| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (14)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
རྗེ་བཙུན་ཡབ་སྲས་དོམ་ལུང་གི་བྲག་གཅིག་ཏུ་བྱོན་ནས་བཞུགས་པ་ལ། རས་ཆུང་པས་བླ་མ་ལགས། ཕ་ཡུལ་སྤངས་ནས་ཆོས་ཕྱེད་རྫོགས་ཟེར་བ་ཅིག་འདུག་པ་དེ་ཨེ་བདེན་ཞུས་པས། དེ་ལ་ངེས་པ་མི་འདུག་ཆོས་སྤྱི་ལ་དེ་སྐད་ཟེར་ཡང་། ཕ་ཡུལ་ཅུག་སྤངས་ལ་རག་ལས་གསུང་ནས་མགུར་འདི་གསུངས་སོ། །
རིགས་ཀྱི་བདག་པོའི་ངོ་བོ་ཉིད། །སྤྱི་གཙུག་བདེ་ཆེན་ཕོ་བྲང་ན། །སྐྱོན་གྱིས་མ་གོས་བླ་མ་དེ། །ཡོན་ཏན་ཚོགས་ཀྱིས་རབ་བརྒྱན་ཏེ། །སྐུ་ལྟ་བས་མི་ངོམ་རྗེ་ལ་བསྟོད། །ཕ་ཡུལ་སྤངས་པའི་མི་ཡུལ་ཡང་། །ངོ་སྲུང་ལུགས་དང་ཚུལ་བཞིན་དགོས། །གྲགས་དང་སྙན་པ་ཆེ་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབས། །ཟས་བཀུར་སྟི་སྤངས་པའི་སྤྲང་ཟས་དེ། །ཚོལ་གསོག་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་ཞིམ་ལ་མངར་ལ་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །གོས་ཐེར་ཕྲུག་སྤངས་པའི་དུགས་པོ་ཡང་། །ཚེམ་དྲུབས་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་དྲོ་ལ་ཡང་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །མཁར་ཁྱིམ་སྤངས་པའི་ས་ཕུག་ཡང་། །ཐིགས་ཚགས་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་བཙན་ལ་རུབ་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །ཞིང་ཆེན་སྤངས་པའི་ཞིང་ཆུང་ཡང་། །སོ་ནམ་ལུགས་དང་ཚུལ་བཞིན་དགོས། །ལོ་ཐོག་བཟང་ལ་མང་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །འཁོར་བའི་ཆོས་ཉིད་གཞི་བྲལ་དེ། །བརྟགས་ན་ངོས་བཟུང་མེད་པ་ལ། །རྟོགས་ན་མྱ་ངན་འདས་པ་ཡིན། །ཐམས་ཅད་སྟོང་པའི་ཆོས་ཉིད་ལ། །རྣལ་འབྱོར་རྟག་པར་མ་འཛིན་ཅིག །
ཅེས་གསུངས་པས་རས་ཆུང་པས། ལགས་དེ་ལ་གོ་རྒྱུ་བཟང་པོ་ཅིག་བྱུང་། ཆོས་སྤྱི་ལ་བཤད་པ་དེ་ལ་དོན་གོ་རྒྱུ་ཡེ་ནས་མ་བྱུང་ཟིན་ཞུས་པས། འོ་དེ་བཞིན་རང་ཡིན། དོན་དང་ཚིག་གི་འབྲེལ་པ་ལ་དཀའ་མོ་རང་ཡོད། ངེས་ཤེས་སེམས་ལ་མ་སྐྱེས་ན། ཁ་ལ་ལབ་རྒྱུ་མང་ཡང་འཆལ་གཏམ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཆོས་སྙིང་རུས་ནུས་པར་ཐུགས་རྗེས་ཟུངས། །ཕྱི་རབས་གང་ཟག་ཐམས་ཅད་ང་ལ་ཉོན། །ཡོན་ཏན་ཐམས་ཅད་རབ་ལྡན་པའི། །དུས་གསུམ་སངས་རྒྱས་བླ་མ་དེ། །ཆོས་སྐུ་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །ཞལ་ནས་གསུངས་པའི་གདམས་ངག་ལ། །དུག་ལྔ་བཅོམ་པའི་སྨན་མཆོག་དེ། །བདུད་རྩི་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་པ། །བླ་མའི་མཛད་སྤྱོད་རྣམ་ཐར་ལ། །མངོན་སྤྱོད་ལས་རྣམས་བསྒྲུབ་པ་ལ། །སྤྲུལ་སྐུ་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །སེམས་མི་འགྱུ་དགུ་འགྱུའི་རྣམ་རྟོག་འདི། །སྐྱེས་ཀྱང་སྐྱེ་མེད་རྩ་བ་བྲལ། །དྲན་པ་ཡེངས་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །ཉོན་མོངས་དུག་མཚོའི་ཁ་རླངས་འདི། །ཤིང་ཐག་མེ་ཡིས་བསྲེག་པ་བཞིན། །ཉོན་མོངས་འཆིང་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །འདོད་ཁམས་ལྷ་ཡི་བདེ་བ་ཡང་། །ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཨང་། །འཁོར་བ་སྐྱིད་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །མི་རྟག་ནམ་མཁའི་གློག་དང་འདྲ། །འབབ་ཆུ་དང་ནི་སྤོས་རྒྱ་བཞིན། །ཚེ་འདིར་ལོང་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །སྙིང་གཏམ་དུ་རང་གཞན་ཐམས་ཅད་འཆི། །ཅིས་ཀྱང་མི་སྡོད་འཆི་བ་ལ། །འཆི་ཆོས་སྒྲུབ་ལ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །
ཞེས་གསུངས་པས། རས་ཆུང་པ་དང་འབྲི་སྒོམ་གཉིས་སྣང་བ་མཐོ་ལིང་ངེ་སོང་ནས། རས་ཆུང་པས། ན་རོ་པས་སྒོམ་པའི་སྟེང་ནས་ལྟ་བ་རྟོགས་པ་བཞེད་པ་ལེགས་ཟེར། འབྲི་སྒོམ་གླིང་ཁ་བས། མཱཻ་ཏྲི་པས་ལྟ་བའི་སྟེང་ནས་སྒོམ་པ་རྟོགས་པར་བཞེད་པ་ལེགས་ཟེར་ནས། ཆོས་གཏམ་བྱས་པ་ལ། བླ་མའི་ཞལ་ནས། ཁྱེད་རང་གཉིས་ང་ཡི་གླུ་འདི་ལ་ཉོན་ལ་ད་གཟོད་རྩོད་པ་གྱིས་ཤིག་གསུང་ནས་མགུར་འདི་གསུངས་སོ། །
འོ་ན་སྐྱིད་དོ་དེ་རིང་དགའ། །དྲིན་ཅན་བླ་མ་གཙུག་ན་བཞུགས། །འབྲལ་མེད་ཀྱི་རྟོགས་པ་རྒྱུད་ལ་སྐྱེས། །ཁྱོད་དཔྱོད་ཁམས་ཅན་གྱི་སྟོན་སྒོམ་གཉིས། །ཉེར་ལེན་ནང་ནས་མ་འཕྲོད་ན། །ཀུ་ཅོ་འདེབས་པ་ང་རྒྱལ་ཡིན། །སྒྲོ་འདོགས་ནང་ནས་གཅོད་པ་ལ། །མཐའ་བྲལ་གྱི་ལྟ་བ་མི་ཟེར་རམ། །ཉམས་མྱོང་དང་འབྲེལ་པ་ཞིག་རྒྱན་དུ་ཆེ། །བདེ་སྟོང་ཉམས་མྱོང་སྐྱེས་པ་ལ། །སྙན་བརྒྱུད་ཀྱི་གདམས་ངག་མི་ཟེར་རམ། །དབང་བཞི་དང་འབྲེལ་བ་ཞིག་རྒྱན་དུ་ཆེ། །སྟོང་ཉིད་ཀྱི་གསལ་རིག་ཕྱེད་པ་ལ། །ས་ལམ་གྱི་རིམ་པ་མི་ཟེར་རམ། །ལམ་རྟགས་དང་འབྲེལ་པ་ཞིག་རྒྱན་དུ་ཆེ། །རང་སེམས་ཟད་སར་སྐྱེལ་བ་ལ། །ཚེ་གཅིག་གི་སངས་རྒྱས་མི་ཟེར་རམ། །སྐུ་བཞི་དང་འབྲེལ་པ་ཞིག་རྒྱན་དུ་ཆེ། །ལུང་རིགས་དང་མན་ངག་ལྡན་པ་ལ། །བརྒྱུད་ལྡན་གྱི་བླ་མ་མི་ཟེར་རམ། །ཐུགས་རྗེ་དང་འབྲེལ་པ་ཞིག་རྒྱན་དུ་ཆེ། །དད་ལྡན་སྙིང་རྗེ་ཆེ་བ་ལ། །སྣོད་ལྡན་གྱི་སློབ་ལ་མི་ཟེར་རམ། །མོས་གུས་དང་འབྲེལ་པ་ཞིག་རྒྱན་དུ་ཆེ། །ལར་སེམས་ཐག་ལྟ་བས་གཅོད་པ་ཡིན། །ཉམས་སུ་སྒོམ་པས་ལེན་པ་ཡིན། །སྤྱོད་པས་མཐའ་རུ་འདོན་པ་ཡིན། །གྲོགས་སུ་གདམས་ངག་འཁྱེར་བ་ཡིན། །མངོན་དུ་སྐུ་བཞི་བྱེད་པ་ཡིན། །འབྲས་བུ་སེམས་སུ་འདོད་པ་ཡིན། །ཐམས་ཅད་གཅིག་ཏུ་རྩི་བ་ཡིན། །
ཞེས་གསུངས་པས། ཁོང་གཉིས་རང་ཞི་ལ་འཆམ་སྟེ། ཆོས་མང་པོ་ཤེས་པས་ཅི་ལ་ཕན། བླ་མའི་མགུར་རེ་རེས་སྣང་བ་ལིང་ལིང་འགྱུར་ཞིང་ཞུས་པས། བླ་མའི་ཞལ་ནས། ངས་མགུར་བྱས་པས་ཕན་ན་ལེགས་ཏེ། ང་ནི་ད་རུང་སྒོམ་རང་འདོད་གསུངས་ནས་མགུར་འདི་གསུངས་སོ། །
ལུང་རིགས་རྒྱ་མཚོའི་དགོངས་པ་ལ། །ལྟ་བའི་མདོ་འགག་མ་ནོར་ཅིག །བརྒྱ་ལ་མདོ་འགག་ནོར་བ་ན། །སྒོམ་ཆེན་སློབ་གཉེར་དྲན་དྭོགས་ཡོད། །ཉམས་ཟ་ཟི་ལིང་ལང་མང་བ་ལ། །སྒོམ་ཆེན་ཐེ་ཚོམ་མ་ཟ་ཞིག །བརྒྱ་ལ་ཐེ་ཚོམ་ཟོས་པ་ན། །ཉམས་ལ་འདྲེ་རྡུང་བྱེད་ཉེན་ཡོད། །སྙིང་རུས་སྡུག་བསྲན་འབད་དུས་སུ། །སྡིག་སློང་ན་ཚ་འོང་ཉེན་ཡོད། །བརྒྱ་ལ་ན་ཚ་བྱུང་བ་ན། །ལོག་པའི་རིམ་གྲོ་བྱེད་ཉེན་ཡོད། །འབྲས་བུ་སངས་རྒྱས་ཐོབ་འདོད་ན། །ཉམས་ལིང་ལོང་མཐོན་དམན་མང་པོ་འོང་། །དེ་ལ་རང་སར་མ་བཞག་ན། །སྤང་བླང་བྱས་པས་སྒོམ་ཆེན་འཁྲུལ། །བླ་མའི་ངོ་སྤྲོད་མ་མཆིས་པའི། །སྒོམ་ལོ་བྱས་ཀྱང་དོན་མི་རྟོགས། །མང་པོ་བཤད་ཀྱང་གོ་རྒྱུ་མེད། །མན་ངག་གནད་འགག་ཟིན་པ་གྱིས། །མི་མེད་ལུང་པ་སྟོང་པ་ན། །མི་ལ་རས་པ་ཉམས་མྱོང་སྐྱོང་། །མི་ལ་སྒོམ་བསྲན་མ་ཆུང་ཞིག །བརྒྱ་ལ་སྒོམ་བསྲན་ཆུང་བ་ན། །སེམས་ལེ་ལོའི་འདམ་དུ་བྱིང་ཉེན་ཡོད། །འདིར་ཁ་བཤད་ཆོས་གཏམ་མ་རྩོད་པར། །སེམས་སྒོམ་འདོད་ཡེང་བ་མེད་པར་བརྩོན། །
ཞེས་གསུངས་སོ། །དེ་ཐམས་ཅད་དོམ་ལུང་བྲག་གསེབ་ཀྱི་སྐོར་རོ།། །།
དེ་ནས་རྗེ་བཙུན་བྲིན་གྱི་སྤྲོ་བདེ་ཕུག་ན་བཞུགས་དུས་སློབ་མ་རས་པ་རྡོ་རྗེ་དབང་ཕྱུག་རི་ཁྲོད་ནས་བབས་ཏེ་ཡུལ་དུ་འགྲོ་བར་འདོད་ནས། ཕྱི་ཕྱག་སྐྱེལ་དུ་ཕྱིན་པ་དང་། ཡོན་བདག་འགའ་བྱུང་ནས་ངེད་ཚོས་ཉམས་ལེན་གང་ལ་བྱེད་ཞུས་པས་མགུར་འདི་གསུངས་སོ། །
སེམས་ལས་གཞན་པའི་སངས་རྒྱས་མེད། །ལམ་རྩ་དང་རླུང་ལས་མྱུར་བ་མེད། །ཉམས་བདེ་སྟོང་གཉིས་ལས་བཟང་བ་མེད། །ལྷ་དཀོན་མཚོག་གསུམ་ལས་གཉན་པ་མེད། །དྲིན་བླ་མ་རྗེ་ལས་ཆེ་བ་མེད། །དེ་འགྲོ་བ་ཀུན་གྱི་སྤྱི་བོར་བཀུར། །མ་ནོར་ལམ་སྣ་མྱུར་དུ་འདྲེན། །ཡིད་ཆེས་དྲོད་རྟགས་འབྲལ་བ་མེད། །དེ་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན། །དྲོད་ཚད་ནང་ནས་ཤར་བ་ཡིན། །རེ་དོགས་གཉིས་པོ་མི་གདའ་ན། །རང་གི་སེམས་ཐག་ཆོད་པ་ཡིན། །ཐེ་ཚོམ་ཡིད་གཉིས་མི་གདའ་ན། །བརྒྱུད་པའི་གདམས་ངག་ཐེབས་པ་ཡིན། །སྣང་སྲིད་སྒྱུ་མར་འབྱོངས་པ་ཡིན། །སྣང་བ་བྱིན་གྱིས་རླབས་པ་ཡིན། །སེམས་ཅན་སྙིང་རྗེས་ཟིན་པ་ཡིན། །བྱམས་པ་རྒྱུད་ལ་སྐྱེས་པ་ཡིན། །བླ་མ་སངས་རྒྱས་སུ་ཤེས་པ་ཡིན། །བྱིན་རླབས་ལག་བཅངས་སུ་ཐོབ་པ་ཡིན། །ཟུར་སྡེབ་ཚིག་རྐང་གཅོད་པ་ལ། །གོ་བས་བསམ་ན་ཆོས་སུ་འདུག །མ་གོ་སྟོང་འགྱུར་དབྱངས་སུ་མཐོང་། །བདག་རྣལ་འབྱོར་གཡར་ཁམས་སྙོམས་པ་འདི། །དེ་འབྱུང་བ་ཚ་གྲང་འདྲེས་པ་ཡིན། །བུ་རས་པ་སྐུ་ཁམས་བདེ་ལགས་སམ། །ཞེས་གསུང་ནས་གདམས་ངག་གནང་ཞིང་བསྒོམ་དུ་བཅུག་པས། སློབ་མ་དེ་རྣམས་ལ་ཉམས་རྟོགས་སྐྱེས་ནས། ཁོང་རྣམས་ན་རེ། བླ་མའི་བཞུགས་གནས་ཅི་ཙམ་ཡོད། དངོས་གྲུབ་དང་ཐུགས་དམ་གང་དུ་འཕེལ། བདེ་སྐྱིད་དང་སྤྲོ་བ་ཇི་ལྟ་བུ་སྐྱེས་ཞུས་པས། མགུར་འདི་གསུངས་སོ། །
ང་ཡི་བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །ཡང་མྱེས་ཏེ་ལོ་བཟང་པོ་ཡིན། །མེས་པོ་ན་རོ་པཎ་ཆེན་ཡིན། །ཕ་རྒན་མར་པ་ལོཙྪ་ཡིན། །ང་རང་མི་ལ་རས་པ་ཡིན། །གདམས་ངག་འོད་གསལ་རྒྱུན་ཆགས་ཡིན། །དེ་ནི་ཡིན་པ་རྣམ་དྲུག་ཡིན། །དྲུག་པོ་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་རྫུན་དྲུག་འཆད། །མི་ལའི་རྫུན་དྲུག་འཆད་ཙམ་ན། །གནས་ཆུ་ཤིང་འཛོམ་པའི་དགོན་པ་ན། །ཉེ་གནས་ཟེར་བ་རྫུན་དུ་གདའ། །ཟ་རོགས་ངན་པ་དགོས་རྒྱུ་མེད། །གཏམ་ངན་མང་པོ་རྣ་བ་ཚ། །ལུས་ལ་གཏུམ་མོ་འབར་ཙམ་ན། །ཐེར་ཕྲུག་མང་པོ་རྫུན་དུ་གདའ། །དུག་རུལ་ཁྲེས་པོས་བྱ་རྒྱུ་མེད། །ཤི་དུས་གྲོགས་མཆེད་ཞེན་པ་ལོག །སྒོམ་ཏིང་འཛིན་རང་ས་ཟིན་ཙམ་ན། །ཤ་ཆང་ཞིམ་ལྟོ་རྫུན་དུ་གདའ། །བྲལ་བྲེལ་མང་བས་སྣང་བ་སྤུན། །ཉལ་དུས་ཡི་མུག་དགེ་སྦྱོར་འཁྲུགས། །ཞེན་པ་ནང་ནས་ལོག་ཙམ་ན། །ནོར་ཟས་མང་པོ་རྫུན་དུ་གདའ། །ཁེ་ཚོང་མང་པོས་དགོས་པ་མེད། །ཅིས་ཀྱང་སྡིག་པའི་རྣམ་སྨིན་འགོ །སྙིང་རུས་སྡུག་བསྲན་བསྐྱེད་དུས་སུ། །འཁོར་སློབ་ཟེར་བ་རྫུན་དུ་གདའ། །མཇལ་འཕྲད་མང་པོས་དགོས་པ་མེད། །ཅིས་ཀྱང་དགེ་སྦྱོར་འཆག་པ་ཡིན། །མཁའ་འགྲོའི་སྙན་བརྒྱུད་སྒོམ་དུས་སུ། །ཆོས་བཤད་མང་པོ་རྫུན་དུ་གདའ། །བཤད་པ་མང་པོས་དགོས་པ་མེད། །ཅིས་ཀྱང་ང་རྒྱལ་སུས་ཀྱང་འདོད། །རྫུན་དྲུག་མན་ངག་རྡོ་རྗེའི་མགུར། །ཤེས་པར་གྱིས་ལ་གོ་བ་ལོང་། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་ཆེ་དྲུག་འཆད། །མི་ལའི་ཆེ་དྲུག་འཆད་ཙམ་ན། །བླ་མ་དཀོན་མཆོག་བཀའ་དྲིན་ཆེ། །ཡི་དམ་མཁའ་འགྲོ་བྱིན་རླབས་ཆེ། །ཆོས་སྐྱོང་མགོན་པོ་མཐུ་རྩལ་ཆེ། །སྙན་བརྒྱུད་གདམས་ངག་ཟབ་ཏིག་ཆེ། །མི་ལ་རས་པས་སྒོམ་སྲན་ཆེ། །གྲྭ་པ་བུ་སློབ་དད་པ་དེ། །མི་ལའི་ཆེ་དྲུག་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་བདེ་དྲུག་འཆད། །མི་ལའི་བདེ་དྲུག་འཆད་ཙམ་ན། །མི་མེད་ལུང་སྟོང་སྣང་བ་བདེ། །བླ་མའི་གདམས་ངག་སེམས་ལ་བདེ། །འབོལ་ཆུང་དྲོན་མོ་འོག་ན་བདེ། །གཡའ་གམ་བདེ་མོ་སྟེང་དུ་བདེ། །འགྲང་ལྟོགས་རན་པའི་སྒྱུ་ལུས་བདེ། །འཕྲུལ་འཁོར་ལུས་ཀྱི་བཅའ་ཐབས་བདེ། །མི་ལ་བདེ་དྲུག་པོ་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་འདུས་དྲུག་འཆད། །མི་ལའི་འདུས་དྲུག་འཆད་ཙམ་ན། །རྩ་རླུང་དབུ་མའི་ནང་དུ་འདུས། །ཉིན་པར་མི་ཡི་ཚོགས་རྣམས་འདུས། །བྱང་སེམས་འཁོར་ལོའི་སྲོག་ལ་འདུས། །ནུབ་མོ་མཁའ་འགྲོ་ཚོགས་སུ་འདུས། །རང་སེམས་སྙིང་རྗེའི་ཡུལ་དུ་འདུས། །ནང་ནུབ་ཟས་ནོར་ཚོགས་སུ་འདུས། །མི་ལ་འདུས་དྲུག་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་རྫོང་དྲུག་འཆད། །མི་ལའི་རྫོང་དྲུག་འཆད་ཙམ་ན། །རག་མ་བྱང་ཆུབ་སྒྲུབ་པའི་རྫོང་། །སྤོ་རི་སྤོ་མཐོན་ནམ་མཁའ་རྫོང་། །བྲག་དམར་མཆོང་གླིང་ཁྱུང་གི་རྫོང་། །མོན་གྱི་སྐྱིད་ཕུག་ཉི་མ་རྫོང་། །ཀ་ཏིའི་ཤེལ་ཕུག་ཆུ་ཤིང་རྫོང་། །བྲག་དཀར་རྟ་སོ་དབུ་མ་རྫོང་། །མི་ལ་རྫོང་དྲུག་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་བཟང་དྲུག་འཆད། །མི་ལའི་བཟང་དྲུག་འཆད་ཙ་ན། །ཕྱག་རྒྱ་ཆེན་པོ་ལྟ་བ་བཟང་། །ན་རོ་ཆོས་དྲུག་སྒོམ་པ་བཟང་། །ཐབས་ལམ་ཟབ་མོ་སྤྱོད་པ་བཟང་། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་བཟང་། །བཀའ་བརྒྱུད་བླ་མ་བྱིན་རླབས་བཟང་། །མི་ལ་རས་པ་གདམས་ངག་བཟང་། །མི་ལ་བཟང་དྲུག་པོ་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །ཁྱེད་འདིར་བཞུགས་བུ་སློབ་ཡོན་བདག་རྣམས། །ཕན་པའི་ཆོས་ལ་བྱེད་མཁན་མེད། །གནོད་པའི་སྡིག་ལ་ཧབ་ཐོབ་བྱེད། །སྡུག་བསྔལ་སྡིག་སྒྲིབ་འབྲས་བུ་ཡིན། །སྡུག་པ་རང་གིས་བྱས་པ་ཡིན། །བདེ་བ་དགེ་བའི་འབྲས་བུ་ཡིན། །བདེ་སྐྱིད་རང་གི་རང་ལ་བྱེད། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །
ཞེས་གསུང་པས་དེར་བཞུགས་པ་ཐམས་ཅད་སྣང་བ་འགྱུར་ཞིང་ཆོས་ལ་སྤྱོད་པར་གྱུར་ཏོ། །དེ་ཐམས་ཅད་བྲག་དཀར་རྟ་སོའི་སྐོར་རོ།། །།
དེ་ནས་རྗེ་བཙུན་དཔོན་སློབ་གཉིས་རྒྱལ་གྱི་རྩིབ་རིའི་ལྷོ་ཕྱོགས་སྙི་ཤོང་བྱ་བའི་རི་ལ་སྒྲུབ་པ་མཛད་ཅིང་བཞུགས་པའི་དུས་སུ་རྗེ་བཙུན་གྱི་ཐུགས་དགོངས་ལ། ངས་སྒྲུབ་པ་བྱས་པའི་གནས་མང་དུ་ཡོད་ཀྱང་། འདིའི་རྟོགས་པ་ཙམ་གཞན་དུ་ཡེ་མ་བྱུང་བས། འདི་ལ་བསྟོད་པ་ཅིག་བྱེད་དགོས་དགོངས་ནས་མགུར་འདི་གསུངས་སོ། །
རྗེ་བླའི་ཞབས་ལ་ཕྱག་འཚལ་ལོ། །གནས་བྱིན་རླབས་ཅན་གྱི་རྩིབ་རི་ལ། །སྔོན་དགྲ་བཅོམ་ལྔ་བརྒྱའི་བཞུགས་གནས་ཡོད། །ད་ལྟ་མི་ལ་རས་པའི་བཞུགས་གནས་ཡོད། །གནས་བྱིན་རླབས་ཅན་གྱི་རྩིབ་རི་ན། །གནས་ཆེན་ཆུ་ཐག་རིང་སྟེ་ལམ་ཐག་ཉེ། །ཤིང་ཕུང་དཀོན་ཡང་གདམས་ངག་མོད། །གནས་བྱིན་རླབས་ཅན་གྱི་རྩིབ་རི་ན། །འཚོ་བ་དཀོན་ཏེ་བསམ་གཏན་འཕེལ། །ཡི་དམ་བདེ་མཆོག་འཁོར་ལོ་བཞུགས། །དེ་མཆོག་གི་དངོས་གྲུབ་སྟེར་བའི་ལྷ། །གནས་བྱིན་རླབས་ཅན་གྱི་རྩིབ་རི་ན། །ཆོས་སྐྱོང་མགོན་པོ་ལྕམ་དྲལ་བཞུགས། །དེ་བར་ཆད་སེལ་བའི་ཆོས་སྐྱོང་ཡིན། །དུས་ངན་གྱི་གནས་དགོན་ཆགས་སྡང་རྒྱུ། །ང་མི་ལ་སྒོམ་ཆེན་སྒོམ་དུ་འགྲོ། །གནས་རྫོང་ལ་སྒོམ་དུ་འགྲོ་བ་ལགས། །ཞེས་གསུངས་སོ། །
དེ་ནས་ལུང་པ་དེའི་མདའ་སྙི་ཤོང་ཞེས་པ་ན་ཁྱི་ར་བ་མགོན་པོ་རྡོ་རྗེ་ཞེས་བྱ་བ་ཤྭ་བ་ལ་སོགས་རི་དྭགས་ཐམས་ཅད་གསོད་པ་ཞིག་ཡོད་པ་ལ། དེར་ནུབ་ཅིག་རྗེ་བཙུན་གྱི་རྨང་ལམ་དུ་ཆོ་འཕྲུལ་མང་དུ་བྱུང་བས། སྔོན་གྱི་ལས་ཅན་གྱི་སློབ་མ་ཞིག་འོང་བ་ཡིན་ནམ། ཡང་ན་བདུད་ཀྱི་བསླུ་བ་ཡིན་ནམ་དགོངས་ཏེ། ཕྱིར་ནང་སྐྱོ་བསང་ལ་བྲག་ཁ་ཞིག་ན་ཕྱོགས་བཅུར་གཟིགས་ཤིང་བཞུགས་ཙ་ན། ཤྭ་བ་ཕོ་གཅིག་ཁ་ཏང་དོ་བྱུང་བ་ལ་རྗེ་བཙུན་གྱི་ཐུགས་དགོངས་ལ། ཤྭ་བ་འདིའི་རྐྱང་ལ་འདུག །ཕར་ལ་ནི་གནོད་པ་སྐད་ཅིག་ཀྱང་མི་བྱེད། ཚུར་ལ་ནི་གནོད་པ་མང་བ་འདི་ལས་མི་སྣང་། སྔོན་ཡང་ལས་ངན་ལས་གྲུབ། ད་ཤི་ཡང་དམྱལ་བར་འགྲོ་བར་སྣང་། འདི་ལ་ཕན་བཏགས་པའི་ཁ་ད་ཚིག་གསུམ་བྱེད་ན་སྔོན་གྱི་ལས་འཕྲོ་ཡོད་ན་གོ་ཡང་སྲིད། སེམས་ཅན་འདི་ཀུན་གྱི་རྒྱུད་ལ་ཡང་སངས་རྒྱས་ཀྱི་རྒྱུ་ཡོད་པས་ང་ཆོས་བྱེད་པའི་མི་ཡིན་པས། ཤྭ་བ་འདི་ལ་ཡང་ཁྲིད་ཅིག་ཨེ་ཐེབས་ལྟ་དགོས་དགོངས་ནས་ཏིང་ངེ་འཛིན་གྱིས་ཞགས་པས་བཅིང་སྟེ་ཤྭ་བ་ལ་མགུར་འདི་གསུངས་སོ། །
ཕ་སྒྲ་བསྒྱུར་རྒྱལ་པོ་ཐུགས་རྗེའི་དཔལ། །མྱུར་དུ་གཟིགས་ལ་ཐུགས་རྗེས་སྐྱོབས། །ཁྱོད་སེམས་ཅན་ཤྭ་བའི་ལུས་ལ་ཚེར་མའི་མགོ །ཤྭ་ལུས་ཚེར་མགོ་ཁྱོད་ང་ལ་ཚུར་ཉོན་དང་། །ཕྱི་ཤ་ཁྲག་བྲོས་ཀྱང་མི་ཐར་བས། །ནང་སེམས་ཉིད་འབྲོས་པའི་དུས་ལ་བབ། །སྒོམ་འོད་གསལ་སྒོམ་པའི་དུས་ལ་བབ། །སེམས་རེ་ཡང་རེ་ལ་དྭོགས་ཀྱང་དྭོགས། །རེ་བས་འབྲོས་ཀྱི་ཐར་ལ་རེ། །དྭོགས་པས་ཁྱི་ཡི་བཟུང་གི་དྭོགས། །རེ་དྭོགས་གཉིས་ཀྱིས་འཁོར་བར་འཁྱམས། །འཁོར་བ་མི་རྟག་སྡུག་བསྔལ་རྒྱུ། །ཤིན་ཏུ་བདེ་བ་དམ་པའི་ཆོས། །ཤྭ་བ་ལྷ་ཆོས་བྱེད་པའི་དུས་ལ་བབ། །རང་མགོ་འདོན་པའི་དུས་ལ་བབ། །ཞེས་གསུང་པས་ཤྭ་བ་དེས་ཁོང་གི་གསུང་གོ་ནས་གཡས་ཕྱོགས་ནས་ཚུར་ཉན་པ་དང་། ཡང་མགུར་གསུངས་སོ། །
ཁྱོད་དུད་འགྲོའི་ལུས་ལ་ཚེར་མའི་མགོ །བྱོལ་སོང་ཚེར་མགོ་ཁྱོད་ང་ལ་ཚུར་ཉོན་དང་། །མི་ན་ནིང་ཡོད་པ་དོ་ཅིག་མེད། །ཁྱོད་སྐྱེ་ཤི་གཉིས་ཀྱིས་མི་འཇིགས་སམ། །སྐྱེ་ཤི་གཉིས་ཀྱིས་འཇིགས་པ་ན། །ད་རུང་ཅང་ཙམ་ཡར་ལ་ཐུད། །ཁྱོད་ཕྱི་སྒྱུ་ལུས་བྲོས་ཀྱི་མ་ཐར་ན། །ནང་རང་སེམས་འབྲོས་པའི་དུས་ལ་བབ། །ཨ་པ་རང་སེམས་འབྲོས་པའི་དུས་ལ་བབ། །འབྲུག་འར་འར་ཆེ་ཡང་སྟོང་པའི་སྒྲ། །འཇའ་ཚོན་རི་མོ་ལེགས་ཀྱང་ཡལ་ནས་འགྲོ། །བོད་མགོ་བརྒྱའི་ནང་ནས་རང་མགོ་གཅེས། །ཞབས་སོར་མོ་བཅུ་ལ་གང་བཅད་ཚ། །ཁྱོད་ཤྭ་བ་རང་མགོ་འདོན་པའི་དུས་ལ་བབ། །ཚེ་འདི་ལ་སྐྱིད་པའང་ལྷ་ཆོས་ཡིན། །ཕྱི་མ་སྐྱིད་པའང་ལྷ་ཆོས་ཡིན། །ཕྱི་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །དེ་ལ་ཐར་བར་འདོད་ན་ལྷ་ཆོས་མཛོད། །
ཅེས་གསུང་བས། ཤྭ་བ་དེས་ཀྱང་མོས་པ་དང་གུས་པའི་ཚུལ་གྱིས་ལན་གསུམ་དུ་སྐོར་བ་བྱས་ནས་མདུན་དུ་ལག་པ་ས་ལ་ལན་གསུམ་བརྡབས་ནས་ཆོས་ཉན་པའི་ཚུལ་དུ་ཉལ་སྟེ་སྐྱུག་ལྡད་ཡཾ་ཡཾ་བློ་ཤིན་ཏུ་བདེ་བར་བསྡད་དོ། །དེའི་རྟིང་དུ་ཁྱི་མོ་དམར་མོ་རྔ་མ་དཀར་དམར་གྱིས་མགུལ་རྒྱན་ཅན་ཞེ་སྡང་གི་རྒྱུད་གང་བ་ཅིག་སྐད་ནམ་འཕང་གི་ཆ་ལ་གྲག་པ། སྐད་གྲག་པ་ཙམ་གྱིས་སེམས་ཅན་ཐམས་ཅད་སྐྲག་དངངས་བྱེད་པ་ཞིག་བྱུང་ནས། རྗེ་བཙུན་མཐོང་བ་ཙམ་གྱིས་མོའི་ང་རྒྱལ་ཞི། ཤྭ་བ་མཐོང་བ་ཙམ་གྱིས་མོ་ང་རྒྱལ་སྐྱེ་ནས། འཇུ་འབལ་དཔག་ཏུ་མེད་པ་བྱས་པས། རྗེ་བཙུན་གྱི་ཐུགས་དགོངས་ལ། ཨ་ཙ་མ་སྔོན་གྱི་ལས་ངན་གྲུབ་པས་ད་རེས་ཁྱིའི་ལུས་བླངས། ཤི་ན་དམྱལ་བར་འགྲོ་བར་འདུག །མི་དང་འགྲོགས་ཡུན་རིང་བས་ཤྭ་བ་ལས་གོ་བ་ཆེ་སྟེ་འོང་། འདི་ལ་ལན་གཅིག་བཏགས་ནས་བྱང་ཆུབ་ཀྱི་ལམ་ལ་འདྲེན་དགོས་དགོངས་ནས་མགུར་འདི་གསུངས་སོ། །
ཁྱོད་སེམས་ཅན་ཁྱི་ཡི་ལུས་ལ་སྤྱང་ཀིའི་གདོང་། །ཁྱི་ལུས་སྤྱང་གདོང་ཁྱོད་ང་ལ་ཚུར་ཉོན་དང་། །ཕྱི་ཤྭ་བ་བསད་ཀྱི་མ་སོད་པས། །ནང་ང་རྒྱལ་གསོད་པའི་དུས་ལ་བབ། །སྒོམ་འོད་གསལ་སྒོམ་པའི་དུས་ལ་བབ། །སེམས་རེ་ཡང་རེ་ལ་དྭོགས་ཀྱང་དྭོགས། །རེ་བས་ཤྭ་བ་སོད་ལ་རེ། །དྭོགས་པས་ཤྭ་བ་ཤོར་གྱི་དྭོགས། །རེ་དྭོགས་གཉིས་ཀྱིས་འཁོར་བར་འཁྱམ། །འཁོར་བ་མི་རྟག་སྡུག་བསྔལ་རྒྱུ། །ཤིན་ཏུ་བདེ་བ་དམ་པའི་ཆོས། །ཁྱི་མོ་ལྷ་ཆོས་བྱེད་པའི་དུས་ལ་བབ། །རང་སེམས་འཛིན་པའི་དུས་ལ་བབ། །ཞེས་གསུང་པས་ཁྱི་དེས་ཀྱང་ཁོང་གི་གསུང་གོ་ནས་གཡོན་ཕྱོགས་ནས་ཚུར་ཉན་ནས་བསྡད་པ་དང་། ཡང་མགུར་འདི་གསུངས་སོ། །
ཁྱོད་ཡི་དྭགས་ལུས་ལ་གཅན་གཟན་གདོང་། །ཡི་དྭགས་གཅན་གཟན་མགོ་ཁྱོད་ཚུར་ཉོན་དང་། །མི་ན་ནིང་ཡོད་པ་དོ་གཅིག་མེད། །ཁྱོད་སྐྱེ་ཤི་གཉིས་ཀྱིས་མི་འཇིགས་སམ། །སྐྱེ་ཤི་གཉིས་ཀྱིས་འཇིགས་པ་ན། །ད་རུང་ཅུང་ཙམ་ཡར་ལ་ཐུད། །ཁྱོད་ཕྱི་ལུས་སེམས་བདས་ཀྱི་མ་སླེབས་ན། །ནང་སེམས་ཉིད་འཛིན་པའི་དུས་ལ་བབ། །ཨ་པ་རང་སེམས་འཛིན་པའི་དུས་ལ་བབ། །འབྲུག་འར་འུར་ཆེ་ཡང་སྟོང་པའི་སྒྲ། །འཇའ་ཚོན་རི་མོ་ལེགས་ཀྱང་ཡལ་ནས་འགྲོ། །བོད་མགོ་བརྒྱའི་ནང་ནས་རང་མགོ་གཅེས། །ཞབས་སོར་མོ་བཅུ་ལ་གང་བཅད་ཚ། །ཁྱོད་ཁྱི་མོ་རང་མགོ་འདོན་པའི་དུས་ལ་བབ། །ཚེ་འདི་ལ་སྐྱིད་པའང་ལྷ་ཆོས་ཡིན། །ཕྱི་མ་སྐྱིད་པའང་ལྷ་ཆོས་ཡིན། །ལས་དེ་ལ་སོམ་དང་ཁྱི་མོ་ཁྱོད། །ཞེས་གསུང་པ་དང་ཁྱི་མོ་དེས་ཀྱང་མོས་དང་གུས་པའི་ཚུལ་དུ་བསྐོར་བ་ལན་གསུམ་བྱས་ནས་ཤྭ་བ་དེའི་གཡས་ཕྱོགས་སུ་བོ་ལེའི་བརྐྱང་བའི་སྟེང་དུ་འགྲམ་པ་བཞག་ནས་ཆོས་ཉན་པའི་ཚུལ་དུ་གློ་ཕབ་ནས་བསྡད་དོ། །
ཡང་དེའི་ཕྱི་ནས་མི་གཞོན་ལོ་སུམ་ཅུ་ལོན་པ་ཞིག་དགོ་བའི་སློག་པ་རས་དཀར་པོས་གཡོགས་པ་ཞིག་གྱོན་སྐེ་རག་རྒྱ་མ་ཞིག་བཅིངས། རྐང་ལ་དོར་མོང་དང་སུམ་ལྷམ་སྔོ་བཞི་ཞིག་གྱོན། མགོ་ལ་ཞྭ་དཀར་ཅིག་གྱོན། རྐེད་གསེབ་ན་མདའ་ལྔ་བརྒྱུས། ལག་པ་གཡས་ན་མདའ་ཅིག་དང་གཡོན་ན་གཞུ་ཞིག་བཟུང་བ། ཞགས་ཐག་ཁྲ་བོ་གཅིག་སེ་རལ་ཁར་ཁུར་རྐེད་ན་གྲི་ཐུང་བཅུག་པ་རྡུལ་ཤམ་མེ་བ་བྱུང་ནས་རྗེ་བཙུན་ལ་བལྟས་ཤིང་འདི་སྐད་ཟེར་རོ། །ཁོ་དེ་རྣལ་འབྱོར་པ་ཁྱོད་དབྱར་ཀར་སྤྲང་བྱེད། དགུན་སྐྱུར་སྤྲང་བྱེད། ནམ་ཟླ་སྟོན་དཔྱིད་མེད་པར་སྤྲང་བའི་སྤྲང་པོ་ཁྱོད་ཉོན་དང་། ངས་ལུང་པ་འདིའི་ཕུ་ན་ཤྭ་བ་བསད་ཀྱང་ཁྱོད་ཀྱིས་ཁ་འཆིང་བྱས། མདའ་ན་བསད་ཀྱང་ཁྱོད་ཀྱིས་ཁ་འཆིང་བྱས་ནས་ཤྭ་བ་མ་སོད། རྣལ་འབྱོར་པ་ཁྱོད་ཕུ་རི་གསུམ་གྱི་རྩེ་ན་ཡང་ཁྱོད་ཕྱིན་ཟིན། མདའ་ལུང་གསུམ་གྱི་མདོ་ན་ཡང་ཁྱོད་ཕྱིན་ཟིན། ད་ནི་ཁྱི་དང་ཤྭ་བ་འཐབ་སའི་བར་དུ་ཡང་ཁྱོད་ཕྱིན་ཟིན། ངས་དམག་ལས་ཁྲལ་གསུམ་དང་ངེད་བཟའ་མི་བདུན་ཡོད་པ་ལ། ཟས་ཚོལ་མཁན་ཁྱི་འདི་དང་ངེད་གཉིས་ཡོད་པ་ལ། ཤྭ་བ་མ་བཀག་ནས་བཏང་ན། ངའི་གློག་ལྕམ་འབར་མ་འདིས་མཐའ་ཆེན་མཐའ་ཆུང་ལ་བསྐྱུར་དུ་ནི་ཡོད་པས། ངས་ཁྱིམ་དུ་ཁལ་ལེན་པས་ཆོག་པ་དེ། རྣལ་འབྱོར་པ་ཁྱོད་ཤྭ་བ་དང་ཁྱི་བཀག་ཟིན་པ་ཅི་ཡིན་ཟེར་ནས། མདེལ་རེ་ལ་སོག་ཙམ་ཡོད་པའི་མདའ་གཅིག་ཡར་དྲངས་ནས་ལྟོང་སྦྱར་ནས། དེ་རིང་ངས་ཁྱོད་མདའ་གཅིག་ལས་མི་གཏོང་ན་དེ་འདྲ་ཅིག་ཡིན་ཟེར་ནས་རྗེ་བཙུན་གྱི་ཐུགས་ཀར་མདའ་གཅིག་བརྒྱབ་པས་མདེལ་རྩེ་ལྕགས་ཀྱུ་ལྟར་གུག་པར་གྱུར་ཏོ། །དེར་རྗེ་བཙུན་གྱི་ཐུགས་དགོངས་ལ། ཨ་ཙ་མ་སེམས་ཅན་འདི་འདྲ་བས་མི་ལུས་ཐོབ་ཀྱང་དོན་གོ་མི་སྣང་། རྔོན་པའི་ལུས་སུ་སྐྱེས་པས་ཤི་ཙ་ན་དམྱལ་བར་འགྲོ་བར་འདུག །ད་འདི་ལ་ཕན་ཅིག་གདགས་དགོས་ཁྱི་དང་ཤྭ་བ་དུད་འགྲོ་ཡིན་ཀྱང་མིའི་ཚིག་གོ་བདོ་བས། ཁོ་མི་ཡིན་པས་གོ་སྟེ་འོང་དགོངས་ནས། ཁྱི་ར་བ་ཁྱོད་ཁོ་བོའི་གླུ་འདི་ལ་དར་ཅིག་གསོན་དང་གསུང་ནས་མགུར་འདི་གསུངས་སོ། །
ཁྱོད་སེམས་ཅན་མི་ཡི་ལུས་ལ་སྲིན་པོའི་གདོང་། །མི་ལུས་སྲིན་གདོང་ཁྱོད་ང་ལ་ཚུར་ཉོན་དང་། །ཁྱོད་རེ་བས་མདུན་གྱི་ཤྭ་བ་སོད་ལ་རེ། །དྭོགས་པས་མདུན་གྱི་ཤྭ་བ་ཤོར་གྱིས་དྭོགས། །བློ་རེ་དྭོགས་ཀྱི་བར་དེར་འཁོར་བར་འཁྱམ། །ཁྱོད་རེ་དྭོགས་ཀྱི་བར་དེར་བསམ་བློ་ཐོང་། །ཁྱོད་ཀྱིས་ཕྱི་ཤྭ་བ་དེད་ཀྱང་མི་ཟིན་གྱི། །ནང་སེམས་ཉིད་འཛིན་པའི་དུས་ལ་བབ། །བུ་རང་སེམས་འཛིན་པའི་དུས་ལ་བབ། །སྒོམ་འོད་གསལ་སྒོམ་པའི་དུས་ལ་བབ། །རྔོན་པ་ཚེ་འདི་སྐྱིད་ལ་ཕྱི་མ་བདེ། །འདི་ཕྱི་གཉིས་ཀ་སྐྱིད་པའི་ལྷ་ཆོས་མཛོད། །
ཅེས་གསུང་པས། ཁྱི་ར་བའི་བསམ་པ་ལ་ཁྱི་ཤྭ་བ་གཉིས་དགྲ་གཤེད་ཡིན་ལྷན་དུ་ཉལ་ནས་སྣང་། ཅི་འདྲ་ཞིག་ཡིན་སྙམས་ཏེ། ཕྱག་འཚལ་ནས་མདུན་དུ་བསྡད་ཙ་ན། བླ་མས་སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ནས། ཁོ་ལ་བྱམས་པ་དང་སྙིང་རྗེ་བསྒོམ་པས་ཁོའི་ང་རྒྱལ་ཞི་བ་ལ་མགུར་འདི་གསུངས་སོ། །
ཁྱོད་མི་ཡི་ལུས་ལ་གཤིན་རྗེའི་མགོ །མི་ལུས་གཤིན་མགོ་ཁྱོད་ང་ལ་ཚུར་ཉོན་དང་། །མི་ན་ནིང་ཡོད་པ་དོ་ཅིག་མེད། །ཁྱོད་སྐྱེ་ཤི་གཉིས་ཀྱིས་མི་འཇིགས་སམ། །སྐྱེ་ཤི་གཉིས་ཀྱིས་འཇིགས་པ་ལ། །ད་རུང་ཅུང་ཙམ་ཡར་ལ་ཐུད། །ཁྱོད་སྒྱུ་ལུས་བསད་ཀྱི་མ་སོད་ན། །ནང་སེམས་ཉིད་གསོད་པའི་དུས་ལ་བབ། །ཨ་པ་རང་སེམས་གསོད་པའི་དུས་ལ་བབ། །འབྲུག་འར་འུར་ཆེ་ཡང་སྟོང་པའི་སྒྲ། །འཇའ་ཚོན་རི་མོ་ལེགས་ཀྱང་ཡལ་ནས་འགྲོ། །བོད་མགོ་བརྒྱའི་ནང་ནས་རང་མགོ་གཅེས། །ཕྱག་སོར་མོ་བཅུ་ལ་གང་བཅད་ཚ། །དེ་བས་ཁྱོད་རང་མགོ་འདོན་པའི་དུས་ལ་བབ། །ཚེ་འདི་ལ་སྐྱིད་པ་ལྷ་ཆོས་ཡིན། །ཕྱི་མ་སྐྱིད་པའང་དམ་ཆོས་ཡིན། །ཁྱོད་དེ་ལ་སོམ་ལ་ལྷ་ཆོས་མཛོད། །ཚེ་ཕྱི་མ་ཡིད་ལ་ཞོག་ཅིག་སྐལ་ལྡན་ཁྱོད། །
ཞེས་གསུང་པས། ཁོ་དད་པ་ལྷག་པར་སྐྱེས་ནས་ཕྱག་འཚལ་བ་དང་བསྐོར་བ་མང་པོ་བྱས་ཏེ། འབྲོག་ལ་ཕྱི་གངས་ཀྱི་ར་བ་ན་རྗེ་རྟོགས་ལྡན་གྱི་རྒྱལ་པོ་མི་ལ་རས་པ་བྱ་བ་རླུང་སེམས་ལ་རང་དབང་ཐོབ་པ། འབྱུང་བ་ཆུ་ལ་ཉམ་ང་མེད་པ། འཚོ་བ་སྣང་སྲིད་ལྷ་འདྲེས་འདྲེན་པ་དེ་འདྲ་བ་ཅིག་ཡོད་ཟེར་བ་དེ་ཡིན་ནམ། དེའི་སློབ་མའི་རིགས་ཤིག་ཡིན་ངེས། ད་སུ་ཡིན་ཅིག་དྲི་དགོས་སྙམས་ནས་དྲི་བའི་གླུ་འདི་ཕུལ་ལོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་ལ་སྐྱབས་སུ་མཆི། །བླ་མ་ཁྱོད་ལ་བཀའ་བརྒྱུད་ཅི་སྐད་བྱ་བ་ཡོད། །དེ་བདག་ལ་མི་གསང་གསུང་བར་ཞུ། །ཁྱེད་ལ་མེས་པོ་ཅི་སྐད་བྱ་བ་ཡོད། །དེ་བདག་ལ་མི་གསང་གསུང་བར་ཞུ། །ཁྱེད་ལ་བླ་མ་ཅི་སྐད་བྱ་བ་ཡོད། །དེ་བདག་ལ་མི་གསང་གསུང་བར་ཞུ། །མི་ཁྱེད་རང་ཅི་སྐད་བྱ་བ་ཡིན། །དེ་བདག་ལ་མི་གསང་གསུང་བར་ཞུ། །ཁྱེད་ལྷ་ཆོས་ཅི་སྐད་བྱ་བ་ཤེས། །དེ་བདག་ལ་མི་གསང་གསུང་བར་ཞུ། །སྒོམ་གནས་ཅི་སྐད་བྱ་བ་ཡོད། །དེ་བདག་ལ་མི་གསང་གསུང་བར་ཞུ། །ཁྱེད་ཡི་དམ་ཅི་ལ་བྱེད་པ་ཡིན། །དེ་བདག་ལ་མི་གསང་གསུང་བར་ཞུ། །ཞེས་ཞུས་པས། རྗེ་བཙུན་གྱིས་དེའི་ལན་དུ་མགུར་འདི་གསུངས་སོ། །
མི་ང་ཡི་བརྒྱུད་པ་གང་ཡིན་བཤད་ཙམ་ན། །བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །ཆོས་བརྒྱུད་པ་མི་ངན་བརྒྱུད་པ་བཟང་། །མི་ང་ཡི་མེས་པོ་གང་ཡིན་ཟེར་ཙམ་ན། །མེས་པོ་ཏེ་ལོ་ན་རོ་ཡིན། །མེས་པོ་མི་ངན་མེས་པོ་བཟང་། །མི་ང་ཡི་བླ་མ་གང་ཡིན་ཟེར་ཙམ་ན། །བླ་མ་མར་རྔོག་རྣམ་གཉིས་ཡིན། །བླ་མ་མི་ངན་བླ་མ་བཟང་། །མི་ང་རང་གང་ཡིན་ཟེར་ཙམ་ན། །མི་ང་རང་མི་ལ་རས་པ་ཡིན། །རྣལ་འབྱོར་མི་ངན་རྣལ་འབྱོར་བཟང་། །གདམས་ངག་གང་ཡིན་ཟེར་ཙམ་ན། །གདམས་ངག་མཁའ་འགྲོའི་སྙན་བརྒྱུད་ཡིན། །གདམས་ངག་མི་ངན་གདམས་ངག་བཟང་། །ལྷ་ཆོས་གང་ཡིན་ཟེར་ཙམ་ན། །ལྷ་ཆོས་ཕྱག་རྒྱ་ཆེན་པོ་ཡིན། །ལྷ་ཆོས་མི་ངན་ལྷ་ཆོས་བཟང་། །སྒོམ་གནས་གང་ཡིན་ཟེར་ཙམ་ན། །སྒོམ་གནས་བྱ་རྒྱལ་རྩིབ་རི་ཡིན། །སྒོམ་གནས་མི་ངན་སྒོམ་གནས་བཟང་། །ང་ཡི་ཡི་དམ་གང་ཡིན་ཟེར་ཙམ་ན། །ཡི་དམ་འཁོར་ལོ་བདེ་མཆོག་ཡིན། །ཡི་དམ་མི་ངན་ཡི་དམ་བཟང་། །
ཞེས་གསུངས་པས་ཁྱི་ར་བས་སྙམ་པ། མི་ལ་རས་པ་བྱ་བའི་གྲུབ་ཐོབ་ངོ་མཚར་ཅན་ཅིག་གྲགས་པ་དེ་འདི་ཡིན་པར་གདའ། ང་མི་སྡིག་ཅན་གཅིག་མཐོ་རིས་ན་འདྲེན་པའི་གསེབ་ལམ་ཉེ་མོ་ཅིག་འདི་ལ་ཡོད་ངེས་པས། ད་ཅི་ནས་ཀྱང་གྲུབ་ཐོབ་འདིའི་ཆགས་ཕྱིར་འབྲང་དགོས་སྙམ་ནས་གླུ་འདི་ཕུལ་ལོ། །
ཡང་ཅིག་གསོན་དང་རྗེ་བཙུན་ཐུགས་རྗེ་ཅན། །བོད་ཁ་བ་ཅན་འདིར་གྲགས་པ་ཆེ་བ་ཡི། །གྲུབ་ཐོབ་མི་ལ་རས་པ་དེ། །ང་དེ་རིང་མཇལ་བ་སྐལ་བར་ལྡན། །རྗེ་ཁྱེད་ཀྱི་ཆགས་ཕྱིར་ང་འབྲང་ནས། །བདག་དམ་ཆོས་སྙིང་ནས་བྱེད་འདོད་པས། །རྗེ་ཁྱེད་ལ་བཞུགས་གནས་ཅི་འདྲ་ཡོད། །བདག་དམ་ཆོས་སྙིང་ནས་བྱེད་འདོད་པས། །རྗེ་ཁྱེད་ལ་འབུད་ཤིང་ཅི་འདྲ་ཡོད། །བདག་དམ་ཆོས་སྙིང་ནས་བྱེད་འདོད་པས། །རྗེ་ཁྱེད་ལ་ཁ་ཟས་ཅི་འདྲ་བ། །བདག་དམ་ཆོས་སྙིང་ནས་བྱེད་འདོད་པས། །རྗེ་ཁྱེད་ལ་བཏུང་བ་ཅི་འདྲ་བ། །བདག་དམ་ཆོས་སྙིང་ནས་བྱེད་འདོད་པས། །རྗེ་ཁྱེད་ལ་དཀོར་ནོར་ཅི་འདྲ་ཡོད། །བདག་དམ་ཆོས་སྙིང་ནས་བྱེད་འདོད་པས། །རྗེ་ཁྱེད་ལ་ཁྱིམ་མཚེས་ཅི་འདྲ་ཡོད། །བདག་དམ་ཆོས་སྙིང་ནས་བྱེད་འདོད་པས། །ཆ་དེ་ཀུན་ཁྱེད་ལ་བདོག་ལགས་སམ། །
ཞེས་ཞུས་པས། བླ་མའི་ཞལ་ནས། ངའི་ཕྱི་ལ་འགྲོ་ན་ཡང་ལེགས། མི་ལུས་ཐོབ་པ་ཡང་དཀའ་མོ་ཡིན། ད་ལྟ་དཀའ་བ་རེ་སྤྱད་ན་ཡང་ལེགས། ངའི་ཕྱི་ལ་འགྲོ་ན་ཡང་སྔོན་གྱི་ལས་འཕྲོ་རེ་ཡོད་ཀྱང་སྲིད། དེ་སྐད་གསུང་པས་ཁོ་དད་པ་ལྷག་པར་སྐྱེས་ནས་ད་ཁྱེད་ཀྱི་ཆགས་ཕྱི་ལ་འགྲོ་བ་ཡིན་ཟེར་བ་ལ། བུ་ཁྱོད་མ་ཡེངས་ལ་རྣ་བར་དར་ཅིག་ང་ལ་ཉོན་དང་གསུང་ནས་མགུར་འདི་གསུངས་སོ། །
བུ་ཉོན་དང་སྐལ་ལྡན་དད་པ་ཅན། །རྫ་རི་དང་གཡའ་རི་གངས་རི་གསུམ། །འདི་གསུམ་མི་ལ་ང་ཡི་སྒོམ་གནས་ཡིན། །སྒོམ་གནས་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །སྒོམ་གནས་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །རྫ་ཆུ་དང་གཡའ་ཆུ་གངས་ཆུ་གསུམ། །འདི་གསུམ་མི་ལ་ང་ཡི་འཐུང་ཆུ་ཡིན། །འཐུང་ཆུ་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །འཐུང་ཆུ་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །ཤིང་བལ་བུ་སུར་བུ་སྤེན་མ་གསུམ། །འདི་གསུམ་མི་ལ་ང་ཡི་འབུད་ཤིང་ཡིན། །འབུད་ཤིང་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །འབུད་ཤིང་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །ཟ་དང་རུག་པ་ཐུལ་བ་གསུམ། །འདི་གསུམ་མི་ལ་ང་ཡི་སྒྲུབ་རྒྱགས་ཡིན། །སྒྲུབ་རྒྱགས་འདི་གསུམ་བྱེད་ན་ང་ཕྱིར་འབྲང་། །སྒྲུབ་རྒྱགས་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །བྱ་རྒོད་པོ་དང་གོང་མོ་འཇོལ་མོ་གསུམ། །འདི་གསུམ་མི་ལ་ང་ཡི་ཁྱིམ་བྱ་ཡིན། །ཁྱིམ་བྱ་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །ཁྱིམ་བྱ་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །རི་དྭགས་ཤྭ་བ་དང་རྣ་བ་དགོ་བ་གསུམ། །འདི་གསུམ་མི་ལ་ང་ཡི་སྒོ་ནོར་ཡིན། །སྒོ་ནོར་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །སྒོ་ནོར་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །རྫ་ཕུག་དང་གང་ཕུག་བྲག་ཕུག་གསུམ། །འདི་གསུམ་མི་ལ་ང་ཡི་སྒོམ་གནས་ཡིན། །སྒོམ་གནས་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །སྒོམ་གནས་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་མི་ལ་ང་ཡི་གྱོན་རྒྱུ་ཡིན། །གྱོན་རྒྱུ་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །གྱོན་རྒྱུ་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །ཝ་དང་འཕར་བ་སྤྱང་ཀི་གསུམ། །འདི་གསུམ་མི་ལ་ང་ཡི་སྒོ་ཁྱི་ཡིན། །སྒོ་ཁྱི་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །སྒོ་ཁྱི་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །མེ་ཆ་དང་མེ་རྡོ་སྤྲ་བ་གསུམ། །འདི་གསུམ་མི་ལ་ང་ཡི་ཁྱིམ་མཚེས་ཡིན། །ཁྱིམ་མཚེས་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །ཁྱིམ་མཚེས་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །ཐོད་ཕོར་དང་ཐང་ཁུག་བེར་ག་གསུམ། །འདི་གསུམ་མི་ལ་ང་ཡི་ཉེ་གནས་ཡིན། །ཉེ་གནས་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །ཉེ་གནས་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །ཆོས་ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །འདི་གསུམ་མི་ལ་ང་ཡི་ཉམས་ལེན་ཡིན། །ཉམས་ལེན་འདི་གསུམ་ལ་བྱེད་ན་ང་ཕྱིར་འབྲང་། །ཉམས་ལེན་འདི་གསུམ་གྱིས་ཆོག་ན་ལྷ་ཆོས་མཛོད། །ཚེ་འདི་ལ་དགའ་འོ་ཕྱི་མ་སྐྱིད། །འདི་ལྟར་བསྒྲུབ་ན་ཐར་པ་ཐོབ། །སྐལ་ལྡན་ཁྱོད་ཀྱི་ཡིད་ལ་ཞོག །དུས་གཏན་དུ་བདེ་བའི་དམ་ཆོས་མཛོད། །ཅེས་གསུང་བས།
ཁྱི་ར་བའི་བསམ་པ་ལ། རྗེ་བཙུན་ཆེན་པོའི་ཞལ་ཏ་དེ་རྣམས་མཛད་པར་འདུག། །ང་སྔོན་གྱི་ལས་འབྲེལ་ཡོད་པ་ཨེ་མ་ཡིན། །ད་རེས་བླ་མ་འདི་དང་མཇལ། ད་སྡོམ་པ་ཡང་ལེན་སྲོག་གཅོད་ཀྱང་སྤངས་དགོས། སྔར་ཡང་ལས་ངན་དབང་དུ་སོང་བས་སེམས་ཅན་སྲོག་ཆགས་འདི་ཚོ་ཡང་བསད། བླ་མ་ལ་ངག་འཁྱལ་ཡང་མང་དུ་བཟླས་བསམ་པའི་རྟོག་པ་ཅིག་བྱུང་ནས། ད་ཀུན་ཤི་རུང་གསོན་རུང་གྲུབ་ཐོབ་འདིའི་ཆགས་ཕྱི་ལ་འབྲངས་ནས་ཚེ་བློས་བཏང་གི་ཆོས་ཅིག་བྱ་དགོས་སྙམ་ནས། ཁོང་རང་གི་གོས་ལྷམ་ཞྭ་དང་མདའ་གཞུ་གྲི་ཐུང་ཞགས་ཐག་དང་ཤྭ་བ་ཁྱི་དང་བཅས་པ་དགུ་ཚན་ཅིག་བྱས་ནས་བླ་མ་ལ་ཕུལ་ཏེ། ཁོ་རང་རྐང་སྣམ་རྐྱང་པ་དེ་གྱོན་ནས་གླུ་མ་གར་གྱི་བྲོ་མ་ཤོན་བྱ་བ་འདི་ཕུལ་ལོ། །
ང་འབུའི་མགོ་ལ་གྱོན་པའི་ཞྭ་དཀར་འདི། །ཞྭ་དཀར་རྨ་བྱའི་ཁ་རྒྱན་ཅན། །འདི་གྱོན་ན་ཆར་གྱི་གདོན་དང་བྲལ། །ཞྭ་འདི་ཀུན་བླ་མའི་དབུ་ལ་འབུལ། །སྤྱིར་སྡིག་ཅན་ཚོ་ངན་སོང་དུ་མི་གཏོང་འཚལ། །ཁྱི་མོ་གློག་ལྕམ་འཕར་མ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །ཤྭ་བ་འདི་ཐར་པའི་ལམ་ལ་འདྲེན་པར་ཞུ། །ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བ་མི་གཏོང་འཚལ། །ང་འབུའི་ལུས་ལ་གྱོན་པའི་དགོ་སླག་འདི། །དགོ་སླག་དར་གྱིས་ཁ་རྒྱན་ཅན། །འདི་གྱོན་ན་གངས་དཀར་ལྟོང་ན་དྲོ། །གོས་འདི་ཀུན་བླ་མའི་སྐུ་ལ་འབུལ། །སྤྱིར་སྡིག་ཅན་ཚོ་ངན་སོང་དུ་མི་གཏོང་འཚལ། །ཁྱི་མོ་གློག་ལྕམ་འཕར་མ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །ཤྭ་བ་འདི་ཐར་པའི་ལམ་ལ་འདྲེན་པར་ཞུ། །ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བར་མི་གཏོང་འཚལ། །ང་འབུའི་རྐང་ལ་གྱོན་པའི་སྡོ་བཞི་འདི། །ལྷམ་སྡོ་བཞི་ལྷམ་སྒྲོག་གི་ཁ་རྒྱན་ཅན། །འདི་གྱོན་ན་ཚེར་ལྷོག་གི་གདོན་དང་བྲལ། །ལྷམ་འདི་ཀུན་བླ་མའི་ཞབས་ལ་འབུལ། །སྤྱིར་སྡིག་ཅན་ཚོ་ངན་སོང་དུ་མི་གཏོང་འཚལ། །ཁྱི་མོ་གློག་ལྕམ་འཕར་མ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །ཤྭ་བ་འདི་ཐར་པའི་ལམ་ལ་འདྲེན་པར་ཞུ། །ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བ་མི་གཏོང་འཚལ། །ང་འབུའི་ལག་པ་གཡས་ན་བཟུང་བའི་མདའ་མོ་འདི། །མདའ་རྒོད་མ་མདེལ་གྱི་ཁ་རྒྱན་ཅན། །འདི་འཕང་ན་སྡང་བའི་དགྲ་བོ་གསོད། །མདའ་འདི་ཀུན་ཡང་བླ་མའི་ཕྱག་ཏུ་འབུལ། །སྤྱིར་སྡིག་ཅན་ཚོ་ངན་སོང་དུ་མི་གཏོང་འཚལ། །ཁྱི་མོ་གློག་ལྕམ་འཕར་མ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །ཤྭ་བ་འདི་ཐར་པའི་ལམ་ལ་འདྲེན་པར་ཞུ། །ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བ་མི་གཏོང་འཚལ། །ང་འབུའི་ལག་པ་གཡོན་གྱི་གཞུ་མོ་འདི། །མཆོག་དཀར་སེང་རྒྱུད་ཀྱི་ཁ་རྒྱན་ཅན། །འདི་བརྡུངས་ན་ནམ་མཁའི་འབྲུག་ལྟར་ལྡིར། །གཞུ་འདི་ཀུན་བླ་མའི་ཕྱག་ཏུ་འབུལ། །སྤྱིར་སྡིག་ཅན་ཚོ་ངན་སོང་དུ་མི་གཏོང་འཚལ། །ཁྱི་མོ་གློག་ལྕམ་འཕར་མ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །ཤྭ་བ་འདི་ཐར་པའི་ལམ་ལ་འདྲེན་པར་ཞུ། །ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བར་མི་གཏོང་འཚལ། །ང་འབུའི་རྐེད་ལ་བཅུག་པའི་གྲི་ཐུང་འདི། །གྲི་ཐུང་དུང་ལོང་གི་ཁ་རྒྱན་ཅན། །འདི་བཏབ་ན་སྔོན་མོའི་ཁྲབ་ཀྱང་ཆོད། །གྲི་འདི་ཀུན་བླ་མའི་ཕྱག་ཏུ་འབུལ། །སྤྱིར་སྡིག་ཅན་ཚོ་ངན་སོང་དུ་མི་གཏོང་འཚལ། །ཁྱི་མོ་གློག་ལྕམ་འཕར་མ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །ཤྭ་བ་འདི་ཐར་པའི་ལམ་ལ་འདྲེན་པར་ཞུ། །ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བ་མི་གཏོང་འཚལ། །ང་འབུའི་མགུལ་དུ་འཁྱུད་པའི་ཞགས་པ་འདི། །ཞབས་ཐག་ཁྲ་བོ་ཨོ་ལོང་གི་ཁ་རྒྱན་ཅན། །འདི་བཏབ་ན་བྱང་ཁའི་འབྲོང་ཡང་ཟིན། །ཞགས་པ་འདི་ཀུན་བླ་མའི་ཕྱག་ཏུ་འབུལ། །སྤྱིར་སྡིག་ཅན་ཚོ་ངན་སོང་དུ་མི་གཏོང་འཚལ། །ཁྱི་མོ་གློག་ལྕམ་འཕར་མ་བྱང་ཆུབ་ཀྱི་ལམ་ལ་དྲོངས།།ཤྭ་བ་འདི་ཐར་པའི་ལམ་ལ་འདྲེན་པར་ཞུ། །ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བ་མི་གཏོང་འཚལ། །ང་འབུའི་མདུན་གྱི་ཤ་བོ་རུ་བཅུ་འདི། །ཤ་རོ་རུ་བཅུ་དུང་རུའི་ཁ་རྒྱན་ཅན། །འདི་བསད་ན་ཞག་བདུན་དབུལ་དང་བྲལ། །ཤྭ་བ་འདི་ཀུན་མི་གསོད་བླ་མའི་དྲུང་དུ་འབུལ། །སྤྱིར་སྡིག་ཅན་ཚོ་ངན་སོང་དུ་མི་གཏོང་འཚལ། །ཁྱི་མོ་གློག་ལྕམ་འཕར་མ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །ཤྭ་བ་འདི་ཐར་པའི་ལམ་ལ་འདྲེན་པར་ཞུ། །ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བ་མི་གཏོང་འཚལ། །ཁྱི་མོ་དམར་མོ་རྔ་མའི་ཁ་རྒྱན་ཅན། །འདི་བཏང་ན་ནམ་མཁའི་བྱ་ཡང་ཟིན། །འདི་ཀུན་བླ་མའི་སྒོ་ཁྱིར་འབུལ། །སྤྱིར་སྡིག་ཅན་ཚོ་ངན་སོང་དུ་མི་གཏོང་འཚལ། །ཁྱི་མོ་གློག་ལྕམ་འཕར་མ་བྱང་ཆུབ་ཀྱི་ལམ་ལ་དྲོངས། །ཤྭ་བ་འདི་ཐར་པའི་ལམ་ལ་འདྲེན་པར་ཞུ། །ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བ་མི་གཏོང་འཚལ། །ཕོ་ནོར་མེད་ཀྱི་ཁྱི་ར་བ་མགོན་པོ་རྡོ་རྗེ་ང་། །ང་དད་པ་ཡོད་ཀྱང་འབྱོར་བ་ཆུང་། །ནོར་ཡོད་པ་སྦས་ན་བླ་མས་ཁྲེལ། །ནོར་མེད་པ་ཚོལ་བ་འདིར་མི་སྣང་། །ཟུང་དགུ་ཚན་གཅིག་གི་འབུལ་བ་འདི། །བླ་མའི་དྲུང་དུ་འབུལ་བ་ལགས། །སྔར་བྱས་ཀྱི་སྡིག་ལ་འགྱོད་བཤགས་བྱེད། །ད་ཕྱིན་ཆད་མི་བྱེད་ཁས་ལེན་བྱེད། །ཤི་སྲོག་ལ་བབ་ཀྱང་སྡིག་མི་བགྱིད། །བུ་བདག་ལ་བཀའ་དྲིན་གྱི་ཐུགས་འདོགས་ཞུ། །ཉིད་གར་འབྱོན་ཆགས་ཕྱིར་འབྲང་ལགས་ན། །ལམ་གདམས་ངག་གིས་གྲོལ་བར་ཐུགས་རྗེས་ཟུང་། །
ཞེས་ཞུས་ནས་རྗེ་བཙུན་གྱི་དྲུང་དུ་པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་ནས་འདུག་པའི་ཚེ། ཁྱི་ར་བའི་ཆུང་མ་དེས་རྐེད་དུ་སྟ་རེ་ཞིག་བཅུག །རྒྱབ་ཏུ་སིལ་པོ་ཞིག་ཁུར་ལག་ཏུ་ཐག་ཞགས་ཅིག་བཟུང་སྟེ་བྱུང་ནས་རྣལ་འབྱོར་པའི་རྟོག་འབྱོར་པ་འདི་ཚོས་གར་ཡང་སླེབ་པར་འདུག །ལ་ཁར་སོང་ཡང་འདི་ཚོས་སླེབ། །ལུང་ཁུག་ན་ཡང་འདི་ཚོས་སླེབ་འདུག །ལུང་ཕུག་འདིར་ཡང་འདི་ཚོས་སླེབ་འདུག །ཁྱེད་ང་ཡི་མི་ཁྱི་གཉིས་དེ་བཟུང་ནས་འདུག་པ་ཅི་ཡིན། ངེད་བཟའ་མི་བདུན་ཡོད་པ་དེ་ཁྱོད་གསོས་ཚིས་ཨེ་ཡིན། རྐེ་དེ་ཐག་པ་འདིས་བཅིངས་ཏེ་མགོ་ལ་སྟ་རེ་འདིས་བརྒྱབ་ན་ཉོ་བ་ཅིག་འདུག་ཟེར་བ་ལ། རྗེ་བཙུན་གྱིས་མོ་ལ་མགུར་འདི་གསུངས་སོ། །
ཁྱོད་ནག་མོའི་ལུས་ལ་སྲིན་མོའི་གདོང་། །ནག་ལུས་སྲིན་གདོང་མ་ཁྱོད་ང་ལ་ཚུར་ཉོན་དང་། །ཁྱོད་རེ་བ་ཤྭ་བ་སོད་ཀྱི་རེ། །དྭོགས་པ་ཤྭ་བ་ཤོར་གྱི་དྭོགས། །རེ་དྭོགས་ཀྱི་བར་དེར་འཁོར་བར་འཁྱམས། །སེམས་རེ་དྭོགས་ཀྱི་འཚམ་དེར་བསམ་བློ་ཐོང་། །ཁྱོད་ཁྱི་ཤྭ་བ་བསད་ཀྱང་མི་སོད་ཀྱི། །ནང་སེམས་ཉིད་འཛིན་པའི་དུས་ལ་བབ། །བུད་མེད་རང་སེམས་བཟུང་བའི་དུས་ལ་བབ། །སྒོམ་འོད་གསལ་བསྒོམ་པའི་དུས་ལ་བབ། །ནག་མོ་ཚེ་འདི་སྐྱིད་ལ་ཕྱི་མ་བདེ། །གཉིས་ཀ་བདེ་བའི་ལྷ་ཆོས་མཛོད། །གཉིས་ཀ་བདེ་བའི་དམ་ཆོས་མཛོད། །
ཅེས་གསུངས་པས། མོ་ན་རེ། ཁྱོད་ཀྱི་ཆོས་ཀུན་ཅི་ཆ་ཡོད། ཁྱོད་ལྷ་ཆོས་བྱས་པས་སྤྲང་པོ་ཅིག་འགྲུབ་སྣང་། ངེད་ཀྱི་ཁྱི་ཤྭ་བ་འདི་གཉིས་ཁྱོད་ཀྱིས་འཕྲོག་ཟེར་བ་ཨེ་ཡིན་ཟེར་ནས། མོ་རང་གི་མི་དེ་ལ་མི་ཁྱོད་མི་འོང་བའི་འོང་ཤ་ཆོས་ཉན་པ་དེ་ཕར་ཞོག་ལ། བྱེད་ཟེར་ན་ཤྭ་བ་འདི་སོད་ལ་ཤ་རྣམས་ཁུར་ལ་འདོང་ཟེར་ནས། ཤྭ་བའི་མགོ་ལ་ཐག་པ་བཏགས་ཏེ་ཤིང་ཕུང་ལ་བསྐོར་ནས་བཞག །མོ་རང་གི་མི་ལ་རྡོག་ཐོ་བརྒྱབ་ནས། ཁྱོད་ཤྭ་བ་གསོད་པ་འདམ་མམ། ངས་ཁྱོད་ཀྱི་མགོ་ལ་སྟ་རེ་འདིས་བརྒྱབ་པ་འདམ་ཟེར་བ་ལ། མོ་ལ་མི་རྟག་པའི་མགུར་འདི་གསུངས་སོ། །
ཁྱོད་སེམས་ཅན་ནག་མོའི་ལུས་ལ་བདུད་མོའི་སེམས། །ལས་ངན་མ་བདག་ལ་ཚུར་ཉོན་དང་། །འོ་སྐོལ་མི་རྟག་པའི་འཇིག་རྟེན་པ། །འཇིག་རྟེན་པ་ལ་ཕར་བལྟས་པས། །སྐྱེ་རྒ་ན་འཆིའི་ཆུ་བོ་བཞི། །ཆུ་བཞི་སྡུག་བསྔལ་གྱི་རྦ་རླབས་ཀྱིས། །དུས་གཏན་དུ་གཡེང་བ་མ་ཚོར་རམ། །བདེ་བའི་གནས་སྐབས་མི་གདའ་ན། །སྐྱེ་བའི་སྡུག་བསྔལ་བཤད་ཙམ་ན། །བར་དོ་ཀུན་གཞི་འཁྱམ་པོ་དེ། །མ་ཡི་མངལ་དུ་ཞུགས་ཙམ་ན། །ཁྲག་དང་ཆུ་སེར་ནང་དུ་ཉལ། །མི་གཙང་བ་ལ་སྔས་སྟན་བྱས། །ལས་ངན་དབང་གིས་ལུས་ངན་ལེན། །གནས་ངན་གྱི་ནང་དུ་སྡུག་བསྔལ་སྤྱོད། །ཚེ་སྔ་ཕྱི་ཤེས་ཀྱང་སྨྲ་མ་ཤེས། །སྡུག་བསྔལ་ཆེ་སྟེ་སྐད་མ་ཐོན། །ཚ་གྲང་གི་སྡུག་བསྔལ་སྣ་ཚོགས་སྐྱེས། །ཟླ་བ་དགུ་ལ་དམྱལ་བར་བསྲེགས། །མངལ་ན་སྐྱེས་པའི་དུས་ཙམ་ན། །ལུས་པོ་ཚེར་མའི་ནང་དུ་བསྐྱུར་བ་འདྲ། །མ་ཡི་པང་དུ་བླངས་ཙམ་ན། །བྱིའུ་ཁྲ་ཡིས་ཁྱེར་བ་འདྲ། །མ་ཡིས་རྐན་མར་བྱིན་པའི་དུས། །བཙན་དུག་ངར་མ་ཟོས་པ་འདྲ། །ཚེམ་མེ་ནང་དུ་བཞག་པའི་ཚེ། །བཙོན་དོང་ནང་དུ་བཅུག་པ་འདྲ། །ལར་སྐྱེ་མེད་དོན་གཅིག་མ་རྟོགས་ན། །སྐྱེ་བའི་སྡུག་བསྔལ་བསམ་མི་ཁྱབ། །རྒས་པའི་སྡུག་བསྔལ་བཤད་ཙམ་ན། །ཡན་ལན་གཙོ་བོ་མགོ་བོ་འཁོར། །རྣ་བ་སྒྲ་ཡི་རྒྱལ་པོ་འོན། །ལྤགས་པའི་ལོ་མ་སྐྲ་ཡང་དཀར། །མཛེས་པའི་བཞིན་ལ་གཉེར་མ་བྱུང་། །དབང་པོའི་དྭངས་མ་མིག་ཀྱང་འགྲིབ། །བྱད་ཀྱི་རྒྱལ་པོ་སྣ་ཡང་ཞོམ། །མཁུར་ཚོས་ཁྲག་གི་རྒྱ་མཚོ་སྐེམ། །རུས་པའི་རྒྱལ་པོ་སོ་ཡང་བུད། །བདེན་ལ་འཐད་པའི་གཏམ་སྨྲས་ཀྱང་། །བཅོལ་གཏམ་ཟེར་ནས་ཉན་མཁན་མེད། །རོ་ལ་ཡང་བའི་གོས་གྱོན་ཡང་། །གྲང་ལ་ལྗི་བའི་དུག་པོ་བསྐོན། །དྲང་པོར་སྐྱེད་པའི་ལུས་པོ་སྒུར། །བརྟན་པོར་སྤོས་པའི་གོམ་པ་འཁྱོར། །ཤིག་དང་བུ་ལོན་བསད་ཀྱང་འདུ། །ཟས་དང་གཉེན་འདུན་བཏུད་ཀྱང་གྱེས། །རྒས་པའི་སྡུག་བསྔལ་དེ་ཙམ་ན། །ཁྱོད་ལ་ལན་ཅིག་ན་བའི་དུས་བྱུང་ན། །ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་། །ཟུག་གཟེར་བྱེད་པའི་དགྲ་རུ་ལང་། །རླུང་མཁྲིས་བད་ཀན་བདུད་དུ་བབ། །ཁྲག་དང་ཆུ་སེར་འགྲམ་དུ་བབས། །ལུས་ན་ཚའི་དབང་དུ་སོང་བའི་ཚེ། །སྟན་འབོལ་པོ་བཏིང་ཡང་འོག་ནས་མཁྲོངས། །སྔས་མཐོན་པོ་བཞག་ཀྱང་མཇིང་པ་ན། །ཞིམ་ལ་མངར་བའི་ཟས་བསྟན་ཀྱང་། །མཐོང་བ་ཙམ་གྱི་སྐྱུགས་སུ་བྲོ། །བྱམས་པའི་གཉེན་གྱིས་མཐའ་བསྐོར་ཡང་། །ན་ཚ་ཟུག་གཟེར་བགོ་བློ་མེད། །མགོ་བོ་མི་ཡི་པང་དུ་བཞག །ཟས་རྣམས་ཐུར་མས་ཁ་ལ་བསྙོད། །སྐོམ་རྣམས་སྦུ་གུའི་ཁ་ལ་འཇིབ། །མཛའ་བཤེས་གཉེན་གྱིས་མཐའ་བསྐོར་ཡང་། །དེ་ཡི་ནད་ལ་ཕན་ཐབས་མེད། །བརྒྱ་འགྲོ་སྟོང་འགྲོ་མཐོང་བ་མེད། །ཁྲི་འབོད་སྟོང་འབོད་ཐོས་པ་མེད། །ན་བའི་སྡུག་བསྔལ་དེ་ཙམ་མོ། །ཁྱོད་ལན་གཅིག་འཆི་བའི་དུས་བྱུང་ན། །ཕྱུག་པོས་ནོར་གྱིས་བསླུ་ས་མེད། །ལྕེ་བདེས་ལོ་རྒྱུས་བཀྲོལ་ཐབས་མེད། །དཔའ་བོས་སྟག་འཐབ་བྱེད་ས་མེད། །སྡར་མས་ཝ་བྲོས་བྱེད་ས་མེད། །ངན་པས་ཨུ་ཚུག་བྱེད་ས་མེད། །མཛངས་པས་ཟས་ཀྱིས་བསླུ་ས་མེད། །ངན་པས་རྣོ་གཅོད་བྱེད་ས་མེད། །འཕྱོར་མོས་བྱད་ཀྱིས་འབྲིད་ས་མེད། །ཡན་ལག་རྩ་རྣམས་མཐའ་ནས་བསྡུས། །ཁུར་ཐག་ལམ་གྱི་འགྲམ་དུ་བྲེས། །གཅེས་པར་བསྐྱངས་པའི་ཤ་རུས་ཀྱང་། །བྱ་ཁྱི་ཀུན་གྱི་གཟན་དུ་འགྱུར། །ཁྱོད་དེ་འདྲའི་དུས་ཤིག་བྱུང་ཙ་ན། །ནོར་ཟང་ཟིང་མང་ཡང་གཞན་གྱིས་སྤྱད། །གཉེན་བུ་ཚ་མང་ཡང་གཅིག་པུར་འགྲོ། །མཁར་ཁང་ཁྱིམ་ཡགས་ཀྱང་སྒོ་རུ་འགྲོ། །དེ་བཟོད་པར་གདའམ་སྐལ་ལྡན་ཀུན། །གཅེས་པས་གསོས་པའི་ལུས་པོ་ཡང་། །ལ་ལ་མེ་ཡི་ནང་དུ་བསྲེག །ལ་ལ་ཆུ་ཡི་ནང་དུ་བསྐྱུར། །ལ་ལ་དོང་དུ་ས་དང་བསྲེ། །ལ་ལ་བྱ་དང་སྤྱང་ཀིས་ཟ། །བསམ་བློ་ཐོང་དང་སྐལ་ལྡན་ཀུན། །འཛམ་གླིང་ནོར་ལ་དབང་ཡོད་ཀྱང་། །ཚེ་དར་གཅིག་བསླུ་ཡང་མི་ནུས་པས། །སེར་སྣ་བྱས་པས་ཅི་ལ་ཕན། །རང་གཅིག་པུར་འགྲོ་བའི་དུས་ཙམ་ན། །ཟླ་བོ་སུ་དང་འགྲོགས་ནས་འགྲོ། །དམིགས་གཏད་སུ་ལ་བྱེད་ནས་འགྲོ། །རྒྱབ་ཏུ་ཅི་ཞིག་འཁྱེར་ནས་འགྲོ། །འགྲོ་རོགས་བློ་རོགས་སུ་ཞིག་ཡོད། །བསམ་མནོ་མེད་དམ་བློ་རེ་བདེ། །དམ་པའི་ལྷ་ཆོས་མ་ལགས་པ། །ཅིས་ཀྱང་ཕན་པར་མི་གདའ་ན། །ལས་ཀྱི་མེ་ལོང་གསལ་བ་ལ། །ལས་དགེ་སྡིག་གང་བྱས་དེ་ལ་ཤར། །གཤིན་རྗེ་ཆོས་རྒྱལ་ཞེ་རེ་གནག །ཨ་བ་གླང་མགོ་སྙིང་རྗེ་མེད། །ཟངས་དམར་ཁ་སྦྱོར་ཡངས་ཤོང་ཆེ། །ལུས་ལ་ཐིག་ནག་འདེབས་ནས་འོང་། །གདུག་པའི་སོག་ལེས་དྲ་ནས་འོང་། །ཁྲོ་ཆུ་འཁོལ་མ་འཐུང་དགོས་འོང་། །མེ་མ་མུར་ལ་འབོག་དགོས་འོང་། །གཤིན་རྗེ་ཆོས་རྒྱལ་དམག་ཚོགས་ཀྱིས། །ལུས་ལ་མཚོན་ཆ་འདེབས་ནས་འོང་། །དུས་ད་ལྟ་ཤི་ཡང་ད་ལྟ་སོས། །དེ་ལྟ་བུ་ཡི་དུས་བྱུང་ནས། །མི་བདག་བུ་ཡིས་ཕན་པ་མེད། །ནོར་ལོངས་སྤྱོད་མང་ཡང་འཁྱེར་ས་མེད། །དམ་པའི་ལྷ་ཆོས་མ་གཏོགས་པ། །མགོན་སྐྱབས་གྱུར་པ་གང་ཡང་མེད། །དེས་ན་ད་ལྟ་བདེ་དུས་འདིར། །ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །བླ་མ་རྗེ་ལ་གསོལ་བ་ཐོབ། །ལྷ་བསྐྱེད་རྫོགས་གཉིས་ལ་ནན་ཏན་མཛོད། །རྗེས་ཐོབ་བྱམས་དང་སྙིང་རྗེ་བསྒོམ། །རང་འཆི་དུས་གདེང་དང་ལྡན་པར་མཛོད། །ཅེས་གསུངས་པས་མོ་ཡང་དད་པ་ཐོབ་ནས། བཟའ་མི་བདུན་ཀས་ཆོས་ཞུས་ནས། ཕྱག་རྒྱ་ཆེན་པོའི་དོན་རྟོགས་ནས་གྲུབ་པ་ཐོབ་བོ། །
ཁྱི་ར་བ་སྐྲ་བྲེགས། མིང་སྤོས་དགེ་བསྙེན་གྱི་སྡོམ་པ་བཟུང་ནས་སྒོམ་སྒྲུབ་བྱས་པས་སྒོམ་ཆེན་བཟང་པོ་གྲུབ་ཐོབ་ཁྱི་ར་རས་པ་བྱ་བ་འགྲོ་བ་ལ་ཕན་ཐོགས་པའི་རྗེ་བཙུན་གྱི་བུ་ཆེན་བརྒྱད་ཀྱི་ནང་ནས་སྒྲུབ་ཚུགས་བཟང་བ་གྲྭ་བ་ལྔ་བརྒྱ་ཙམ་སྐྱོང་བ་ཅིག་བྱུང་སྐད་དོ། །
༈ ཡང་ལུགས་ཤིག་ལ་རྗེ་བཙུན་སྙི་ཤོང་གི་བྲག་སྐྱིད་ཕུག་ཉི་མ་རྫོང་དུ་གཅིག་པུར་བྱོན་ནས་བཞུགས་ཙ། ཉི་མ་ཕྱེད་སྒྲ་ཆེན་པོ་ཞིག་བྱུང་བ་ལ་གཟིགས་ཙ། ཤྭ་བ་ཕོ་གཅིག་རྔུལ་རྫབས་སེ་བྱུང་བས། བཟོད་བླག་མེད་པའི་སྙིང་རྗེ་ཅིག་སྐྱེས། སྤྱིར་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། ཁྱད་པར་དུ་དུད་འགྲོ་གླེན་པ་འདི་སྙིང་རེ་རྗེ། དེའི་ནང་ནས་ཤྭ་བ་འདིས་སུ་ལ་ཉེས་བྱས་པ་མེད་པའི་འཇིགས་སྣང་ཅན་མི་ཐམས་ཅད་ཀྱིས་སྡང་བ་ཅིག་འདུག་དགོངས་ནས་ཤྭ་བའི་རྔུལ་སེལ་བའི་དོན་དུ་སྐྱོ་ཤས་སྙིང་རྗེའི་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཤྭ་བའི་ལུས་ལ་ཚེར་མའི་མགོ །ཤྭ་ལུས་ཚེར་མགོ་ཁྱོད་ང་ལ་ཚུར་ཉོན་དང་། །ཕྱི་སྣང་བའི་ཡུལ་ལ་བྲོས་བྲོས་ནས། །འཁྲུལ་སྣང་མ་རིག་ནང་ནས་ཐར་དུས་མེད། །ཕྱི་ལུས་སེམས་སྤངས་པས་མི་སྤངས་པས། །འཁྲུལ་སྣང་མ་རིག་སྤང་བའི་དུས་ལ་བབ། །ལས་རྣམ་སྨིན་བདེན་པ་མགྱོགས་དྲག་པས། །ཁྱོད་བྲོས་པས་ཐར་བ་ག་ལ་སྲིད། །སྔོན་ལས་ངན་སྡིག་པ་བསགས་བསགས་པས། །ད་ལུས་སེམས་འཇིགས་སྐྲག་སྡུག་བསྔལ་སྤྱོད། །ད་བྲོས་པས་ཐར་འདོད་འཁྲུལ་པ་ཡིན། །སེམས་འཁྲུལ་པ་ཤིག་ལ་འདི་ན་སྡོད། །
ཅེས་སྐྱོ་ཤས་སྙིང་རྗེའི་དབྱངས་སྙན་ཚོར་བས་ཉན་པའི་ཚུལ་དུ་གཡས་ཕྱོགས་དེར་ཉལ་ཏེ་མིག་ཏུ་མཆི་མ་ཕྲུལ་ལེ་བྱུང་ནས་ན་བཟའ་ལ་མཚུལ་པ་གཏད་ནས་ཉལ་ལོ། །རྗེ་བཙུན་གྱིས་སྙིང་རེ་རྗེ་སེམས་ཅན་འདི་ལ་གནོད་པ་བྱེད་པ་མཁན་ཅིག་འདུག་དགོངས་ཙ། ཁྱི་མོ་དམར་མོ་རྔ་མ་དཀར་དམར་གྱིས་བརྒྱན་པ་ཅིག་བྱུང་བས་དེ་ལ་སྙིང་རྗེ་རང་དབང་མེད་པར་སྐྱེས་ནས་མགུར་འདི་གསུངས་སོ། །
རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །སེམས་ཞེ་སྡང་ཞི་བར་བྱིན་གྱིས་རློབས། །ཁྱི་ཡི་ལུས་ལ་སྤྱང་ཀིའི་ཁ། །ཁྱི་ལུས་སྤྱང་ཁ་བ་ཁྱོད་ང་ལ་ཚུར་ཉོན་དང་། །ཁྱོད་སྣང་བ་གང་མཐོང་དགྲར་ལེན་པའི། །ཞེ་སྡང་གི་བསམ་ངན་ཡིད་ལ་ཟུག །སྡིག་པ་ཅན་ཁྱི་ཡི་ལུས་ལ་སྐྱེས། །སྡུག་བསྔལ་ལྟོགས་པའི་ངང་ལ་འདུག །ད་གཟུང་འཛིན་ལྕགས་སྒྲོག་མ་གྲོལ་ན། །ངན་སོང་གི་འཇིགས་ལ་ཐར་དུས་མེད། །ཕྱི་ལུས་སེམས་དེད་པས་མི་ཟིན་ཏེ། །ནང་རང་སེམས་རང་གིས་འཛིན་རེ་རན། །
ཞེས་གསུང་པས་ཁྱི་མོ་དེ་གཡོན་ཕྱོགས་སུ་མཚུལ་པ་གཏད་རྣ་བ་ཕབ་རྔ་མ་བསྒྲིལ་ཏེ་ཉལ་ནས་བསྡད་དེ། མཆི་མ་ཁྲ་ལེ་ཤྭ་བ་དང་ཁྱི་གཉིས་མ་བུ་འདྲ་བར་བྱུང་བས་བླ་མའི་ཐུགས་དགོངས་ལ། ཁྱི་འདིའི་བདག་པོ་མི་ཞིག་འོང་བ་དེ་བསམ་ཤེས་པས་དྲག་དགོངས་ཙ། མི་སྔོན་པོ་རས་རྐེད་ལ་དཀྲིས་པ་ཞགས་པ་དང་རྒྱ་ཁྲེས་པོར་ཁུར་བ་མདའ་ལྔ་དང་གཞུ་བཟུང་བ་ཅིག་བྱུང་བ་ལ་མགུར་འདི་གསུངས་སོ། །
རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །དུག་ལྔ་ཞི་བར་བྱིན་གྱིས་རློབས། །ཁྱོད་མི་ཡི་ལུས་ལ་གཤིན་རྗེའི་མགོ །མི་ལུས་གཤིན་མགོ་བ་ཁྱོད་ང་ལ་ཚུར་ཉོན་དང་། །མི་ལུས་རིན་ཆེན་དཀོན་གསུངས་ཏེ། །ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། །སྲིན་པོའི་གཟུགས་ཀྱི་སྡིག་པ་ཅན། །སྡུག་བསྔལ་ངན་སོང་ཁྱོད་ཨེ་ཚོར། །སྡིག་པས་འདོད་པ་མི་འགྲུབ་སྟེ། །ནང་ཞེན་པ་ལོག་ན་དངོས་གྲུབ་འཐོབ། །ཕྱི་སྣང་བ་བཏུལ་བས་མི་ཐུལ་ཏེ། །ནང་སྡིག་སེམས་འདུལ་བའི་དུས་ལ་བབ། །ཁྱོད་ཤྭ་བ་བསད་པས་མི་རྒྱགས་ཏེ། །ནང་དུག་ལྔ་བསད་ན་ཅི་བསམ་འགྲུབ། །ཕྱི་དགྲ་བོ་བཏུལ་བས་ཇེ་མང་འགྲོ། །ནང་རང་རྒྱུད་བཏུལ་བས་དགྲ་བོ་མེད། །མི་ཚེ་སྡུག་ལ་མ་སྐྱེལ་བར། །དམ་པའི་ཆོས་ཤིག་བྱས་ན་བཟང་། །
ཞེས་གསུངས་པས། མདུན་དུ་བསྡད་དེ་ཁོ་ཡི་བསམ་པ་ལ། མགུར་ལ་ངེས་པ་མེད། ཁྱི་འདིས་སྔར་ངས་མ་སླེབས་ནས་ཤའི་ཕྱེད་ཟ་ནས་འོང་བ་ལ། དེ་རིང་མ་བུ་འདྲ་བས་ཤྭ་བའི་སྲོག་ཕུལ་ན་འཐད་དེ། ངའི་བུ་སྨད་ལྟོགས་གྲིར་འཆི་བར་ཡོད་པས། བསྡིག་མོ་གཅིག་བྱེད་དགོས་བསམ་ནས་མདའ་བཀང་སྟེ། རྣལ་འབྱོར་པ་རྒད་པོ་ངའི་ཁྱི་དང་ཤྭ་བ་ཐོང་། ཁྱོད་ཀྱི་རས་གོས་ཀྱིས་ངའི་མདའ་མི་རྟེན་ཟེར་བས་མགུར་འདི་གསུངས་སོ། །
ཁྱོན་ཉོན་དང་གསོན་དང་ཁྱི་ར་བ། །འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན། །འཇའ་ཚོན་ཁ་དོག་ལེགས་ཀྱང་ཡལ་རྒྱུ་ཡིན། །འཇིག་རྟེན་ཉམས་དགའ་འདྲ་ཡང་རྨི་ལམ་ཙམ། །འཁོར་བ་དགའ་དགའ་འདྲ་ཡང་སྡོད་དབང་མེད། །འདུས་བྱས་འདི་ནི་མི་རྟག་པ། །རྫ་ཁར་སོང་ཡོད་ཀྱང་དེ་རིང་ཆག །མི་ན་ནིང་སྐྱེས་པ་ད་ལོ་ཤི། །ནོར་རང་ལ་ཡོད་པ་དགྲ་ལ་ཤོར། །ཟས་ཕན་པར་ཟོས་པ་དུག་ཏུ་ན། །གྲོགས་བཟང་པོ་ཡོད་ཀྱང་དགྲ་རུ་ལྡང་། །དྲིན་བཟང་པོས་བསྐྱངས་ཀྱང་ཁ་པོ་ཆེ། །སྡིག་པ་རང་བྱས་རང་ལ་སྡིག །དམོད་མོ་ལན་མེད་རང་ལ་འཁོར། །ཁྱོད་མགོ་བརྒྱའི་ནང་ནས་རང་མགོ་གཅེས། །ཕྱག་སོར་མོ་བཅུ་ལ་གང་བཅད་ཚ། །བཟའ་ཚོ་མི་ལྔ་ནང་ནས་རང་མགོ་གཅེས། །རང་མགོ་རང་གིས་འདོན་པའི་དུས་ལ་བབ། །ཚེ་འདི་མི་རྟག་མྱུར་དུ་འཇིག །རང་སེམས་འོད་གསལ་བསྒོམ་པའི་དུས་ལ་བབ། །འགྲོགས་པའི་གཉེན་གྱིས་འཁོར་བར་འཕེན། །དཔལ་ལྡན་བླ་མ་བརྟེན་པའི་དུས་ལ་བབ། །ལར་ཅིག་སོང་གཉིས་སོང་སྡོད་དབང་མེད། །ཐམས་ཅད་འགྲོ་ཞིང་འདུག་པ་མ་མཐོང་ངམ། །ཚེ་འདི་ཡང་བདེ་ལ་ཕྱི་མ་སྐྱིད། །འདི་ཕྱི་གཉིས་ཀ་སྐྱིད་པ་དམ་པའི་ཆོས། །དམ་པའི་ལྷ་ཆོས་བྱེད་པའི་དུས་ལ་བབ། །
ཅེས་གསུངས་པས་ཁོ་དད་པ་སྐྱེས་ཏེ། ཨ་རེ་བདེན། ང་བས་ལོད་པ་མི་འདུག་སྙམ་ནས་མདའ་གཞུ་ཐང་ལ་བཞག་ནས་ཕྱག་ཕུལ་ཏེ། ཤྭ་བའི་སྲོག་དང་། ཁྱི་དང་། རྒྱ་དང་། མདའ་གཞུ་ཐམས་ཅད་ཕུལ་ནས་བྲོ་མ་དབྱངས་འདི་ཕུལ་ལོ། །
རྗེ་བཙུན་ཆེན་པོ་སྙན་གསོན་དང་། །སྤྲུལ་སྐུ་རས་ཆེན་ཐུགས་གཏད་འཚལ། །ང་ཡི་ལག་པ་གཡས་ན་ཐོགས་པ་ཉག་ཕྲན་མདའ། །ཉག་ཕྲན་མདའ་མོ་སྒྲོ་མཚལ་གྱི་ཁ་རྒྱན་ཅན། །མདེའུ་ངར་མ་བཙན་དུག་ངར་མས་བྱུགས། །ལག་པ་གཡོན་ན་བཟུང་བ་མཆོག་དཀར་གཞུ། །ཧོར་གཞུ་ངར་མ་སེང་རྒྱུད་ཁ་རྒྱན་ཅན། །དྲོ་བ་དཀར་མོ་མཛེས་པའི་གསལ་མདངས་ཅན། །ཞགས་པ་ནག་པོ་ཨ་ལོང་སྔོན་པོའི་ཁ་རྒྱན་ཅན། །འདོམ་དྲུག་བཤལ་བདུན་བཤལ་ཅིང་ཕྲ་ལ་གྲིམས། །རྒྱ་ཁྲེས་ཁྲ་བོ་སྣལ་ཆུ་སེར་པོའི་ཁ་རྒྱན་ཅན། །ཁྱི་མོ་དམར་མོ་རྔ་མ་དཀར་དམར་གྱིས་ལ་ཚོམ་ཅན། །གློག་ལྕམ་འཕར་མ་ནམ་མཁའི་བྱ་ཟིན་མ། །ཤ་བ་སྨུག་པོ་དུང་རུ་དཀར་པོའི་ཁ་རྒྱན་ཅན། །འབུལ་བ་སྣ་དྲུག་བླ་མ་ཁྱེད་ལ་འབུལ། །ཁྱི་མོ་དམར་མོ་ཐར་པའི་ལམ་ལ་ཐོང་། །ཤྭ་བ་སྨུག་པོ་བྱང་ཆུབ་ལམ་ལ་ཆུག །ང་ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བ་མི་གཏོང་འཚལ། །ངས་སྔར་བྱས་སྡིག་པའི་ལས་ལ་འགྱོད་པ་སྐྱེས། །ད་ཕྱིན་ཆད་མི་བྱེད་དམ་བཅའ་དབྱར་གྱིས་འབུལ། །
ཞེས་ཞུས་པས། རྗེ་བཙུན་མཉེས་སྟེ། ཁོའི་བྲོད་པ་བསྐྱེད་པའི་དོན་དུ་མགུར་འདི་གསུངས་སོ། །
མི་ང་ངོ་ཁྱེད་ཀྱིས་མ་ཤེས་ན། །ང་གུང་ཐང་མི་ལ་རས་པ་ཡིན། །ཆོས་ལྟ་བ་གང་ཡིན་ཟེར་ཙམ་ན། །ལྟ་བ་སྣང་སྟོང་མཐའ་བྲལ་ཡིན། །དེ་ལུང་རིགས་གཉིས་ཀྱི་བར་ན་རྙེད། །བུ་སྐྱེ་ཤིས་འཇིགས་ན་ཡར་ལ་ལྟོས། །སྐྱེ་ཤིས་འཇིགས་ན་ང་ཕྱིར་འབྲང་། །སྒོམ་པ་གང་ཡིན་ཟེར་ཙམ་ན། །སྒོམ་པ་འོད་གསལ་གཉིས་མེད་ཡིན། །དེ་བདེ་སྟོང་གཉིས་ཀྱི་བར་ན་རྙེད། །བུ་སྐྱེ་ཤིས་འཇིགས་ན་ཡར་ལ་ལྟོས། །སྐྱེ་ཤིས་འཇིགས་ན་ང་ཕྱིར་འབྲང་། །སྤྱོད་པ་གང་ཡིན་ཟེར་ཙམ་ན། །སྤྱོད་པ་མ་བཀག་ལྷུན་གྲུབ་ཡིན། །དེ་རྟེན་འབྲེལ་གཉིས་ཀྱི་བར་ན་རྙེད། །བུ་སྐྱེ་ཤིས་འཇིགས་ན་ཡར་ལ་ལྟོས། །སྐྱེ་ཤིས་འཇིགས་ན་ང་ཕྱིར་འབྲང་། །འབྲས་བུ་གང་ཡིན་ཟེར་ཙམ་ན། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཡིན། །དེ་འཁོར་འདས་གཉིས་ཀྱི་བར་ན་རྙེད། །བུ་སྐྱེ་ཤིས་འཇིགས་ན་ཡར་ལ་ལྟོས། །སྐྱེ་ཤིས་འཇིགས་ན་ང་ཕྱིར་འབྲང་། །ཆོས་ལྟ་སྒོམ་སྤྱོད་འབྲས་རྡོ་རྗེའི་དབྱངས། །ཁྱོད་སྒོམ་པར་ནུས་ན་རྟོགས་པ་འཆར། །བཟའ་ཚོ་དྲུག་གི་ཁྱིམ་ཐབས་རྣམས། །སྤངས་པར་ནུས་ན་ངོ་མཚར་ཆེ། །རང་ཉིད་གཅིག་པུར་འཆི་བ་ལ། །ཆོས་ཤིག་ནུས་ན་སོ་ནམས་ཚར། །
ཞེས་གསུངས་པས། ཁོ་ཤིན་ཏུ་དད་དེ། བླ་མ་ལགས་ཁྱེད་གར་བཞུགས། གྲོགས་ཅི་འདྲ་ཡོད། འཚོ་བ་ཅི་གསོལ། ང་ཡང་ཆགས་ཕྱི་ལ་འགྲོ་བ་ལགས། བུ་སྨད་ཡང་ཅི་རེད་རེད་ཅེས་ཞུས། མགུར་འདི་གསུངས་སོ། །
བླ་མ་དང་རང་སེམས་སངས་རྒྱས་གསུམ། །འདུ་འབྲལ་མེད་པར་གསོལ་བ་འདེབས། །གནས་གཡའ་རི་དང་གངས་རི་རྫ་རི་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་སྒྲུབ་གནས་ཡིན། །གནས་དེ་གསུམ་ལ་སྤྲོ་ན་ང་ཕྱིར་གཤེགས། །ཤྭ་བ་དང་གནའ་བ་དགོ་བ་གསུམ། །འདི་གསུམ་རྣལ་འབྱོར་ངའི་དཀོར་ནོར་ཡིན། །ནོར་དེ་གསུམ་ལ་དགའ་ན་ང་ཕྱིར་གཤེགས། །བྱ་གོང་མོ་དང་འཇོལ་མོ་ཀྲིག་མོ་གསུམ། །དེ་གསུམ་རྣལ་འབྱོར་ང་ཡི་ཁྱིམ་མཚེས་ཡིན། །རོགས་དེ་གསུམ་དང་འགྲོགས་ན་ང་ཕྱིར་གཤེགས། །སྔོ་ཟྭ་དང་རུག་པ་ཐུལ་པ་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་ཆོས་རྒྱགས་ཡིན། །ཟས་འདི་གསུམ་གྱིས་འགྲངས་ན་ང་ཕྱིར་གཤེགས། །རྫ་ཆུ་དང་གངས་ཆུ་གཡའ་ཆུ་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་བཏུང་བ་ཡིན། །སྐོམ་འདི་གསུམ་གྱིས་ངོམ་ན་ང་ཕྱིར་གཤེགས། །ཕ་བླ་མ་དང་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་རྒྱབ་རྟེན་ཡིན། །འདི་གསུམ་ལ་དད་ན་ང་ཕྱིར་གཤེགས། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་སྐྱབས་གནས་ཡིན། །ཁྱོད་འདི་གསུམ་ལ་དད་ན་ང་ཕྱིར་གཤེགས། །ཐབས་ལམ་དང་ཟབ་ལམ་སྙན་རྒྱུད་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་ཆོས་གསུམ་ཡིན། །ཁྱོད་འདི་གསུམ་སྒོམ་ན་ང་ཕྱིར་གཤེགས། །གཅིག་པུ་དང་སྙིང་རུས་སྡུག་བསྲན་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་ཐར་ལམ་ཡིན། །ཁྱོད་འདི་གསུམ་ནུས་ན་ང་ཕྱིར་གཤེགས། །ཏུ་རེ་དང་ཡེངས་མེད་འཁྲུལ་མེད་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་ཉམས་ལེན་ཡིན། །ཁྱོད་འདི་གསུམ་སྐྱོང་ན་ང་ཕྱིར་གཤེགས། །
ཞེས་གསུངས་པས་ཁོ་དགའ་ཡ་ལེ་བྱུང་ནས། བླ་མ་ལགས། ཁྱེད་ལ་དེ་ལྟར་ཡོད་ན་ཤིན་ཏུ་དགའ། ཁྱེད་དབྱར་གར་བཞུགས། དགུན་དང་སྟོན་དཔྱིད་ཅི་མཛད། བདག་ཀྱང་ཆགས་ཕྱིར་བྱེད་པས་རྒྱགས་ཅི་ཙམ་དགོས་ཞུས་པས། རྒྱགས་དགོས་ཀྱང་ཁྱོད་ཀྱི་བུ་སྨད་ཀྱིས་གཤིས་འདུག་པ་ལ། གང་ནས་རྒྱགས་འོང་གསུང་བས། ང་ལ་ནོར་ཡོད་སྟེ་ཟས་ལ་བསྒྱུར་མ་ཕོད་པ་ཡིན་ཟེར་བས། བླ་མས་ནོར་ཡོད་ནས་ཟས་མེད་པ་ཡི་དྭགས་སུ་སྐྱེ་འདོད་ཡིན། རྒྱ་མཚོའི་འགྲམ་ན་ཡི་དྭགས་སྐོམ་ཟེར་ཙ། དེང་སང་ནས་བྱེད་པ་རྒྱུ་མཐུན་གྱི་སྔ་མས་སླེབ་འོང་བ་ཡིན། ད་ནོར་དང་གཉེན་ལ་ཐེ་ཙོམ་མ་སྐྱེ་བར་ཉོན་ཅིག་གསུང་ནས་མགུར་འདི་གསུངས་སོ། །
ཕོ་ཡ་མཚན་གྱི་རི་ཁྲོད་རས་པ་ང་། །དབྱར་ཟླ་གསུམ་རི་ཁྲོད་ཀྱི་གངས་ལ་སྒོམ། །ཁམས་རྨུགས་པ་བསང་བའི་བསིལ་ངད་བཟང་། །སྟོན་ཟླ་གསུམ་རོ་སྙོམས་ཀྱི་ལྡོམ་བུ་བྱེད། །ལུས་འབྱུང་བཞི་གསོ་བའི་འབྲུ་ཙམ་མེད། །དགུན་ཟླ་གསུམ་ནགས་མའི་ཕུགས་སུ་སྒོམ། །རླུང་གདུག་པ་ཅན་ངར་མའི་སྒྲིབ་གཡོགས་ཡིན། །དཔྱིད་ཟླ་གསུམ་གཡའ་དང་གངས་ལ་སྡོད། །རླུང་བད་ཀན་མཁྲིས་པའི་བཅག་པ་ཡིན། །དབྱར་དགུན་མེད་པར་སྒོམ་ལ་བརྩོན། །ལུས་འབྱུང་བཞི་འཇིག་པའི་སྡུག་ཚིས་ཡིན། །དུས་རྒྱུན་དུ་ཡེངས་མེད་བྱ་ར་གཏོང་། །ཉོན་མོངས་དུག་ལྔའི་དམག་བཟློག་ཡིན། །འཚོ་བ་གང་བྱུང་ཟ་བ་དེ། །འདོད་སྲེད་ཆུང་བའི་སྐྱིད་རྟགས་ཡིན། །དུས་རྒྱུན་དུ་ཆོས་ལ་འབད་པ་དེ། །རང་རྒྱུད་དཀར་བའི་རྣམ་ཐར་ཡིན། །བུ་ཆོས་རྒྱགས་ལ་སེམས་འཕྲལ་མ་བྱེད་དང་། །ཆོས་པ་ལྟོགས་གྲིར་མི་འཆི་བ། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །གྲུབ་ཐོབ་རྣམས་ཀྱི་སྙིང་གཏམ་ཡིན། །མ་དང་མཁའ་འགྲོའི་མཛད་སྤྱོད་ཡིན། །རྣལ་འབྱོར་ང་ཡི་རྟོགས་པ་ཡིན། །ཆོས་སྐྱོང་སྤྱི་ཡི་དམ་ཚིག་ཡིན། །
ཞེས་གསུང་པས། འོ་ན་སླ་ནས་འདུག་བསམ་ཏེ། ད་ང་ལ་ཁྲིད་གནང་བར་ཞུ་ཞུས་པས་མགུར་འདི་གསུངས་སོ། །
