྦྱོར་ནས། །ཟུང་འཇུག་ཡངས་པའི་འདོམ་ལ་འཇལ། །མདའ་འཕེན་པ་རྒྱལ་ཁམས་ཡོངས་ལ་འཕེན། །ཕོག་ལ་དད་ཅན་སྙིང་ལ་ཕོག །ཤི་བ་ང་རྒྱལ་འགོང་པོ་ཤི། །དཀྱུས་ཐོབ་བྱང་ཆུབ་ལམ་ལ་སླེབ། །དཀྱུས་སྨད་འཁོར་བའི་འདམ་ལས་ཐར། །རྟ་དེ་ལྟར་བརྒྱུག་པས་ས་ལམ་ཐོབ། །
ཅེས་གསུང་པས་ཇག་དཔོན་དེ་དད་པར་གྱུར་ནས་ཕྱིས་གཡུ་རྡོག་པོ་ཆེ་བ་ཅིག་ཁྱེར་ཏེ། བླ་མ་ལ་མཇལ་དུ་བྱུང་བ་ལ་ཕྱག་རྟེན་ཅུང་ཞིག་སྔོན་དུ་ཕུལ་བས་ང་ལ་བསྔོས་པའི་གཡུ་དེ་ཡང་ཕུལ་གསུང་པས། ཁོའི་རྟོག་པ་ལ་རྣལ་འབྱོར་པས་མངོན་ཤེས་མངའ་བར་འདུག་པས་ངས་བསྟེན་རུང་བའི་བླ་མ་ཞིག་འདུག་སྙམ་ནས། རྗེ་བཙུན་ལ་སྙན་བརྒྱུད་ཀྱི་གདམས་ངག་རྣམས་ཞུས་ནས་བསྒོམ་པས་ཐུགས་ཀྱི་སྲས་བཞིའི་ཡ་བར་གྱུར་པ་རྟ་མོའི་འབྲི་སྒོམ་གླིང་ཁ་རས་པ་བྱ་བའི་རས་པ་ངོ་མཚར་ཅན་ཅིག་བྱུང་སྐད་དོ། །
དུས་རེ་ཞིག་གི་ཚེ་ཁྱེའུ་དཔོན་གཡོག་གསུམ་མང་པོས་འཁོར་གསུམ་ལེགས་པར་བྱས། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་རྟ་ལེགས་པ་རེ་ཞོན་ཏེ། རི་ལ་ལྟད་མོ་ལ་བྱུང་བ་དང་། རྗེ་བཙུན་དཔོན་སློབ་སྐྱོ་བསང་ལ་བྱོན་པ་དང་མཇལ་ཏེ། ཁོང་རྣམས་དད་པ་སྐྱེས་ཏེ་དེ་རྣམས་ཀྱི་ནང་ནས་ཁྱེའུ་དཔོན་དེ་ལྷག་པར་དད་ནས་རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས། ཕྱག་མང་དུ་འཚལ་ནས་ངའི་རྟ་དང་འཁོར་གསུམ་འདི་བཞེས་པར་ཞུ་ཞུས་པས། བུ་ཁྱོད་ཀྱི་རྟ་དང་འཁོར་གསུམ་ངས་མི་འདོད། དེ་བས་གླུ་འདི་ལ་ཉོན་ཅིག་ཨང་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་མི་བསྐྱོད་ངོ་བོས་གཟིགས་སུ་གསོལ། །བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ང་རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་ཁོག་སྟོད་ཀྱི་མཆོད་ཁང་ན། །ཟུར་གསུམ་སྙིང་གི་དབུས་རྩེ་ན། །སེམས་ཀྱི་རྟ་རྒོད་རླུང་ལྟར་འཕྱོ། །ཞེས་གསུང་པས། ཁྱེའུ་ཚོ་ན་རེ། ཁྱོད་སེམས་ཀྱི་རྟ་ཕོ་རྒོད་པོ་དེ། །འཛིན་ན་ཞགས་པ་གང་གིས་འཛིན། །འདོགས་ན་ཕུར་པ་གང་ལ་འདོགས། །འཁྱག་ན་ར་བ་གང་དུ་འཛུད། །ལྟོག་ན་ཟ་རྒྱུ་ཅི་ཞིག་སྟེར། །སྐོམ་ན་འཐུང་རྒྱུ་ཅི་ཞིག་བླུད། །ཞེས་ཞུས་པས། ཡང་གསུང་པས། ངས་སྔོན་ཆད་གླུ་ལ་སྐྱོར་མ་མྱོང་། །ད་རེས་ཚིག་ལ་གསལ་ཅིག་འདེབས། །ཚིགས་ལ་གསལ་ཅིག་འདེབས་ཙམ་ན། །གནས་བྱང་ཁོག་སྟོད་ཀྱི་མཆོད་ཁང་ན། །ཟུར་གསུམ་སྙིང་གི་དབུས་རྩེ་ན། །སེམས་རྟ་རྒོད་རླུང་ལྟར་འཕྱོ་བ་དེ། །འཛིན་ན་ཡེངས་མེད་ཞགས་པས་འཛིན། །འདོག་ན་ཏིང་འཛིན་ཕུར་པས་འདོགས། །ལྟོགས་ན་བླ་མའི་གདམས་ངག་སྟེར། །སྐོམ་ན་བྱང་སེམས་ཆུ་རྒྱུན་བླུད། །འཁྱག་ན་སྟོང་ཉིད་ར་བར་འཛུད། །ཞེས་གསུངས་པས། ཡང་ཁྱེའུ་ཚོ་ན་རེ། རྟ་དེ་ལ་སྒ་སྲབ་ཅི་འདྲ་ཡོད། །དེ་ལ་ཞོན་མཁན་སུ་ཞིག་ཡོད། །དེ་ལ་རྒྱན་ཆ་ཅི་ཞིག་འདོགས། །ཞེས་ཞུས་པས། ཡང་གསུང་པ། ཐབས་ཤེས་གཉིས་ཀྱི་སྒ་སྟན་ལ། མི་འགྱུར་བརྟན་པོའི་གློ་སྨེད་བསྡམ། །གདམས་ངག་ཟབ་མོའི་ཤ་ཐག་བཀྲམ། །དམིགས་པ་བཟང་པོའི་སྲབ་སྐྱོག་འཛུད། །ཐེག་པ་ཆེན་པོའི་ཡོབ་ཆེན་གནོན། །བརྩོན་འགྲུས་དྲག་པོའི་ལྕག་གིས་བྲབ། །ཞོན་པ་རིག་པའི་ཁྱེའུ་ཆུང་གིས་ཞོན། །དེ་ལ་རྒྱན་ཆ་འདི་ལྟར་འདོག །ཐོས་བསམ་ཨ་རྨོག་མགོ་ལ་གྱོན། །དྲིན་ཅན་བླ་མའི་ཕོད་ཀ་འཛུག །ལྟ་བའི་མདུང་རིང་ལག་ཏུ་ཐོགས། །སྒོམ་པའི་ཁྲབ་སྟོད་ལུས་ལ་གྱོན། །སྤྱོད་པའི་རལ་གྲི་གློ་ལ་ཐོགས། །བཟོད་པའི་ཕུབ་ཆུང་རྒྱབ་ན་ཁུར། །སྟོང་པ་ཉིད་ཀྱི་གཞུ་མོ་ལ། །མཉམ་པ་ཉིད་ཀྱི་རྒྱུད་ཅིག་བཏག །སྟོང་ཉིད་བསྙུག་མ་ཁོག་སྟོང་ལ། །སྙན་བརྒྱུད་གདམས་ངག་ཟབ་མོས་བསྲོང་། །ཚད་མེད་བཞི་ཡི་སྒྲོ་བསྐྱོན་ནས། །དམིགས་པ་རྣོན་པོའི་མདེའུ་འཛུག །ཅེས་གསུང་པས། ཡང་ཁྱེའུ་ཚོ་ན་རེ། རྟ་དེ་ཞོན་ནས་གང་དུ་འགྲོ། །མདའ་དེ་བརྡེག་པ་སུ་ལ་བརྡེག །ཕོག་པས་ཤི་བ་སུ་ཡི་ཤི། །རོ་རུ་ཅི་བྱུང་གང་དུ་བསྐྱལ། །ཞེས་ཞུས་པས། ཡང་གསུང་པ། རྟ་དེ་ཞོན་ནས་ཐར་པའི་གྲོང་དུ་འགྲོ། །མདའ་དེ་ཁམས་གསུམ་ཡོངས་ལ་བརྒྱབ། །ཕོག་པ་དད་ཅན་སྙིང་ལ་ཕོག །ཤི་བ་ང་རྒྱལ་འགོང་པོ་ཤི། །རོ་རུ་བདེ་བ་ཆེན་པོ་བྱུང་། །སྐྱེལ་བ་མཉམ་ཉིད་ངང་དུ་སྐྱེལ། །ཁྱོད་ཀྱི་རྟ་དང་འཁོར་གསུམ་ལས། །བརྒྱ་འགྱུར་བས་ཀྱང་ང་རང་ལྟག །ཅེས་གསུང་པས། ཁོང་རྣམས་དད་པ་སྐྱེས་ཏེ། ཕྱག་དང་བསྐོར་བ་མང་དུ་བྱས་ཡུལ་དུ་སོང་ནས་བསྙེན་བཀུར་མང་དུ་བསྐྱལ། གདམས་ངག་ཡང་ཞུས་སོ། །
དེ་ནས་ཡང་རྗེ་བཙུན་ཡར་ལུང་གི་མཛོ་ཐང་གི་གཙུག་ལག་ཁང་དུ་ཞག་གཅིག་བཞུགས་པ་ལ། བན་དེ་ཞིག་ན་རེ། ཁྱོད་ཀྱི་བརྒྱུད་པ་ཅི་ལྟ་བུ་ལགས་ཞུས་པས་མགུར་འདི་གསུངས་སོ། །རྩ་གསུམ་འདུས་པའི་སྤྱི་གཙུག་དེར། །ཤིན་ཏུ་མཛེས་པའི་ཉི་ཟླའི་གདན། །ཏེ་ལོ་ན་རོ་མར་པ་གསུམ། །ཐུགས་བརྩེ་བའི་སྒོ་ནས་གསོལ་བ་འདེབས། །སྤྲང་པོ་ལས་མ་ནུས་ལ་བྱིན་གྱིས་རློབས། །གསུང་བས་བན་དེ་དད་པ་སྐྱེས་ནས་རྗེ་བཙུན་གྱི་ཕྱིར་འབྲང་བས་ཕྱིས་རས་པ་བཅུ་དྲུག་ཡ་བར་ཅིག་བྱུང་སྐད་དོ། །
དེ་ནས་ཡང་རེ་ཤིག་གི་ཚེ་རྗེ་བཙུན་གཙང་དུ་གནས་གཞི་ཞིག་གི་སྒོ་ཁར་བྱོན་ཙ་ན། བཙུན་པ་འགའ་བྱུང་ནས་རྣལ་འབྱོར་པ་འདིར་ཞག་འགའ་བླ་མཆོད་བྱ་དགོས་ཟེར་ནས། ལྷ་ཁང་གཅིག་ཏུ་བཅུག་ནས་སྒོ་ལྕགས་བཅུག་ཙ་ན་དོ་རེ་ཙ་ཕྱིན་ནས་སྣང་། ཅི་ཡིན་སྙམ་ནས་ནང་དུ་ཡང་སྣང་། སྣང་བ་ལ་ཆགས་ཐོགས་མེད་པའི་གྲུབ་ཐོབ་ཅིག་འདུག་ཟེར་ནས། དེར་འགྱོད་པ་དང་བཅས་པས་བཟོད་གསོལ་དང་བཤགས་པ་བྱས་ནས་ཆོས་ཞུས་སོ། །
ཡང་དུས་རེ་ཞིག་སློབ་མ་ཞིག་ཤིང་གིས་མནན་ནས་རྨ་འབྲས་སུ་སོང་ནས་ན་ཚ་ཁོལ་བ་ལ་ཏིང་ངེ་འཛིན་བྱས་ནས་འདི་གསུངས་སོ། །རླུང་གི་རྐྱེན་གྱིས་བསྐྱེད་པ་ཡི། །སེམས་མེད་ཤིང་གིས་གནོད་བྱས་པ། །འབྲས་ཀྱི་ཟུག་གཟེར་མི་བཟོད་པས། །སྨན་སྦྱོར་མཁའ་འགྲོ་མ་ཡི་བྱས། །ཞེས་གསུང་པས་འབྲས་དེ་མ་ཐག་ཏུ་སོས་སོ། །
དེ་ནས་རྗེ་བཙུན་ཀ་གདམས་པའི་དགོན་པ་ཞིག་ཏུ་བྱོན་ཏེ། བཙུན་པ་ཞིག་ལ་གནས་ཁང་གཡར་ནས་ཁང་པ་གཅིག་ན་སྟབས་ཅིག་ཏུ་གཟིམ་པས། བཙུན་པ་དེ་ནམ་མ་ལངས་པ་ནས་ཙོག་པུ་ལ་བསྡད་བསྒོམ་པ་ཙུག་བྱས་ནས་བསམ་མནོ་བཏང་ཞིང་། ཞིང་དང་ཟོག་མང་རབ་ཅིག་ཚོང་བྱས་ནས་ཚོང་འདུས་འགུར་མོ་ན་འགྲོ་ནས་ཚོང་བྱེད། གསེར་སྒྲུབ་ནས་མ་ཤི་བར་ཆོས་རྒྱགས་ལྡང་བ་ཕྱུག་པོ་ཞིག་བྱེད་དགོས་སྙམ་ནས་རྣམ་རྟོག་གི་འཕྲེང་བ་འདྲེན་ཅིང་བསྡད་ནས། རྗེ་བཙུན་ཡར་བཞེངས་ཙ་ན་བཙུན་པ་ན་རེ། ཁྱེད་རྣལ་འབྱོར་པར་ཁས་ལེན་ནས་ཉལ་ནི་རང་སྡོད། ཉམས་ལེན་སྒོམ་རྒྱུ་དུམ་པ་རེ་མེད་པ་ཨེ་ཡིན། ཡང་ན་མིའི་ལས་ཀ་འདྲ་མི་བྱེད་པ་ཟེར་བ་ལ། རྗེ་བཙུན་གྱིས་བཙུན་པ་ཁྱེད་རང་ཞིང་དང་ཟངས་གསེར་ལ་བཙོང་སྟེ་སྐྱིད་ཤོད་དུ་ནས་ལ་སྒྱུར་ཚར་ནས་ཆོས་རྒྱགས་ནི་ཐོན་ཚར། རྣམ་རྟོག་གི་ཕྲེང་བའི་སྒོམ་རྣལ་འབྱོར་པས་མི་ཤེས། ངས་ཉམས་ལེན་འདི་ལྟར་བྱེད་པ་ཡིན་གསུང་ནས་མགུར་འདི་གསུངས་སོ། །
དམ་ཆོས་ཐེག་པའི་མཐར་ཐུག་སྙིང་རྗེའི་དོན། །བླ་མ་ཀུན་གྱིས་བཀུར་བ་སྤྱི་གཙུག་རྒྱན། །མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །སྤྲང་ལས་མ་ནུས་ལ་བྱིན་གྱིས་རློབས། །ཉམས་ལེན་ཆ་གསུམ་བྱེད་པ་ཡིན། །སུམ་ཆ་དེ་གསང་སྔགས་བསྐྱེད་རིམ་བསྒོམ། །སུམ་ཆ་དེ་རྩ་རླུང་ཐིག་ལེ་བསྒོམ། །སུམ་ཆ་དེ་ཕྱག་རྒྱ་ཆེན་པོ་བསྒོམ། །སྤྲང་ལས་མ་ནུས་ཀྱི་ཉམས་ལེན་ཡིན། །བདག་གསང་སྔགས་བསྐྱེད་རིམ་བསྒོམ་ཙ་ན། །གཟུགས་སྣང་སྟོང་བར་སྣང་འཇའ་ཚོན་འདྲ། །སྒྲ་གྲགས་སྟོང་སྙན་གྲགས་བྲག་ཆ་འདྲ། །སེམས་གསལ་སྟོང་ཉི་མའི་སྙིང་པོ་འདྲ། །དེ་ལུས་ངག་ཡིད་གསུམ་ཉམས་ལེན་ཡིན། །སྒོམ་ཐ་མལ་པར་མ་ཤོར་བློ་རེ་བདེ། །སྤྲང་ལས་མ་ནུས་ལ་བྱིན་གྱིས་རློབས། །བདག་རྩ་རླུང་ཐིག་ལེ་བསྒོམ་ཙ་ན། །རྩ་འཁོར་ལོ་བཞི་ཡི་གདམས་པ་བདོག །སྲོག་དབུ་མར་ཚུད་པ་གནད་དུ་བསྣུན། །ཐིག་ལེ་བདེ་ཆེན་ཟག་པ་མེད། །ཉམས་བདེ་གསལ་ཤར་བ་དང་རེ་སྤྲོ། །རྩ་ཐིག་རླུང་གསུམ་དག་པས་དང་རེ་སྤྲོ། །སྤྲང་ལས་མ་ནུས་ལ་བྱིན་གྱིས་རློབས། །བདག་ཕྱག་རྒྱ་ཆེན་པོ་བསྒོམ་ཙ་ན། །དོན་གནས་ལུགས་སྟེང་དུ་ཡིན་ལུགས་འཇོག །རྩོལ་མེད་ཀྱི་སྟེང་དུ་ངེས་ཤེས་ཤར། །སྣང་སྲིད་ཆོས་སྐུའི་རོལ་པར་རྟོགས། །ཡིན་ལུགས་ནང་ནས་ཤར་བས་དང་རེ་སྤྲོ། །ཐེ་ཚོམ་ཡིད་གཉིས་བྲལ་བས་བློ་རེ་བདེ། །སྤྲང་ལས་མ་ནུས་ལ་བྱིན་གྱིས་རློབས། །ཁྱེད་བཙུན་པའི་ཐུགས་ལ་དེ་ལྟར་མཛོད། །ཞེས་གསུང་པས་བཙུན་པ་དེ་དད་པ་ཐོབ་ནས་ཆོས་ཞུས་པས་སྒོམ་ཆེན་བཟང་པོ་ཞིག་བྱུང་ངོ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact