Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (13)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

ཀྱེ་ཧོ་གསོན་དང་རིགས་ཀྱི་བུ། །ང་སྐྱེས་པ་ཐོག་མ་མེད་ནས་སྐྱེ། །ཡུལ་ནི་ངེས་མེད་འཇིག་རྟེན་ཁམས། །འགྲོ་བ་ཐོགས་པ་མེད་པར་འགྲོ། །འདུག་གནས་འགྲོ་དྲུག་ཀུན་གྱི་སེམས། །རིགས་ནི་མཐོ་དམན་མེད་པ་ཡིན། །མཚན་ཉིད་ཁྱེད་རང་རང་ལ་དྲིས། །ཅིར་ཡང་བྱུང་བས་སྤྲུལ་པ་ཡིན། །བག་ཆགས་བརྒྱུད་པས་རང་བརྒྱུད་ཡིན། །འཁོར་འདས་གཉིས་ཀྱི་འཕྲིན་པ་ཡིན། །ཞེས་ཞུས་པས།
ཡང་རྗེ་བཙུན་གྱིས། ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །བན་སྤྲང་བདག་ལ་སྙན་གསོན་དང་། །ཁྱེད་མཛེས་བཙུན་ཆ་བྱད་བཟང་བ་དེ། །རིགས་ལྡན་མ་ཅིག་ཡིན་པར་ངེས། །སྔོན་ཆད་འདྲིས་པ་སུ་དང་འདྲིས། །མཛད་སྤྱོད་འབྱོར་པ་ཅི་དང་ལྡན། །ཁྱེད་ལ་རང་དབང་ཅི་ཙམ་ཡོད། །སྐུ་ཚེ་རིང་ཐུང་ཅི་ཙམ་གནས། །ཞེས་གསུང་བ་ལ། ཡང་ཞུས་པ།
ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །དུས་གསུམ་སངས་རྒྱས་མན་ཆད་ནས། །རྡོ་རྗེ་དམྱལ་བ་ཡན་ཆད་ཀྱི། །འཁོར་འདས་གཉིས་དང་སྔ་ནས་འདྲིས། །བཟང་ངན་བདེན་རྫུན་མཐོ་དམན་རྣམས། །ཐམས་ཅད་མ་ལུས་ང་ཡིས་བྱེད། །ལ་ལ་ཐར་པའི་ཡུལ་དུ་བསྐྱལ། །ལ་ལ་འབྱུང་བའི་ལམ་ཡང་བསྟན། །ལ་ལ་མཐོ་རིས་གནས་སུ་བསྐྱལ། །ལ་ལ་ངན་སོང་གནས་སུ་ཁྲིད། །ལ་ལ་མཐོན་པོ་དམའ་མོར་བཏང་། །ལ་ལ་དམའ་མོ་མཐོན་པོར་བཏང་། །ལ་ལ་ཕྱུག་པོ་དབུལ་པོར་བཏང་། །ལ་ལ་དབུལ་པོ་ཕྱུག་པོར་བཏང་། །འཁོར་འདས་ལོངས་སྤྱོད་ཅི་སྙེད་པ། །བུ་མོ་ང་ཡི་འབྱོར་པ་ཡིན། །དག་དང་མ་དག་འཇིག་རྟེན་ན། །བུ་མོ་ང་བས་དབང་ཆེ་མེད། །འདས་དང་མ་འོངས་ད་ལྟར་གྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་ཅི་སྙེད་པ། །ས་ལམ་མ་ལུས་ཉེར་བགྲོད་ནས། །འབྲས་བུ་མཆོག་རྣམས་ཐོབ་པ་ཡང་། །ང་ཡི་དབང་གིས་ཐོབ་པ་ཡིན། །ལྷ་དང་ལྷ་མིན་ཐམས་ཅད་ཀྱི། །བདེ་དང་སྡུག་བསྔལ་ཅི་སྙེད་པ། །བུ་མོ་ང་ཡི་དབང་གིས་བྱུང་། །ཕུང་འཚིང་གཉིས་ཀ་ང་ཡིས་བྱས། །གླ་པ་ཀུན་གྱི་སྙིང་ལ་ཞུགས། །ཉིན་མཚན་མེད་པའི་སྡུག་བསྔལ་གྱིས། །དཔུང་ཤེད་མི་ལ་ཕུལ་པའི་རིན། །ཟད་ནས་སྟོང་པར་འགྲོ་བར་བྱས། །མགྲོན་པོ་ཀུན་གྱི་སྙིང་དུ་ཞུགས། །སྡིག་སྡུག་མང་པོས་བསགས་པའི་ནོར། །དོན་མེད་ང་ཡིས་དབང་བྱས་ནས། །ཟད་ནས་སྤྲང་དུ་འགྲོ་བར་བྱས། །དཔེར་ན་ནོར་མེད་སྤྲང་པོ་ཅིག །ནུབ་གཅིག་གཉིད་པའི་རྨི་ལམ་ན། །ནོར་མང་རྙེད་ནས་དགའ་གྱུར་ཀྱང་། །སད་ནས་སྟོང་པ་དེ་བཞིན་ནོ། །འཕྱོར་པོ་ཀུན་གྱི་སྙིང་དུ་ཞུགས། །ལ་ལ་རིན་ཆེན་སྤྱན་དང་ཕྲལ། །ལ་ལ་འཕངས་པའི་སྲོག་དང་ཕྲལ། །ལ་ལ་ནོར་ཤོར་གཅེར་བུར་བཏང་། །འཕྱོར་མོ་ཀུན་གྱི་སྙིང་ལ་ཞུགས། །རྩིས་ཆེན་ངན་པར་ལྷུང་བར་བྱས། །འབྲིང་པོ་ཁྱི་དང་འཐབ་ཏུ་བཅུག །རྩིས་མེད་རྔན་གྱི་ཚེ་སྲོག་བཀུམ། །སྔགས་པ་ཀུན་གྱི་སྙིང་དུ་ཞུགས། །དམ་ཚིག་ས་ཡ་འབུམ་སྡེ་དེ། །མཛེས་མ་ང་ཡི་དབང་དུ་སོང་། །ཐུན་བཞིའི་སྒྲུབ་པ་བཤོལ་བར་བྱས། །མི་ཆེན་ཀུན་གྱི་སྙིང་དུ་ཞུགས། །བཟང་འདོད་བསམ་པ་གཉེན་པོ་དེ། །མཛེས་མ་ང་ཡི་དབང་དུ་སོང་། །རྒྱལ་པོ་ཁྲི་ལས་ལྷུང་བར་བྱས། །རབ་བྱུང་ཀུན་གྱི་སྙིང་དུ་ཞུགས། །ལྷག་པའི་ཚུལ་ཁྲིམས་དྲི་མེད་དེ། །མཛེས་མ་ང་ཡི་དབང་དུ་སོང་། །འདི་ཕྱི་གཉིས་ཀ་མེད་པར་བྱས། །བླ་མ་ཀུན་གྱི་སྙིང་དུ་ཞུགས། །རང་གཞན་གཉིས་ཀྱི་དོན་ཆེན་དེ། །མཛེས་མ་ང་ཡི་དབང་དུ་སོང་། །སོ་སོ་སྐྱེ་བོས་སྨོད་པར་བྱས། །སྒོམ་ཆེན་ཀུན་གྱི་སྙིང་ལ་ཞུགས། །ཞི་གནས་ལྷག་མཐོང་ཟུང་འབྲེལ་དེ། །མཛེས་མ་ང་ཡི་དབང་དུ་སོང་། །ཐ་མལ་གྲོང་པས་བཞད་གད་བྱས། །རྣལ་འབྱོར་ཀུན་གྱི་སྙིང་དུ་ཞུགས། །ཆགས་མེད་རིན་ཆེན་ནོར་མཆོག་དེ། །མཛེས་མ་ང་ཡི་དབང་དུ་སོང་། །ཐེར་ཟུག་སྲད་བུས་བཅིངས་ནས་བཞག །དགེ་བཤེས་ཀུན་གྱི་སྙིང་དུ་ཞུགས། །ཐོས་བསམ་སྒོམ་གསུམ་ཤེས་རབ་དེ། །མཛེས་མ་ང་ཡི་དབང་དུ་སོང་། །སེང་གེའི་ཁྲི་ལས་ལྷུང་བར་བྱས། །ནམ་མཁའ་མཐའ་མ་གང་ཡིན་དང་། །འཁོར་བའི་རྒྱ་མཚོ་ཅི་གནས་བར། །མཛེས་མ་ང་ཡི་ཚེ་ཡི་ཚད། །དེ་སྲིད་བར་དུ་གནས་པ་ཡིན། །ཁྱེད་ཀྱི་བསམ་པའི་རང་གཟུགས་དེ། །མཛེས་མ་ང་དང་དབྱེར་མི་ཕྱེད། །བདེན་ནམ་མི་བདེན་རང་ལ་དྲིས། །བདེན་པར་གོ་ན་དོན་ཆེན་འགྲུབ། །ཅེས་ཞུས་པ་ལ། ཡང་རྗེ་བཙུན་གྱིས།
ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །དགེ་དང་མི་དགེའི་མཚན་ཉིད་གང་། །སེམས་ཀྱི་མཚན་ཉིད་ཇི་ལྟར་ལགས། །བདུད་རིགས་གང་གི་ཡུལ་ལ་འཇུག །ཅེས་གསུང་བ་ལ། ཡང་ཞུས་པ།
ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ཕན་སེམས་གཞན་དོན་སྙིང་རྗེ་ཡི། །མི་དགེ་སྤྱོད་པ་ལྟར་སྣང་ཡང་། །དགེ་བའི་རྩ་བ་ཙིར་གྱིས་བཟུང་། །ཀུན་སློང་རིག་པའི་སེམས་ཀྱིས་སུ། །གཡོ་སྒྱུ་འདོད་པའི་ལས་དབང་གིས། །དགེ་བ་སྤྱོད་པ་ལྟར་སྣང་ཡང་། །དེ་ནི་མི་དགེར་ཤེས་པར་གྱིས། །སེམས་ཀྱི་མཚན་ཉིད་ནམ་མཁའ་འདྲ། །ནམ་མཁའི་མཚན་ཉིད་ང་ལ་དྲིས། །ང་ཡི་རང་བཞིན་ཤེས་པ་ན། །བཅིངས་པའི་དྲ་བ་རང་སར་གྲོལ། །བཤེས་གཉེན་མཁས་དང་མི་ལྡན་ཞིང་། །ཤེས་རབ་རྣམ་གསུམ་མཚོན་ཆ་དེ། །རང་ལ་རང་དབང་མ་ཐོབ་ན། །བདུད་རྣམས་དེ་ཡི་ཡུལ་ལ་འཇུག །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ཉོན་མོངས་བདུད་ཀྱི་དམག་དཔུང་དེ། །ཁྱོད་ཀྱིས་ཟློག་ན་ཇི་ལྟར་ཟློག །མགུར་གྱི་བུམ་པར་གླུ་རུ་གསུང། །ཞེས་ཞུས་པས། ཡང་རྗེ་བཙུན་གྱིས།
ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །རྣམ་པར་ཤེས་པའི་རྒྱུ་འགྲུལ་དེ། །དོན་མེད་ཡུལ་དུ་སྟོང་སྐོར་བྱེད། །ཁྱོད་དྲན་པ་རྩེ་གཅིག་ཏུ་རེ་ཉོན། །ཐོས་པའི་ཤེས་རབ་རལ་གྲི་དེས། །སྒྲོ་འདོགས་ཡིད་གཉིས་ཐག་པ་དེ། །ཕྱི་ནང་མེད་པར་རྦད་ཀྱིས་བཅད། །ཐ་དད་ཀྱི་བདུད་ལ་ཉམ་མི་ང་། །བསམ་པའི་ཤེས་རབ་བཤེན་བུ་དེས། །ཡིན་མིན་སྲེད་བུ་སུམ་སྒྲིལ་དེ། །ངེས་ཤེད་ངང་དུ་རྦད་ཀྱིས་བཅད། །ཐེ་ཚོམ་བདུད་ལ་ཉམ་མི་ང་། །སྒོམ་པའི་ཤེས་རབ་མདའ་མོ་ཆེས། །དམིགས་པའི་ཕུབ་མོ་གསུམ་རིམ་དེ། །འོད་གསལ་རྒྱུན་པར་ཏལ་གྱིས་ཕུག །མཚན་མའི་བདུད་ལ་ཉམས་མི་ང་། །རང་ལུས་ལྷ་སྐུའི་རང་བཞིན་ལ། །ཐུན་བཞིའི་རྣལ་འབྱོར་གསལ་གདབ་ཅིང་། །འཇའ་ཚོན་ལྟ་བུར་རྟོགས་པ་ལ། །ཕུང་པོའི་བདུད་ལ་ཉམ་མི་ང་། །སེམས་ཉིད་རིག་པ་འོད་གསལ་འདི། །རྒྱུན་ཆད་མེད་པའི་རང་བཞིན་ཏེ། །དངོས་པོ་མེད་པར་འདུག་པ་ལ། །འཆི་བདག་གི་བདུད་ལ་ཉམ་མི་ང་། །སེམས་ཉིད་ནམ་མཁའ་དྭངས་པ་ལ། །རྣམ་རྟོག་སྤྲིན་ལྟར་ངང་དུ་ཞི། །ཐམས་ཅད་གྲོགས་སུ་གྱུར་པ་ལ། །ཉོན་མོངས་བདུད་ལ་ཉམ་མི་ང་། །བཟང་ངན་བདེ་སྡུག་ཐམས་ཅད་ཀུན། །ཆོས་ཉིད་ངང་དུ་དབྱེར་མེད་ཅིང་། །རོ་སྙོམས་བྱེད་པའི་རྣལ་འབྱོར་ལ། །ལྷ་ཡི་བདུད་ཀྱི་ཉམ་མི་ང་། །འཁོར་བ་མྱ་ངན་འདས་པ་ཀུན། །ཐམས་ཅད་སེམས་ཉིད་རིག་པར་ཅིག །སེམས་ལ་རང་དབང་ཐོབ་པ་ལ། །བདུད་རིགས་ཐམས་ཅད་སྡུག་པར་མཆིས། །འདི་མཁས་པ་ཆེན་པོའི་གསུང་སྒྲོས་ཡིན། །རྣལ་འབྱོར་བདག་གི་ཉམས་རྟོགས་ཡིན། །མཛེས་མ་ཁྱེད་ལ་བཟླས་པ་ཡིན། །རང་བཞིན་སེམས་ཀྱི་ཡོན་ཏན་ཡིན། །ཅེས་གསུང་པ་ལ། ཡང་ཞུས་པ།
ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ངོ་མཚར་རྨད་ཀྱི་གླུ་བླངས་པས། །རྣམ་པར་ཤེས་པའི་སྐྱོ་ངལ་སངས། །ང་ཡི་རང་བཞིན་ཁྱེད་ཤེས་ཟིན། །ལར་གཉེན་འབྲེལ་བདུད་ཀྱི་ཇག་པ་ཡིན། །དགྲ་སྡང་བྱམས་པའི་སག་དར་ཡིན། །ཆུང་མ་ཐར་མེད་བཙོན་ར་ཡིན། །སྲས་བུ་འཁོར་བའི་གཏིང་རྡོ་ཡིན། །བསོད་ནམས་བདུད་ཀྱི་ཕྱེ་གཏོར་ཡིན། །མངའ་རིས་གཤིན་རྗེའི་ཇག་པ་ཡིན། །ཟས་ནོར་དུག་གི་སྡོང་པོ་ཡིན། །ང་ཡི་རང་བཞིན་མ་བརྗེད་མཛོད། །ཅེས་ཞུས་པ། ཡང་རྗེ་བཙུན་གྱིས།
ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །འཁོར་བ་སྤངས་ན་ཇི་ལྟར་སྤངས། །མྱ་ངན་འདས་པ་ཅི་ལྟར་བསྒྲུབ། །རང་གཞན་དོན་གཉིས་ཅི་ལྟར་བྱ། །ཞེས་གསུང་པ་ལ། ཡང་ཞུས་པ།
ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །འཁོར་བའི་རང་བཞིན་མྱ་ངན་འདས། །དེ་ཉིད་རྟོགས་ན་ཐར་པ་འཐོབ། །གཉིས་མེད་དོན་འདི་གོ་ལགས་སམ། །བྱམས་པ་སྙིང་རྗེའི་རང་བཞིན་གྱིས། །རྟག་ཏུ་བྱང་ཆུབ་སེམས་བསྒོམ་ཞིང་། །གཞན་དོན་གཙོ་བོར་བྱས་པ་ན། །རང་དོན་ཤུགས་ལས་འབྱུང་སྟེ་མཆི། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ལར་འཁྲུལ་པའི་རྩ་བ་མ་ཆོད་ན། །བྱས་པ་ཐམས་ཅད་དོན་མེད་ཡིན། །དེ་བས་འཁྲུལ་པ་རྩད་ནས་ཆོད། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ཁྱོད་ཀྱི་བརྒྱུད་པ་ཅི་ལྟ་བུ། །དྲིན་ཅན་བླ་མ་ཅི་སྐད་བྱ། །གདམས་པའི་གཙོ་བོ་གང་ལ་བྱེད། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ཁྱོད་ཀྱིས་གསན་ན་ཅི་ལྟར་རྟོགས། །མཛེས་མ་ང་ལ་དྲང་དུ་སྨྲོས། །ཞེས་ཞུས་པ་ལ། ཡང་རྗེ་བཙུན་གྱིས།
ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །ང་ཡི་བརྒྱུད་པའི་བླ་མ་རྣམས། །ལ་ལ་བཤད་པའི་བརྒྱུད་པར་ཞུས། །སྒྲོ་འདོགས་ཆོད་པ་དེ་ཙུག་ལགས། །ལ་ལར་ཚིག་གི་བརྒྱུད་པར་ཞུས། །སྡེབ་སྦྱོར་མཁས་པ་དེ་ཙུག་ལགས། །ལ་ལ་གདམས་ངག་གི་བརྒྱུད་པར་ཞུས། །ཉམས་ལེན་མཁས་པ་དེ་ཙུག་ལགས། །ལ་ལ་བྱིན་རླབས་ཀྱི་བརྒྱུད་པར་ཞུས། །བར་ཆད་སེལ་བ་དེ་ཙུག་ལགས། །ལ་ལ་སེམས་བསྐྱེད་བརྒྱུད་པར་ཞུས། །གཞན་དོན་བྱེད་པ་དེ་ཙུག་ལགས། །ལ་ལ་ཉམས་ཀྱི་བརྒྱུད་པར་ཞུས། །གོལ་ས་མེད་པ་དེ་ཙུག་ལགས། །ལ་ལ་རྟོགས་པའི་བརྒྱུད་པར་བཞུགས། །གཉིས་འཛིན་མེད་པ་དེ་ཙུག་ལགས། །ཡོན་ཏན་རྒྱུད་ལ་སྐྱེས་པའི་ཕྱིར། །དྲིན་ཅན་གྱི་བླ་མ་དེ་ཀུན་ཡིན། །གདམས་ངག་དེ་རྒྱུ་འབྲས་མངོན་གྱུར་ཡིན། །ལམ་ནོར་ས་མེད་པ་དེ་ཙུག་ལགས། །ལྟ་བ་ཕྱོགས་འཛིན་མེད་པ་ཡིན། །སྒོམ་པ་བསམ་གཏན་ཡེངས་མེད་ཡིན། །སྤྱོད་པ་བཅོས་མ་མེད་པ་ཡིན། །འབྲས་བུ་འཁོར་འདས་ལྷུན་རྫོགས་ཡིན། །མི་ངས་ནི་གནས་ལུགས་དེ་ལྟར་རྟོགས། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །འདི་བས་གདམས་ངག་ཡོད་པ་ན། །རྣལ་འབྱོར་བདག་ལ་གསུང་བར་ཞུ། །ཞེས་གསུང་པ་ལ། ཡང་ཞུས་པ།
ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ལར་ནི་དྲི་རྟོག་བྱེད་པས་ལེགས། །དེང་སང་ལྔ་བརྒྱའི་སྙིགས་མ་ལ། །སེམས་ཅན་ལོག་པའི་དབང་སོང་བས། །བདེན་པར་གསུང་བའི་སངས་རྒྱས་བས། །རྫུན་ལ་བརྟེན་པའི་མུ་སྟེགས་འདོད། །བདེ་ལེགས་འབྱུང་བའི་དམ་ཆོས་བས། །སྡུག་བསྔལ་འབྱུང་བའི་བོན་པོ་འདོད། །བསྟན་པ་འཛིན་པའི་དགེ་འདུན་བས། །བསྟན་པ་བསྣུབ་པའི་རྟགས་འཛིན་འདོད། །ཆོས་པ་འདོད་པའི་དུག་ལ་སྤྱོད། །སྒོམ་ཆེན་འདུ་འཛི་གཡེང་བ་བསྒྲུབས། །སྟོན་པ་ཚིག་དང་དོན་དུ་འཛོལ། །གཞན་དོན་རང་ཆེ་ཞེ་ཕུགས་བཞག །བཙུན་པས་ཚུལ་ཁྲིམས་དམག་དཔོན་བྱེད། །སྔགས་པ་དམ་མེད་ནང་དགྲ་བྱེད། །རྣལ་འབྱོར་རྫུན་གྱིས་ལྟོ་རྒྱབ་འཚོལ། །གསང་སྔགས་ཟབ་མོ་བོན་དུ་གྱེར། །གྲུབ་ཐོབ་མགོ་སྐོར་ཟས་ནོར་འཚོལ། །བླ་མ་ཆོས་བརྒྱད་རྟ་ཁས་ཁྱེར། །ཚོགས་གསོག་ཁ་ལན་རླུང་གིས་ཁྱེར། །ཡོན་ཏན་རིན་ཆེན་འོད་དུ་ནུབ། །གསེར་མདོག་ཅན་གྱི་བསྟན་པ་ལ། །ཚུལ་བཞིན་བསྒྲུབ་པ་ཤིན་ཏུ་ཉུང་། །ཨ་མྲ་ཏ་ཡི་འབྲས་བུ་བརྟག་དཀའ་ལྟར། །ཡོན་ཏན་གང་ལ་ཡོད་པ་དང་། །སྐྱོན་རྣམས་གང་ལ་ཡོད་པ་དང་། །མངོན་དུ་བྱུང་ཡང་ཤེས་མི་མེད། །བརྒྱ་ལ་འགའ་ཞིག་སྒྲུབ་མོད་ཀྱང་། །བླ་མ་མཁས་པས་མ་ཟིན་ཅིང་། །ཤེས་རབ་གསུམ་དང་མི་ལྡན་པ། །བྱམས་པ་ལམ་དུ་འགྲོ་བ་ཉུང་། །དང་པོ་མཚན་མེད་ལྟ་བར་བཟུང་། །བར་དུ་སྤྱོད་མེད་སྤྱོད་པར་བཟུང་། །ཐ་མ་ཐོབ་མེད་འབྲས་བུར་བཟུང་། །དེ་ལྟར་འཆིང་འགྱུར་གྲོལ་མི་འགྱུར། །མི་རྣམས་འདྲིས་ཤིང་ངན་དུས་འདིར། །སྤྲང་པོའི་ཚུལ་འཛིན་འདྲིས་མི་བྱ། །མི་རྣམས་ལོག་རྟོག་ཆེ་དུས་འདིར། །ཡོན་ཏན་གཞན་ལ་གསང་བར་བྱ། །མི་རྣམས་འགྲོགས་ཤིང་འཚེ་དུས་འདིར། །གཅིག་པུར་གྲོགས་མེད་ལྡོམ་པར་བྱ། །མི་རྣམས་རང་བཞིན་ངན་དུས་འདིར། །རི་ཁྲོད་དགོན་པར་བསྡད་པར་བྱ། །མི་རྣམས་མུ་ཅོར་སྨྲ་དུས་འདིར། །རྣལ་འབྱོར་རང་དབང་ཐོབ་པར་བྱ། །ངག་འཆལ་མི་དགེའི་རྒྱུ་ཡིན་ཕྱིར། །སྨྲ་བ་ངག་རྣམས་བསྡམ་པར་བྱ། །ཡོད་པ་སྡུག་བསྔལ་ཡིན་པའི་ཕྱིར། །སྤྲང་ཟས་ཁམ་རེས་ཆོག་པར་བྱ། །བྱས་པ་མི་རྟག་ཆོས་ཡིན་ཕྱིར། །བྱར་མེད་རང་སར་བཞག་པར་བྱ། །ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར། །བཤེས་གཉེན་དམ་པ་བསྟེན་པར་བྱ། །ཕྱི་མ་ནམ་ཡིན་ཆ་མེད་ཕྱིར། །དེ་རིང་ཉིད་ནས་བསྒྲུབ་པར་བྱ། །གཞན་དོན་ཀུན་མཁྱེན་རྒྱུ་ཡིན་ཕྱིར། །བྱང་ཆུབ་སེམས་མཆོག་བསྒོམ་པར་བྱ། །བསོད་ནམས་ཚོགས་གསོག་རྒྱུ་ཡིན་ཕྱིར། །ལུས་ངག་དགེ་སྦྱོར་རྟག་ཏུ་བྱ། །སངས་རྒྱས་གཞན་ནས་མེད་པའི་ཕྱིར། །རང་སེམས་ངོ་བོ་རྟོགས་པར་བྱ། །ཐམས་ཅད་མཚན་མའི་ཆོས་ཡིན་ཕྱིར། །ཕྱག་རྒྱ་ཆེན་པོར་བཞག་པར་བྱ། །གཞན་གྱིས་དྲིས་ཀྱང་ཁར་མ་འདོན། །དེ་ཙམ་ཤེས་པར་གྱུར་པ་ན། །ཁྱེད་རང་འདི་ལྟར་འདུག་པ་ཅི། །ཞེས་ནི་ངེས་པར་ཟེར་བར་འགྱུར། །ཞེས་ཞུས་པ་ལ། ཡང་རྗེ་བཙུན་གྱིས།
ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །དེ་སྔ་གསུངས་པ་ཐམས་ཅད་དེ། །ཁོ་བོ་རང་གིས་ཤེས་པར་ཟད། །གདམས་ངག་ཡོད་ན་ད་རུང་གསུང་། །ཞེས་གསུང་བ་ལ། ཡང་ཞུས་པ།
ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ཁྱོད་ཀྱིས་དེ་ལྟར་ཤེས་མོད་ཀྱང་། །རྟག་ཏུ་འདུག་ཚིས་བྱེད་པ་ལ། །མི་རྟག་ཤེས་པས་ཅི་ལ་ཕན། །འཁོར་བའི་སྡུག་བསྔལ་སྒྲུབ་པ་ལ། །རྒྱུ་འབྲས་ཤེས་པས་ཅི་ལ་ཕན། །གྲགས་ལ་ཆགས་ཤིང་ཞེན་པ་ན། །འདུ་འབྲལ་ཤེས་པས་ཅི་ལ་ཕན། །རྟག་ཏུ་སྡིག་པ་སྤྱོད་པ་ལ། །དགེ་བ་ཤེས་པས་ཅི་ལ་ཕན། །དགེ་བ་ཅུང་ཟད་མི་སྒྲུབ་པའི། །ལེགས་ཉེས་ཤེས་པས་ཅི་ལ་ཕན། །བཀའ་ལུང་དགོངས་པ་མི་ཁྲོལ་བའི། །ཆོས་རྒྱུས་ཤེས་པས་ཅི་ལ་ཕན། །ཆོས་ལ་བྱན་མོ་མི་ཆུད་ན། །ཆོས་མང་ཐོས་པས་ཅི་ལ་ཕན། །རང་གི་རྒྱུད་ལ་མ་ཕན་ན། །བཤད་པ་བྱས་པས་ཅི་ལ་ཕན། །ཚུལ་ཁྲིམས་སྣ་གཅིག་མི་སྲུང་བའི། །རབ་ཏུ་བྱུང་བས་ཅི་ལ་ཕན། །ཁྱད་པར་བཞི་དང་མི་ལྡན་པའི། །སྔགས་པ་ཡིན་པས་ཅི་ལ་ཕན། །ཡོན་ཏན་གོང་མ་མ་སྐྱེས་པའི། །རྣལ་འབྱོར་ཡིན་པས་ཅི་ལ་ཕན། །གཞན་དོན་བག་ཙམ་མི་བྱེད་པའི། །སེམས་བསྐྱེད་བྱས་པས་ཅི་ལ་ཕན། །ཚུལ་བཞིན་ཉམས་སུ་མི་ལེན་པའི། །དགོན་པ་བསྟེན་པས་ཅི་ལ་ཕན། །བསྟན་པའི་སྤྱི་རྒྱ་མི་འཚོ་བའི། །གནས་གཉིས་བྱས་པས་ཅི་ལ་ཕན། །ད་ནས་ཉམས་སུ་མི་ལེན་པའི། །བྱ་བསམ་ཡོད་པས་ཅི་ལ་ཕན། །དམ་ཚིག་ཚུལ་བཞིན་མི་བསྲུང་བའི། །དབང་བསྐུར་ཞུས་པས་ཅི་ལ་ཕན། །སྣོད་མིན་རྣམས་ལ་གསང་བ་བསྒྲགས། །གཉན་པོར་ཤེས་པས་ཅི་ལ་ཕན། །བདག་གཞན་གང་ལ་མི་ཕན་པའི། །དཔེ་ཆ་མང་བས་ཅི་ལ་ཕན། །བསོད་ནམས་རྒྱ་ཆེན་མ་བསགས་པའི། །ནོར་མང་ཡོད་པས་ཅི་ལ་ཕན། །ཆགས་སྡང་གཉིས་ལ་གནས་པ་ཡི། །མཉམ་ཉིད་ཤེས་པས་ཅི་ལ་ཕན། །འདོད་ཆགས་དུག་ལ་སྤྱོད་པ་ཡི། །གཉེན་པོར་ཤེས་པས་ཅི་ལ་ཕན། །རྟག་ཏུ་ཞེ་སྡང་རྒྱས་པ་ཡི། །བྱམས་པ་ཤེས་པས་ཅི་ལ་ཕན། །དགེ་སྡིག་ཁྱད་པར་མི་ཤེས་པའི། །ཤེས་རབ་ཆེ་བས་ཅི་ལ་ཕན། །ང་རྒྱལ་མིན་པ་མི་བསམ་པའི། །དམན་སྤྱོད་ཤེས་པས་ཅི་ལ་ཕན། །ཁེ་གྲགས་འབའ་ཞིག་གཙོར་བྱེད་པའི། །འདུས་བྱས་དགེ་བས་ཅི་ལ་ཕན། །རྟག་ཏུ་སྡིག་པ་འཕེལ་བ་ཡི། །གྲོགས་པོ་བསྟེན་པས་ཅི་ལ་ཕན། །སྡུག་བསྔལ་ཆེ་ཞིང་གྲོག་སྦུར་འཆི། །མཁར་ལས་བྱས་པས་ཅི་ལ་ཕན། །འཁྲི་བ་རྦད་ཀྱིས་མི་ཆོད་པའི། །སྐྱོ་བ་སྐྱེས་པས་ཅི་ལ་ཕན། །རང་ཉིད་ཉམས་སུ་མི་ལེན་པའི། །གདམས་ངག་ཤེས་པས་ཅི་ལ་ཕན། །ཡུལ་ཁམས་གཅིག་ཏུ་རྟག་གནས་པའི། །ཕ་ཡུལ་སྤངས་པས་ཅི་ལ་ཕན། །འཚོ་བ་མི་སྦྱོར་ངན་ཁ་བཀྲམ། །ཡོན་བདག་ཡོད་པས་ཅི་ལ་ཕན། །ཟས་ནོར་རང་གི་སྙིང་བས་འཕངས། །འདོད་པ་སྤངས་པས་ཅི་ལ་ཕན། །གནས་ལུགས་གཏན་ལ་མི་ཕེབས་པའི། །ལྟ་བ་མཐོ་བས་ཅི་ལ་ཕན། །སེམས་ཉིད་ངོ་བོ་མི་ཤེས་པའི། །ཡུན་རིང་བསྒོམ་པས་ཅི་ལ་ཕན། །དགེ་སྦྱོར་གྲོགས་སུ་མི་འགྲོ་བའི། །སྤྱོད་པ་བྱས་པས་ཅི་ལ་ཕན། །ཟག་མེད་བདེ་བ་མི་འཐོབ་པའི། །འབྲས་བུ་ཐོབ་པས་ཅི་ལ་ཕན། །དཀོན་མཆོག་གསུམ་ལ་མ་བརྟེན་པའི། །དད་པ་ཆེ་བས་ཅི་ལ་ཕན། །རང་ལ་རང་ཡིད་མ་ཆེས་པའི། །གཞན་གྱིས་བསྟོད་པས་ཅི་ལ་ཕན། །རང་གིས་ཅི་ངན་བྱེད་པ་ཡི། །བླ་མ་བཟང་བས་ཅི་ལ་ཕན། །སེམས་ཅན་གཞན་ལ་མནར་སེམས་པའི། །སྙིང་རྗེ་བསྒོམ་པས་ཅི་ལ་ཕན། །བདུད་བཞིའི་བར་ཆད་མི་སེལ་བའི། །བྱིན་རླབས་ཆེ་བས་ཅི་ལ་ཕན། །ཉོན་མོངས་གཡུལ་ངོ་མི་ཟློག་པའི། །དཔའ་བོ་ཡིན་པས་ཅི་ལ་ཕན། །འཁོར་བའི་གཡང་ས་མི་ཆོད་པའི། །ཡང་རྩལ་ཆེ་བས་ཅི་ལ་ཕན། །མ་རིག་མུན་པ་མི་སེལ་བའི། །རིག་པ་རྣོ་བས་ཅི་ལ་ཕན། །རང་སྐྱོན་སྣ་གཅིག་མི་རྟོགས་པའི། །མཛངས་པ་ཡིན་པས་ཅི་ལ་ཕན། །གཞན་སྐྱོན་འབའ་ཞིག་བརྗོད་པ་ཡི། །མཐུན་པོ་འདོད་པས་ཅི་ལ་ཕན། །ཐ་མར་ཅིས་ཀྱང་འཆི་བ་ལ། །ད་ལྟ་ཆགས་པས་ཅི་ལ་ཕན། །རང་སེམས་སངས་རྒྱས་ཡིན་པ་ལ། །གཞན་དུ་བཙལ་བས་ཅི་ལ་ཕན། །ཆོས་རྣམས་སེམས་སུ་མ་ཤེས་ན། །གྲུབ་མཐའ་ཤེས་པས་ཅི་ལ་ཕན། །གོ་བར་གྱིས་ལ་རྒྱུད་ལ་སྦྱར། །དེ་ལྟར་གོ་བར་མ་གྱུར་ཅིང་། །རང་གི་རྒྱུད་ལ་མ་སྦྱར་ན། །བདེ་བ་རྙེད་པ་དཀའ་མོར་གདའ། །ཞེས་ཞུས་པ་ལ། ཡང་རྗེ་བཙུན་གྱིས།
ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །ཕྱི་བཟུང་བའི་ཡུལ་དུ་སྣང་བ་འདི། །ནང་འཛིན་པའི་སེམས་སུ་བློ་ཐག་ཆོད། །ཐ་སྙད་འདུག་ཀྱང་གང་དགར་ཐོང་། །སེམས་ཉིད་སྐྱེ་འགག་མེད་པར་རྟོགས། །ཐམས་ཅད་སྟོང་ཉིད་རང་བཞིན་ལ། །དྲན་པའི་རྣམ་འཕྲུལ་ཅི་བྱུང་ཡང་། །ནམ་མཁའི་སྤྲིན་བཞིན་གང་དགར་ཐོང་། །སེམས་ཉིད་བདེ་བ་ཆེན་པོར་རྟོགས། །བདེ་ཆེན་ཟུང་འཇུག་ལོངས་སྤྱོད་ལ། །རྟག་ཆད་མཚན་མ་ཅི་བྱུང་ཡང་། །མཉམ་ཉིད་ཆེན་པོར་གང་དགར་ཐོང་། །འཁོར་བ་མྱང་ངན་འདས་པ་རྣམས། །ཐ་མལ་ཤེས་པ་ངང་དུ་རྟོགས། །འབྲས་བུ་ཐོབ་དང་མ་ཐོབ་དག །དབྱིངས་དག་པའི་ངང་དུ་གང་དགར་ཐོང་། །ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །ཐུགས་མ་ཡེངས་ལྷན་ནེ་སྙན་གསོན་དང་། །རྣལ་འབྱོར་བདག་གི་རིག་པ་ལ། །ཉམས་དང་རྟོགས་པ་འདི་ལྟར་ཤར། །སེམས་ཉིད་ནམ་མཁའ་དྭངས་པ་ལ། །གྲུབ་མཐའ་ས་ལམ་བྱེ་བྲག་རྣམས། །དབྱེར་མེད་རིག་པའི་ངང་དུ་རྟོགས། །སྤྲོས་དང་བྲལ་བའི་རྣལ་འབྱོར་ལགས། །སེམས་འཕོ་འགྱུར་མེད་པའི་རི་བོ་ལ། །གཞན་དོན་ལྷུན་གྲུབ་རྩི་ཤིང་སྐྱེས། །བདེ་ལེགས་ལོ་གདབ་འབྲས་བུ་སྨིན། །རྩོལ་སྒྲུབ་བྲལ་བའི་རྣལ་འབྱོར་ལགས། །སེམས་མི་གཡོ་རྒྱ་མཚོ་ཆེན་པོ་ལ། །གཞན་དོན་ཡིད་བཞིན་ནོར་བུ་གང་། །ཅི་འདོད་དགོས་དགུ་ཐམས་ཅད་འབྱུང་། །འབྱོར་པ་ལྡན་པའི་རྣལ་འབྱོར་ལགས། །སེམས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལགས། །ཐེག་ཆེན་གསུང་མཆོག་རྒྱུན་སྒྲ་ཡིས། །རྟག་ཆད་ཐེ་ཚོམ་གཅོད་པར་བྱེད། །བར་ཆད་མེད་པའི་རྣལ་འབྱོར་ལགས། །སེམས་འོད་གསལ་ཉི་ཟླ་རྒྱས་པ་ལ། །གཞན་དོན་ཐུགས་རྗེའི་འོད་ཟེར་འཕྲོ། །གདུལ་བྱའི་མ་རིག་མུན་པ་སེལ། །འོད་གསལ་ཆེན་པོའི་རྣལ་འབྱོར་ལགས། །སེམས་འོད་གསལ་གསེར་གྱི་སྒྲོམ་བུ་ལ། །ཡིད་ཆེས་མངོན་གྱུར་ཞུན་དང་ལྡན། །ཡོན་ཏན་འབྱུང་གནས་རྒྱན་དུ་ཆེ། །གང་དང་འབྱོར་པའི་རྣལ་འབྱོར་ལགས། །སེམས་གདོད་ནས་རང་བྱུང་རྫོགས་སངས་རྒྱས། །སེམས་འདོད་རྩོལ་སྒྲུབ་མཐའ་ལས་འདས། །འགྱུར་མེད་དུས་གསུམ་མཉམ་ཉིད་གནས། །ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ལགས། །ཚིག་ཚོགས་མང་པོས་དགོས་པ་མེད། །ད་ནི་དོན་ལ་དྲིལ་ལ་ཐོང་། །དགེ་བ་དང་ནི་སྡིག་པའི་ཆོས། །བསམ་པ་བཟང་ངན་ཁྱད་པར་ཡིན། །བཀའ་དང་བསྟན་བཅོས་གདམས་ངག་དང་། །ཆོས་ཀྱི་རྣམ་གྲངས་ཅི་སྙེད་ལ། །མིང་གི་རྣམ་གྲངས་སོ་སོ་ཡང་། །སེམས་ལ་རྟོགས་པར་གསུང་པ་གཅིག །དཔེར་ན་ཤིང་རིགས་ཐམས་ཅད་ཀྱང་། །གྲིབ་མ་གཅིག་པ་དེ་བཞིན་ནོ། །དེ་གང་ཟག་ལོག་སྲེད་ཅན་དག་གིས། །བཟང་བར་འདོད་ན་འཁྲུལ་པའི་ལམ། །འཁོར་བའི་སྐྱོན་རྣམས་ཐམས་ཅད་དང་། །མྱ་ངན་འདས་པའི་ཡོན་ཏན་ཀུན། །རང་རིག་སེམས་ཀྱི་ངང་དུ་རྫོགས། །དེ་བས་ལྷག་པ་མེད་དོ་སྙམ། །ཞེས་གསུངས་སོ། །
རྗེ་རས་པ་ཆེན་པོ་དཔལ་བཞད་པ་རྡོ་རྗེ་དང་། བུ་མོ་ཡིད་འཕྲོག་མ་གཉིས་ཀྱི་ཞུ་བ་ཞུས་ལན་གྱི་མགུར་རོ། །དེ་ཐམས་ཅད་ཡིད་འཕྲོག་མའི་སྐོར་རོ།། །།

༈ དེ་ནས་བཅུ་གསུམ་པ་ཡེ་ཤེས་སྒྲོན་མེ་གཏམས་པའི་ཡོན་ཏན་ནི། ཤེལ་སྟོད་ལྷའི་མགུལ། མེ་ཤེལ་བྲག་གི་རྐེད། ཕ་བོང་རྟ་སྒ་ཅན་གྱི་སྟེང་དུ། རྗེ་བཙུན་དཔོན་སློབ་བཞུགས་པ་ལ། རས་ཆུང་པ་ལ་རྟོགས་པ་ཅི་འདུག་ལྟ་བའི་དོན་དུ་བསླུ་བ་བཅུ་གཉིས་ཀྱི་མགུར་འདི་གསུངས་སོ། །
མཚན་བརྗོད་པར་དཀའ་བའི་ལོཙྪ་བ། །མི་འབྲལ་སྤྱི་གཙུག་གི་རྒྱན་དུ་བཞུགས། །ལར་འཇིག་རྟེན་ཆོས་ཀྱིས་བསླུ་བསླུ་འདྲ། །ད་ནི་ཡང་དག་དོན་ལ་ལྟོས། །ཟང་ཟིང་གཡེང་བས་བསླུ་བསླུ་འདྲ། །ད་ནི་གཉིས་མེད་ཉམས་སུ་ལོང་། །འཁོར་དང་གཡོག་གིས་བསླུ་བསླུ་འདྲ། །ད་ནི་གཅིག་པུར་རི་ཁྲོད་འགྲིམ། །ནོར་དང་ཟས་ཀྱིས་བསླུ་བསླུ་འདྲ། །ད་ནི་ཡོད་ཚད་ཆོས་ལ་ཐོང་། །ཕྱི་སྣང་བའི་ཡུལ་གྱིས་བསླུ་བསླུ་འདྲ། །ད་ནི་ནང་གི་སེམས་ལ་ལྟོས། །རྣལ་འབྱོར་རྟོག་པས་བསླུ་བསླུ་འདྲ། །ད་ནི་ཡེ་ཤེས་རྗེས་སུ་འབྲང་། །ཆོས་དྲང་བའི་དོན་གྱིས་བསླུ་བསླུ་འདྲ། །ད་ནི་ངེས་དོན་གཏན་ལ་ཕབ། །ཡིག་ནག་དཔེ་ཆས་བསླུ་བསླུ་འདྲ། །ད་ནི་སྙན་བརྒྱུད་གདམས་ངག་སྒོམས། །ཐ་སྙད་བཤད་པས་བསླུ་བསླུ་འདྲ། །ད་ནི་མ་བཅོས་ལྷུག་པར་ཞོག །ལར་སྐྱེ་འཆི་གཉིས་ཀྱིས་བསླུ་བསླུ་འདྲ། །ད་ནི་སྐྱེ་མེད་དོན་ལ་ལྟོས། །ཐ་མལ་ཤེས་པས་བསླུ་བསླུ་འདྲ། །ད་ནི་རིག་པའི་རྩལ་སྦྱངས་གྱིས། །སེམས་འཛིན་སྤྲོས་པས་བསླུ་བསླུ་འདྲ། །ད་ནི་གནས་ལུགས་སྟེང་དུ་ཞོག །
ཞེས་གསུངས་པས། རས་ཆུང་པའི་ཐུགས་དགོངས་ལ། མགུར་དེ་དགོངས་པ་ཅན་དུ་འདུག །རྗེ་བཙུན་ཉིད་ལས་ཟིན་པའི་སྐྱེས་བུ་ལ། གཟོད་སྐྱེད་འདོན་པའམ་བཟང་པོ་བྱ་རྒྱུ་མེད། ངའི་སྐྱོན་མཐོང་བའི་གོ་ཡུལ་ཅི་འདུག་ཉམས་ཚད་པར་འདུག་སྙམ་ནས་ལྟ་སྒོམ་གྱི་གནད་དྲིལ་བའི་མགུར་འདི་ཕུལ་ལོ། །
ཕ་བླ་མ་དམ་པ་སྙན་གསོན་དང་། །བདག་རྨོངས་པའི་བློ་འདི་ཡི་རེ་མུག །ཐུགས་རྗེའི་ཞགས་པས་བཟུང་དུ་གསོལ། །རྟག་ཆད་གཉིས་ཀྱི་སོ་མཚམས་ན། །མཐའ་བྲལ་ལྟ་བ་སྟོར་སྟེ་ཐལ། །གནས་ལུགས་གཏན་ལ་མ་ཕེབས་སོ། །བྱིང་རྒོད་གཉིས་ཀྱི་སོ་མཚམས་ན། །བདེ་གསལ་སྒོམ་པ་སྟོར་ཏེ་ཐལ། །ཞེན་པ་ལོག་ཏུ་མ་འདོད་དོ། །བླང་དོར་གཉིས་ཀྱི་སོ་མཚམས་ན། །རང་ཤུགས་སྤྱོད་པ་སྟོར་ཏེ་ཐལ། །འཁྲུལ་པ་འཇིག་ཏུ་མ་འདོད་དོ། །ཟོལ་ཟོག་གཉིས་ཀྱི་སོ་མཚམས་ན། །རྣམ་དག་དམ་ཚིག་སྟོར་ཏེ་ཐལ། །གཡོ་རྒྱུ་ཆམ་ལ་མ་ཕེབས་སོ། །འཁོར་འདས་གཉིས་ཀྱི་སོ་མཚམས་ན། །རང་སེམས་སངས་རྒྱས་སྟོར་ཏེ་ཐལ། །ཆོས་སྐུ་རྟོགས་སུ་མ་འདོད་དོ། །རེ་དོགས་གཉིས་ཀྱི་སོ་མཚམས་ན། །འབྲས་བུ་སྐུ་བཞི་སྟོར་ཏེ་ཐལ། །རང་ངོ་རང་གིས་མ་ཤེས་སོ། །བླ་མ་རྗེ་བཙུན་རིན་པོ་ཆེ། །སྔར་ཡང་ཐུགས་རྗེས་བཟུང་བཟུང་བས། །ད་ཡང་སྐུ་དྲིན་བསྐྱང་དུ་གསོལ། །
ཞེས་ཞུས་པས། བླ་མའི་ཞལ་ནས། རས་ཆུང་པ། ཁྱོད་ལ་དེ་བས་དྲག་པ་ཅིག་ཡོད། ང་ལ་གསང་མི་རུང་། རྟོགས་པ་ཕུལ་ཅིག་གསུང་པས། རྙེད་པ་བདུན་གྱི་རྟོགས་པ་འདི་ཕུལ་ལོ། །
ཕ་བླ་མ་ཁྱེད་ཀྱི་བཀའ་དྲིན་གྱིས། །རྙེད་པ་བདུན་གྱི་དོན་ཅིག་རྟོགས། །སྣང་བའི་ནང་ནས་སྟོང་པ་རྙེད། །ད་དངོས་པོ་ཡོད་སྙམ་མི་བགྱིད་དོ། །སྟོང་པའི་ནང་ནས་ཆོས་སྐུ་རྙེད། །ད་བྱ་རྩོལ་ཡོད་སྙམ་མི་བགྱིད་དོ། །སྣ་ཚོགས་ནང་ནས་གཉིས་མེད་རྙེད། །ད་འདུ་འབྲལ་ཡོད་སྙམ་མི་བགྱིད་དོ། །དཀར་དམར་ནང་ནས་མཉམ་ཉིད་རྙེད། །ད་དགག་སྒྲུབ་ཡོད་སྙམ་མི་བགྱིད་དོ། །སྒྱུ་ལུས་ནང་ནས་བདེ་ཆེན་རྙེད། །ད་སྡུག་བསྔལ་ཡོད་སྙམ་མི་བགྱིད་དོ། །ཀུན་རྫོབ་ནང་ནས་དོན་དམ་རྙེད། །ད་འཁྲུལ་པ་ཡོད་སྙམ་མི་བགྱིད་དོ། །རང་སེམས་ནང་ནས་སངས་རྒྱས་རྙེད། །ད་འཁོར་བ་ཡོད་སྙམ་མི་བགྱིད་དོ། །
ཞེས་ཞུས་པས། བླ་མའི་ཞལ་ནས། དེ་ཉམས་མྱོང་ཀློང་དུ་གྱུར་པ་ནི་མ་ཡིན། ཉམས་འདི་འདྲ་ཞིག་དགོས་པ་ཡིན་གསུང་ནས་མགུར་འདི་གསུངས་སོ། །
སྣང་དང་སྟོང་པ་དབྱེར་མེད་ན། །ལྟ་བ་ཀློང་དུ་གྱུར་པ་ཡིན། །རྨི་ལམ་དང་ཉིན་པར་ཁྱད་མེད་ན། །སྒོམ་པ་ཀློང་དུ་གྱུར་པ་ཡིན། །བདེ་དང་སྡུག་བསྔལ་ཁྱད་མེད་ན། །སྤྱོད་པ་ཀློང་དུ་གྱུར་པ་ཡིན། །ཚེ་འདི་དང་ཕྱི་མ་ཁྱད་མེད་ན། །གནས་ལུགས་ཀློང་དུ་གྱུར་པ་ཡིན། །སེམས་དང་ནམ་མཁའ་ཁྱད་མེད་ན། །ཆོས་སྐུ་ཀློང་དུ་གྱུར་པ་ཡིན། །སྐྱིད་དང་སྡུག་བསྔལ་ཁྱད་མེད་ན། །གདམས་ངག་ཀློང་དུ་གྱུར་པ་ཡིན། །ཉོན་མོངས་ཡེ་ཤེས་ཁྱད་མེད་ན། །རྟོགས་ཚད་ཀློང་དུ་གྱུར་པ་ཡིན། །རང་སེམས་དང་སངས་རྒྱས་ཁྱད་མེད་ན། །འབྲས་བུ་ཀློང་དུ་གྱུར་པ་ཡིན། །
ཞེས་གསུངས་པས། རས་ཆུང་པས་མཐར་ཐུག་གི་སྐྱེལ་ས་འདི་ལས་མེད་བྱ་བ་འཁྲུངས་ཚད་ཀྱི་རྟོགས་པ་བར་དོ་དྲུག་ཏུ་དྲིལ་བའི་མགུར་འདི་ཕུལ་ལོ། །
རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །སྣང་སྟོང་གཉིས་ཀྱི་བར་དོ་ན། །སྟོང་པའི་ལྟ་བ་ཡུལ་ན་མེད། །རྣམ་རྟོག་གྲུབ་མཐའ་ངས་མི་འཛིན། །ད་ལྟ་སྐྱེ་མེད་བློ་ལས་འདས། །འདི་ལྡོམ་བུ་བདག་གི་ལྟ་བ་ཡིན། །ཤེས་རབ་ཅན་འཛོམ་ཡང་གནོང་རྒྱུ་མེད། །བདེ་སྟོང་གཉིས་ཀྱི་བར་དོ་ན། །ཞི་གནས་ཆུ་རྒྱུན་ཡུལ་ན་མེད། །སྡུག་བཙིར་སེམས་འཛིན་ངས་མི་བྱེད། །མ་ཡེངས་གཉུག་མའི་ངང་ལ་འབྱམས། །འདི་ལྡོམ་བུ་བདག་གི་སྒོམ་པ་ཡིན། །གྲོགས་རྟོགས་ལྡན་འཚོགས་ཀྱང་གནོང་རྒྱུ་མེད། །ཆགས་ཆེན་ཆགས་བྲལ་བར་དོ་ན། །ཟག་བཅས་བདེ་བ་ཡུལ་ན་མེད། །ཚུལ་འཆོས་ལོག་འཚོ་ངས་མི་སྒྲུབ། །ད་ལྟ་ཅིར་སྣང་གྲོགས་སུ་འཆར། །འདི་ལྡོམ་བུ་བདག་གི་སྤྱོད་པ་ཡིན། །གྲོགས་མཁས་བཙུན་འཚོགས་ཀྱང་གནོང་རྒྱུ་མེད། །སྐྱོན་ཅན་སྐྱོན་མེད་བར་དོ་ན། །རྣམ་དག་དཀར་བའི་སེམས་ལས་མེད། །གཡོ་སྒྱུ་ཟོལ་ཟོག་ངས་མི་བྱེད། །ད་ལྟ་རང་སེམས་དཔང་དུ་བཙུགས། །འདི་ལྡོམ་བུ་བདག་གི་དམ་ཚིག་ཡིན། །གྲོགས་ཁྲིམས་ལྡན་ཚོགས་ཀྱང་གནོང་རྒྱུ་མེད། །འཁོར་འདས་གཉིས་ཀྱི་བར་དོ་ན། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ད་ལྟ་སྡུག་བསྔལ་བདེ་བར་ཤར། །རེ་དྭོགས་འབྲས་བུ་ངས་མི་འདོད། །འདི་ལྡོམ་བུ་བདག་གི་འབྲས་བུ་ཡིན། །གྲོགས་གྲུབ་ཆེན་འཚོགས་ཀྱང་གནོང་རྒྱུ་མེད། །ཚིག་དང་དོན་གྱི་བར་དོ་ན། །མཁས་པའི་ཐ་སྙད་ཡུལ་ན་མེད། །བློ་མ་རིག་ཐེ་ཙོམ་ངས་མི་བྱེད། །ད་ལྟ་སྣང་སྲིད་ཆོས་སྐུར་ཤར། །འདི་ལྡོམ་བུ་བདག་གི་རྟོགས་པ་ཡིན། །གྲོགས་སྟོན་ཆེན་འཚོགས་ཀྱང་གནོང་རྒྱུ་མེད། །
ཅེས་བར་དོ་དྲུག་གི་དབྱངས་སེམས་ལ་ཤར་ཚད་ཀྱི་ཉམས་མཐར་ཐུག་འདི་ལས་འགྲོ་ས་མེད་སྙམ་པའི་རྟོགས་པ་ཕུལ་བ་ལ། རྗེ་བཙུན་ཤིན་ཏུ་མཉེས་ཏེ། སྣོད་ལྡན་གྱི་སློབ་མ་བྱ་བ་ཁྱོད་ལ་ཟེར་བ་ཡིན། དང་པོ་དད་པ་དང་བརྩོན་འགྲུས་གཞི་ཆེ་བས་བླ་མ་ཡང་མཉེས། བར་དུ་ཐོས་བསམ་གྱིས་ཕྱི་ནང་སྒྲོ་འདོགས་ཆོད་དེ་གདམས་ངག་གི་འགྲོ་ལྡོག་ཤེས། ཐ་མ་ཉམས་ལེན་གྱིས་ཆོས་ཀྱི་རོ་མྱོང་ནས་རྟོགས་པ་ཁྱད་པར་ཅན་སྐྱེས་འདུག །བླ་མ་མཉེས་ཐབས་གསུམ་ཡིན་པས་བུ་ཁྱོད་ཤེས་རབ་དང་བསྒྲུབ་པ་གཉིས་ཀ་ལ་ང་མགུ་བར་དུ་ཐོས་བསམ་གྱིས་འཇུག་སྒོ་ཡང་མ་ནོར། ཐེག་པ་ཁྱད་པར་ཅན་གསང་སྔགས་ཀྱི་སྒོར་ཞུགས་ཏེ། ལྟ་སྒོམ་དུས་གཅིག་བྱས་པ་དེས་བླ་མའི་གདམས་ངག་གི་རྩད་ཀྱང་ལེགས་པར་ཆོད་པ་ཡིན། ཐ་མ་བསྒོམ་པ་ཡང་རྟོགས་པ་རིམ་གྱི་སྐྱེས་པས་བརྟན་པ་ཡིན། ལར་ཡང་བཤད་པ་ལ་མ་དགའ། བཏུབ་ཚད་ཀྱིས་ཁ་ནང་དུ་ལྟོས་ལ་སྒོམ་ཞིག་གསུང་། དེ་ནས་ཡང་རྗེ་བཙུན་དང་རས་ཆུང་པ་དཔོན་སློབ་གཉིས་སྙེ་ནམ་རྩར་མ་ན་བཞུགས་པའི་དུས་སུ། རྗེ་བཙུན་དུམ་པ་ཅིག་ལ་རས་ཆུང་བ་གྲོང་དུ་སྨན་དང་འོ་མ་ཚོལ་བཏང་བ་ཡུན་རིང་འགོར་ནས་དོ་རེ་ཕྱི་མོ་བྱུང་། དེར་རྗེ་བཙུན་གྱིས་ཁོང་ན་སོ་གཞོན་པས། འདོད་ཡོན་ལ་ཆགས་དགོངས་ནས་སྐུ་རྒྱབ་ལོག་གེ་བསྟན་ནས་བཞུགས་པ་དང་། རས་ཆུང་བས་ང་འདོད་ཡོན་ལ་ཆགས་པ་མིན། ཉམས་འདི་འདྲ་གཅིག་སྐྱེས་པ་ཡིན་ཞུས་ནས་མགུར་འདི་ཕུལ་ལོ། །
བདག་བླ་མའི་དྲུང་ན་འདུག་པའི་ཚེ། །མཚོན་ངར་མ་ལྟ་བུའི་ཉམས་ཤིག་ཤར། །ཆོས་ཕྱི་ནང་སྒྲོ་འདོགས་ཆོད་པའི་རྣལ་འབྱོར་བདེ། །སེམས་མ་བཅོས་པ་དེ་སངས་རྒྱས་རང་དུ་འདུག །བདག་གྲོགས་པོའི་ནང་དུ་འདུག་པའི་ཚེ། །སྣང་གསལ་མེ་ལོང་ལྟ་བུའི་ཉམས་ཤིག་ཤར། །གདམས་ངག་གསལ་འདེབས་འོང་བའི་རྣལ་འབྱོར་བློ་རེ་བདེ། །བདག་གངས་དཀར་རྩེ་ལ་འདུག་པའི་ཚེ། །སེང་གེ་དཀར་མོ་ལྟ་བུའི་ཉམས་ཤིག་ཤར། །གཞན་སྣང་ཟིལ་གྱིས་གནོན་པའི་རྣལ་འབྱོར་བློ་རེ་བདེ། །བདག་བྲག་དཀར་རྩེ་ལ་འདུག་ཙམ་ན། །བྱ་རྒོད་ལྟ་བུའི་ཉམས་ཤིག་ཤར། །སྤྱིར་རྒྱ་རླབས་ཀྱིས་ཆོད་པའི་རྣལ་འབྱོར་བློ་རེ་བདེ། །བདག་འཁོར་བའི་འདམ་ན་འདུག་ཙམ་ན། །མེ་ཏོག་པདྨ་ལྟ་བུའི་ཉམས་ཤིག་ཤར། །འཁོར་བའི་སྐྱོན་གྱིས་མ་གོས་པའི་རྣལ་འབྱོར་བློ་རེ་བདེ། །བདག་མི་ཆོས་གསེབ་ན་འདུག་པའི་ཚེ། །དངུལ་ཆུ་དཀར་མོ་ལྟ་བུའི་ཉམས་ཤིག་ཤར། །རེག་ལ་མ་འབྱར་གྱི་རྣལ་འབྱོར་བློ་རེ་བདེ། །བདག་རྒྱལ་ཁམས་ཕྱོགས་མེད་འགྲིམ་ཙམ་ན། །སྟག་ཆུང་བ་ལྟ་བུའི་ཉམས་ཤིག་ཤར། །ཆགས་ལ་མ་ཞེན་གྱི་རྣལ་འབྱོར་བློ་རེ་བདེ། །བདག་ཉ་མའི་དྲུང་དུ་འདུག་ཙམ་ན། །ཕ་རྗེ་བཙུན་ལྟ་བུའི་ཉམས་ཤིག་ཤར། །གདམས་ངག་དབྱངས་སུ་ལེན་པའི་རྣལ་འབྱོར་བློ་རེ་བདེ། །སེམས་མ་བཅོས་པ་འདི་སངས་རྒྱས་རང་དུ་འདུག །
ཞེས་རས་ཆུང་བས་ཉམས་ཤར་བརྒྱད་ཞུས་པ་དང་། རྗེ་བཙུན་གྱི་ཞལ་ནས། བུ་ཁྱོད་ལ་ཉམས་དེ་འདྲ་བ་ཡོད་ཀྱང་ལྟ་བ་འདི་འདྲ་བ་མེད་པས་ཁྱོད་རང་ངའི་གླུ་འདི་ལ་ཉོན་གསུང་ནས་མགུར་འདི་གསུངས་སོ། །
གཞི་དད་པ་གཏིང་ནས་སྐྱེས་ཙམ་ན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མེ་འོབས་ནང་དུ་ཚུད་པ་འདྲ། །མཚོན་བྱེད་སྙན་ཁུང་བརྒྱུད་པ་ཡི། །གདམས་ངག་སྙིང་ལ་ཞེན་པ་དེ། །ལན་ཚྭ་ཆུ་ལ་ཐིམ་པ་འདྲ། །ཡེ་ཤེས་ནང་ནས་ཤར་ཙམ་ན། །ཡིན་མིན་ཐེ་ཚོམ་འཕྲེང་བ་དེ། །སྙོམས་བྱེད་རྨི་ལམ་སངས་པ་འདྲ། །ལྟ་བ་བདེ་ཆེན་གྱི་ཟིན་ཙམ་ན། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །རང་གྲོལ་ཆབ་ཀྱི་ལྦུ་བ་འདྲ། །ཤེས་བྱའི་གཤིས་ལ་ཕེབ་ཙམ་ན། །གནས་ལུགས་རིག་པའི་ཡེ་ཤེས་འདི། །སྤྲིན་ཐག་ཆད་པའི་ནམ་མཁའ་འདྲ། །འབྱུང་བ་དྭངས་སྙིགས་ཕྱེད་ཙམ་ན། །རང་བྱུང་རིག་པའི་ཡེ་ཤེས་འདི། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །ཀུན་གཞི་ཆོས་སྐུར་ཐིམ་ཙམ་ན། །སྐྱེ་གནས་སྲེད་ལེན་ཕུང་པོ་འདི། །སྒོ་ང་རྡོག་པས་བརྫིས་པ་འདྲ། །འཛིན་པའི་ཐག་པས་ཆད་ཙམ་ན། །ས་མཚམས་སྲིད་པའི་བར་དོ་དེར། །སྦྲུལ་ལ་བྱས་པའི་མདུད་པ་འདྲ། །སྤྱོད་པ་བླང་དོར་གྲོལ་ཙམ་ན། །སེམས་བྱ་བྲལ་གྱི་ངང་ལ་གནས་པ་དེ། །རྩལ་གསུམ་རྫོགས་པའི་སེང་གེ་འདྲ། །སྣང་གསལ་སྟོང་གསལ་ཡེ་ཤེས་གསལ། །གསལ་བ་གསུམ་དེ་འགྲོགས་ཙམ་ན། །སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། །ཡུལ་དང་དབང་པོ་རྟག་ཀྱང་འགྱེལ། །སེམས་དང་ཕུང་པོ་འཆིང་ཐག་ཆད། །མི་ལུས་རིན་ཆེན་ཆུད་མི་གསན། །ང་རྣལ་འབྱོར་སོ་ནམ་ཟིན་ནམ་སྙམ། །མི་ཁྱོད་ལ་དེ་འདྲ་ཅང་ཡོད་དམ། །རློམ་སེམས་མ་ཆེ་རས་ཆུང་པ། །
ཞེས་གསུངས་སོ། །དེ་ནས་རས་ཆུང་པ་རྗེ་བཙུན་གྱི་དྲུང་དུ་ཐུགས་དམ་མཛད་ཅིང་བཞུགས་པའི་དུས་སུ། ནུབ་གཅིག་རྨི་ལམ་ན་ཁྱི་མོ་ནག་མོ་གཅིག་ལ་ཁལ་བཀལ། ཁས་དུང་འབུད། ཡི་གེ་ཀློག །ཀུས་འདེབས་མི་གསུམ་གྱིས་གཅིག་ནས་གཅིག་ཏུ་བསྐྱལ་བ་ཡིན་ཟེར་བ་ཅིག་རྨིས་ནས། དེ་མ་ཤེས་པས་ངན་ཞུས་པས། རྗེ་བཙུན་གྱི་ཞལ་ནས་འདི་གསུངས་སོ། །
ཁྱི་ནི་གྲོགས་དང་ལྡན་པ་སྟེ། །རྒྱུད་ནི་བལ་བས་འཇམ་པ་ཡིན། །དུང་ནི་སྙན་པ་ཕྱོགས་བཅུར་སྒྲོགས། །ཡི་གེ་ཐ་སྙད་དོན་ལ་མཁས། །ཀུས་འདེབས་ཉམས་མྱོང་གླུ་རུ་ལེན། །སྐྱེལ་བསུ་བརྒྱད་ཅུ་གསུམ་ལས་འབྱུང་། །ཞེས་ལུང་བསྟན་ཏོ། །ཡང་ནུབ་གཅིག་རྨི་ལམ་ན། མི་གཅིག་གིས་གོས་ཕུད། མི་གཅིག་གིས་ཁྲུས་བྱས། གཤོག་པ་གཉིས་བཏགས་ནས་ཤིང་སྤན་སྤུན་ཡོད་པ་གཅིག་ཏུ་སླེབས་ཏེ། བུད་མེད་གཅིག་གིས་མེ་ལོང་གཅིག་བསྟན་པ་རྨིས་ཞུས་པས། ཡང་འདི་གསུངས་སོ། །
ཆོས་བརྒྱད་ཚེ་འདིའི་གོས་ཕུད་དེ། །གདམས་ངག་དྲི་མེད་ཆུས་བཀྲུས་ནས། །རྒྱུ་འབྲས་གཉིས་ཀྱི་བྱ་ལུས་ལ། །བྱམས་དང་སྙིང་རྗེའི་གཤོག་བཏགས་ཏེ། །ཚོགས་གཉིས་དག་པའི་ལམ་བཅད་དེ། །ཐ་འཁོབ་ཤིང་གི་རྩར་བབས་ནས། །མེ་ལོང་མཁའ་འགྲོས་བརྡ་བསྟན་བྱུང་། །ཞེས་གསུངས་སོ། །
ཡང་ནུབ་གཅིག་གི་རྨི་ལམ་ན། བོང་བུ་ག་པ་གཅིག་ལ་ཁ་ཕྱི་ལོག་ཏུ་བསྟན་ཏེ་ཞོན་ནས་ཆུ་ཆེན་པོ་ཅིག་བརྒལ་བ་རྨིས་ཞུས་པས། ཡང་འདི་གསུངས་སོ། །
ཐེག་ཆེན་བོང་བུ་ལ་ཞོན་ནས། །འཁོར་བ་དག་ལ་རྒྱབ་ཕྱོགས་ནས། །བོང་བུ་ཐེག་ཆེན་བརྡ་ཡིན་ཏེ། །ཕྱིར་ཕྱོགས་དབང་བསྐུར་གོ་ཟློག་པར། །ཆུ་ནི་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་བའི་བརྡ་ཡིན་མཁའ་འགྲོས་གསུངས། །ཞེས་གསུངས་སོ། །
དེར་རས་ཆུང་པས་བླ་མ་ལ་རྟོགས་པ་ཅིག་ཞུ་བྱས་ནས་མཆོད་པ་ཞིག་བྱས་པའི་དུས་སུ། གླིང་ཁ་རས་པས་རྗེ་བཙུན་ལ་རྟོགས་པ་ནམ་མཁའ་ལྟར་ཡངས་པ། སྣང་བ་ལ་ཐོགས་རྡུག་མེད་པ་ཡོད་ཟེར་བ་དེ་དག་གནང་བར་ཞུ་བྱས་པ་ལ། འདི་གསུངས་སོ། །
སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་གདམས་པ་འདི། །ལྐུགས་པ་གཞོན་ནུའི་བདེ་བཞིན་དུ། །མ་བསྒོམ་བསྟན་རྒྱུ་ང་ལ་མེད། །
ཅེས་གསུངས་པས་རས་ཆུང་པས་ཕྱག་འཚལ་ནས་ཞུས་པ།
བླ་མ་ལྗོན་ཤིང་ལྟ་བུ་ཡི། །སྐྱེ་མེད་སྐུ་ཡི་མེ་ཏོག་ཞུ། །བླ་མ་ཆུ་རྒྱུན་ལྟ་བུ་ཡི། །བརྗོད་མེད་གསུང་གི་བདུད་རྩི་ཞུ། །བླ་མ་ནམ་མཁའ་ལྟ་བུ་ཡི། །རྟོགས་མེད་ཐུགས་ཀྱི་སྒྲོན་མེ་ཞུ། །ཞུས་པས། ཡང་འདི་གསུངས་སོ། །
སྐུ་ཡི་མེ་ཏོག་དམ་ཚིག་སྲུང་། །གསུང་གི་བདུད་རྩི་སྤྱོད་པ་སྐྱོང་། །ཐུགས་ཀྱི་སྒྲོན་མེ་སྨིན་གྲོལ་སྒོམ། །གསུངས་པས། རས་ཆུང་པས་ཞུས་པ། བདག་ཅག་མི་ཤེས་གཏི་མུག་པས། །སྐུ་ཡི་དམ་ཚིག་ཅི་ལྟར་སྲུང་། །གསུང་གི་སྤྱོད་པ་ཅི་ལྟར་སྐྱོང་། །ཐུགས་ཀྱི་སྒྲོན་མེ་ཅི་ལྟར་བསྒོམ། །ཞེས་ཞུས་པས། ཡང་འདི་གསུངས་སོ། །
རྣལ་འབྱོར་དམ་ཚིག་གསུམ་དང་ལྡན། །སྡོམ་གསུམ་བློ་ལྡོག་གསུམ་དུ་སྲུང་། །སྤྱོད་པ་སྒོ་གསུམ་མ་ཧེ་སྐྱོངས། །སྨིན་གྲོལ་མཚན་ཉིད་སྐྱེ་མེད་ལྟོས། །གསུངས་པས། རས་ཆུང་པས་གོ་ནས་དེ་རྣམས་ཀྱི་དོན་བཀྲོལ་རྣམ་གསུམ་ནི། ཆོས་སྐུ་སྐྱེ་མེད་རྣལ་འབྱོར་ཞིང་། །ལོངས་སྐུ་རྟོགས་པ་རང་སར་གྲོལ། །སྤྲུལ་སྐུ་ངོས་འཛིན་མེད་དེ་བསྲུང་། །སྡོམ་པ་གསུམ་ལས། གཞི་ནི་སོ་ཐར་སྡོམ་པ་ལ། །ལམ་ནི་བྱང་སེམས་བསླབ་པ་སྟེ། །འབྲས་བུ་གསང་སྔགས་དམ་ཚིག་སྲུང་། །བློ་ལྡོག་གསུམ་ལས། ཚུལ་འཆོས་ཆོས་བརྒྱད་བློ་ལྡོག་ལ། །འདོད་པ་གསོག་འཇོག་སྤང་བྱ་ཞིང་། །གཡོ་སྒྱུ་ལོག་འཚོ་སྤངས་ཏེ་སྲུངས། །སྤྱོད་པ་མ་ཧེ་སྐྱོང་བ་ལ། །ལུས་ནི་སྤྱོད་པ་རྟོག་མེད་ལ། །ངག་ནི་ལྐུགས་པ་མི་སྨྲ་ཞིང་། །སེམས་ནི་བུ་ཆུང་ཞེན་མེད་སྤྱོད། །སྨིན་གྲོལ་སྐྱེ་མེད་ངང་དུ་སྒོམ། །བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །སློབ་མའི་མཚན་ཉིད་དམ་ཚིག་ལྡན། །གྲོགས་ཀྱི་མཚན་ཉིད་ལྟ་སྤྱོད་མཐུན། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །འཁོར་བའི་མཚན་ཉིད་གཞི་རྩ་བྲལ། །དཔེ་ཡི་མཚན་ཉིད་དོན་སྟོན་བྱེད། །ཉམས་མྱོང་མཚན་ཉིད་རྟོགས་པར་ལྡན། །ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ལེགས་པར་འདུག །ངས་དེ་ལ་འགྲེལ་པ་ཅིག་གདགས་སམ་གསུངས་ནས།
མ་བྲལ་བྱང་ཆུབ་འཐོར་མི་འདུས། །མ་གྲོལ་དར་མདུད་ལྷོད་ཅིང་དམ། །དངོས་འཛིན་དམུས་ལོང་ཐང་ལ་འཁྱམས། །སོ་ཐར་མེད་ན་ངེས་འབྱུང་མེད། །བྱང་སེམས་མེད་ན་གཞན་དོན་མེད། །གསང་སྔགས་མེད་ན་ངོ་སྤྲོད་མེད། །ཆོས་བརྒྱད་ཚེ་འདིའི་གཡབ་མོ་ཡིན། །གསོག་འཇོག་དགེ་འཇོམས་སེར་བ་ཡིན། །གཡོ་སྒྱུ་ཐར་པའི་གཡང་ས་ཡིན། །རྟོག་པས་འཁོར་བར་སྐྱེ་བར་བྱེད། །སྨྲས་པས་ཐ་སྙད་རྗེས་མི་ཆོད། །ཞེན་པས་འཁོར་བར་འཁྱམས་པར་བྱེད། །དངོས་འཛིན་བྱུང་ན་འཁྲུལ་པ་ཡིན། །བརྒྱུད་པ་མེད་ན་བཀའ་ཆད་ཡིན། །དམ་ཚིག་མེད་ན་གཤིན་རྗེ་ཡིན། །མི་མཐུན་དགྲ་ཟུན་སྤེལ་མ་ཡིན། །སྐྱེ་བ་བྱུང་ན་དངོས་པོ་ཡིན། །གཞི་རྩ་བྱུང་ན་སྤང་བླང་ཡིན། །དོན་སྟོན་མི་ནུས་དོན་མེད་ཡིན། །རྟོག་པ་མེད་ན་ཡིད་སྨོན་ཡིན། །གསུང་བཞིན་སྒྲུབ་པའི་ཡོན་ཏན་ནི། །དེ་དེ་ཡིན་ཏེ་དེ་ཉིད་མིན། སྔར་གྱི་དེ་རྣམས་བསྒོམས་པས་སངས་རྒྱས་པའི་གདམས་ངག་ཡིན། །ཐོས་པས་སངས་རྒྱས་པའི་གདམས་ངག་དེ་ཡོད་པ་ཡིན་གསུང་ནས་སྙན་བརྒྱུད་རྣམས་ཚར་བར་གནང་ངོ་། །
དེ་ནས་རྗེ་བཙུན་དཔོན་སློབ་རི་ལ་སྐྱོ་བསང་ལ་བྱོན་ཙ་ན། ཆར་པ་ཟིམ་པ་ཅིག་བབ་པ་ལ་རས་ཆུང་པས་འཕྲུ་བ་ཚོལ་དུ་ཕར་རྒྱུག་ཚུར་རྒྱུག་བྱས་ཆར་པས་བང་སྐད། རྗེ་བཙུན་དབུ་བཏུམ་ནས་བཞུགས་པས་ཆར་གྱིས་མ་བང་སྟེ། ཆར་པ་དྭངས་བ་དང་རས་ཆུང་བ་ལ་མགུར་འདི་གསུངས་སོ། །
ལྟ་བ་རྒོད་པོས་ནམ་འཕང་གཅོད་པ་དང་འདྲ་སྟེ། །སེམས་རེས་འགའ་མཐོ་སྟེ་རེས་འགའ་དམའ། །སེམས་མཐོན་དམན་གྱུར་ཅིང་ས་མ་ཟིན། །སེམས་པ་མ་ཟིན་པ་དེ་གང་དུ་འཁྱམ། །སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །སྒོམ་པ་ཀུན་སྤྲིན་བར་གྱི་ཉི་མ་དང་འདྲ་སྟེ། །སེམས་རེས་འགའ་གསལ་ཏེ་རེས་འགའ་འགྲིབ། །སེམས་གསལ་འགྲིབ་ཏུ་གྱུར་ཅིང་ས་མ་ཟིན། །སེམས་པ་མ་ཟིན་པ་དེ་གང་དུ་འཁྱམ། །སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །སྤྱོད་པ་ཀུན་ཆུ་ཁའི་བྱེ་མ་དང་འདྲ་སྟེ། །སེམས་རེས་འགའ་ཞིབ་སྟེ་རེས་འགའ་རྩིང་། །སེམས་རྩིང་ཞིབ་ཏུ་གྱུར་ཅིང་ས་མ་ཟིན། །སེམས་པ་མ་ཟིན་པ་དེ་གང་དུ་འཁྱམ། །སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །དམ་ཚིག་ཀུན་ས་མཚམས་ཀྱི་མཁར་དང་འདྲ་སྟེ། །སེམས་རེས་འགའ་ཐོབ་སྟེ་རེས་འགའ་ཤོར། །སེམས་ཐོབ་ཤོར་དུ་གྱུར་ཅིང་ས་མ་ཟིན། །སེམས་པ་མ་ཟིན་པ་དེ་གང་དུ་འཁྱམ། །སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །འབྲས་བུ་ཀུན་ལོང་བའི་འཁར་བ་དང་འདྲ་སྟེ། །སེམས་རེས་འགའ་ཐོབ་སྟེ་རེས་འགའ་ཤོར། །སེམས་ཐོབ་ཤོར་དུ་གྱུར་ཅིང་ས་མ་ཟིན། །སེམས་པ་མ་ཟིན་པ་དེ་གང་དུ་འཁྱམ། །སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །ཅེས་གསུང་པས་རས་ཆུང་བ་དགའ་སྐད་དོ། །
དེ་ནས་རྗེ་བཙུན་དཔོན་སློབ་གཉིས་བྲིན་དུ་བྱོན། རྗེ་བཙུན་ཆུ་བར་དུ་བཞུགས། རས་ཆུང་པ་མཆོག་དཀར་དགོན་པར་ཡོན་བདག་ཧཱུཾ་ཀ་ར་དང་། ཇོ་བོ་ཀོན་ནེ་གཙོ་ཆུང་སྟག་སེང་། དབྱི་ལ་རྡོར་འཕན་བཞིས་མཆོད་གནས་སུ་བཏེག་སྟེ་དེར་བཞུགས་སོ། །རྗེ་བཙུན་དཔལ་གྲོ་སྟག་ཚང་དུ་བཞུད་དགོངས་ནས་རས་ཆུང་པ་ལ་གསུང་བ། མི་རྣམས་ཕྱོགས་སུ་གྱེས་པ་དང་། །གང་ལ་འཚོ་བ་ཞེན་པ་དང་། །རྣལ་འབྱོར་ཤེས་པ་སྐྱོ་བ་གསུམ། །དེ་གསུམ་འཛོམ་པས་འགྲོ་སྙིང་འདོད། །ཁོང་རས་ཆུང་པ་ལ་དེ་སྐད་གསུང་། །ཞེས་པའི་སྤྲིང་ཡིག་རྫོང་བ་མཆོག་དཀར་ཏུ་ཕེབས། རས་ཆུང་བ་ཆུ་བར་དུ་བྱོན། རྗེ་བཙུན་གྱི་ཞལ་ནས། དཔལ་གྲོ་སྟག་ཚང་དུ་ང་སྐྱེལ་དགོས་གསུང་པས། ཞབས་ཏོག་བྱས། ཕར་ལམ་མཆོག་དཀར་དུ་གདན་དྲངས། ཡོན་བདག་རྣམས་ཀྱིས་རྗེ་བཙུན་བསྐྱལ་ཚར་བ་དང་། ངེད་ཚོའི་བླ་མཆོད་ལ་རས་ཆུང་པ་གཏོང་བའི་ཞུ་བ་ནན་ཏན་ཕུལ་བས། རྗེ་བཙུན་གྱིས་ཀྱང་ཞལ་གྱིས་བཞེས། དེར་དཔོན་སློབ་རྣམས་བཞུད་པའི་ཁར་དུས་དེར་ཡུལ་མི་ཞིག་ཤི་བའི་སྟོན་མོ་ལ་གདན་དྲངས་པས་བྱོན། དེར་འཚོགས་པ་ཐམས་ཅད་ཀྱིས་འབུལ་བ་བྱས་པ་མ་བཞེས་པར་སོ་སོ་ལ་བྱིན། ཡོན་བདག་དེས་རྟ་ལ་སྟོད་བྱང་ནས་བཟང་བ་ཅིག་ཕུལ་བ་ལ། དེའང་མི་འདོད་གསུང་བས། ངའི་ཕ་ད་གཟོད་ཤི་ཟེར་ནས་ངུས་པས། འོ་ན་རྟ་ལ་བསྟད་པའི་ཕྱིང་བ་དེ་བྱིན་གསུང་ནས་དེ་བཞེས། ཡང་སྔགས་པ་ཞིག་གིས་རྟ་གཅིག་ཕུལ་བའང་མ་བཞེད་པ་ལ་འཁོར་ཅིག་གིས་ང་ལ་ཞུ་བྱས་པས་དེ་ལ་བྱིན། དེ་ནས་དཔལ་གྲོལ་སྟང་ཚང་དུ་བྱོན་ཏེ། རས་ཆུང་བ་ལ་མགུར་འདི་གསུངས་སོ། །
བུ་རྟེན་དུ་དཀོན་མཆོག་བཟང་ངོ་གསུང་། །གྲོགས་སུ་དད་པ་བསྟེན་ཅིག་གསུང་། །གདོན་དུ་རྣམ་རྟོག་ཆེའོ་གསུང་། །བདུད་དུ་ང་རྒྱལ་ཆེའོ་གསུང་། །སྡིག་ཏུ་སྐུར་པ་ཆེའོ་གསུང་། །ལམ་ལ་ཕྲག་དོག་གནོད་དོ་གསུང་། །ཕུང་ཁྲོལ་ཆང་གིས་གནོད་དོ་གསུང་། །སྡིག་པ་སྟོབས་བཞིས་མ་བཤགས་ན། །འགྲོ་བ་དྲུག་ཏུ་འཁྱམ་མོ་གསུང་། །བསོད་ནམས་འབད་ནས་མ་བསགས་ན། །ཐར་པའི་བདེ་བ་མི་འཐོབ་གསུང་། །མི་དགེ་བཅུ་པོ་མ་སྤངས་ན། །མཐོ་རིས་ཐར་པ་མི་འཐོབ་གསུང་། །སྟོང་ཉིད་སྙིང་རྗེ་མ་བསྒོམ་ན། །མཐར་ཐུག་སངས་རྒྱས་མི་འཐོབ་གསུང་། །ཚེ་འདིར་སངས་རྒྱས་འཐོབ་འདོད་ན། །རང་སེམས་ཡེངས་མེད་ལྟོས་ཤིག་གསུང་། །རྒྱུད་ཀྱི་མཐར་ཐུག་བསྡུས་པའི་དོན། །རྣལ་འབྱོར་དྲུག་ལྡན་སྒོམས་ཤིག་གསུང་། །གདམས་ངག་མཐར་ཐུག་བསྡུས་པའི་དོན། །གསང་སྔགས་ཐབས་ལམ་སྒོམས་ཤིག་གསུང་། །རྙེད་དང་བཀུར་སྟི་གྲགས་འདོད་ན། །བདུད་ཀྱི་ཁ་རུ་ཚུད་དོ་གསུང་། །བདག་བསྟོད་གཞན་ལ་སྨད་པ་ན། །འཇིགས་པའི་གཡང་སར་ལྷུང་ངོ་གསུང་། །སེམས་ཀྱི་གླང་པོ་མ་བཏུལ་ན། །གདམས་ངག་མཁན་གྱིས་བསླུའོ་གསུང་། །སོ་ནམས་སེམས་བསྐྱེད་ཆེའོ་གསུང་། །ལྟ་བ་སྐྱེ་མེད་བཟང་ངོ་གསུང་། །ཉམས་ལེན་ཐབས་ལམ་བཟང་ངོ་གསུང་། །ལག་ལེན་རྩ་རླུང་གྱིས་ཤིག་གསུང་། །ལྷན་སྐྱེས་ངོ་ཡིས་ཟུངས་ཤིག་གསུང་། །དམ་པ་རྗེ་དང་སྤྲོད་ཅིག་གསུངས། །མི་ཚེ་ཕན་ཚུན་མ་ཟད་གསུང་། །རང་སེམས་སྐྱེ་མེད་ལྟོས་ཤིག་གསུང་། །འཁོར་བར་བདེ་བ་མ་རེ་གསུང་། །སྡུག་བསྔལ་ལ་སྐྱོན་དུ་མ་ལྟ་གསུང་། །སེམས་རྟོགས་ན་སངས་རྒྱས་ཡིན་ནོ་གསུང་། །མང་དུ་སྨྲ་བ་མི་དགོས་གསུངས། །དུས་གསུམ་སངས་རྒྱས་འདིར་འཚོགས་ཀྱང་། །དོན་དེ་ལས་མེད་དེ་བླ་མས་གསུང་། །ཞེས་གསུང་བ་སུམ་ཅུའོ། །
རས་ཆུང་བས་ཁོང་གི་ཟླ་བོ་ཞིག་དང་བགྲོ་གླེང་བྱས་པ་ལ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
ལབ་བེ་ལོབ་བེ་མང་བར་གདའ། །དེང་ཞྭ་ཆེན་པོ་ཁེབས་པར་གདའ། །སུ་ལ་བརྡེག་པའི་དེང་ཞྭ་ཡིན། །གཤིན་རྗེ་ཡི་ཕོ་ཉ་བྱུང་དུས་དང་། །མི་འདོད་འཆི་བ་བྱུང་དུས་དང་། །རྒྱུས་མེད་མུན་པར་ལྟུང་དུས་དང་། །རང་ལུས་རྡོ་བཞིན་དུ་སྐྱུར་དུས་དང་། །ཉེ་དུའི་རེ་ཐག་ཆད་དུས་དང་། །དབང་མེད་དུས་ལ་བབ་དུས་སུ། །ངུས་པས་མི་ཕན་ནོར་གྱིས་ཅི། །དམག་གིས་མི་ཕན་དབང་གིས་ཅི། །གཉེན་གྱིས་མི་ཕན་མངའ་ཐང་ཅི། །ཐ་སྙད་མི་ཕན་བགྲོ་གླེང་ཅི། །
ཞེས་གསུང་པས། རས་ཆུང་པས་འོ་ན་མཁས་པས་མི་ཕན་ནམ་ཞུས་པས་མགུར་འདི་གསུངས་སོ། །
ཁ་མིག་གསལ་བར་ཡོད་བཞིན་དུ། །གཡང་སར་མཆོང་བ་ཆེས་ཆེར་བླུན། །རང་ལ་བདོག་པ་ཡོད་བཞིན་དུ། །དུག་མཚོར་ནོར་ལེན་ཆེས་ཆེར་བླུན། །དམ་ཆོས་ཉེར་ལེན་ཤེས་བཞིན་དུ། །ཉམས་སུ་མི་ལེན་ཆེས་ཆེར་བླུན། །རང་གིས་ཉམས་སུ་མི་ལེན་པའི། །བློ་ཁ་རྣོ་བས་ཅི་ལ་ཕན། །སླར་ལ་ཕྲག་དོག་སྐྱེ་བའི་རྒྱུ། །རང་གིས་སྤྱོད་པར་མི་ནུས་པའི། །འབྱོར་པ་ཆེ་བས་ཅི་ལ་ཕན། །སླར་ལ་ཡི་དྭགས་བསྒྲུབ་པའི་རྒྱུ། །བྱང་ཆུབ་སེམས་དང་མི་ལྡན་པའི། །བསམ་རྒྱ་ཆེན་པོས་ཅི་ལ་ཕན། །སླར་ལ་འཁོར་བའི་ས་བོན་རྒྱུ། །བསོད་ནམས་ཚོགས་ཆེན་མི་གསོག་པའི། །མངའ་ཐང་ཆེ་བས་ཅི་ལ་ཕན། །སླར་ལ་བསོད་ནམས་འཛད་པའི་རྒྱུ། །དགེ་བ་ཚུལ་བཞིན་མི་སྒྲུབ་པའི། །ཤེས་རྒྱ་ཆེན་པོས་ཅི་ལ་ཕན། །སླར་ལ་ཤེས་པ་འཕྲོ་བའི་རྒྱུ། །དཀོན་མཆོག་ཚུལ་བཞིན་མི་མཆོད་པའི། །སྡེ་དགོན་འབངས་ཀྱིས་ཅི་ལ་ཕན། །སླར་ལ་ངན་སོང་ལྟུང་བའི་རྒྱུ། །ཆགས་པའི་ཞེན་པ་མ་ལོག་པའི། །བཙུན་ཁྱད་ཆེན་པོས་ཅི་ལ་ཕན། །སླར་ལ་དད་ཟས་ངན་སོང་རྒྱུ། །རང་སེམས་འགོང་པོ་མ་ཐུལ་བའི། །ཕ་རོལ་ཚིག་ཚོགས་ཅི་ལ་ཕན། །སླར་ལ་ང་རྒྱལ་སྐྱེ་བའི་རྒྱུ། །རྒྱུ་འབྲས་ལས་ལ་མི་རྟོགས་པར། །གཞལ་བྱ་བརྟགས་པས་ཅི་ལ་ཕན། །སླར་ལ་རྣམ་རྟོག་རླུང་འཚུབ་རྒྱུ། །
ཞེས་གསུངས་པས། ཟླ་བོ་སྟོན་པ་དེ་ཅུང་ཟད་མ་དགའ་བའི་རྣམ་འགྱུར་མཐོང་ནས། ཡང་རྗེ་བཙུན་ཆེན་པོ་ཀག་ཀྱིས་བཞེངས་ནས་མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉོན་དང་གསན་དང་རབ་བྱུང་རྣམས། །རྩ་བ་སོ་ཐར་གྱི་ཚུལ་ཁྲིམས་དེ། །བསྟན་པ་ཁང་ཆེན་གྱི་ཀ་བ་ལགས། །གཡོ་མེད་དྲང་པོར་བསྲོངས་ཤིག་ཨང་། །ལུང་རིགས་གཉིས་ཀྱི་ཉན་བཤད་དེ། །བསྟན་པའི་ནོར་བུའི་བྱི་དོར་ལགས། །མ་རིག་གཡའ་དང་ཕྲོལ་ཅིག་ཨང་། །བསླབ་པ་གསུམ་གྱི་རྒྱུ་མཚན་དེ། །སངས་རྒྱས་བསྟན་པའི་བཤེས་གཅིག་ལགས། །བཤེས་གཅིག་དགྲ་རུ་མ་ལེན་ཨང་། །ལུང་རིགས་བགྲོ་གླེང་ཐེག་ཆེན་དེ། །ཕྱིར་རྒོལ་བླུན་པོའི་ཀླད་འཇོམས་ལགས། །མི་ནག་སྣང་བ་སྒྱུར་ཅིག་ཨང་། །
ཞེས་གསུངས་པས། སྟོན་པ་དེས་རྒྱ་གར་ན་པཎྜི་ཏ་བསྟན་པའི་སོ་མཚམས་སྲུང་མི་ཡིན་གསུང་། ཡང་མགུར་འདི་གསུངས་སོ། །
སྤྱིར་རྒྱལ་བ་མི་ཡི་དབང་པོ་དེས། །ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་གསུང་། །ད་ལྟ་མཁས་པར་བསླབ་པ་རྣམས། །ཆོས་བརྒྱད་ཆེ་རུ་མ་སོང་ངམ། །རྒྱལ་བའི་ཚུལ་ཁྲིམས་བསྲུང་བ་དེ། །འཇིག་རྟེན་བྱ་བྲལ་ཆེད་དུ་གསུང་། །ད་ལྟ་ཚུལ་ཁྲིམས་བསྲུང་བཙུན་རྣམས། །བྱ་བཞག་མཁས་སུ་མ་སོང་ངམ། །སྔོན་དུ་དྲང་སྲོང་ཆ་ལུགས་དེ། །ཉེ་དུའི་འབྲེལ་ཐག་ཆད་པ་སྟེ། །ད་ལྟའི་དྲང་སྲོང་ཆས་འཛིན་རྣམས། །གཉེན་སྐྱོང་ཆེ་རུ་མ་སོང་ངམ། །
ཞེས་གསུངས་པས་སྟོན་པ་དེ་སླར་དད་ནས་ཕྱིས་རས་པ་བཟང་པོ་ཞིག་བྱུང་ངོ་། །དེ་ཐམས་ཅད་བྲག་སྟེང་རྟ་སྒ་སོགས་ཀྱི་སྐོར་རོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact