| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (10)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
རྗེ་བླ་མའི་གསུང་ངག་རྡོ་རྗེའི་ཚིག །བསྒྲུབ་པས་རྒྱ་གར་ཡུལ་དུ་ཕྱིན། །གསང་སྔགས་སྡོང་པོ་རྗེ་དང་མཇལ། །གྲུབ་པའི་རྒྱལ་མོའི་དངོས་གྲུབ་ཐོབ། །ངོ་མཚར་ཆེ་བའི་ཡི་དམ་མཐོང་། །མཁའ་འགྲོའི་ལུང་བསྟན་རྟགས་དང་མཇལ། །གདམས་ངག་རིན་ཆེན་བུམ་པ་ཐོབ། །བདེ་ཆེན་གསུང་གི་རིན་ཆེན་ཐོབ། །དམ་ཚིག་རང་སེམས་མེ་ལོང་ཐོབ། །དམ་རྫས་རྟོགས་པའི་ཉི་མ་ཐོབ། །སྤྱོད་པ་ཆུ་ལ་རལ་གྲི་ཐོབ། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཐོབ། །འཆི་མེད་བདུད་རྩིའི་བཅུད་ལེན་ཐོབ། །ངོ་སྤྲོད་གནད་ཀྱི་བར་དོ་ཐོབ། །བསམ་གཏན་ཐུན་འཇོག་མན་ངག་ཐོབ། །བརྡ་དོན་གསུམ་དང་རིན་ཆེན་ལྔ། །གཞན་ཡང་དགོས་པའི་ཆོས་དྲུག་དང་། །བསམ་མི་ཁྱབ་པའི་གདམས་ངག་ཐོབ། །རིན་ཆེན་གསེར་དང་འདྲ་བའི་ཆོས། །མང་དུ་བཞུགས་པས་མཆོད་བསྟོད་མཛོད། །ཐུགས་ལ་ཨེ་འཕྲོད་གཟིགས་པར་ཞུ། །
ཞེས་ཞུས་པས། བླ་མས་རས་ཆུང་བ་ལ་ང་རྒྱལ་ཆེན་པོ་འདུག་དགོངས་ནས་ང་རྒྱལ་གཅོག་པའི་མགུར་འདི་གསུངས་སོ། །
བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་སྡུག་ཡུས་མ་ཆེ་གླུ་འདི་ཉོན། །གླུ་དོན་ཆེན་གསེར་ཐག་ཕྲེང་བའི་ངག །བརྡ་སྙན་པོ་གསང་བའི་ངར་སྒྲ་འགྲིག །དོན་འཐད་འཐད་འདྲ་ན་ཐུགས་ལ་ཟུངས། །མི་ཆེན་པོས་རང་ཆེ་འདོད་པ་དེ། །མི་ངན་པའི་ལག་ཏུ་གྲིར་འཆིར་འགྲོ། །ནོར་ཕྱུག་པོ་སེར་སྣས་བསགས་པ་དེ། །དགྲ་སྡང་བའི་ལག་ཏུ་ནོམ་པ་སྤྲོད། །རྒྱགས་པས་རྒྱགས་ལྷག་འཚོལ་བ་དེ། །ལྟོགས་དྲིར་ཤི་བའི་སྔ་ལྟས་ཡིན། །ངན་པས་ངན་ཚོད་མི་ཟིན་པར། །རང་ཕམ་པར་འགྲོ་བ་ཁོ་ན་ཡིན། །དཔོན་ངན་པས་གཡོག་པོ་བཅོམ་པ་དེ། །ཡུལ་བཟང་པོ་ལད་པའི་ཕུང་འདྲེ་ཡིན། །མི་ངན་པས་རྗེ་བོ་མི་ཁུར་བ། །རང་ཕུང་བའི་ཐན་ལྟས་ངན་པ་ཡིན། །ཆོས་པས་རང་ཚུགས་མི་ཟིན་པའི། །བསྟན་པ་བསྣུབས་པའི་ཕུང་ཤིང་ཡིན། །མ་མཁའ་འགྲོའི་གདམས་ངག་མི་གསང་བ། །ལྷ་དང་ལྷ་མོ་འཁྲུག་པའི་རྩ་བ་ཡིན། །བུ་གདམས་ངག་རང་རྩིས་ཆེ་བ་དེ། །རྒྱུད་ངན་པ་སྐྲ་རིངས་སུ་འཆོར་འདོད་ཡིན། །ཁ་སྐམ་པོ་ཆོས་བཤད་མང་བ་དེ། །ཉམས་བཟང་པོའི་སྒོམ་འཕྲོ་འཇོག་འདོད་ཡིན། །བྱས་ཤ་དང་བྱས་ཡུས་ཆེ་བ་དེ། །བླ་མ་སྤོང་ལེན་བྱེད་འདོད་ཡིན། །སློབ་མས་བླ་མ་མི་ཁུར་བ། །གྱོང་ལ་དེ་བས་ཆེ་ཐབས་མེད། །སྒོམ་ཆེན་རི་ལ་མི་ཟུག་ན། །གོད་ལ་དེ་བས་ཆེ་ཐབས་མེད། །ཆོས་པས་ཉེ་རིང་མ་སྤང་ན། །ཕུང་ལ་དེ་བས་ཆེ་ཐབས་མེད། །མཁས་པས་ཉམས་ལེན་མ་བྱས་ན། །ཁྲམ་ལ་དེ་བས་ཆེ་ཐབས་མེད། །བཙུན་པས་ཚུལ་ཁྲིམས་མ་སྲུང་ན། །ངོ་ལ་དེ་བས་ཚ་བ་མེད། །བུ་རས་ཆུང་ཟེར་བའི་བཞིན་ལེགས་པོ། །དོན་འཐད་པར་གདའ་ན་ཐུགས་ལ་ཟུངས། །དེ་མི་འཐད་དགོངས་ན་གང་མཛད་མཛོད། །ང་མྱུར་དུ་འཆི་བའི་མི་རྒན་ལ། །ཡུན་རིང་ལབ་གླེང་བྱེད་མི་ཁོམ། །ཁྱེད་གཞོན་ནུ་རང་རྩིས་རེ་བདེན་བསམ། །ང་རྒྱལ་མི་རྒོད་ཁ་རྒོད་ལ། །ལབ་ན་ཚུར་ལབ་གྲིམ་དུ་གཏོང་། །རྗེ་སྒྲ་བསྒྱུར་མར་པ་སྐུ་དྲིན་ཅན། །སྤྲང་ཆོས་བརྒྱད་ཟད་པར་བྱིན་གྱིས་རློབས། །
ཞེས་གསུང་པའི་ཚེ་རས་ཆུང་བས་པོ་ཏི་བཞི་ཕྱག་ཏུ་བཏང་ནས་མགུར་འདི་ཕུལ་ལོ།།
ཕ་བླ་མའི་བཀའ་བཞིན་བདག་གིས་བསྒྲུབ། །དཀའ་བ་མ་སྤྱད་དགུ་ཅིག་སྤྱད། །སྡུག་བསྔལ་མ་མྱོང་དགུ་ཅིག་མྱོང་། །གདམས་ངག་མ་ཐོས་དགུ་ཅིག་ཐོས། །རིག་པ་ཡེ་ཤེས་སྒྲོན་མེ་ཐོས། །རྩ་རླུང་དྲྭ་མིག་འཁོར་ལོ་ཐོས། །རོ་སྙོམས་ཕྱི་ཡི་གླེང་མོལ་ཐོས། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཐོས། །བདེ་ཆེན་གསུང་གི་རིན་ཆེན་ཐོས། །དེ་ཐོས་བླ་མ་དག་ལ་འབུལ། །བྱས་ནས་ཕུལ་བའི་ཁྲེས་པོ་དཔེ་ཆ་བླ་མས་ཁུར་སོང་བ་ལ། རས་ཆུང་བ་ཐག་རིང་ནས་འོང་བས་བླ་མའི་ཕྱི་ལམ་སླེབས་པ་ལ། རྟོག་པ་ཞིག་ལ་ངའི་གདམས་ངག་འདི་རྣམས་མི་འདོད་གསུང་བ་འདྲ་བ་ཅིག་ལ། ཁྱེར་ནས་འགྲོ་བ་ཨེ་མ་ཡིན། ངས་ཕྱི་མ་སླེབས་ན་བླ་མས་དོན་མེད་པའི་མི་ལ་གཏད་པ་ཨེ་སྲིད་བསམ་ནས། ལམ་ན་མར་རྒྱུག་ཅིང་མགུར་དབྱངས་འདི་ཕུལ་ལོ། །
དཀའ་བ་བརྩོན་འགྲུས་བདག་ཉིད་ཀྱིས། །བཅུ་གཅིག་ལུས་མེད་མཁའ་འགྲོའི་གསུང་། །གནད་ཀྱི་གདམས་པ་བདག་ལ་བདོག །རྗེ་བཙུན་ཆེན་པོ་གང་དུ་གཤེགས། །རྒྱ་གར་མཐའ་འཁོབ་ཇག་པ་ལ། །བཀའ་ལུང་ཕྲིན་ལས་འཇིགས་དང་བྲལ། །སྒྲུབ་པའི་གདམས་པ་བདག་ལ་བདོག །རྗེ་བཙུན་ཆེན་པོ་གང་དུ་གཤེགས། །རྗེས་འཇུག་གསུང་གི་སྒྲུབ་པ་བས། །ལྷག་པའི་གདམས་པ་མ་མཆིས་ཏེ། །ཁྱད་པར་ངོ་སྤྲོད་གདམས་ངག་བདོག །རྗེ་བཙུན་ཆེན་པོ་གང་དུ་གཤེགས། །ཐབས་ལམ་ན་རོའི་ཆོས་དྲུག་ལ། །བཀའ་བབ་སྟོན་པའི་བླ་མ་དེ། །རྗེ་ཏེ་པུ་གསང་སྔགས་སྡོང་པོ་ཡིན། །སྒྲོན་མ་ལམ་ཁྱེར་གདམས་ངག་བདོག །རྗེ་བཙུན་ཆེན་པོ་གང་དུ་གཤེགས། །མཇལ་འདོད་ཡུན་རིང་ཐོགས་པ་ལ། །དེ་རིང་རྗེ་བཙུན་མཇལ་བ་ལ། །དགྱེས་ན་ཞལ་ཏ་མི་མཛད་པར། །རྗེ་བཙུན་ཆེན་པོ་གང་དུ་གཤེགས། །བླ་མ་རྗེ་བཙུན་སྙན་གསོན་དང་། །སྤྲུལ་སྐུ་རས་ཆེན་སྙན་གསོན་དང་། །བུ་ཕ་དང་ཐུགས་ཡིད་འཛོལ་མི་སྲིད། །བཀའ་དྲི་མ་མེད་པའི་གདམས་ངག་རྣམས། །ཕ་ཡིས་གཟིགས་ལ་བཞེས་པར་ཞུ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ལྷག་ཆད་ནོར་འཁྲུལ་མཁའ་འགྲོས་བསལ། །ཟབ་དང་ཡང་ཟབ་བཀའ་རྒྱས་བཏབ། །བླ་མའི་དྲུང་དུ་འབུལ་ལགས་པས། །ཕ་ཡིས་གཟིགས་ལ་བཞེས་པར་ཞུ། །གཞན་ཡང་རྟེན་འབྲེལ་ཚེ་སྒྲུབ་དང་། །མཁའ་འགྲོ་བརྡ་ཡི་གསང་ཚིག་དང་། །རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། །གྲུབ་པའི་རྒྱལ་མོའི་ཐུགས་དམ་ཡོད། །དེ་ཡོད་བླ་མ་རྗེ་ལ་འབུལ། །ཕ་ཡི་གཟིགས་ལ་བཞེས་པར་ཞུ། །གཞན་ཡང་བསྟན་སྲུང་ཟབ་མོ་དང་། །ནད་ལ་ཕན་པའི་མན་ངག་དང་། །གདོན་ལ་ཕན་པའི་གནད་གཟེར་དང་། །རྟ་བརྒྱ་བརྒྱ་རི་བའི་གདམས་ངག་མང་། །དེ་རྣམས་བླ་མ་རྗེ་ལ་འབུལ། །ཕ་ཡི་གཟིགས་ལ་བཞེས་པར་ཞུ། །སྨན་མཆོག་ཨ་ག་རུ་ཆེན་ལ། །ཕྱག་མཁར་མངའ་གསོལ་ཏེ་པུས་མཛད། །ཡ་མཚན་རིན་ཐང་ནོར་གྱི་མཆོག །དེ་ལ་མཁའ་འགྲོའི་བྱིན་རླབས་ཡོད། །དེ་ཡང་བླ་མའི་ཕྱག་ཏུ་འབུལ། །ཕ་ཡི་གཟིགས་ལ་བཞེས་པར་ཞུ། །བཟང་དྲུག་སྨན་གྱི་སྒྱེ་གུ་དང་། །དཔའ་བོ་དཔའ་མོའི་དམ་རྫས་རྣམས། །རྗེ་ལ་འབུལ་སྙམ་དཔུང་པའི་སྒ། །ཕྲག་པའི་ཁ་ལ་བཀལ་ནས་འོང་། །བླ་མའི་བཀའ་དྲིན་ལན་དུ་འབུལ། །ཕ་ཡི་གཟིགས་ལ་བཞེས་པར་ཞུ། །ཐང་ཆད་ངལ་གསོའི་བཀའ་གནང་ལ། །སྦྱིན་པ་རྣམས་ཀྱི་མཆོག་ཏུ་འགྱུར། །བཀྲེས་སྐོམ་ལུས་ལ་ཕན་བཏགས་ན། །བཀའ་དྲིན་ཡོངས་ཀྱི་རྒྱལ་པོ་ཡིན། །ཁ་ཚིག་བཟང་པོའི་ནོར་བྱིན་ན། །ཕོངས་པ་རྣམས་ལ་ཁྱད་པར་འཕགས། །ཞལ་ཏ་བཟང་པོའི་ལམ་སྟོན་ན། །ཆོས་རྒྱལ་རྣམས་ཀྱི་དམ་ཚིག་ཡིན། །
ཞེས་ཞུས་པས། བླ་མས་རས་ཆུང་བ་བསྒུགས་ནས་མགུར་དེ་ལ་དར་ཅིག་གསན་པ་དང་། རས་ཆུང་བ་ལ་ཞལ་ཏ་བཟང་པོའི་མགུར་འདི་གསུངས་སོ། །
བུ་ཀུན་དང་མཐུན་ན་རྒྱལ་པོ་ཡིན། །ཕ་དང་མཐུན་ན་ཡང་རྒྱལ་ཡིན། །བུ་གཅིག་དང་མི་མཐུན་རྒྱ་ཐན་ཡིན། །ཕ་དང་མི་མཐུན་འདྲེ་ཐན་ཡིན། །བཟང་སྤྱོད་ཕ་དང་མཐུན་ན་འགྲུབ། །དྲིན་ཅན་མ་ལ་བྱམས་ན་འཁོར། །སྤྱོད་པ་མི་དང་མཐུན་ན་མཛེས། །བསམ་པ་བླ་མ་ལ་དད་པས་འགྲུབ། །བྱིན་རླབས་མཆེད་གྲོགས་མཉེས་པས་འགྲུབ། །རང་འདོད་རང་རྩིས་ཆུང་བས་འགྲུབ། །ཆོས་པས་གཤིས་ངན་སྤངས་ན་འགྲུབ། །མི་ཁ་དྲིན་ཅན་བཀུར་ན་བྱམས། །གཏམ་སྙན་སྙོམས་ཆུང་བསྐྱངས་ན་འོང་། །ལྷ་ཁ་ངོ་ལྐོག་མེད་ན་དགེ །ཡོན་ཏན་རྗེ་དང་འགྲོགས་ན་སྐྱེ། །འདྲེ་ཁ་རྣམ་རྟོག་ཆུང་ན་ཁོགས། །བཟང་པོ་བྱམས་སེམས་ཆེ་ན་འོང་། །ལར་མཁས་པའི་ཉེ་བ་ཐམས་ཅད་ཡིན། །བླུན་པོས་དགྲ་གཉེན་ངོ་མི་ཤེས། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ལམ་དུ་བལྟས་པས་ཅི་ལ་ཕན། །ཏེ་པུ་གསང་སྔགས་སྡོང་པོ་ལ། །ཁྱོད་བས་འབྲེལ་པ་ང་རང་ཟབ། །མ་དང་མཁའ་འགྲོའི་གསང་ཚིག་རྣམས། །ང་ལ་གསང་ནས་སུ་ལ་ཟློ། །མ་གཅིག་གྲུབ་པའི་རྒྱལ་མོ་ལ། །ང་བས་བཟང་པའི་སློབ་མ་མེད། །ཤིང་སྤང་གསེར་གྱི་མཎྜལ་ན། །ཚོགས་ཀྱི་སྐལ་པ་མང་པོ་ཟོས། །ཡི་དམ་རྡོ་རྗེ་ཕག་མོ་ལ། །ཁྱོད་བས་ང་རང་འགྲོགས་ཡུན་རིང་། །ལྷ་དང་ལྷ་མོའི་ཞིང་ཁམས་རྣམས། །ང་དང་འབྲེལ་པའི་ལྷ་ཚོགས་དང་། །ལས་ཁྱོད་ཀྱིས་བྱས་པའི་ལས་རྣམས་ལ། །ཁྱོད་བས་ང་རང་སེམས་ཁུར་ཆེ། །བུ་ལེགས་འདོད་དྲེགས་པས་མི་འཆིང་བར། །རི་ཁྲོད་དབེན་པར་བསྒོམ་དུ་འགྲོ། །
ཞེས་གསུངས་པས། རས་ཆུང་བའི་བསམ་པ་ལ། བླ་མས་མངོན་ཤེས་ལ་ཐོགས་པ་མེད་པས། ང་འོང་བ་ནི་མཁྱེན་དེའི་ཚིས་གཅིག་ཡོད་བསམ་པས། བླ་མས་གང་གསུངས་པའི་གནས་སུ་འགྲོ་ཞུས་པས། དཔོན་སློབ་གཉིས་འགྲོགས་ནས་ཐང་ལ་ཡར་བྱོན་ནོ། །དེ་ཐམས་ཅད་ཞལ་ཏ་ཡོ་བདེའི་སྐོར་རོ།། །།
དེ་ནས་དཔོན་སློབ་གཉིས་ཡང་དཔལ་མོ་དཔལ་ཐང་ན་ཡར་སླེབས་པ་དང་། རས་ཆུང་བ་ལ་རྟོག་པ་ངན་པ་ཞིག་སྐྱེས་ཏེ། ང་ཡི་བླ་མ་འདི་ཐོད་པ་མི་ཚེའི་རིང་ལ་མ་ཕྱིད་རུང་དུ་སྡོད་པ་ཅིག་གདའ། མིའི་ཆོས་པ་གང་བཟང་བཟང་རྣམས་ལའང་། ཆོས་རྒྱགས་དུམ་པ་རེ་ལ་མ་བརྟེན་པ་མི་འདུག །ངས་རྒྱ་གར་ནས་ཆོས་འདི་ཙམ་ཞིག་གདན་དྲངས་ནས་འོང་བ་ལ། ནུབ་གཅིག་གི་གནས་མལ་ཡང་མེད་ལས་ཆེ་བསམ་ནས། སྐུ་ལུས་ལ་བལྟས་ཙ་སྔོ་བ་ཧམ་པ་དབུ་སྐྲ་འཕྱིངས་པའི་སྔར་རང་དང་། རས་རྐྱང་ལ་མི་ཚེ་བསྐྱལ་ནས་གྲུབ་པ་ཐོབ་པའི་རྟགས་ཀྱང་དེ་སྔ་མ་རིག །ལས་ངན་པ་ཅིག་ལ་མིང་གྲུབ་ཐོབ་ཏུ་བཏགས་པ་ནི་མི་སྲིད་ཨང་བསམ་ཞིང་ཡོད་ཙ། ཡིད་ལ་མེད་པ་ཅིག་ལ་ལམ་གཡག་རུ་གོག་པོ་གཅིག་རྙེད་པ་བླ་མའི་ཞལ་ནས། སྐྱེས་བུ་རས་ཆུང་བ་ཁྱོད་ན་སོ་གཞོན་པས་འདི་ཁུར། བུ་མི་མཁོ་བའི་ནོར་བཟུང་ན་མཁོ་བའི་དུས་འོང་བྱ་བ་ཡིན་པས། གཡག་རུ་འདི་ཟུངས་གསུང་། རས་ཆུང་བས། ངའི་བླ་མ་འདི་ཡང་། ང་རྒྱ་གར་ན་སོང་བའི་ཤུལ་དུ་ཟས་ནོར་གྱི་སྲེད་པ་ཆེན་པོ་ཞིག་སྐྱེས་འདུག །གཡག་རུ་གོག་པོ་འདིས་ཅི་བྱེད། ཟ་མི་ཉན། གྱོན་མི་ཉན་པ་འདི་ལ་ནོར་ཅིག་ཨེ་འོང་ངམ་བསམ་ཞིང་བཟུང་ནས་སོང་ཙ། ཡང་རས་ཆུང་བས་འདི་མི་ཁྱག་པར་འདུག་ལགས་ཞུས་པས། ད་རུང་དུམ་པ་ཞིག་ཟུང་གསུང་བ་ལ། ནམ་མཁའ་དྭངས་ནས་ཡོད་ཙ། སྤྲིན་ཐམས་ཅད་དུས་གཅིག་ལ་འདུས་བྱུང་ནས། སེར་བ་ཆེན་པོ་ལག་འགོ་ཙམ་བབས་པས། རས་ཆུང་བས་གཡག་རུ་བསྐྱུར་ནས་བྲོས་ཙ། འགྲོ་ཡང་མ་བཅུག་པས་མགོ་བཏུམས་ནས་བསྡད་པ་ལ། བླ་མ་ཡང་མ་རྙེད། སེར་བ་ཆུང་དུ་སོང་བ་དང་། བཙལ་ཙ་ཡེ་ནས་མ་རྙེད། ཐེབས་གཅིག་མགུར་ལྷང་ལྷང་ཚོར་བ་ཉན་ཙ། གཡག་རུའི་རྩ་ཤེད་གྲགས་པས་དེར་སོང་ཙ་གཡག་རུ་དེའི་ནང་ནས་གསུང་སྐད་ལྷང་ལྷང་གྲགས་པས། དེ་ཅི་ཡིན་ན་བསམ་ནས་གཡག་རུ་ཡར་བླངས་ཙ་བྲག་ལ་འཇུས་པ་བཞིན་སོང་བས་འགྲམ་པ་ས་ལ་ཕབ་ནས་བལྟས་ཙ་གཡག་རུ་ཡངས་སུ་མ་སོང་། སྐུ་ལུས་ཆུང་དུ་མ་སོང་བར་གཡག་རུའི་དོག་སར་སྐུ་ལུས་འཕྲུལ་འཁོར་ལྡེམ་མེ་མཛད་ནས་སྐམ་སང་ངེ་བཞུགས་ནས། བུ་རས་ཆུང་པ་རས་གོས་མ་སྦང་གཡག་རུའི་ཡངས་ས་བཞག་ནས་ཡོད་ནང་དུ་བྱོན་ལ་དུམ་པ་ཅིག་ཡིབ་པ་དྲག་གསུང་པས། རས་ཆུང་བས་གཡག་རུའི་ནང་དུ་ཞུགས་པར་བརྩམས་ཡང་སྐུ་ལས་ལག་འགོ་ཡང་མ་ཐར་བའི་མགུར་འདི་གསུངས་སོ། །
རྗེ་བླ་མའི་བྱིན་རླབས་ལུས་ལ་ཞུགས། །ལུས་ཐ་མལ་དུ་སྡོད་པའི་སྒོམ་ཆེན་མིན། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཕྱག་བསྐོར་བ་གྱིས་ཤིག་རས་ཆུང་བ། །བླ་མའི་བྱིན་རླབས་ངག་ལ་ཞུགས། །ངག་འཆལ་ཚིག་སྨྲ་བའི་སྒོམ་ཆེན་མིན། །གདམས་ངག་གླུ་ཡི་དཀོར་མཛོད་ལ། །དོན་ཡིད་ལ་ཟུངས་ཤིག་རས་ཆུང་བ། །བླ་མའི་བྱིན་རླབས་སེམས་ལ་ཞུགས། །སེམས་རྟོག་ངན་དུ་འཁྱམས་པའི་སྒོམ་ཆེན་མིན། །མངོན་ཤེས་རིག་པའི་རྟེན་འབྲེལ་ལ། །དད་གུས་བསྐྱེད་ཅིག་རས་ཆུང་བ། །བུ་རས་ཆུང་གི་ལྟ་བ་ནམ་མཁའ་འདྲ། །ལྟ་བ་རེས་འགའ་མཐོ་སྟེ་རེས་འགའ་དམའ། །ལྟ་བ་མཐོ་དམན་གྱི་བར་དུ་བསམ་བློ་ཐོངས། །སེམས་རྣམ་རྟོག་མ་མང་འཁོར་བར་འཁྱམས། །བློ་ཙབ་ཙུབ་མ་མང་རས་གོས་སྦང་། །བུ་རས་ཆུང་གཡག་རུའི་ནང་དུ་བྱོན། །རླུང་སེམས་གཅིག་ཏུ་དྲིལ་ལ་གཡག་རུར་བྱོན། །གནས་སྐབས་ཡངས་པ་གཡག་རུའི་ནང་དུ་གདའ། །བུ་རས་ཆུང་གི་སྒོམ་པ་ཉི་ཟླ་འདྲ། །རེས་འགའ་གསལ་ཏེ་རེས་འགའ་འགྲིབ། །གསལ་འགྲིབ་ཀྱི་བར་དུ་བསམ་བློ་ཐོང་། །སེམས་རྣམ་རྟོག་མ་མང་འཁོར་བར་འཁྱམས། །བློ་ཙབ་ཙུབ་མ་མང་རས་གོས་སྦང་། །བུ་རས་ཆུང་གཡག་རུའི་ནང་དུ་བྱོན། །རླུང་སེམས་གཅིག་ཏུ་དྲིལ་ལ་གཡག་རུར་བྱོན། །གནས་སྐབས་ཡངས་པ་གཡག་རུའི་ནང་དུ་གདའ། །བུ་རས་ཆུང་གི་སྤྱོད་པ་སྐྱི་བསེར་འདྲ། །རེས་འགའ་དལ་དང་རེས་འགའ་བྲེལ། །སྤྱོད་པ་དལ་བྲེལ་གྱི་བར་དུ་བསམ་བློ་ཐོང་། །སེམས་རྣམ་རྟོག་མ་མང་འཁོར་བར་འཁྱམས། །བློ་ཙབ་ཙུབ་མ་མང་རས་གོས་སྦང་། །བུ་རས་ཆུང་གཡག་རུའི་ནང་དུ་བྱོན། །རླུང་སེམས་གཅིག་ཏུ་དྲིལ་ལ་གཡག་རུར་བྱོན། །གནས་སྐབས་ཡངས་པ་གཡག་རུའི་ནང་དུ་གདའ། །བུ་རས་ཆུང་གི་འབྲས་བུ་ལོ་ཐོག་འདྲ། །རེས་འགའ་ཡག་སྟེ་རེས་འགའ་ཉེས། །འབྲས་བུ་ཡག་ཉེས་གྱི་བར་དུ་བསམ་བློ་ཐོང་། །སེམས་རྣམ་རྟོག་མ་མང་འཁོར་བར་འཁྱམས། །བློ་ཙབ་ཙུབ་མ་མང་རས་གོས་སྦང་། །བུ་རས་ཆུང་གཡག་རུའི་ནང་དུ་བྱོན། །རླུང་སེམས་གཅིག་ཏུ་དྲིལ་ལ་གཡག་རུར་བྱོན། །གནས་སྐབས་ཡངས་པ་གཡག་རུའི་ནང་དུ་གདའ། །བུ་རྐྱེན་ཕྲའུ་སེར་བའི་གློ་རྒྱག་ལ། །མཁར་བཙན་པོ་གཡག་རུའི་ཕུག་ལ་སྐྱིད། །ཕས་བུ་ལ་ཕོག་པས་འབྱོན་པར་ཞུ། །བུ་ཕ་ཁྱིམ་དུ་མི་འབྱོན་འཐད་རྒྱུ་མེད། །ཕ་གཡག་རུའི་ཕྲ་སར་འཕྲུལ་འཁོར་བཞུགས། །བུ་གཡག་རུའི་སྦོམ་སར་འབྱོན་པར་ཞུ། །
ཞེས་གསུངས་པས། རས་ཆུང་བས་ཤོང་ཐབས་ཡོད་པ་ཨེ་ཡིན་བསམ་ཙ་ལག་མགོ་ཡང་མ་ཐར་བས། དེ་རིང་འདི་ཅུག་ཡིན་བསམ་ནས་མགུར་འདི་ཕུལ་ལོ། །
ཕ་བླ་མ་རྗེ་བཙུན་སྙན་གསོན་དང་། །ང་ཡི་ལྟ་བ་མཐོ་ཡང་མི་མཐོ་རང་སར་གདའ།།དམའ་ཡང་མི་དམའ་རང་སར་གདའ། །ལྟ་བ་མཐོ་དམན་མེད་པའི་ངང་ནས་གསོལ་བ་འདེབས། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །བླ་མ་དེ་སྐད་མ་གསུང་འབྱོན་པར་ཞུ། །ང་ཡི་སྒོམ་པ་གསལ་ཡང་མི་གསལ་རང་སར་གདའ། །འགྲིབ་ཀྱང་མི་འགྲིབ་རང་སར་གདའ། །གསལ་འགྲིབ་མེད་པའི་ངང་ནས་གསོལ་བ་འདེབས། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །བླ་མ་དེ་སྐད་མ་གསུང་འབྱོན་པར་ཞུ། །སྤྱོད་པ་དལ་ཡང་མི་དལ་རང་སར་གདའ། །བྲེལ་ཡང་མི་བྲེལ་རང་སར་གདའ། །དལ་བྲེལ་མེད་པའི་ངང་ནས་གསོལ་བ་འདེབས། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །བླ་མ་དེ་སྐད་མ་གསུང་འབྱོན་པར་ཞུ། །འབྲས་བུ་ཡགས་ཀྱང་མི་ཡགས་རང་སར་མདའ། །ཉེས་ཀྱང་མི་ཉེས་རང་སར་མདའ། །ཡགས་ཉེས་མེད་པའི་ངང་ནས་གསོལ་བ་འདེབས། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །བླ་མ་དེ་སྐད་མ་གསུང་འབྱོན་པར་ཞུ། །
ཞེས་ཞུས་པས། བླ་མ་གཡག་རུའི་ནང་ནས་ཕྱིར་བཞེངས་ནས་བྱུང་བས། ནམ་མཁའ་ལ་ལྟ་སྟངས་ཞིག་མཛད་པས། སྤྲིན་རྣམས་སོ་སོར་དེང་ནས་ཉི་མ་ཚ་ལྷེམ་མེ་བ་ཅིག་བྱུང་བ་ལ། རས་གོས་བསྐམས་ནས་དར་ཙམ་ཅིག་དཔོན་སློབ་གཉིས་བཞུགས། རས་ཆུང་བའི་བསམ་པ་ལ་ངས་རྒྱ་གར་ནས་ངན་སྔགས་མང་པོ་འོང་བསམ་ནས་བླ་མས་ཀྱང་སེར་བ་འབེབས་པ་བསླབས་འདུག་བསམ་པས། བླ་མ་ལགས། སེར་བ་དེ་ཡག་འབབ་དོན་མེད་པ་ལ་བབས་ཞུས་པས། སེར་བ་འབབ་པ་ངས་ལན་པ་མིན་གསུང་། དེ་ནས་རྗེ་བཙུན་གྱིས་མེ་ཏོག་འབྲི་མ་སེར་ཆེན་གྱི་ཡུ་བ་ལ་སྐུ་རྒྱབ་གཏད་ནས་བཞུགས་ཅིང་། མེ་ཏོག་ལ་གདུགས་ཀྱི་ཚུལ་དུ་བྱས་ནས། རས་ཆུང་བ་ལ་བུ་འདིར་ཤོག་དང་སེམས་ཤོང་ན་ལུས་ཤོང་བས་རང་རེ་ཕ་སྤད་ཀྱིས་མེ་ཏོག་གི་གདུགས་འདིའི་ཞབས་ན་དབྱངས་གཅིག་འཐེན་དགོས་གསུང་ནས་མགུར་འདི་གསུངས་སོ། །
བུ་རས་ཆུང་ང་ལ་ཚུར་ཉོན་དང་། །དགོན་པ་རང་གི་ལུས་ཀྱིས་ཆོག །ཟས་སུ་ཏིང་འཛིན་ཟ་བས་ཆོག །གོས་སུ་གཏུམ་མོ་གྱོན་པས་ཆོག །བླ་མ་སྤྱི་བོར་བསྒོམ་པས་ཆོག །གཉེན་ལ་འཁྲི་བ་བཅད་པས་ཆོག །དགྲ་ལ་བྱམས་པ་བསྒོམ་པས་ཆོག །དཔེ་ཆ་ཕྱི་ཡི་སྣང་བས་ཆོག །གདམས་ངག་སེམས་ལ་ལྟ་བ་ཆོག །ཅེས་གསུང་བས། རས་ཆུང་བས་མགུར་འདི་ཕུལ་ལོ། །
དགོན་པ་ལུས་ཀྱི་ཆོག་ལགས་ཀྱང་། །ན་ས་ཤི་ས་གར་ཡང་མཆིས། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །ཟས་སུ་ཏིང་འཛིན་ཟ་ལགས་ཀྱང་། །སྲོག་འཚོ་ཙམ་གཅིག་གར་ཡང་འཚལ། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །གོས་སུ་གཏུམ་མོ་གྱོན་ལགས་ཀྱང་། །རས་གོས་རྐྱང་གཅིག་གར་ཡང་འཚལ། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །བླ་མ་སྤྱི་བོར་བསྒོམ་ལགས་ཀྱང་། །མོས་གུས་ཐུན་གཅིག་གར་ཡང་འཚལ། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །གཉེན་ལ་འཁྲི་བ་བཅད་ལགས་ཀྱང་། །འགྲོ་དྲུག་མ་རྒན་སྤངས་སུ་འཕངས། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །དགྲ་ལ་བྱམས་པ་བསྒོམ་ལགས་ཀྱང་། །འཆི་བདག་བདུད་ཀྱིས་གར་ཡང་སླེབས། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །དཔེ་ཆ་སྣང་བས་ཆོག་ལགས་ཀྱང་། །ཁྲིད་ཡིག་དཔེ་ཆ་གར་ཡང་འཚལ། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །གདམས་ངག་སེམས་ལ་ལྟ་ལགས་ཀྱང་། །ཉམས་ལེན་སྐོར་ཞིག་གར་ཡང་འཚལ། །དེས་ཀྱང་མ་ཆོག་པ་ཞིག་བྱུང་། །
ཞེས་ཞུས་ནས་དཔོན་སློབ་གཉིས་འགྲོགས་མུ་ཏིག་ཤེལ་གྱི་སྤང་སྒོང་དུ་བྱོན་ཙ་ན། རུ་བ་ཅིག་འདུག་པ་འཚེར་དུ་སྦྲ་ཕུབ། ཐང་དུ་ནོར་ལུག་རྣམས་བདལ། ཆུ་འགྲམ་དུ་བྱིས་རྣམས་རྩེད་མོ་རྩེ། མི་རྣམས་ཀྱིས་སྒོང་ཁ་ཅིག་ཏུ་ལ་ཕྱས་གཅིག་རྩིགས་ཤིང་འདུག །དེར་རས་ཆུང་བས་བླ་མ་རྗེ་བཙུན་ལ་ང་ས་ཐག་རིང་པོ་ནས་འོང་བས་ཐང་ཆད་རྗེ་བཙུན་བསོད་སྙོམས་ཅིག་ལ་འབྱོན་པར་ཞུས་ཀྱང་གཟིམ་ནས་འབྱོན་མ་ཉན། དེ་ནུབ་མུན་ཆར་ཆིར་ཙ་བསོད་སྙོམས་ལ་འདོང་གསུང་། ད་ཕྱི་མོར་སོང་ནས་ནང་པར་འགྲོ་བས་དྲག་ཞུས་པས། ནང་པར་རུ་བ་སྔ་མོ་འགྲོ་སྲིད་པས་དོ་ནུབ་འདོང་གསུང་། དེར་དཔོན་སློབ་གཉིས་རུ་བ་ན་བསོད་སྙོམས་ལ་བྱོན་ཙ། བླ་མའི་ཞལ་ནས། འོ་མདུན་གྱི་དང་པོ་ལ་རྟེན་འབྲེལ་གྱི་སུམ་གཉིས་ཡོད་བྱ་བ་ཡིན་པས། ཡར་གྱི་སྦྲ་མོ་ཆེ་ལ་གཏད་ནས་འདོད་གསུང་པས། བླ་མ་ལགས་སྦྲ་མོ་ཆེ་རིང་བར་འདུག །ཆེན་པོ་ལ་མ་བརྔམ་ཆུང་ངུ་ལ་མ་བརྙས་བྱ་བ་ཡིན་པས། རུ་སྣའི་སྦྲ་ཆུང་སེར་པོ་འདི་ནས་ཡར་ལ་འདེད་དགོས་ལགས་བྱས་ནས། མར་གྱི་སྦྲ་ཆུང་སེར་པོའི་སྒོར་སོང་བ་ལ། རྒན་མོ་ལྦ་བ་ཅན་ཅིག་གིས་ལག་པ་གཉིས་ཀྱིས་རྡོ་གཉིས་བླངས་ནས། མོ་ན་རེ། རྣལ་འབྱོར་པ་སྤྲང་བའི་དུས་མི་ཤེས་པ། ཁྱེད་གཉིས་མིག་བཀབ་པ་ཨེ་ཡིན། ནམ་ལ་སུས་བསོད་སྙོམས་སྟེར། ད་ཞག་སུ་ལ་ཅུང་ཡང་མེད། ཁྱེད་ཚོས་ཟ་འདོད་པས་ཆོག་པ་མིན་ཟེར་ནས་ངན་སྨྲས་བྱས་པས། བླ་མའི་ཞལ་ཞལ་ནས། རས་ཆུང་བ་དོ་ནུབ་བཟའ་མི་ཟོས་པར་འདུག་གསུང་ནས། ཕ་ཟད་ཅིག་ཏུ་གཟིམ་ནས་བཞུགས་ཙ། ནམ་ཕྱེད་རུ་བ་དེ་རྣམས་ཀུ་དི་རི་རི་བྱུང་བས། བླ་མས་རས་ཆུང་བ་ལ་ནམ་ལངས་པ་དང་། རས་ཆུང་བ་མདང་རུ་བ་ཀུ་ཅོ་ཆེ་བས་ཅི་རེད་ལྟོས་དང་གསུང་ནས་བལྟས་ཙ། ཨ་ལྡིང་སེར་པོ་དེ་མིན་གྱི་རུ་བ་རྣམས་གར་ཡང་མི་འདུག་ཞུས་ཙ། འོ་ན་དེར་འདོང་གསུང་ནས་བྱོན་པ་ལ། རྒན་མོས་དེ་ནུབ་ཡུལ་གཉེན་པོ་ལ་ངན་སྨྲས་བྱས་པས་ཆད་པས་ཤི་འདུག །ནོར་རྣམས་རུ་བས་ཁྱེར་ནས་ཟ་རྒྱུ་མར་ཐུད་རྩམ་པ་ཞོ་ཟོ་བ་གང་བསྙལ་རུང་ལུས་འདུག་པས། བླ་མའི་ཞལ་ནས། རས་ཆུང་པ་ཐམས་ཅད་འདི་དང་འདྲ། མདང་དགོང་མོའི་དུས་སུ་དབང་པོ་གསལ་ཞིང་སྨྲ་སྒོ་བདེ་བར་འདུག་པ་ལ། ད་ནང་ཐམས་ཅད་དགོས་མེད་དུ་སོང་ནས་འདུག །མདང་མོ་ལ་འདི་རྣམས་འཕངས་པོ་ཡོད་སྟེ་ད་ནང་འོ་ཅག་གཉིས་ལ་བཞག་འདུག་པས། ཁ་ཟ་འདོད་པ་དང་སྤྲོད་ཅིག་གསུང་བ་ལ། རས་ཆུང་བས་བླ་མའི་ཞལ་ལ་བལྟས་ནས་བསྡད་པས། ད་མ་སྡོད་པར་ཚ་བ་བཟང་པོ་དྲོང་ཞིག་གསུང་པས་དེ་རྣམས་ལ་ཚ་བ་བཟང་པོ་དྲང་། དེའི་ཚེ་རས་ཆུང་པས་ཞུས་པ། འདིར་བཟའ་བཏུང་མང་པོ་སྣང་བས་ཞག་འགའ་འདི་ཚོ་གསོལ་ཞིང་བཞུགས་པས་མི་དྲག་གམ་ཞུས་པས། གང་ལ་ཆགས་ན་དེས་ཀྱང་འཆིངས་ཤིང་སྡུག་བསྔལ་བའི་རྒྱུར་འགྲོ་བ་ཡིན་གསུང་ནས་མགུར་འདི་གསུངས་སོ། །
རས་ཆུང་ཕྱི་ཡི་ཡུལ་ལ་ཕར་ལྟོས་དང་། །འདུས་བྱས་མི་རྟག་ཆུ་ཡི་ལྦུ་བ་འདྲ། །དང་པོ་འདུས་པ་མཐོང་ལགས་སམ། །བར་དུ་བསྡད་པར་མཐོང་ལགས་སམ། །ཐ་མ་སོང་བ་མཐོང་ལགས་སམ། །ནང་གི་སེམས་ལ་ཚུར་ལྟོས་དང་། །ནང་འདི་ན་གཉུག་མའི་གཏན་ཡུལ་ཡོད། །ཡུལ་འཕོ་འགྱུར་མེད་པས་ཉམས་རེ་དགའ། །ཡུལ་འཕོ་འགྱུར་མེད་པས་བློ་རེ་བདེ། །བུ་ཕྱི་ཡི་ནོར་ལ་ཕར་ལྟོས་དང་། །ནོར་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །ཟིལ་པ་དང་པོ་ཆགས་པ་མཐོང་ལགས་སམ། །ཟིལ་པ་བར་དུ་གནས་པ་མཐོང་ལགས་སམ། །ཟིལ་པ་ཐ་མ་འཇིག་པ་མཐོང་ལགས་སམ། །བུ་ནང་གི་སེམས་ལ་ཚུར་ལྟོས་དང་། །ནང་འདི་ན་འཛད་མེད་གཏེར་ཆེན་ཡོད། །ནོར་འཕེལ་འགྲིབ་མེད་པས་ཉམས་རེ་དགའ། །ནོར་འཕེལ་འགྲིབ་མེད་པས་བློ་རེ་བདེ། །བུ་ཕྱི་ཡི་སྲས་ལ་ཕར་ལྟོས་དང་། །སྲས་མི་རྟག་ཆུ་འགྲམ་མེ་ཏོག་འདྲ། །མེ་ཏོག་དང་པོ་སྐྱེས་པ་མཐོང་ལགས་སམ། །མེ་ཏོག་བར་དུ་གནས་པ་མཐོང་ལགས་སམ། །མེ་ཏོག་ཐ་མ་ཡལ་བ་མཐོང་ལགས་སམ། །བུ་ནང་གི་སེམས་ལ་ཚུར་ལྟོས་དང་། །ནང་འདི་ན་རིག་པའི་སྲས་གཅིག་ཡོད། །སྲས་དེ་ལ་སྐྱེ་འཆི་མེད་པས་ཉམས་རེ་དགའ། །སྲས་དེ་ལ་སྐྱེ་འཆི་མེད་པས་བློ་རེ་བདེ། །བུ་ཕྱི་ཡི་ལུས་ལ་ཕར་ལྟོས་དང་། །ལུས་མི་རྟག་སྒོང་ཁའི་ཐོ་ཡོར་འདྲ། །དང་པོ་བརྩིག་པ་མཐོང་ལགས་སམ། །བར་དུ་གནས་པ་མཐོང་ལགས་སམ། །ཐ་མ་འཇིག་པ་མཐོང་ལགས་སམ། །བུ་ནང་གི་སེམས་ལ་ཚུར་ལྟོས་དང་། །ནང་འདི་ན་སྐྱེ་མེད་ཀྱི་ལུས་གཅིག་ཡོད། །ལུས་སྐྱེ་འཆི་མེད་པས་ཉམས་རེ་དགའ། །ལུས་སྐྱེ་འཆི་མེད་པས་བློ་རེ་བདེ། །
ཅེས་གསུང་པས། ད་འགྲོ་ལགས་ཞུས་པས། རས་ཆུང་བ་རོ་ཟས་ཟ་ནས་རོ་ཆོག་མ་བྱས་པས་མི་འོང་། ཟས་ཟ་རྒན་གྱིས་ཟ། ལས་བྱེད་གཞོན་གྱིས་བྱེད་བྱ་བ་ཡིན་པས། ཁྱོད་ན་སོ་ཡང་གཞོན་པས་རོ་འདི་ཁུར་ངས་རོ་སྣ་ཁྲིད་གསུང་བ་ལ། རས་ཆུང་བའི་བསམ་པ་ལ་བླ་མ་འདིས་གང་མིན་མིན་བྱེད་པར་འདུག །རྒན་མོ་འདིའི་རོ་ཁུར་བས་གྲིབ་ཅིག་ཨེ་འོང་བསམས་ཤིང་མ་ངམ་ཙམ་ཅིག་ཁུར་ནས། རྗེ་བཙུན་གྱིས་སྦའི་བེར་མ་ལྕགས་དེ་རྒན་མོའི་རོ་སྣའི་ཚུལ་དུ་སྔོན་དུ་བཟུང་ནས་ཡར་བཞུད་དེ། བལ་བལ་ཐང་གི་ཐང་སྟོད་བདེ་ས་ཞིག་ཏུ་སླེབས་པ་དང་། འདིར་ཞོག་གསུང་ནས་སྦ་བེར་མ་ལྕགས་དེ་རྒན་མོའི་སྙིང་གར་བཙུགས་ནས། རས་ཆུང་བ་སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་མཐའ་གཞི་འདི་ལས་མ་འདས་པ་ཡིན། དེ་ཡང་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བརྩིག་པའི་ཐ་མ་འཇིག །བསགས་པའི་ཐ་མ་འཛད་པ་ཡིན་པས། སྤྱིར་སེམས་ཅན་ཐམས་ཅད་ལ་འདི་འོང་། སྒོས་རང་རེ་གཉིས་ཀྱི་སྟེང་དུ་ཡང་འདི་མྱུར་དུ་འོང་བ་ཡིན། མདང་རྒན་མོ་སེ་མོ་དེའི་ཁྱིའི་ལྟ་བ་བཞིན་དུ་ཐམས་ཅད་ངའི་ཡིན་སྙམ་པའི་རྟོག་པ་ཞིག་ལས་མེད་དེ། ད་ནང་མོ་རང་གཅིག་པུ་མར་གྱི་ནང་ནས་སྤུ་བཏོན་པ་བཞིན་དུ་ཤི་ནས་འདུག །ཐམས་ཅད་འདི་ལས་མ་འདས་པས། ཁྱོད་རང་ངའི་མགུར་འདི་ལ་ཉོན་ཅིག་གསུང་ནས། མི་རྟག་སྒྱུ་མའི་དཔེ་དྲུག་འདི་མགུར་དུ་གསུངས་སོ། །
རྗེ་བླ་མའི་སྐུ་དྲིན་བསམ་ལས་འདས། །མི་རྟག་རྒྱུད་ལ་སྐྱེས་པས་བྱས་ཚད་ཆོས་སུ་སོང་། །འཆི་བ་ཡང་ཡང་དྲན་པས་ལེ་ལོའི་བདུད་ལས་རྒྱལ། །ནམ་འཆི་ཤེས་རྒྱུ་མེད་པས་མདང་གི་རྒན་མོ་དང་འདྲ། །རས་ཆུང་སྣང་བ་མ་གྱོང་བླ་མའི་གླུ་ལ་ཉོན། །ཕྱི་སྣང་བའི་ཡུལ་ལ་ཕར་བལྟས་ཙ། །སྣང་བ་མི་རྟག་མདང་གསུམ་རྨི་ལམ་འདྲ། །རྨི་ལམ་དྲན་ཞིང་འཁྲུལ་པས་བློ་མ་བདེ། །འཁྲུལ་པའི་རྩ་བ་ཆོད་ཅིག་རས་ཆུང་བ། །བདག་བསམ་ཤིང་བློ་སེམས་བདེ་བ་ཞིག་བྱུང་། །ནང་སྐྱིད་འདོད་གཟུགས་ཀྱི་ཐོ་ཡོར་འདི། །ཅི་ཕན་ཕན་སྒྲུབ་སྙམས་སྡུག་བསྔལ་སྤྱོད། །མི་གཙང་རྫས་ཀྱི་ཐོ་ཡོར་ལ། །རང་རྩིས་མ་ཆེ་གླུ་འདི་ཉོན། །རང་གི་བླང་བའི་ལུས་ལ་ཚུར་བལྟས་ཙ། །ལུས་མི་རྟག་རྩྭ་ཐོག་ཟིལ་པ་འདྲ། །ལུས་བླངས་ཤིང་འཇིག་པས་བློ་མ་བདེ། །སྐྱེ་ཤི་རྩད་ནས་ཆོད་དམ་རས་ཆུང་བ། །བདག་བསམས་ཤིང་བློ་སེམས་བདེ་བ་ཞིག་བྱུང་། །སེམས་ངན་པའི་མི་ལ་སྐྱིད་ཐབས་མེད། །ཙབ་ཙུབ་ཀྱི་བློ་མང་གྱོད་དང་འཕྲད། །རང་གཤིས་ངན་པ་རང་གི་བྱུར། །སེམས་རྟོག་འདོད་མ་ཆེ་གླུ་འདི་ཉོན། །ནང་འཛིན་པའི་སེམས་ལ་ཚུར་བལྟས་ཙ། །སེམས་མི་རྟག་སྒང་ཁའི་བྱིའུ་དང་འདྲ། །སེམས་བཞག་སར་མི་སྡོད་བློ་མ་བདེ། །སེམས་ཉིད་བཙན་ས་ཟིན་ནམ་རས་ཆུང་བ། །བདག་བསམ་ཤིང་བློ་སེམས་བདེ་བ་ཞིག་བྱུང་། །ནང་དབུགས་སྲོག་རྟ་རྔའི་ཉག་མ་ཙམ། །ཆད་ལ་ཁད་ཀྱི་པྲིང་པྲིང་པོ། །རྐྱེན་ཟུར་ཙམ་མི་བརྟན་རྒན་མོའི་དབུགས་དང་འདྲ། །ཚེ་འདི་ལ་མ་ཞེན་གླུ་འདི་ཉོན། །ནང་འགྱུ་བའི་དབུགས་ལ་ཚུར་བལྟས་ཙ། །དབུགས་མི་རྟག་ནམ་མཁའི་ན་བུན་འདྲ། །ན་བུན་ཡལ་ནས་འགྲོ་བས་བློ་མ་བདེ། །འགྱུ་བ་དྭངས་སང་ཕྱེད་དམ་རས་ཆུང་བ། །བདག་བསམ་ཤིང་བློ་སེམས་བདེ་བ་ཞིག་བྱུང་། །རིགས་ངན་གྱི་ཉེ་བ་འགྲོགས་ཤིང་སྡང་། །མི་ངན་གྱི་གྲོགས་པོས་དམེ་ངན་སློང་། །ཕན་ཨེ་ཐོག་རྒན་མོའི་ཁྱིམ་མཚེས་འདྲ། །བུ་རེ་བ་མ་ཆེ་གླུ་ལ་ཉོན། །འདུས་པའི་གྲོགས་ལ་ཚུར་བལྟས་ཙ། །གྲོགས་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །གྲོགས་འདུས་ནས་འབྲལ་བ་བློ་མ་བདེ། །འབྲེལ་པ་གོང་དུ་ཞག་གམ་རས་ཆུང་བ། །བདག་བསམ་ཤིང་བློ་སེམས་བདེ་བ་ཞིག་བྱུང་། །ནོར་བསགས་ཚད་བདག་པོས་མི་སྤྱོད་པ། །སྲིད་པ་ལས་ཀྱི་བདེན་པ་ཡིན། །སེར་སྣས་བསགས་པའི་ནོར་རྫས་རྣམས། །རྒན་མོའི་སྔས་ཀྱི་ཕྱེ་ཐུད་འདྲ། །བུ་ཞེན་པ་མ་ཆེ་གླུ་ལ་ཉོན། །རང་གིས་བསགས་པའི་ནོར་ལ་ཚུར་བལྟས་ཙ། །ནོར་མི་རྟག་སྦྲང་མའི་སྦྲང་རྩི་འདྲ། །བདག་གསོག་གཞན་གྱིས་སྤྱོད་པས་བློ་མ་བདེ། །སེམས་ཉིད་གཏེར་ཁ་ཕྱེད་དམ་རས་ཆུང་པ། །བདག་བསམ་ཤིང་བློ་སེམས་བདེ་བ་ཞིག་བྱུང་། །ཞེས་པའི་མགུར་གསུང་པས། རྒན་མོའི་ཕུང་པོ་ལ་འཇའ་ཚོན་ཐིབ་ཀྱིས་ཟུག་ནས་བྱུང་སྟེ། འཕོ་བ་འཇའ་ཚོན་མ་བྱ་བ་ཐེབས་པ་ཡིན་སྐད།
དེ་ནས་བླ་མའི་ཞལ་ནས། རས་ཆུང་བ་འོ་སྐོལ་གཉིས་འཇིག་རྟེན་འདི་ན་སྡོད་པའི་ལོང་མེད། གངས་ཏི་སེ་འདྲ་བ་ཅིག་ལ་སྒོམ་དུ་འགྲོ་གསུངས་པས། རས་ཆུང་བས་ཞུས་པ། བདག་ཡུལ་རྒྱ་གར་ནས་དཀའ་བ་སྤྱད་ནས་བོད་དུ་སླེབས་པས་ལུས་ངན་ཅིང་ངལ་དུབ་མ་སོས་པས་བསོད་སྙོམས་བྱས་ནས་དགོན་པ་ཐག་ཉེ་བ་གཅིག་ཏུ་བསྡད་ན་མིན་པ་སྒོམ་ནུས་པར་མེད་ལགས་ཞུས་པས། བླ་མའི་ཞལ་ནས། ཆོས་སྙིང་ནས་བྱེད་བསམ་ན་འདི་བཞིན་བྱེད་པས་ཆོག་གསུང་ནས་ཆོག་པ་བརྒྱད་ཀྱི་མགུར་འདི་གསུངས་སོ། །
དགོན་པ་རང་གི་ལུས་ཀྱིས་ཆོག །ལུས་གནད་ལྷ་ཡི་ཕོ་བྲང་ཡིན། །བླ་མ་རང་གི་སེམས་ཀྱིས་ཆོག །ངེས་ཤེས་དམ་པའི་སྐྱེས་མཆོག་ཡིན། །དཔེ་ཆ་ཕྱི་སྣང་ཡུལ་གྱིས་ཆོག །སྣ་ཚོགས་ཐར་པའི་ལམ་དཔེ་ཡིན། །ཟས་སུ་ཏིང་འཛིན་ཟ་བས་ཆོག །ཞི་གནས་ལྷ་ཡི་ཕ་འབབ་ཡིན། །གོས་སུ་གཏུམ་མོ་གྱོན་པས་ཆོག །བདེ་དྲོད་མཁའ་འགྲོའི་རལ་གུ་ཡིན། །གཉེན་ལ་འབྲེལ་ཐག་བཅད་པས་ཆོག །གཅིག་པུ་ལྷ་ཡི་ཚོགས་དཔོན་ཡིན། །སྡང་བའི་དགྲ་ལ་བྱོལ་བས་ཆོག །དགྲ་བོ་མགྲོན་པོ་ལམ་འཁྱམས་ཡིན། །བགེགས་ལ་སྟོང་ཉིད་བསྒོམ་པས་ཆོག །སྣ་ཚོགས་ཆོ་འཕྲུལ་ཉམས་སྣང་ཡིན། །ཡིན་ལུགས་སྤྱོད་ན་དེ་ལྟར་མཛོད། །མེད་བཞིན་སྤྱོད་པ་ལོག་པའི་ལམ། །ང་མི་རྒན་འཆི་ཚིས་བྱེད་པ་ལ། །ཁྱོད་དང་ཡུན་རིང་ལབ་མི་ཁོམ། །ཁྱོད་གཞོན་ནུ་ཤ་སྙིང་ཁྲག་རྒྱས་ལ། །ཕན་པར་ལབ་ཀྱང་ཁར་མི་ཉན། །རང་རྩིས་ཞེ་ཡུལ་ལོག་པ་ལ། །དྲང་པོར་སྨྲ་བ་ཆུད་ཟོས་ཡིན། །སྒོམ་ན་ང་ཡི་ཕྱི་ལ་འདོང་། །མི་སྒོམ་ཁྱེད་རང་ཅི་བསམ་གྱིས། །
ཞེས་གསུངས་ནས་བྱོན་པ་ལ། རས་ཆུང་བས་མཐུ་བ་ལ་འཇུས་ནས་བླ་མ་རྗེ་བཙུན་ལགས། ཁྱེད་ལྟ་བུ་ལ་དེ་ལྟར་བྱས་པས་ཆོག་སྟེ། ངེད་ལས་དང་པོ་པའི་གང་ཟག་རྣམས་ལ་དེས་ཀྱང་མི་ཆོག་པར་འདུག་ཟེར་ནས་མི་ཆོག་པ་བརྒྱད་ཀྱི་མགུར་འདི་ཕུལ་ལོ། །
དགོན་པ་རང་གི་ལུས་ཀྱི་ཆོག་ལགས་ཀྱང་། །མལ་ས་བླ་གབ་གར་ཡང་དགོས། །ཆར་ཆུ་དགྲ་བོས་སུ་ལའང་གནོད། །དེར་ཡང་མ་ཆོག་པ་ཞིག་བྱུང་། །བླ་མ་རང་གི་སེམས་ཀྱིས་ཆོག་ལགས་ཀྱང་། །ངོ་སྤྲོད་བླ་མ་ཞིག་ཅིས་ཀྱང་དགོས། །གསོལ་བ་འདེབས་ཡུལ་མེད་ཐབས་མེད། །དེར་ཡང་མ་ཆོག་པ་ཞིག་བྱུང་། །དཔེ་ཆ་ཕྱི་སྣང་ཡུལ་གྱིས་ཆོག་ལགས་ཀྱང་། །ཐེ་ཚོམ་བར་ཆད་གར་ཡང་སླེབ། །གསོལ་འདེབས་དཔེ་བུམ་མེད་ཐབས་མེད། །དེར་ཡང་མ་ཆོག་པ་གཅིག་བྱུང་། །ཟས་སུ་ཏིང་འཛིན་ཟ་བས་ཆོག་ལགས་ཀྱང་། །འཚོ་བ་ལུས་འཚོ་ཙམ་ཞིག་མེད་ཐབས་མེད། །སྒྱུ་མའི་ལུས་པོ་རྫས་ལ་བརྟེན། །དེར་ཡང་མ་ཆོག་པ་གཅིག་བྱུང་། །གོས་སུ་བདེ་དྲོད་གྱོན་པས་ཆོག་ལགས་ཀྱང་། །ངོ་ཚའི་གྲིབ་མས་གར་ཡང་སླེབ། །ཁྲེལ་དང་ངོ་ཚ་གང་ལའང་འཇིགས། །དེར་ཡང་མ་ཆོག་པ་ཞིག་བྱུང་། །གཉེན་ལ་འབྲེལ་ཐག་བཅད་པས་ཆོག་ལགས་ཀྱང་། །མཐུན་འཇུག་སྤྱོད་པ་གར་ཡང་དགོས། །གྲོགས་ལ་བཟང་ངན་སུ་ལའང་ཡོད། །དེར་ཡང་མ་ཆོག་པ་ཞིག་བྱུང་། །སྡང་བས་དགྲ་ལ་བྱོལ་བས་ཆོག་ལགས་ཀྱང་། །མི་ངན་ལམ་སྒོ་གར་ཡང་ཟུག །ཞེ་སྡང་དགྲ་བོ་གར་ཡང་སླེབས། །དེར་ཡང་མ་ཆོག་པ་ཞིག་བྱུང་། །བགེགས་ལ་སྟོང་ཉིད་བསྒོམ་པས་ཆོག་ལགས་ཀྱང་། །འབྱུང་པོ་ཡི་དྭགས་བསམ་པ་ངན། །ངར་འཛིན་འགོང་པོ་ཐུལ་བར་དཀའ། །དེ་ཡང་མ་ཆོག་པ་ཞིག་བྱུང་། །ལར་བླ་མའི་དྲུང་དུ་འཚམས་པར་སླེབས། །གང་བྱས་བདེ་ཞིང་སྐྱིད་པར་ངེས། །
ཞེས་ཞུས་པས། ཏི་སེ་ལ་འགྲོ་བ་དེ་བཤོལ་ནས་མཆོང་ལུང་གི་བྲག་ལ་དཔོན་སློབ་གཉིས་བྱོན་ནོ། །དེ་ཐམས་ཅད་གཡག་རུའི་སྐོར་རོ།། །།
དེ་ནས་མཆོང་ལུང་དུ་སླེབས་པ་དང་། རས་ཆུང་བས་དཔེ་གཞན་རྣམས་སྔར་ནས་བླ་མ་ལ་ཕུལ་ཟིན། ཕྱིང་ཁུག་གཅིག་འདུག་པའི་ནང་ན་པོ་ཏི་གཅིག་འདུག་པ་དེ་འགྲོ་ནག་ཤལ་བྱེད་འདུག་ན་སྔས་འོག་ཏུ་འཇུག་པ་ཞིག་སྣང་སྟེ། བླ་མའི་ཐུགས་དགོངས་ལ། དཔེ་གཞན་རྣམས་སྔར་ནས་ང་ལ་ཕུལ་ཟིན། དཔེ་འདི་སྦ་དགོས་ཅིག་འདུག་པ་དེ་ཅི་ཡིན་ནམ་སྙམས་ཏེ། ནང་པར་ཁ་བ་ས་སྐྱ་གཅིག་བབས་པ་ལ། བླ་མས་རས་ཆུང་ཁྱོད་ད་ནང་མེ་འབུད་དམ་ཆུ་ལེན་གསུང་། ངས་ཆུ་ལེན་ཟེར་ནས་བ་མེན་གྱི་རྭ་ཅོ་གཉིས་ཁྱེར་ནས་ཆུ་ལེན་སོང་ཙ། བླ་མས་སེ་གོལ་ཅིག་མཛད་ནས་ཏིང་ངེ་འཛིན་གཏད་པས་ཆུ་མིག་བསྐམས་ནས་མི་སྣང་བར་མཛད། རས་ཆུང་བ་ལོག་ཏེ་ཆུ་མིག་བསྐམས་ནས་མི་སྣང་ཟེར། རས་ཆུང་བ་ཁོ་དེ་ཁས་ལོན་བུ་ལོན་ཡིན་པས་ཐག་རིང་ཡང་ཆུ་ལེན་སོང་གསུང་། དེར་རས་ཆུང་བ་གཙང་པོའི་འགྲམ་དུ་ཆུ་ལེན་ཕྱིན་ཙ། རྗེ་བཙུན་གྱིས་སྤྲུལ་པ་འདི་ལྟ་བུ་མཛད།
དེ་ཡང་ལོ་གསར་སྒང་ལ་རྐྱང་མ་བརྒྱ་ལ་བུ་བརྒྱ་སྐྱེས། དེའི་ཕྱི་ན་སྤྱང་ཀི་མ་བརྒྱ་ལ་བུ་བརྒྱ་སྐྱེས། རྐྱང་མ་བརྒྱས་བུ་བརྒྱ་ཁྲིད་ནས་འབྲོས་པ་ལ། སྤྱང་ཀི་མ་བརྒྱས་བུ་བརྒྱ་ཁྲིད་ནས་འདེད་གིན་སྣང་སྟེ། སྤྱང་ཀིའི་མ་བརྒྱས་ནི་ལྟ་ནས་འདུག །རྐྱང་མ་བརྒྱས་ནི་སྤྱང་ཕྲུག་བརྒྱ་ཕར་འདེད། སྤྱང་ཀི་ཕྲུ་གུ་བརྒྱས་རྐྱང་ཕྲུག་བརྒྱ་ཚུར་འདེད་ཅིང་འདུག་པས། རས་ཆུང་བའི་བསམ་པ་ལ་དགུན་ལོ་གསར་སྒང་ལ་རྐྱང་དང་སྤྱང་ཀི་ལ་བུ་སྐྱེ་བ་ཡང་མཚར། རྐྱང་གི་བུ་མདང་སྐྱེས་པ་འདི་ཚོ་ལ་འབྲོས་པའི་སྣང་བ་འདུག །སྤྱང་ཕྲུག་འདི་འཚོ་ལ་འདེད་པའི་སྣང་བ་འདུག །ཨ་མཚར་པོ་བག་ཆགས་གོམས་པ་ལ། ཕ་ཀི་འདྲའི་ནུས་པ་འདུག་སྙམས་ནས་ཡེངས་པའི་ཚེ། ད་ཆུ་འདི་བསྐྱལ་ནས་འདི་རྣམས་སོ་སོར་ཕྱེ་ནས་བཏང་དགོས་བསམ་ཏེ་ཡར་ལོག་བསམས་ནས་ཕྱིན་ཙ་ན། བླ་མས་རས་ཆུང་བའི་དཔེ་རྣམས་གཟིགས་པས་མཐུ་གཏད་སེར་གསུམ་གྱི་ངན་སྔགས་བརྒྱ་རྩ་སོགས་བསམ་གྱིས་མི་ཁྱབ་པ་ཅིག་འདུག་པས། བླ་མའི་ཐུགས་དགོངས་ལ། ཨ་པ་ངའི་བུ་རས་ཆུང་བ་འདི་ལ་སྒོམ་ཆེན་སྟན་རྡོལ་ཅིག་རེ་བ་ལ་ཤན་པ་ལག་དམར་བ་ཅིག་འོང་བར་སྣང་། ངན་སྔགས་འདི་ཀུན་བོད་དུ་འཕེལ་ན་མི་མང་པོ་ཕུང་བར་སྣང་སྙམ་དུ་དགོངས་ཏེ། དཔེ་བལྟས་པས་མ་ལང་ནས་སྨོན་ལམ་གྱིས་བོར་ཏེ། མི་ལ་ཕན་ཐོགས་པའི་དཔེ་རྣམས་ངའི་གཡས་སུ་སྤུངས། གནོད་སྐྱེལ་བའི་དཔེ་རྣམས་གཡོན་དུ་སྤུངས་ཤིག་བྱས་ནས་དཔེ་ཐམས་ཅད་གནམ་དུ་གཏོར་བས། ལུས་པོ་མེད་པའི་ལག་པ་མང་པོས་ཕན་ཐོགས་པའི་དཔེ་རྣམས་གཡས་སུ་སྤུངས། གནོད་སྐྱེལ་བའི་དཔེ་རྣམས་གཡོན་དུ་སྤུངས་ཏེ། ལྕི་མེ་ཆེན་པོ་ཅིག་བཏང་སྟེ་ངན་སྔགས་ཀྱི་དཔེ་རྣམས་མེ་ནང་དུ་བཏབ་ནས། འདིའི་ནང་དུ་ཕན་བྱའི་དཔེ་ཡོད་ན་མེས་མི་ཚིག་པར་གྱུར་ཅིག་བྱས་པས། ཤོག་ངོས་ནང་ལོགས་ན་ཕན་བྱ་ཡོད་རྒྱབ་ལོགས་ན་གནོད་བྱ་ཡོད་པ་ཐམས་ཅད་ཀྱང་གནོད་བྱའི་ཡི་གེ་ནག་ཡལ་གྱི་ཚིག་ནས་ཕན་བྱའི་རིགས་རྣམས་མེ་ནང་ན་ཁྲ་ཀད་དེ་སྣང་སྟེ། ཕན་བྱའི་དཔེ་མེ་ནང་དུ་འདུག་པ་དང་རང་གི་གཡས་ན་པོ་ཏིའི་ཕྱེད་ཉུང་ཙམ་འདུག་པ་དེ་ཐམས་ཅད་གླེགས་ཤིང་ནང་དུ་གཏེམ་ནས་ཕྱིང་ཁུག་ནང་དུ་བཅུག་སྟེ། རྗེ་བཙུན་གྱིས་དམིགས་པ་གཏད་པ་ཙམ་གྱིས་བྱ་བཞིན་འཕུར་ནས་བྲག་དཀར་བསམ་གླིང་གི་ནང་དུ་སོང་། དེ་ནས་རྗེ་བཙུན་གཟིམ་མལ་དུ་བཞུགས་ཙ་ན། རས་ཆུང་བའི་བསམ་པ་ལ་ད་དེ་ཚོ་ལ་མིག་ཡེངས་ནས་འདུག་བསམ་ནས་ཆུ་ཁྱེར་ནས་འོང་ཙ། ཆུ་མིག་དེ་ཡང་སྔར་བཞིན་འབབ་ཅིང་འདུག །ང་མིག་འཁྲུལ་བ་ཡིན་ནམ་བསམ་ཤིང་ནང་དུ་སླེབས་ཙ་ན་ཤོག་བུའི་དུད་པ་ཆི་ལེ་བྱུང་། ཨ་པ་ངའི་བླ་མ་འདིས་སྨྱོ་སྤྱོད་རང་བྱེད་ལེ་ཡིན། ངའི་དཔེ་ཚོ་བསྲེགས་ལས་ཆེ་དེ་ཡིན་ན་ཚེ་འདི་བས་ཕྱི་མ་ཡང་མི་འཚལ་བསམ་ཏེ། བྲག་ཕུག་ཏུ་ཡར་སླེབས་ཙ་ན་དཔེ་ཐམས་ཅད་མེ་ལ་བསྲེགས་ནས་བླ་མའི་དབུ་ཐོག་ཏུ་ཤོག་ཐལ་པུ་རེ་བ་བྱས་ནས་འདུག །བླ་མའི་ཞལ་ནས་རས་ཆུང་བ་ཁྱེད་ད་ནང་དེ་དུས་ནས་ཆུ་ལེན་སོང་བ་ལ་འགོར་བ་ཅི་ཡིན་གསུང་། ད་ལྟ་ལོ་གསར་སྒང་ལ་རྐྱང་མ་བརྒྱ་ལ་བུ་བརྒྱ་སྐྱེས། སྤྱང་ཀི་མ་བརྒྱ་ལ་བུ་བརྒྱ་སྐྱེས། རྐྱང་གི་ཕྲུག་གུ་བརྒྱས་འབྲོས་པའི་སྣང་བ་ཡང་འདུག །སྤྱང་ཀི་ཕྲུག་གུ་བརྒྱས་འདེད་ནས་གསོད་པའི་སྣང་བ་ཡང་འདུག །ཡང་རྐྱང་མ་བརྒྱས་སྤྱང་ཀིའི་ཕྲུག་གུ་བརྒྱ་ཕར་འདེད། སྤྱང་ཀིའི་ཕྲུ་གུ་བརྒྱས་རྐྱང་ཕྲུག་བརྒྱ་ཚུར་འདེད། དེ་ཙ་ན་སྤྱང་ཀི་མ་བརྒྱ་པོས་གནོད་པ་ཡང་མ་བྱེད་པར་བྱ་ར་ལྟ་བ་ཡང་མཐོང་སྟེ། ལྟད་མོ་དེ་མཚར་ཆེ་བས་ཡེངས་པ་ཡིན་ཏེ། བླ་མ་ཁྱེད་ངའི་དཔེ་ཚོ་མེ་ལ་བསྲེགས་པ་ནི་མིན་ནམ། དེ་ཡིན་ན་ནི་རང་རེ་དཔོན་སློབ་གཉིས་ལ་འཆམ་པའི་དུས་མི་འོང་ཟེར་ནས། ཁོང་རང་གི་སྔས་ཞབས་ལ་ལྟ་སོང་བས་དཔེ་མི་སྣང་བ་དང་། རས་ཆུང་བ་ཁྲོས་ཏེ་མིག་གི་དཀར་ས་བསྟན་ནས་མིག་བཟློག་བྱས་ཏེ་ལྟག་པའི་ནག་ས་བླ་མ་ལ་བསྟན་ན་ཁ་ཕྱིར་བལྟས་ནས་འདུག་པ་དང་། བླ་མའི་ཐུགས་དགོངས་ལ་རས་ཆུང་བ་ལ་ཉམས་བཟང་པོ་སྐྱེས་ཀྱང་། ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་ཤར་བས་དོན་ངོ་སྤྲོད་ཀྱི་བླ་མ་ང་བས་མེད་པ་ལ། ཁོས་མོས་གུས་མ་སྐྱེས་པས་ལན། ད་འདི་ལ་ཡིད་ཆེས་པར་བྱ་བའི་ཕྱིར་སྤྲུལ་པ་གཅིག་སྟོན་དགོས་དགོངས་ནས། བླ་མས་རས་ཆུང་བ་ལ་འདི་གསུངས་སོ། །
རས་ཆུང་བ་རྐྱང་ལ་ལྟད་མོ་ཆེ་རྒྱུ་ཅི་ཡོད། དེ་བས་ལྟད་མོ་ངོ་མཚར་ཆེ་བ་འདི་འདྲ་ཡང་བདོག་གསུང་ནས། རྗེ་བཙུན་གྱི་སྤྱི་བོའི་གཙུག་ཏུ་རིན་པོ་ཆེ་དང་སེངྒེའི་ཁྲིའི་སྟེང་ན་རྡོ་རྗེ་འཆང་ནས་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཐོ་ལྟར་བརྩིག །སྒྲུབ་བརྒྱུད་ཀྱི་བླ་མ་སྤྲིན་ལྟར་གཏིབས་པ་རྣམས་སྐད་ཅིག་གིས་སྤྲུལ་ནས་མགུར་འདི་གསུངས་སོ། །
རྗེ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། བླ་མ་རྣམས་ལ་གུས་པས་འདུད། །བུ་གཅིག་ཉོན་དང་རས་ཆུང་པ། །ཕ་རྗེ་བཙུན་རས་པའི་སྤྱི་གཙུག་ན། །གདན་སེངྒེ་བསྣོལ་བའི་ཁྲི་སྟེང་ན། །པདྨ་ཉི་ཟླའི་གདན་སྟེང་ན། །དཔལ་དྲུག་པ་རྡོ་རྗེ་འཆང་ཆེན་ནས། །རང་དྲིན་ཅན་རྩ་བའི་བླ་མ་ཡན་ཆད་དུ། །བཀའ་བརྒྱུད་བླ་མ་ཐོ་ལྟར་བརྩིགས། །སྒྲུབ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །བུ་ལྟད་མོ་ངོ་མཚར་ཆེ་ན་འདི་ཆེ་མོད། །དུད་འགྲོ་རྐྱང་ལ་ཡ་མཚན་ཆེ་རྒྱུ་མེད། །རྐྱང་ཕྲུག་འོ་མས་འགྲང་བ་བསམ་རླག་ཡིན། །སྤྱང་ཕྲུག་ཤ་ཡིས་རྒྱགས་པ་འབྱུང་པོ་ཡིན། །དེ་ལ་ལྟད་མོ་ལྟ་བ་འཁྲུལ་པ་ཡིན། །བུ་ལྟོས་ཤིག་ལྟོས་ཤིག་ཡར་ལ་ལྟོས། །བདག་གི་སྤྱི་བོའི་སྟེང་དུ་ལྟོས། །བུ་ཁྱོད་དད་པའི་མིག་གིས་ལྟ་ཤེས་ན། །རས་ཆུང་གུས་པའི་ལུས་ཀྱིས་ཕྱག་གསུམ་འཚོལ། །
ཞེས་གསུངས་པས། རས་ཆུང་བས་ཡར་ལ་ཟུར་མིག་གཅིག་བལྟས་པས། ཁྱེད་དེ་འདྲ་ཀུན་བསྟན་མ་བསྟན་འདྲ། ང་རང་གི་དཔེ་དེ་དགོས། དཔེ་མེད་ན་གསེར་བསྐུར་འཆི་སྲོག་ལ་བབ་ཀྱང་རྒྱ་གར་དུ་དཔེ་འཚོལ་བ་ལ་ལོག་ནས་འགྲོ་བ་ཡིན། མཐུ་གཏད་ཀྱི་གདམས་ངག་སླར་བཅད་ནས་སྟོན་པ་དགའ་ལོ་དང་ལོ་སྟོན་གཉིས་ལ་རྒྱག་པ་ཡིན་ཟེར་ནས་ཉན་དུ་མ་བཏུབ་བོ། །
དེ་ནས་ཡང་སྤྲུལ་པ་མཛད་པ་ནི། ཉི་ཟླའི་གུར་ནམ་མཁའ་ལ་ཆགས་པ་ལས་འཇའ་ཚོན་སྣ་ལྔའི་ཚོན་ཐག་ལ་འོད་ཟེར་ལྔའི་ཚོན་ཕུར་བཏབ་པ། དེ་ལས་འོད་ཟེར་སྣ་ལྔ་འཕྲོ་བའི་རྩེར་མཆོད་པའི་ལྷ་མོ་མང་པོས་མཆོད་པ་བྱེད་པ། གཟའ་ཆེན་བརྒྱད་ཀྱི་ཀ་བ་བཙུགས་པ། རྒྱུ་སྐར་གྱི་བླ་རེ་བྲེས་པའི་ནང་དུ་རྩ་བའི་བླ་མ་བཅུ་སངས་རྒྱས་ཀྱི་ཆ་ལུགས་སུ་བཞུགས་པའི་སྐུ་བསྟན་ནས་མགུར་འདི་གསུངས་སོ། །
བུ་ཡང་གཅིག་ཉོན་དང་རས་ཆུང་བ། །ཕ་རྗེ་བཙུན་ང་ཡི་སྨིན་འཚམས་ན། །ཉི་མ་ཟླ་བའི་གུར་ཅིག་ཕུབ། །འཇའ་ཚོན་སྣ་ལྔའི་ཚོན་ཐག་འཐེན། །ཉམས་བདེ་བ་ཆེན་པོའི་ཚོན་ཕུར་བཏབ། །གཟའ་ཆེན་བརྒྱད་ཀྱི་ཀ་བ་བཙུགས། །རྒྱུ་སྐར་ཉེར་བརྒྱད་བླ་རེ་ཐེན། །ཕྱི་ནང་མཆོད་སྤྲིན་སྣ་ཚོགས་འཁྲིགས། །དེར་དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགས། །བུ་ལྟད་མོ་ངོ་མཚར་ཆེ་ན་དེ་ཆེ་མོད། །དུད་འགྲོ་རྐྱང་ལ་ཡ་མཚན་ཆེ་རྒྱུ་མེད། །རས་ཆུང་དད་པའི་མིག་གིས་ལྟ་ཤེས་ན། །གུས་པའི་ལུས་ཀྱིས་ཕྱག་གསུམ་འཚོལ། །
ཞེས་གསུང་ནས། སྐུའི་གྲུབ་རྟགས་བསྟན་ཙ། ངའི་དཔེ་མེད་ན་ཁྱེད་ཀྱི་དེ་ཀུན་བཤད་མ་བཤད་འདྲ། ངའི་དཔེ་དགོས་དཔེ་མེད་ན་གསེར་བསྐུར་དང་རྒྱ་གར་དུ་དཔེ་ཚོལ་འགྲོ་ཟེར་ནས་ཉན་མ་བཏུབ་བོ། །
ཡང་བླ་མས་ལྗགས་ཀྱི་སྟེང་ནས་གསེར་གྱི་མཆོད་རྟེན་ཁྲུ་གང་བ་རྩེ་དགུ་པ་གཡུའི་རྒྱ་ཕིགས་དང་དུང་གི་ཟུར་ཅོག་བཙུགས་པ། ཕྱི་ནས་བལྟས་ན་ནང་གསལ་བ། འོད་ཟེར་ལྔ་འཕྲོ་བ་ལ་ཉན་ཐོས་ཀྱི་དགེ་འདུན་ཆོས་གོས་རྣམ་གསུམ་དང་ལྷུང་བཟེད་དང་འཁར་གསིལ་འཛིན་པ་མང་པོས་སྐོར་བ་བྱེད་པར་སྤྲུལ་ནས་མགུར་འདི་གསུངས་སོ། །
བུ་ཡང་གཅིག་གསོན་དང་རས་ཆུང་བ། །ཕ་རྗེ་བཙུན་བཞུགས་པའི་ལྗགས་སྟེང་ན། །སེར་པོ་གསེར་གྱི་མཆོད་རྟེན་ལ། །སྔོན་པོ་གཡུའི་རྒྱ་ཕིགས་ཅན། །དཀར་པོ་དུང་གི་ཟུར་ཅོག་བཙུགས། །ཕྱི་ནས་བལྟས་ན་ནང་ཡང་གསལ། །ནང་ནས་བལྟས་ན་ཕྱི་ཡང་གསལ། །འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས། །གསལ་བ་གསུམ་གྱི་མཆོད་རྟེན་ལ། །ཉན་ཐོས་ཀྱི་དགུང་སྔོན་ཆོས་སྐོར་བྱེད། །བུ་ལྟད་མོ་ངོ་མཚར་འདི་ཆེ་མོད། །དུད་འགྲོ་རྐྱང་ལ་ངོ་མཚར་ཆེ་རྒྱུ་མེད། །རྐྱང་ཕྲུག་དུད་འགྲོ་རྩྭ་སྐྱེ་ཡིན། །སྤྱང་མོ་ཤ་ཟན་སྲིན་མོ་ཡིན། །དེ་ལ་ལྟ་བ་ཡི་མུག་ཡིན། །ལྟོས་ཤིག་ལྟོས་ཤིག་ཡར་ལ་ལྟོས། །བདག་གི་ལྗགས་ཀྱི་སྟེང་དུ་ལྟོས། །བུ་དད་པའི་མིག་གིས་ལྟ་ཤེས་ན། །གུས་པའི་ལུས་ཀྱིས་ཕྱག་གསུམ་འཚོལ། །
ཞེས་གསུང་ནས་གསུང་གི་གྲུབ་རྟགས་བསྟན་པས། ཁྱེད་དེ་འདྲ་ཀུན་བསྟན་མ་བསྟན་འདྲ་ང་ལ་གསེར་བསྐུར་དང་རྒྱ་གར་དུ་ངན་སྔགས་ཀྱི་དཔེ་གཅོད་འགྲོ་ཟེར་ནས་ཉན་མ་བཏུབ་བོ། །
ཡང་རྗེ་བཙུན་གྱིས་བུ་རས་ཆུང་བ་འདིར་ལྟོས་དང་ལྟད་མོ་ངོ་མཚར་ཅན་ཅིག་ཡོད་དོ་གསུང་ནས། གྲི་གུག་གཅིག་གིས་ཁོང་རང་གི་ཐུགས་ཁ་བཤགས་ནས་བྲང་གཡས་གཡོན་དུ་ཕྱེ་ནས་སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་ན་ཀྱཻ་རྡོར་སྤྲུལ་པའི་ལྷ་དགུ་མེ་ལོང་གི་གཟུགས་བརྙན་ཤར་བ་ལྟར་བཀྲ་ལམ་མེ་སྣང་། གཡས་སུ་གསང་བ་འདུས་པ་ལྷ་སོ་གཉིས་བཀྲ་ལམ་མེ་སྣང་། གཡོན་དུ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་བཀྲ་ལམ་མེ་སྣང་། དེ་རྣམས་ཀྱང་འཇའ་འོད་འཁྲིགས་པའི་ནང་དུ་བཞུགས་ནས་འདུག་པ་བསྟན་ཏེ་མགུར་འདི་གསུངས་སོ། །
བུ་ཡང་ཅིག་ཉོན་དང་རས་ཆུང་བ། །ཕ་རྗེ་བཙུན་བཞུགས་པའི་ཐུགས་ཁ་ན། །ཀྱཻ་རྡོར་སྤྲུལ་པའི་ལྷ་དགུ་བཞུགས། །གཡས་ཕ་རྒྱུད་གསང་འདུས་ལྷ་ཚོགས་བཞུགས། །གཡོན་མ་རྒྱུད་བདེ་མཆོག་ལྷ་ཚོགས་རྣམས། །ཅུང་ཟད་མ་རེག་རེག་ལ་ཁད། །འཇའ་འོད་འཁྱིལ་བའི་ནང་ན་བཞུགས། །བུ་ལྟད་མོ་ངོ་མཚར་དེ་ཆེ་མོད། །དུད་འགྲོ་རྐྱང་ལ་ངོ་མཚར་ཆེ་རྒྱུ་མེད། །རྐྱང་མ་མད་གླེན་པ་ཤ་སྐྱེ་ཡིན། །སྤྱང་མ་སྨད་སྡིག་པ་རོ་སྦྲེལ་ཡིན། །དེ་ལ་ལྟ་བ་རྔོན་པ་ཡིན། །ལྟོས་ཤིག་ལྟོས་ཤིག་ཚུར་ལ་ལྟོས། །བདག་གི་སྙིང་གི་ནང་དུ་ལྟོས། །བུ་དང་བའི་མིག་གིས་ལྟ་ཤེས་ན། །གུས་པའི་ལུས་ཀྱི་ཕྱག་གསུམ་འཚོལ། །
ཞེས་གསུང་ནས་ཐུགས་ཀྱི་གྲུབ་རྟགས་བསྟན་པས། ཁྱེད་དེ་འདྲ་ཀུན་བསྟན་མ་བསྟན་ཁྱད་མེད། རྩྭ་ཁུར་བ་ལ་ཟོར་བས་ཡང་ལྗི་མེད། ང་ལ་དཔེ་དགོས་དཔེ་མེད་ན་གསེར་སྐུར་དང་རྒྱ་གར་ན་དཔེ་ཚོལ་འགྲོ་བ་ཡིན་ཟེར་ནས་ཉན་མ་བཏུབ་བོ། །
ཡང་རྗེ་བཙུན་གྱི་ལྟོ་བ་གྲིས་བཤགས་ནས། ཡུལ་ཉི་ཤུ་རྩ་བཞི་གནས་སུམ་ཅུ་སོ་གཉིས་དུར་ཁྱོད་བརྒྱད་ཀྱི་བཀོད་པ་མཛད་པའི་ནང་དུ་གཡས་སུ་དཔའ་བོ་ཐམས་ཅད་གྲལ་བྱས། གཡོན་དུ་མཁའ་འགྲོ་མ་ཐམས་ཅད་གྲལ་བྱས། རྒྱབ་ཏུ་ཆོས་སྐྱོང་རྣམས་གྲལ་བྱས། དེ་རྣམས་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དང་མདུན་ན་མཆོད་པའི་རྫུ་འཕྲུལ་བསྟན་ནས་མགུར་འདི་གསུངས་སོ། །
བུ་ཡང་གཅིག་ཉོན་དང་རས་ཆུང་བ། །ཕ་རྗེ་བཙུན་བཞུགས་པའི་ལྟེ་བ་རུ། །གནས་སུམ་ཅུ་རྩ་གཉིས་ཕྱི་ན་བཀོད། །ཡུལ་ཉི་ཤུ་རྩ་བཞི་བར་ན་བཀོད། །ནང་དུར་ཁྲོད་བརྒྱད་ཀྱི་ཕོ་བྲང་དབུས། །གདན་དེ་རྣམས་ཀྱི་དཔའ་བོས་གཡས་གྲལ་མཛད། །ཡུལ་དེ་རྣམས་མཁའ་འགྲོས་གཡོན་གྲལ་བྱས། །རྒྱབ་ཆོས་སྐྱོང་སྲུང་མས་གྲལ་དུ་བསྒྲིགས། །མ་ཎི་པདྨེའི་བྲོ་རྡུང་ཞིང་། །དེ་ཐམས་ཅད་ཚོགས་འཁོར་བསྐོར་བ་ཡོད། །བུ་ལྟད་མོ་ཆེ་ན་དེ་ཆེ་མོད། །གཟིགས་མོ་མཛད་ན་དེ་ལ་མཛོད། །རྐྱང་ལ་ངོ་མཚར་ཆེ་རྒྱུ་མེད། །བུ་དད་པའི་མིག་གིས་ལྟ་ཤེས་ན། །གུས་པའི་ལུས་ཀྱིས་ཕྱག་གསུམ་འཚོལ། །
ཞེས་གསུང་ནས་ཡོན་ཏན་གྱི་གྲུབ་རྟགས་བསྟན་ཅིང་སྤྲུལ་པ་མཛད་ཀྱང་ཁོ་དད་པར་མ་གྱུར་ནས། བླ་མ་འདིས་འདི་ཙམ་གྱི་མིག་འཕྲུལ་བསླབས་འདུག །ང་ལ་དཔེ་དགོས་དཔེ་མེད་ན་གསེར་དགོས་ང་རྒྱ་གར་དུ་དཔེ་གཅོད་པ་ལ་འགྲོ་བ་ཡིན་ཟེར་ནས་ཉན་མ་བཏུབ་བོ། །
ཡང་རྗེ་བཙུན་གྱི་རས་གོས་ཀྱི་ཐུ་བ་གཡས་པའི་ནང་དུ་འོག་མིན་དང་མངོན་དགའ་དང་རིན་ཆེན་བཀོད་པའི་ཞིང་ན། རྣམ་པར་སྣང་མཛད། མི་འཁྲུགས་པ། རིན་འབྱུང་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་རྫུ་འཕྲུལ་བསྟན། ཐུ་བ་གཡོན་པའི་ནང་དུ་བདེ་བ་ཅན་འབྲུག་སྒྲ་སྒྲོགས་པ་མི་མཇེད་འཇིག་རྟེན་གྱི་ཁམས་གསུམ་དུ་སངས་རྒྱས་འོད་དཔག་མེད། དོན་ཡོད་གྲུབ་པ། ཤཱཀྱ་ཐུབ་པ་ལ་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་ནས་ཆོས་ཉན་བཞིན་པའི་རྫུ་འཕྲུལ་བསྟན་ནས་མགུར་འདི་གསུངས་སོ། །
བུ་ཡང་གཅིག་ཉོན་དང་རས་ཆུང་བ། །ཕ་རྗེ་བཙུན་རས་གོས་ནང་ཕྱོགས་ན། །ཞིང་འོག་མིན་མངོན་དགའ་རིན་ཆེན་བཀོད། །གནས་བདེ་ཆེན་འབྲུག་སྒྲ་མི་མཇེད་ཞིང་། །ལྷ་རིགས་ལྔ་ཐུབ་དྲུག་སངས་རྒྱས་ཀྱིས། །འཁོར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ལ། །ཆོས་ཐེག་པ་ཆེན་པོ་སྟོན་པ་ཡོད། །བུ་ལྟད་མོ་ངོ་མཚར་དེ་ཆེ་མོད། །རྐྱང་ལ་ངོ་མཚར་ཆེ་རྒྱུ་མེད། །བུ་དད་པའི་མིག་གིས་ལྟ་ཤེས་ན། །གུས་པའི་ལུས་ཀྱིས་ཕྱག་གསུམ་འཚོལ། །
ཅེས་གསུང་ནས་ཕྲིན་ལས་ཀྱི་གྲུབ་རྟགས་བསྟན་པ་ལ། རས་ཆུང་བས། ང་རྒྱ་གར་དུ་སོང་བའི་ཤུལ་དུ་ཁྱེད་གཙང་པ་བྲོ་བ་གཅིག་ལ་མིག་འཕྲུལ་མང་པོ་བསླབས་འདུག་པས། ང་ཕྲུག་གུ་མགོ་སྐོར་བྱས་ཀྱང་ཁ་ལ་ཉན་རྒྱུ་མིན། ཁྱེད་ཀྱི་མིག་འཕྲུལ་དེ་ཚོ་བསྟན་པ་དང་མ་བསྟན་པ་འདྲ། ང་ལ་དཔེ་དགོས་དཔེ་མེད་ན་གསེར་སྐུར་དང་ང་རྒྱ་གར་ན་དཔེ་གཅོད་འགྲོ་ནས་དགའ་ལོ་དང་ལོ་སྟོན་གཉིས་ལ་མཐུ་ཞིག་ཅིས་ཀྱང་རྒྱག་པ་ཡིན་ཟེར་ནས་ཉན་མ་བཏུབ་བོ། །
ཡང་རྗེ་བཙུན་གྱིས་རས་ཆུང་བ། ལུང་མདའི་མཚོ་འགྲམ་མ་ཀི་ན་འདོང་དང་ངས་དཔེ་གཏད་གསུང་། དཔེ་ཡོད་ཀྱང་སྲིད་བསམ་ནས་སོང་བས། བླ་མཚོ་འོ་མ་ཁའི་མཚོ་འགྲམ་དུ་ཁྲོ་ཆུའི་ཕ་བོང་སྦྲ་ལོག་དགུ་བརྩེགས་པ་ཙམ་ཞིག་གི་སྟེང་དུ་བྱོན་ནས། རྡོ་ལ་ཕྱག་གིས་ཟན་ལྟར་བརྫིས། དེ་ནས་ཞབས་ཀྱིས་ཉ་རེ་ཉེ་རེ་བྱས། ཡང་དེའི་མཆན་དུ་ཕ་བོང་སྦྲ་ལོག་བཅུ་གསུམ་བརྩེགས་པ་ཙམ་ཞིག་ལ་ཞབས་ཀྱིས་རྡོག་ཐོ་ཞིག་བརྒྱབ་ཙ་ཡུངས་ཀར་ཙམ་དུ་སིལ་གྱི་སོང་ནས་མགུར་འདི་གསུངས་སོ། །
བུ་ཡང་གཅིག་ཉོན་དང་རས་ཆུང་བ། །མདའ་མ་ཀི་བླ་མཚོ་འོ་མ་ཁ། །འོ་མ་ཁ་ཡི་མཚོ་འགྲམ་ན། །ཁྲོ་ཆུ་ཕ་བོང་ཟུར་བརྒྱད་ལ། །སྦྲ་རི་བོ་དགུ་ལོག་བརྩེགས་པ་ཙམ། །འདི་སྦུད་ཐོགས་བརྒྱ་ཡི་བཞུ་མ་ཐུབ། །འགར་ཐོ་ཐོགས་སྟོང་གིས་གསིལ་མ་ཐུབ། །དུས་དེ་རིང་མི་ལ་རས་པ་ངས། །རྡོ་ཟན་ལྟར་རྫི་ན་འདི་ལྟར་རྫི། །རྡོ་ཆབ་ལྟར་བཅག་ན་འདི་ལྟར་བཅག །རྡོ་ཕྱེ་ལྟར་འཐག་ན་འདི་ལྟར་འཐག །རྡོ་རྡུལ་བཞིན་གསིལ་ན་འདི་ལྟར་གསིལ། །བུ་ངོ་མཚར་ཆེ་ན་འདི་ཆེ་མོད། །ཁྱོད་སྣང་བ་ལ་ཞེན་པ་ལོག་ཤེས་ན། །མི་འདོད་བཞིན་འདོད་དགུ་ཆར་བཞིན་འབབ། །གང་དགོས་ཀྱི་ལོངས་སྤྱོད་གཏེར་ཁ་ཕྱེད། །བུ་སྣང་བ་བསྒྱུར་ཅིག་རས་ཆུང་བ། །ཁྱོད་ལྟད་མོ་གཟིགས་མོ་འདི་ལ་མཛོད། །རྐྱང་ལ་འདི་ཡིན་རྩ་ཙ་མེད། །རྐྱང་དང་རི་དྭགས་སྡིག་ཅན་ཟས། །སྤྱང་ཀི་གཅན་གཟན་ལས་ངན་ལུས། །དེ་ལ་ལྟ་བ་སྡིག་པ་ཡིན། །ལྟོས་ཤིག་བདག་གི་ལུས་ལ་ལྟོས། །བུ་དད་པའི་མིག་གིས་ལྟ་ཤེས་ན། །གུས་པའི་ལུས་ཀྱི་ཕྱག་གསུམ་འཚོལ། །
ཞེས་གསུང་པས། རས་ཆུང་བའི་བསམ་པ་ལ། ངས་ཀྱང་བསྒྲུབ་པ་བྱས་ཡོད། རྒྱ་གར་དུ་ཡང་ཕྱིན་པ་ཡིན་པས་ཁོང་གི་སྟོབས་འདི་ཙམ་མ་བྱུང་ཡང་ཞབས་རྗེས་ཙམ་ཐོན་འོང་སྙམ་ནས། རྡོ་ལ་རྡོག་ཐོ་བརྒྱབ་པས་ཞབས་རྗེས་མ་དོད་པའི་སྟེང་ན། རྗེ་བཙུན་གྱི་ཞབས་རྗེས་ཀྱི་འབར་འབུར་རྣམས་ཟུག་ནས་བྱུང་། དེའི་ཚེ་རས་ཆུང་བས། བླ་མ་འདིས་གྲུབ་པ་ཐོབ་པ་ཡིན་པ་འདྲ། ད་ཅི་བསྟན་པ་འདི་ཀུན་ཡང་མིག་འཕྲུལ་མ་རེད་རྫུ་འཕྲུལ་ཡིན་པར་སྣང་། ང་རྒྱ་གར་ན་ཕར་འགྲོ་དུས་ཀྱང་ས་རྡོ་ལ་ནས་དང་བཟའ་བཏུང་དུ་བསྒྱུར་ཐུབ་ཅིང་ཡོད་སྙམ་པ་ཅིག་བྱུང་། འོན་ཀྱང་དཔེ་དེ་གཏད་རྒྱུ་ཨེ་ཡོད་སྙམ་ནས་ཞུས་པ། ཁྱེད་ལོ་ཚན་འདི་ལ་སྒྲུབ་པ་བྱས་པ་ལ་གྲུབ་རྟགས་འདི་ཙམ་ཞིག་ཐོན་པ་ལ་ངོ་མཚར་ཅང་ཆེ་རྒྱུ་མེད། བསྒྲུབ་པ་བྱས་ན་ངས་ཀྱང་དེ་འདྲ་འོང་། ང་ལ་དཔེ་དགོས་དཔེ་མེད་ན་གསེར་སྐུར་དང་ང་རྒྱ་གར་ན་དཔེ་གཅོད་འགྲོ་བ་ཡིན་ཞུས་པས། དེའི་དུས་སུ་རིག་པ་ལྕག་འདེབས་ཀྱི་མགུར་འདི་གསུངས་སོ། །
