| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (15)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
བླ་མ་དམ་པ་མཉེས་པ་དེ། །ཡང་དང་ཡང་དུ་གསོལ་བ་ཐོབ། །ཡི་དམ་མཁའ་འགྲོ་བསྒོམ་པ་དེ། །ཡང་ཡང་དྲན་ཅིང་གནས་པར་གྱིས། །འཆི་བ་མི་རྟག་བསྒོམ་པ་དེ། །ཡང་ནས་ཡང་དུ་དྲན་པར་གྱིས། །ཕྱག་རྒྱ་ཆེན་པོ་བསྒོམ་པ་དེ། །ཆུང་ངུ་ཆུང་ངུ་ཡང་ཡང་སྒོམ། །སེམས་ཅན་ཕ་མར་གྱུར་པ་དེ། །ཡང་ཡང་སེམས་ལ་དྲན་པར་གྱིས། །སྙན་བརྒྱུད་ཟབ་མོ་སྒོམ་པ་དེ། །སྙིང་ལ་རུས་པ་ཐོན་པར་གྱིས། །དམ་ཆོས་མཐའ་རུ་འདོན་པ་དེ། །མཐོ་དམན་མེད་པར་ན་རེ་སྐྱོང་། །ཆོས་དང་ཨེ་མཐུན་ལྟ་བ་དེ། །ཙབ་ཙུབ་མེད་པར་གཅིག་ལ་དྲིལ། །སོ་ནམ་ལྷ་ཆོས་བྱེད་པ་དེ། །ཁྱིམ་པའི་འབྲལ་འབྲེལ་གཏིང་མ་བྱེད། །ཆོས་རྒྱགས་ལྷ་ཡིས་སྤྲད་པ་ལ། །སྡུག་གསོག་བྱས་པས་ཕན་གནོད་མེད། །གསོག་མིས་སྤྱོད་དུ་མི་འདུག་པ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། །
ཞེས་གསུངས་ཏེ་ཁྲིད་དང་སྙན་བརྒྱུད་བསྒོམ་པས་ཉམས་རྟོགས་སྐྱེས་ནས་སྙི་ཤོང་ཁྱི་ར་རས་པ་བྱ་བ། འཇིག་རྟེན་གྱི་བྱ་བ་ཐེངས་པ་ཐུགས་ཀྱི་སྲས་བརྒྱད་ཡོད་པའི་ཡ་བ་གཅིག་བྱུང་། བུ་སྨད་དང་དེ་ཉིན་ནས་མ་འཕྲད། སྔར་བས་ཀྱང་ཇེ་སྐྱིད་ཇེ་རྒྱགས་ལ་སོང་སྟེ། བསམ་པ་ཆོས་དང་མཐུན་པ་བྱུང་། ཁྱི་དང་ཤྭ་བ་ཡང་རྗེ་བཙུན་ཡབ་སྲས་གར་འབྱོན་པའི་ཆགས་ཕྱི་ལ་འགྲོ་བ་དང་། ཕྱིས་ཀྱང་རྫ་ཕུག་དེ་ཉིད་དུ་ཤི་ནས་ཁྱི་དང་ཤྭ་བའི་རྩིབ་ཁོག་དང་མདའ་ཆག་དང་གཞུ་ཆག་རྣམས་ད་རུང་ངོ་མཚར་བའི་ལྟས་ལ་ཡོད་སྐད་དོ། །དེ་ཐམས་ཅད་ཁྱི་ར་རས་པ་ལ་གསུང་ཚུལ་མི་འདྲ་བ་གཉིས་ཀྱི་སྐོར་རོ།། །།
དེ་ནས་རྗེ་བཙུན་ཆེན་པོ་སྲོང་སྡེ་བཀྲ་ཤིས་སྒང་དུ་ཐུགས་ཉམས་སྐྱོང་བཞིན་བཞུགས་པའི་དུས་སུ། དང་མ་བའི་ར་རྫི་དེ་བྱུང་ནས་རྣལ་འབྱོར་པ་གླུ་ཞིག་ལོང་དང་ཟེར་བ་ལ། ཁོང་གིས་མ་གསན་པ་ལྟར་མཛད་པས། ཁོ་ཁྲོས་ཏེ་ར་ཐུལ་ཐུ་བ་སྤྲུགས་ནས། རྣལ་འབྱོར་བ་ཁྱོད་ལ་གླུ་ཞིག་ལོང་དང་བྱས་ཙ་མ་ཉན། མི་དགོས་པའི་དུས་སུ་ལུང་སྟོང་ཅོང་གིས་བཀང་། ད་ཕྱིན་ཆད་སྲུ་ཤོག་དང་ངས་རྡོ་དེད་མ་བྱས་ན་ཟེར་བ་ལ། རྗེ་བཙུན་གྱིས་ཁོའི་ར་ཐུལ་ཐུ་བ་ལ་འཇུས་ནས་མགུར་འདི་གསུངས་སོ། །
སྤྱིར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ། །ཡིད་སྐྱོ་བ་སྐྱེ་བའི་ཆོས་བཤད་ཀྱང་། །བློ་ཞེན་པ་ལོག་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །ནོར་རྫས་འདི་སྦྲང་མའི་སྦྲང་རྩི་འདྲ། །ནོར་རང་གིས་བསགས་ཀྱང་གཞན་གྱིས་སྤྱད། །རང་གིས་སྤྱད་ན་སེར་སྣས་འཆིང་། །གཞན་གྱིས་སྤྱད་ན་ཆགས་སྡང་སྐྱེ། །ཆགས་མེད་སྦྱིན་པ་གཏོང་བ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མ་ལེན། །དམ་ཆོས་ཕྱག་རྒྱ་ཆེན་པོ་ལ། །ངོ་སྤྲོད་དམར་ཁྲིད་བགྱིས་ལགས་ཀྱང་། །སེམས་ངོ་ཤེས་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ལ། །འཕངས་སེམས་མེད་པར་བསྟན་ལགས་ཀྱང་། །དོན་ཉམས་སུ་ལེན་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །རྗེ་གོང་མའི་བཞུགས་གནས་རི་ཁྲོད་ལ། །དུས་རྟག་ཏུ་སྤྲོ་བ་བསྐྱེད་ལགས་ཀྱང་། །འདུག་ཚུགས་ཐུབ་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །གཏན་ཁྲིམས་བསྲུང་བ་དཀའ་ལགས་ཀྱང་། །ཉིན་རེའི་བསྙེན་གནས་མི་སྲུང་ན། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །ཚེ་ཡོངས་སུ་ཟད་པའི་ལྷག་མ་ལ། །སྡོད་ལོང་མེད་པར་བགྱིས་ལགས་ཀྱང་། །ཆོས་སྒོར་ཞུགས་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །ཁྱེད་བཤན་པ་རྣམས་ལ་ཕར་བལྟས་པས། །དྲང་དོན་དགེ་བའི་ཆོས་བཤད་ཀྱང་། །སྡིག་ལ་འཛེམ་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །ཚེ་འདི་ཡི་མདུན་མ་ལིངས་ཏེ་ཐོང་། །ལྟོ་གོས་གཉིས་ཀྱི་ཞེན་པ་ལྡོག །སྐྱིད་སྡུག་གཉིས་ལ་རོ་སྙོམས་མཛོད། །ལེགས་ཉེས་བླ་མ་མཁྱེན་ལ་གཏུགས། །དམིགས་རྩེ་ལམ་ཟད་འདི་ལ་གཏོད། །ཆོས་སྙིང་ནས་བྱེད་ན་འདི་རྣམས་མཚར། །
ཞེས་གསུངས་པས་ཁོ་དད་པ་སྐྱེས་ནས་ཕྱག་མང་དུ་འཚལ་བསྐོར་བ་བྱས། ཉིན་ཕྱེད་ལ་ར་ལུག་ཁྱིམ་དུ་དེད་ནས། བདག་པོ་རྣམས་ལ་འོ་ཁྱེད་རང་གི་ར་གཏད། ང་ནི་རྣལ་འབྱོར་པ་གཅིག་གི་རྒྱབ་ཏུ་འགྲོ་བ་ཡིན་ཟེར་ནས་འོང་སྟེ། རྗེ་བཙུན་གྱི་ཆགས་ཕྱི་ལ་འབྲང་བས་བྱ་བ་བཏང་བའི་ར་རྫི་རས་པ་བྱ་བ་གྲུབ་པ་ཐོབ་པ་ཞིག་བྱུང་ངོ་། །
དེ་ནས་ཡང་རྗེ་བཙུན་དཔོན་སློབ་གསུམ་ལྷོ་བྲག་མཁར་ཆུའི་ཡུལ་དུ་ལྡོམ་བུ་ལ་བྱོན་པའི་དུས་སུ། ལུག་རྫི་རྒད་པོ་ཅིག་ལུག་འཚོ་བ་དང་མཇལ་བས། ལུག་རྫི་དེས་རྣལ་འབྱོར་པ་ཁྱེད་རྣམ་པས་གླུ་འདྲ་བ་ཤེས་སམ་ཞུས་པས་མགུར་འདི་གསུངས་སོ། །
འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ལ། །ཡིད་སྐྱོ་བ་སྐྱེ་བའི་ཆོས་བཤད་ཀྱང་། །བློ་ཞེན་ལྡོག་པ་དེ་ཉུང་བར་གདའ། །གླུ་བླངས་པས་ཀྱང་ཕན་པར་མི་གདའ་ན། །ཕན་ན་གླུ་དང་ཅིས་མི་ལེན། །མི་ཚེ་རྩྭ་ཁའི་ཟིལ་པ་འདྲ། །ཚེ་སྐད་ཅིག་ཀྱང་སྡོད་ལོང་མེད་ལགས་ཀྱང་། །བློ་ཆོས་ལ་འགྲོ་བ་དེ་ཉུང་བར་གདའ། །གླུ་བླངས་པས་ཕན་པར་མི་གདའ་ན། །ཕན་ན་གླུ་དང་ཅིས་མི་ལེན། །ཟས་ནོར་འདི་སྦྲང་མའི་སྦྲང་རྩི་འདྲ། །ནོར་རང་གིས་བསགས་ཀྱང་གཞན་གྱིས་སྤྱད། །རང་གིས་སྤྱད་ན་སེར་སྣས་འཆིང་། །གཞན་གྱིས་སྤྱད་ན་ཆགས་སྡང་སྐྱེ། །ཆགས་མེད་ཀྱི་སྦྱིན་པ་གཏོང་མི་ཉུང་། །གླུ་བླངས་པས་ཀྱང་ཕན་པར་མི་གདའ་ན། །ཕན་ན་གླུ་དང་ཅིས་མི་ལེན། །དོན་མཐར་ཐུག་ཕྱག་རྒྱ་ཆེན་པོ་ལ། །ངོ་སྤྲོད་དམར་ཁྲིད་བགྱིས་ལགས་ཀྱང་། །ཉམས་སུ་ལེན་པ་འདི་ཉུང་བར་གདའ། །གླུ་བླངས་པས་ཕན་པར་མི་གདའ་ན། །ཕན་ན་གླུ་དང་ཅིས་མི་ལེན། །རྗེ་གོང་མའི་སྒྲུབ་གནས་རི་ཁྲོད་འདིར། །དུས་གཏན་དུ་སྤྲོ་བ་སྐྱེ་ལགས་ཀྱང་། །འདུག་ཚུགས་ཐུབ་པ་འདི་ཉུང་བར་སྣང་། །གླུ་བླངས་པས་ཕན་པ་མི་གདའ་ན། །ཕན་ན་གླུ་དང་ཅིས་མི་ལེན། །ཕ་ཡུལ་ལྷོ་བྲག་གི་ཡུལ་ཁ་ན། །ཁྱོད་ལུག་རྫི་རྒད་པོས་གླུ་ལོང་ཟེར། །ངག་སྙན་པས་དཔེ་དོན་སྤྲད་ནས་ཀྱང་། །དོན་གནས་ལུགས་གོ་བ་འདི་ཉུང་བར་གདའ། །གླུ་བླངས་པས་ཀྱང་ཕན་པར་མི་གདའ་ན། །ཕན་ན་གླུ་དང་ཅིས་མི་ལེན། །
ཞེས་གསུངས་པས། ལུག་རྫི་རྒད་པོ་དེ་རྗེ་བཙུན་ལ་དད་པ་སྐྱེས་ནས་ཉི་མ་ཕྱེད་འབྲད་ཁ་ལུག་དེད་ནས་ཁྱིམ་དུ་ཕྱིན་པ་ལ། ལུག་བདག་ཀུན་ན་རེ། ཁྱོད་ལ་ཅི་རེད་པ་ཡིན་ཟེར་བ་ལ། ཁོ་ན་རེ། ཅི་རེད་ལ་ཅི་རེད་རྒྱུ་མེད་ཟེར་བ་ལ། ལུག་ལྷས་ན་མར་རྒྱབ། ཕྱིང་པ་ལ་སོ་ཤལ་བྱས་ནས་གླ་ཡང་མ་བསྙགས་ཏེ་རྗེ་བཙུན་གྱི་ཆགས་ཕྱི་ལ་འབྲང་སྟེ་སྒྲུབ་པ་བྱས་པས། རྗེ་བཙུན་མཉེས་པའི་རས་པ་གཤའ་མ་ཅིག་བྱུང་སྐད་དོ། །དེ་ནི་ལུག་རྫི་རས་པ་དང་ར་རྫི་རས་པ་གཉིས་ཀྱི་སྐོར་རོ།། །།
༈ དེ་ནས་ཡང་རྗེ་བཙུན་ཆེན་པོ་མི་ལ་རས་པ་དང་། སློབ་མ་རས་ཆུང་བ་དང་དཔོན་སློབ་གཉིས་ལ་སྟོད་དུ་བྱོན། ཚོང་པ་ཚན་གཅིག་དང་ཕྲད་པས་རས་ཆུང་བས་མགུར་ཅིག་མཛད་དེ་བསོད་སྙོམས་མཛད་པས། ཚོང་པ་རྣམས་ཤིན་ཏུ་དད་དེ་དྲོ་ལེགས་པོ་དྲངས། དེ་ནས་དྲོད་སྨན་བསྡུས་ནས་ཕུལ་བ་མ་བཞེད་དེ། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ང་མི་ལ་རས་པ་ཞེས་བྱ་ཡིན། །དེང་སང་ནོར་ལ་འདོད་པ་མེད། །ཟང་ཟིང་ཚགས་སུ་མ་འཚལ་ཏེ། །དང་པོ་གསོག་བྲུན་སྡུག་བསྔལ་མེད། །བར་དུ་སྲུང་སྐྱོབ་སྡུག་བསྔལ་མེད། །ཐ་མ་ཆགས་ཞེན་སྡུག་བསྔལ་མེད། །ནོར་དུ་ཟང་ཟིང་མེད་པས་མེད་དེ་ལེགས། །དེང་སང་གཉེན་གྲོགས་འདོད་པ་མེད། །བྱམས་སྡུག་འཁོར་དུ་མ་འཚལ་ཏེ། །དང་པོ་སེམས་འཛིན་སྡུག་བསྔལ་བྲལ། །བར་དུ་ལན་ཆགས་སྡུག་བསྔལ་བྲལ། །ཐ་མ་འབྲལ་བའི་སྡུག་བསྔལ་མེད། །བྱམས་སྡུག་མེད་པས་མེད་དེ་ལེགས། །དེང་སང་ཁེ་གྲགས་འདོད་པ་མེད། །གཏམ་སྙན་འཁོར་དུ་མ་འཚལ་ཏེ། །དང་པོ་རྩོལ་སྒྲུབ་སྡུག་བསྔལ་མེད། །བར་དུ་ཕྱར་ཁའི་འཇིགས་པ་མེད། །ཐ་མ་ཉམས་ཀྱི་དྭོགས་པ་མེད། །གཏམ་སྙན་མེད་པས་མེད་དེ་ལེགས། །དེང་སང་ཡུལ་ལ་འདོད་པ་མེད། །སྡོད་པ་ངེས་སུ་མ་འཚལ་ཏེ། །དང་པོ་ཕྱོགས་འཛིན་སྡུག་བསྔལ་མེད། །བར་དུ་ཡུལ་སྲེད་སྡུག་བསྔལ་མེད། །ཐ་མ་ངོ་སྲུང་སྡུག་བསྔལ་མེད། །སྡོད་པ་མེད་པས་མེད་དེ་ལེགས། །ཞེས་གསུངས་སོ། །
ཡུལ་དེ་ཕྱོགས་སུ་ཟླ་བ་ཕྱེད་ཙམ་བཞུགས་སོ། །དེ་ནས་ཟླ་བ་ཕྱི་མའི་ཚེས་བརྒྱད་ལ་འཛོམ་ཆད་མཛད་དེ། རས་ཆུང་བ་བྱང་ངོས་སུ་བྱོན། རྗེ་བཙུན་ཆེན་པོའི་ཚོང་དུས་གར་དགའི་མགྲོན་ཁང་དུ་ཏིང་ངེ་འཛིན་ལ་བཞུགས། དེའི་དགོང་མོ་ཚོང་བ་ཚན་ཆེ་བ་ཅིག་བྱུང་ནས། རྣལ་འབྱོར་པ་ཁྱོད་མ་ཟད་དུ་ཉོལ། དེར་དོས་རྩིག་པ་ཡིན་ཟེར། རྗེ་བཙུན་སྒོ་རྒྱབ་ཏུ་བྱོན་ནས་གཟིམ། དོ་ནུབ་ཚོང་པས་ཤ་ཆང་མང་དུ་ཟོས། རྗེ་བཙུན་ལ་ཅུང་ཟད་གཅིག་ཀྱང་མ་དྲངས། ནང་པར་སྔ་མོ་མི་གཅིག་ན་རེ། རྣལ་འབྱོར་པ་དེ་ལ་ཅི་ཡང་མ་བྱིན། ད་རུང་གཟིམ་ནས་འདུག་ཟེར་བས་ཚོང་དཔོན་དེ་དད་པ་བཏུང་བ་ཅིག་སྐྱེས་ཏེ། ཚོང་དཔོན་དེ་རྗེ་བཙུན་གྱི་རྩར་བྱུང་ནས། ཁྱོད་ཆོས་པའི་གཟུགས་ཤིག་འདུག་པ་ལ་ཆོས་སྤྱོད་ལ་སོགས་མི་བྱེད་པ་ཅི་ཡིན་བྱས་པས། རྗེ་བཙུན་བཞེངས་ཏེ། ཡོན་བདག་ང་ལ་དེ་ལྟ་བུ་མི་དགོས་སེམས་ལ་བདེ་བ་འདི་ལྟ་བུ་ཡོད་གསུང་ནས་མགུར་འདི་གསུངས་སོ། །
རྟེན་ཀུན་ནས་གྲུབ་པའི་དཀོན་མཆོག་གསུམ། །རྟེན་གྲུབ་མེད་རིག་པའི་ངང་དུ་གྲོལ་ལགས་པས། །དེ་ལ་དགེ་སྦྱོར་བྱེད་མ་དགོས་པ་ཞིག་བྱུང་། །ངག་བཟླས་བརྗོད་དང་བྲལ་བའི་རྣལ་འབྱོར་པ་བདེའོ། །མཆོག་ཐུན་མོང་སྟེར་བའི་ཡི་དམ་ལྷ། །ལྷ་སྒོམ་མེད་འོད་གསལ་ངང་དུ་རྫོགས་ལགས་པས། །དེ་ལ་དགེ་སྦྱོར་བྱེད་ཀྱང་མ་དགོས་པ་ཞིག་བྱུང་། །ཚོགས་དྲུག་ལྷུག་པར་ཤར་བའི་རྣལ་འབྱོར་པ་བདེའོ། །རྐྱེན་ངན་བར་ཆད་ཞི་བ་མཁའ་འགྲོའི་ཚོགས། །མཁའ་འགྲོ་རང་བཞིན་གཉུག་མའི་ངང་དུ་གྲོལ་ལགས་པས། །དེ་ལ་གཏོར་མ་གཏོང་ཡང་མ་དགོས་པ་ཞིག་བྱུང་། །བྱ་བྱེད་སྤྱོད་པ་དང་བྲལ་བའི་རྣལ་འབྱོར་པ་བདེའོ། །སྟོན་པ་ཚིག་གི་ཐ་སྙད་མཁན་ཚོ་ཐ་སྙད་ཚོལ། །ཚིག་ཐ་སྙད་མཁན་ཚོ་ཉམས་མྱོང་གི་ངང་དུ་གྲོལ་ལགས་པས། །དེ་ལ་སློབ་གཉེར་བྱེད་ཀྱང་མ་དགོས་པ་ཞིག་བྱུང་། །སྣང་བ་དཔེ་ཆར་བཀྲ་བའི་རྣལ་འབྱོར་ང་བདེའོ། །འདྲེ་ངར་འཛིན་དང་ང་བདག་བགེགས་དང་འགོང་པོ་དེ། །བདུད་དེ་དག་ཆོས་སྐུའི་ངང་དུ་གྲོལ་ལགས་པས། །དེ་ལ་ཛ་བརྡུང་ཞིག་བྱེད་ཀྱང་མ་དགོས་པ་ཞིག་བྱུང་། །སྣང་བ་ཆོས་སྐུར་ཤར་བའི་རྣལ་འབྱོར་པ་ང་བདེའོ། །
ཞེས་བདེ་བ་ལྔའི་མགུར་གསུང་བས། ཚོང་དཔོན་ལྷག་པར་དད་པ་སྐྱེས་ནས་རྗེ་བཙུན་གྱིས་གདམས་པ་བཏབ་པས་མདོ་བཀྲའི་སེ་བན་རས་པ་ཞེས་བྱ་བར་གྲགས་སོ།། །།
དེ་ནས་ཡང་རྗེ་བཙུན་དཔོན་སློབ་གཙང་རག་ཁ་ཆེའི་མགྲོན་ཁང་དུ་བསོད་སྙོམས་ལ་བྱོན་པས། ཚོང་དཔོན་ཟླ་བ་ནོར་བུ་དང་། དགེ་བཤེས་གཡག་རུ་ཐང་པ་དང་། མི་མང་པོ་འཚོགས་འདུག་པས། གཡག་རུ་ཐང་པས་ཆོས་གསུང་བཞིན་འདུག་པ་ལ། རྗེ་བཙུན་འགོལ་ས་ཞིག་ཏུ་གཟིམས་ནས་བཞུགས་པས། དགེ་བཤེས་གཡག་རུ་ཐང་པ་ན་རེ། རྣལ་འབྱོར་པའི་ཉལ་ལུགས་ལ། མི་ལུས་ཐོབ་པ་ཆུད་ཟོས་ལ་སོང་བར་འདུག །ཆོས་ལ་མི་ཉན་ནས་མགོ་གཏུམས་ནས་ལྟོས་དང་ཟེར་བས། རྗེ་བཙུན་བཞེངས་ནས་མགུར་འདི་གསུངས་སོ། །
ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྗེ་བླ་མས་བྱིན་རླབས་ཐུགས་རྗེས་ཟུང་། །དགེ་བའི་བཤེས་གཉེན་ཆོས་བཤད་མཁན། །ནང་རང་རྒྱུད་སེམས་ཉིད་མ་དུལ་བའི། །ཕྱི་སེམས་ཅན་དམུ་རྒོད་ག་ལ་ཐུལ། །གདུགས་དང་རྨ་བྱའི་ལྡིང་ཁང་རྣམས། །མི་རྟག་བར་སྣང་གློག་དང་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །གྲོང་ལྟག་གི་དགོན་པའི་ཇ་ཐབ་དེ། །མགོ་གཡོག་ཕུང་གི་གཡབ་མོ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །མགོ་ནག་མི་ཡི་འདུ་འཛི་དེ། །སྡང་བ་དགྲ་ཡི་བསྐོར་རྒྱུ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །རྟ་ནོར་ལུག་གསུམ་འཚོ་སྐྱོང་དེ། །རྩྭ་ཐོག་ཟིལ་པའི་རླུང་དམར་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །སྒྱུ་ལུས་ཉོན་མོངས་ཕུང་པོ་དེ། །མི་རོ་གསེར་ཆུས་བྱུགས་པ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །མ་ཇོ་སྒོམ་མའི་ཚོགས་དཔོན་དེ། །ཡ་ཚུལ་ཟད་པའི་མ་རབ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །ཁ་ཟ་འདོད་ཚོགས་ཀྱི་འཁོར་ལོ་འདི། །ཁྲལ་འུ་ལག་སྡུད་པའི་ཧོར་འདྲ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །མོ་བོན་རྩིས་གསུམ་གྲོང་ཆོག་འདི། །ཧབ་རྫིས་ཐེབ་པའི་ཏྲང་བ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །ཉ་མ་མགོ་སྐོར་གླུ་ཆུང་འདི། །འདོད་ལྡན་བྱི་ལའི་གསུང་ངག་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །ཕ་ཡུལ་ཞིང་མཁར་བདག་པོ་དེ། །འཇའ་ལ་བྱིས་པས་ལྟ་བ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །ཁྲོམ་ས་འདུས་པའི་བུ་སློབ་དེ། །དཔོན་པོ་མང་པོའི་གཡོག་པོ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །དོན་འཛིན་པ་མེད་པའི་ཆོས་བཤད་དེ། །དབང་ཆུང་ཁ་ཏ་བྱེད་པ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་ཉོན། །ལར་སོ་ནམ་རང་དོན་མི་གྲུབ་པའི། །གཞན་དོན་འགྲུབ་པ་དཀའ་མོ་ཡིན། །
ཞེས་གསུངས་པས། དགེ་བཤེས་གཡག་རུ་ཐང་པ་ཁྲི་ལས་བབས་ནས། རྗེ་བཙུན་ལ་ཕྱག་འཚལ། མཆི་མ་ལྷུག་པར་བྱུང་ནས། ཁྱེད་རེ་བདེན་ཟེར་ཏེ་གདམས་ངག་ཞུས་ནས། བྱིན་རླབས་ཞུགས་པས་སྟོན་སྒོམ་ཁྱད་པར་དུ་འཕགས་པའི་རས་པ་བཟང་པོ་ཞིག་བྱུང་ངོ་། །
དེ་ནས་དེ་ནུབ་དེར་རྗེ་བཙུན་གཟིམས་ནས་བཞུགས་ཙ། སྟོན་པ་མང་པོ་འདུས་ནས་ཁ་ཏོན་དང་ཆོས་སྤྱོད་མང་པོ་ནམ་སྟོད་ལ་བྱས། ཕྱིར་ནང་ཚ་བ་རན་དུས་སྟོན་པ་གཅིག་ན་རེ། རྣལ་འབྱོར་པ་འདི་ལ་ཡང་བསྡུས་ལ་བྱིན། དགེ་སྦྱོར་བྱེད་རྒྱུ་ནི་མི་འདུག་ཟེར་བས་མགུར་འདི་གསུངས་སོ། །
རྟེན་ཀུན་ནས་གྲུབ་པའི་དཀོན་མཆོག་གསུམ། །རྟེན་གྲུབ་མེད་རིག་པའི་ངང་དུ་གྲོལ། །དེ་ལ་སྐྱབས་འགྲོ་བྱེད་ས་མ་རྙེད་ན། །ངག་སྨྲ་བརྗོད་བྲལ་བའི་རྣལ་འབྱོར་སྐྱིད། །མཆོག་གི་དངོས་གྲུབ་བརྙེས་པ་ཡི། །ཡི་དམ་ལྷ་སྲུང་འོད་གསལ་ངང་དུ་གྲོལ། །དེ་ལ་བསྐྱེད་རིམ་བསྒོམ་ཡང་མ་དགོས་སོ། །ཡིད་སྤྲོ་བསྡུ་དང་བྲལ་བའི་རྣལ་འབྱོར་སྐྱིད། །རྐྱེན་བར་ཆད་སེལ་བ་མཁའ་འགྲོའི་ཚོགས། །མཁའ་འགྲོ་རང་བཞིན་གཉུག་མའི་ངང་དུ་ཤར། །དེ་ལ་གསོལ་བ་བཏབ་ཀྱང་མ་དགོས་སོ། །ཚོགས་དྲུག་རང་སར་གྲོལ་བའི་རྣལ་འབྱོར་སྐྱིད། །འདྲེ་ང་བདག་བགེགས་དང་འབྱུང་པོའི་ཚོགས། །འདྲེ་རྟོག་མེད་ཆོས་ཉིད་གཟུགས་ལ་ཤར། །དེ་ལ་ཛ་བརྡུང་བྱེད་ཀྱང་མ་དགོས་སོ། །རྣམ་རྟོག་ཆོས་སྐུར་ཤར་བའི་རྣལ་འབྱོར་སྐྱིད། །ཁྱོད་སྟོན་པ་ཚིག་གི་ཐ་སྙད་མཁན། །ཚིག་ལྡབ་ལྡིབ་ཉམས་མྱོང་ངང་དུ་གྲོལ། །དེ་ལ་སློབ་གཉེར་བྱེད་ཐབས་མི་རྙེད་དོ། །ཚིག་ཐ་སྙད་བྲལ་བའི་རྣལ་འབྱོར་སྐྱིད། །
ཅེས་གསུངས་པས་སྟོན་པ་དེ་རྣམས་ཀྱི་ནང་ནས་སེ་བན་སྟོན་ཆུང་བྱ་བ་ཅིག་དད་པ་སྐྱེས་ནས་སྙན་བརྒྱུད་ཀྱི་གདམས་ངག་བསྒོམས་པས། རྟོགས་པ་སྐྱེས་ཏེ་ཐུགས་སྲས་བཞིའི་ཡ་བར་གྱུར་པ་མདོ་བཀྲའི་སེ་བན་རས་པ་བྱ་བ་ཅིག་བྱུང་ངོ་། །
དེ་ནས་ཡོན་བདག་འབྲོ་ཆོས་བཟང་གིས་ང་མདང་ཞག་ཁམས་ཤིག་མ་བདེ་བས་ཡིད་སྐྱོ་ཤས་དྲག་པོ་སྐྱེས་ཏེ་སྙིང་མ་དགའ་བས། བསྒོམ་ཡང་ཡོན་ཏན་མ་བྱུང་ཟེར་བ་ལ་མགུར་འདི་གསུངས་སོ། །
ཡུལ་ཡ་ཀི་རི་ཁྲོད་དགོན་པ་ན། །བླ་མ་ལྟ་སྤྱོད་ལྡན་པའི་རིན་པོ་ཆེ། །དེ་ལ་དད་ཅིང་གུས་པས་གསོལ་བ་ཐོབ། །དོན་མ་ནོར་ཉམས་སུ་ལེན་པ་ཀུན། །བློ་རྒོད་ཙ་ལྷ་བའི་ཐོག་རྫིས་ཐོང་། །སེམས་མཚན་མ་རང་གྲོལ་འདི་ངོ་མཚར་ཆེ། །སེམས་མ་བདེ་རོ་སྙོམས་ལྡོམ་བུ་མཛོད། །ཡུལ་སྣ་ཚོགས་རང་གྲོལ་འདི་ངོ་མཚར་ཆེ། །ཉམས་མི་དགའ་ཉམས་ཅན་གོ་བསྡུར་མཛོད། །བུ་ཉམས་ཆེན་གོ་བསྡུར་སེམས་ལ་ཕན། །ཡིད་ཆེས་མ་སྐྱེས་རྒྱལ་བའི་བཀའ་ལ་གཟིགས། །བཀའ་བདེན་པའི་ཚིག་ལ་ངེས་ཤེས་སྐྱེ། །སྙིང་མི་དགའ་ན་རྗེ་ལ་གསོབ་བ་ཐོབ། །ཕ་བླ་མའི་གདམས་ངག་སེམས་ལ་ཕན། །ལར་མི་དད་མེད་ཅིག་ལ་ཕར་བལྟས་ཙ། །གཞི་འཁོར་བའི་འདམ་དུ་ལུས་པོ་ཉལ། །ནད་དུག་ལྔའི་སྔས་ལ་མགོ་བོ་གཏད། །ཉོན་མོངས་ཀྱི་ལུད་པ་ཕྱོགས་བཅུར་འཕེན། །ནད་དེ་ལ་གསོ་བའི་སྨན་པ་ཚོལ། །སྒོ་གསུམ་མོས་གུས་ཀྱི་ཕྱག་རྟེན་ཐོང་། །བླ་མའི་སྨན་ལ་བཟང་དྲུག་མང་། །སྐུ་གསུམ་ངོ་སྤྲོད་སྨན་སྦྱོར་མཛད། །ཉོན་མོངས་ནད་ཀྱི་དུག་ལྔ་སོད། །
ཅེས་གསུངས་ཏེ། ཡོན་བདག་ལ་གདམས་ངག་བསྟན་པས་ཉམས་བཟང་པོ་སྐྱེས་ནས་ངོ་མཚར་བ་ཅིག་བྱུང་ངོ་། །དེ་ནས་ཚོང་དཔོན་ཟླ་བ་ནོར་བུས་བདག་ལ་ཡང་མི་རྟག་པའི་ཆོས་ཤིག་ཞུ་ཞུས་པས་དྲན་ནེ་བརྒྱད་ཀྱི་མགུར་འདི་གསུངས་སོ། །
ཁྱོད་ད་ལྟ་མཁར་ཁང་ཞོལ་ཁྱིམ་འཛོམ་པ་ལ་དགའ་སྟེ། །རང་ཤི་ཙ་ན་རང་ཤུལ་སྟོང་པར་འགྲོ་བ་འདི་དྲན་ནེ། །ཁྱོད་ད་ལྟ་ཁ་དྲག་དཔུང་པ་འཛོམས་པ་དགའ་སྟེ། །རང་ཤི་ཙ་ན་མགོན་མེད་སྐྱབས་དང་བྲལ་བ་འདི་དྲན་ནེ། །ཁྱོད་ད་ལྟ་ཕ་ཚན་དང་ཉེ་འཁོར་མང་བ་ལ་དགའ་སྟེ། །རང་ཤི་ཙ་ན་ཉེ་མེད་བཤེས་དང་བྲལ་བ་འདི་དྲན་ནེ། །ཁྱོད་ད་ལྟ་འཁོར་གཡོག་བུ་ནོར་འཛོམ་པ་ལ་དགའ་སྟེ། །རང་ཤི་ཙ་ན་གྲོགས་མེད་གཅིག་པུར་འགྲོ་བ་འདི་དྲན་ནེ། །ཁྱོད་ད་ལྟ་གོས་ཟས་གསེར་གཡུ་འཛོམ་པ་ལ་དགའ་སྟེ། །རང་ཤི་ཙ་ན་གོས་མེད་གཅེར་བུར་འགྲོ་བ་འདི་དྲན་ནེ། །ཁྱོད་ད་ལྟ་རྒྱུ་ཤེད་དཔའ་རྩལ་འཛོམ་པ་ལ་དགའ་སྟེ། །རང་ཤི་ཙ་ན་སྐྱ་བོ་སུམ་ལྟེབ་བྱེད་པ་འདི་དྲན་ནེ། །ཁྱེད་ད་ལྟ་དབང་པོ་དང་ཤ་བཀྲག་གསལ་བ་ལ་དགའ་སྟེ། །རང་ཤི་ཙ་ན་རིག་པ་རང་དབང་མེད་པ་འདི་དྲན་ནེ། །ཁྱོད་ད་ལྟ་ཁ་ཟས་ཞིམ་མངར་འཛོམ་པ་ལ་དགའ་སྟེ། །རང་ཤི་ཙ་ན་ཁ་རུ་ཆུ་ལས་མི་འགྲོ་བ་འདི་དྲན་ནེ། །དྲན་ནེ་བརྒྱད་ཀྱི་མགུར་མ་འདི། །གཙང་ཁ་རག་ཁ་ཆེའི་མགྲོན་ཁང་དུ། །དབང་ཕྱུག་མི་ལ་ང་ཡིས་བླངས། །ཉམས་དགེ་བསྐུལ་གྱི་མཆོད་དབྱངས་དེ་ལ་མཛོད། །
ཅེས་གསུངས་པས་ཁོ་དད་པ་སྐྱེས་ཏེ། དངོས་པོ་ཐམས་ཅད་ཚོགས་སུ་བཏང་ནས་གདམས་ངག་ཞུས་པས། ཆོས་པ་བཟང་པོ་ཅིག་བྱུང་ངོ་། །དེ་ཐམས་ཅད་གཙང་གཡག་རུ་མགྲོན་ཁང་གི་སྐོར་རོ།། །།
༈ དེ་ནས་བཅུ་བཞི་པ་ནུས་པ་ཆེ་བའི་ཡོན་ཏན་ནི། བྲིན་གྱི་ཕུག་པ་ཞིག་ན་སྒོམ་ཆེན་སུ་བསྡད་གཤེགས་ནས་འདྲེ་ཆེ་ཟེར་ནས་མི་འགྲོ་མི་ཕོད་པ་ཅིག་ཏུ་རས་ཆུང་པ་དཔོན་སློབ་གཉིས་བྱོན་ནས། བླ་མ་ཟད་པ་ཆུའི་ཏིང་ངེ་འཛིན་ལ་བཞུགས་ཙ། ནམ་སྲོད་ལ་བུད་མེད་ཆེན་མོ་ཞིག་བྱུང་ནས་ངའི་འདི་ན་སུ་ཡོད་ཟེར་བ་ལ། བླ་མས་སྙིང་རྗེ་བསྒོམ་ཙ་སྨེ་བ་ཅན་འདྲ་བ་གཡོ་ཆེ་བ་ཞིག་ཟེར་ནས་ལོག་སོང་ངོ་། །དེ་ནས་ནམ་ཕྱེད་ན་བུད་མེད་ཅིག་འོང་ནས་བླ་མའི་གཟིམས་མལ་ཆུ་དེའི་ནང་དུ་རྡེའུ་ཅིག་བསྐྱུར་སོང་ངོ། །བླ་མ་ཏིང་ངེ་འཛིན་ལས་བཞེངས་ཙ། མ་བདེ་ནས་ཕོ་བ་སྲ་ཏིང་ངེ་འདུག་པས། བླ་མས་སུ་ཨེའུ་མཐོང་གསུང་པས་བུད་མེད་ཅིག་འོངས་ནས་ཆུ་ནང་དུ་རྡེའུ་འཕང་ནས་སོང་ཞུས་པས། འོ་ན་ཁྱོད་ཐོན་གསུང་ནས་ཆུའི་ཏིང་ངེ་འཛིན་ལ་བཞུགས་པས། རས་ཆུང་བས་བཏོན་པས་ཕན་པར་འདུག་གོ །དེའི་ཕྱི་དེ་ནུབ་མོ་རྒྱལ་པོ་གཉིས་ཀྱིས་སྣ་དྲངས་ནས་འདྲེའི་དམག་མང་པོ་བྱུང་སྟེ། འདིར་སུ་ཡོད་དམ་ཁྱེད་རང་གིས་ཡུལ་དུ་མགྱོགས་པར་སོང་ཞིག །མི་འགྲོ་ན་འདྲེ་དམག་གིས་ཁྱོད་ལ་མ་ཐོབ་པ་འདྲ་བ་ཅིག་བྱེད་ཟེར་བས། བླ་མས་དེ་ལ་མགུར་འདི་གསུངས་སོ། །
རྗེ་འགྲོ་བའི་མགོན་ལ་གསོལ་བ་འདེབས། །བསམ་ངན་ཞི་བར་བྱིན་གྱིས་རློབས། །འོ་ན་རྒྱལ་ངན་སྙིང་རེ་རྗེ། །འདྲེ་མོའི་དམག་ཚོགས་ལས་རེ་རྨོངས། །ཁྱོད་བསམ་ངན་གདུག་རྩུབ་གོམས་གོམས་པས། །སེམས་ཅན་ཡོངས་ལ་འཚེ་བ་བྱེད། །ཤ་དང་ཁྲག་ལ་ཟོས་ཟོས་པས། །སྲོག་གཅོད་དབུགས་ལེན་ཤིན་ཏུ་བྲེད། །ལུས་ངན་འདྲེ་མོར་སྐྱེས་སྐྱེས་པས། །ལས་ངན་སྤྱད་སྤྱད་དམྱལ་བར་སྐྱེས། །ད་ཐར་པའི་ས་བོན་མི་དྲན་པས། །ཐར་ཐབས་མེད་པས་སྙིང་རེ་རྗེ། །ང་སྟོང་ཉིད་སྙིང་རྗེའི་གདན་ལ་བཞུགས། །ཁྱོད་སོང་ཞིག་བྱས་ཀྱང་ཆས་ཐབས་མེད། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཁྱོད་འཁྱེར་རྒྱུ་རྙེད་ན་དགའ་བ་ཡིན། །བྱང་ཆུབ་སེམས་ཀྱི་སྙིང་རྗེ་ལ། །འདྲེ་མང་པོ་འཚོགས་ན་ང་ཡང་དགའ། །
ཞེས་གསུངས་པས་ལ་ལ་ན་རེ་སོང་ཟེར། གཅིག་ན་རེ་མི་འགྲོ་ན་འདྲེ་མོ་འདི་ལ་གནས་ཞིག་བྱིན་ཟེར། དེའི་ནང་ནས་ཞེ་གནག་པ་འགས་གདུག་རྩུབ་བྱས་ནས། མི་འགྲོ་བར་འདུག་ཟེར་ནས་ཐོག་དང་སེར་བ་འབབ་ལ་ཁད་བྱུང་བས་བླ་མས་ཡང་མགུར་འདི་གསུངས་སོ། །
ཁྱོད་ཉོན་དང་གསོན་དང་རྒྱལ་པོ་གཉིས། །འདྲེ་མོ་ཞེ་གནག་གདུག་རྩུབ་ཅན། །འབྱུང་པོ་ཡི་དྭགས་ཐམས་ཅད་ལ། །རང་གིས་ལས་བྱས་རང་ལ་སྨིན། །གདུག་སེམས་སྐྱེས་ཤིང་སྡུག་བསྔལ་སྐྱེ། །བསམ་ངན་སྐྱེས་ཤིང་བསོད་ནམས་འཛད། །ཟ་འདོད་ལང་ཞིང་ཟ་རྒྱུ་དཀོན། །ལྟོགས་པ་ཆེ་ལ་རང་སྐལ་ཆད། །འགྲོ་འདུག་མང་བས་གནས་མལ་འཆོར། །བྱེད་རྒྱུ་མང་བས་ཚར་དུས་མེད། །ལས་ངན་བསགས་ཤིང་དོན་མི་འགྲུབ། །ཁ་སོ་ཆེ་བའི་དགྲ་མི་ཐུབ། །ཁྱོད་ཡིད་ངན་འདྲེ་མོའི་ཆོ་འཕྲུལ་ལ། །ང་རྣལ་འབྱོར་ཤིན་ཏུ་བགོད་སྙིང་འདོད། །ཆོ་འཕྲུལ་རྫུན་གྱི་ཧྲ་ཧྲི་ལ། །ང་རྣལ་འབྱོར་ཤིན་ཏུ་རྒྱུ་མཚན་ཞིབ། །ཁྱོད་གནས་མལ་འདོད་ན་སྟབས་ཀྱིས་སྤྲོད། །གསུང་གླེང་འདོད་ན་མུས་ཀྱིས་བྱེད། །གནས་འདིར་སྒོམ་ཆེན་མང་པོ་བོར། །ང་དེ་ཡི་རྩ་ར་བྱེད་དུ་འོང་། །གནས་འདི་བདག་ཁྱེད་ཚོ་ཡིན་པ་ན། །ངས་མ་རྙེད་པ་ནི་དེ་ཉིད་ཡིན། །འདྲེ་འདིར་འཚོགས་ཤིག་ཀྱང་མ་འགྲོ་བར། །གཞན་ལྷ་འདྲེ་ཡོད་ཚད་བོས་ལ་ཤོག །
ཅེས་གསུངས་པས་རྒྱལ་པོ་གཅིག་ན་རེ། འདི་ལ་སྟོང་ཉིད་ཀྱི་གོ་ཆ་ཡོད་པའི་བློ་གདིང་ཅན་ཅིག་འདུག །དངོས་པོ་ལ་དངོས་པོའི་མཚོན་གྱིས་ཐུབ་པ་ཡིན། སྟོང་ཉིད་དངོས་པོའི་མཚོན་གྱིས་ཕན་གནོད་མེད་པས་ད་དུམ་བྱ་དགོས་ཟེར། འདྲེ་དམག་བྱིངས་ཀྱིས་འདིར་འོང་རྒྱུ་གཅིག་མ་རེད་ཟེར་ཏེ། ཐམས་ཅད་ཀྱིས་ཕྱག་དང་བསྐོར་བ་བྱས་པས། བླ་མས་ད་རུང་འདི་རྣམས་ལ་ངེས་ཤེས་མེད་དགོངས་ནས་མགུར་འདི་གསུངས་སོ། །
ཁྱོད་ལེགས་པར་ཉོན་དང་འདྲེ་མོ་ངན། །ཁྱོད་ལས་ངན་འདྲེ་ཡི་དམག་དཔུང་དེ། །ལས་ངན་བསགས་པའི་སྡིག་པ་ཡིན། །ང་སྣང་སྲིད་ཆོས་སྐུར་ཤར་བ་ལ། །འདྲེ་ཡི་དམག་དཔུང་རྒྱན་དུ་བཟང་། །ད་ལེགས་པར་ཉོན་དང་རྒྱལ་པོ་འདྲེ། །ཁྱོད་སྐྱབས་དཀོན་མཆོག་གསུམ་ལ་གནས་པ་ན། །གནས་བཟང་པོ་འཆུག་མེད་རྙེད་པ་ཡིན། །ཤ་ཁྲག་ཟས་སུ་མ་ཟོས་ན། །མཐོ་རིས་ཐར་ལམ་ཐོབ་པ་ཡིན། །སེམས་ཅན་འཚེ་བ་སྤངས་པ་ན། །བྱང་ཆུབ་ལམ་སྣ་མྱུར་དུ་ཟིན། །མི་དགེ་སྡིག་པ་སྤངས་ནས་སུ། །སངས་རྒྱས་ཀྱིས་རྗེས་སུ་འཛིན་པ་ཡིན། །དགེ་བ་བཅུ་པོ་སྒྲུབ་ནུས་ན། །བླ་མའི་གདམས་ངག་གོ་བ་ཡིན། །གདུག་སེམས་འཁྲུག་པ་ཞི་ནུས་ན། །རིག་འཛིན་གྲལ་ལ་ཕྱིན་པ་ཡིན། །དམ་བཅས་སྡོམ་པ་བྱེད་ནུས་ན། །འོ་སྐོལ་མདུན་མ་འཆམ་པ་ཡིན། །སྡོམ་པ་དམ་ཚིག་ལེན་ནུས་ན། །ངས་ཀྱང་དམ་ལ་འབེབས་པ་ཡིན། །
ཞེས་གསུངས་སོ། །ཁོང་རྣམས་དད་ནས། སྐྱབས་འགྲོ་དང་སེམས་བསྐྱེད་ཞུས་ཏེ་དམ་བཅའ་མི་རེ་རེ་རེ་ཕུལ། ལ་ལས་ཉ་སྡོམ་སྲུང་ཟེར། ལ་ལས་བླ་མའི་འཁོར་དུ་གཏོགས་པའི་ཞབས་ཏོག་བྱེད་ཟེར། སྲོག་འབུལ་མི་ཡང་མང་པོ་བྱུང་སྟེ། དེ་ཕྱིན་ཆད་དགོན་པ་དེར་སུ་བསྡད་ཀྱང་གནོད་པ་མི་བྱེད་པའི་དམ་བཅའ་དྲག་པོ་བྱས། དེར་སུ་བསྡད་ཀྱང་བཀྲ་ཤིས་བྲིན་གྱི་ལ་སོ་ལྷ་མོ་ཕུག་ཏུ་བཏགས་སོ། །དེ་ནས་སྙེ་ནམ་དུ་བྱོན་པ་ལ། ཡོན་བདག་དང་གྲྭ་པ་རྣམས་ཀྱིས་འདྲེ་ཐུལ་ལགས་སམ་ཟེར་བས་མགུར་འདི་གསུངས་སོ། །
བྲིན་གྱི་ལ་སོ་དགོན་པ་རུ། །སྒྱུ་མ་ལུས་ཀྱིས་སྐྱིལ་ཀྲུང་བཅས། །གཉིས་སུ་མེད་པར་མཉམ་པར་བཞག །སྐྱེ་བ་མེད་པའི་དམིགས་པ་ལ། །ཡེངས་པ་མེད་པར་བློ་བཞག་ནས། །བདུད་མོའི་གནོད་སེམས་བྱང་ཆུབ་བསྒྱུར། །མ་རུངས་སེམས་ཕྲལ་སློབ་མ་བྱས། །ད་ནི་སུ་འགྲོ་ཉམ་ང་མེད། །གང་སྡོད་ཐམས་ཅད་ཡར་ལ་འཕེན། །གནས་ནི་བཀྲ་ཤིས་ལྷ་མོ་ཕུག །གནས་པོ་དགེ་བསྙེན་བླ་མ་སྐྱབས། །ངེད་རང་ཚོ་དང་གྲོགས་མཆེད་ཡིན། །དེ་བཞིན་དགོངས་ལ་སུ་འགྲོ་སོང་། །ཚེ་རིང་ནད་མེད་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །
དེ་ནས་རས་ཆུང་པ་དང་། ངན་རྫོང་བོ་དྷེ་ར་ཙ་དང་། ཡོན་བདག་མོ་ལེགས་སེ་ལ་སོགས་པའི་སློབ་མ་རྣམས་ཀྱིས་སྙན་བརྒྱུད་ཀྱི་དབང་ཞུས་པས། མཆོད་གཏོར་བཤམས་ནས་ཁྲུས་དང་སྔོན་འགྲོ་བྱས་ཏེ། ཡེ་ཤེས་དབབ་པས་རང་འབར་དུ་བྱུང་། བུམ་དབང་བསྐུར་དུས་རས་ཀྱིས་དབུ་བཏུམས་ནས་དབང་བསྐུར་དུ་མ་གནང་། ཁོང་ཚོས་ཞུ་བ་བྱས་པས། ངས་བུམ་པ་མགོ་ཐོག་ཏུ་འཇོག་པས་མི་ལང་གསུང་ནས་མགུར་འདི་གསུངས་སོ། །
ང་མི་ལ་རས་པ་རྒས་ནས་གདའ། །དབང་བསྐུར་བདག་གིས་མ་ནུས་པས། །དགོས་ན་བུམ་པ་རང་གིས་མཛོད། །
གསུངས་པས་བུམ་པ་ནམ་མཁའ་ལ་རང་བྱོན་དུ་བྱུང་ནས་རེ་རེའི་མགོ་རུ་ལྷན་ལྷན་བྱོན་པས། དེར་ལེགས་སེ་ལ་སོགས་པས། རྗེ་བཙུན་ཆེན་པོ་ངོ་མཚར་ཆེ། དབང་བསྐུར་མཁན་མ་དགོས་པར་བུམ་པ་རང་བྱོན་དུ་བྱོན་ཞུས་པས་འདི་གསུངས་སོ། །
སྙན་བརྒྱུད་དྲི་མེད་དཀྱིལ་འཁོར་དུ། །ཞེན་པ་མེད་པའི་མཆོད་པ་བཤམས། །སངས་རྒྱས་ཡེ་ཤེས་ངོ་སྤྲད་པའི། །དྲི་མེད་ཆུ་རྒྱུན་བུམ་དབང་བསྐུར། །དེ་ལ་ངོ་མཚར་སྐྱེས་པ་བཟང་། །ཞེས་གསུངས་སོ། །
ཡང་ཡོན་བདག་བཀྲ་ཤིས་བརྩེགས་ཀྱིས་རབ་གནས་འདི་ཁྱེད་རང་ལ་ལྟོས་ནས་བཞག་པ་ལགས་པས་འབྱོན་པར་ཞུ་ཞུས་པས། མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྣང་གྲགས་བྲག་ཆར་རྟོགས་པ་ཡི། །སྤྱོད་པ་ཤུགས་འབྱུང་མ་བཀག་འཚལ། །མི་ཆེན་ཚུལ་འཆོས་བོར་ནས་བཏང་། །ཁེ་གྲགས་ཇི་ལྟར་དགྱེས་དགྱེས་མཛོད། །ཟས་ནོར་སྒྱུ་མར་ཡིད་ཆེས་པས། །ཐོབ་པའི་ལོངས་སྤྱོད་བཀྱེ་ནས་བཏང་། །མ་ཐོབ་པ་ལ་འདུན་པ་མེད། །བསོད་ནམས་ཅི་ལྟར་དགྱེས་དགྱེས་མཛོད། །འཁོར་གཡོག་སྤྲུལ་པ་ལྟར་ཤེས་ནས། །ཕྱོགས་ནས་བྱོན་པའི་མཁས་བཙུན་ལ། །སེམས་འཛིན་ངོ་སྲུང་མ་གྲུབ་ཀྱི། །གྲ་བ་ཅི་ལྟར་དགྱེས་དགྱེས་མཛོད། །མཉམ་པ་ཉིད་ཀྱི་རང་བཞིན་ལ། །ཆགས་སྡང་སྡུག་བསྔལ་རྒྱུར་རྟོགས་ནས། །གདུང་སེམས་ཐག་པ་བཅད་ནས་བཏང་། །ཉེ་རིང་ཇི་ལྟར་དགྱེས་དགྱེས་མཛོད། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །བདག་འཛིན་འཆིང་བའི་རྒྱུར་རྟོགས་ནས། །གཟུང་འཛིན་ལྕགས་སྒྲོག་བཀྲོལ་ནས་བཏང་། །སྡེ་པ་ཅི་ལྟར་དགྱེས་དགྱེས་མཛོད། །སེམས་ཅན་ནི་རང་རིག་འོད་གསལ་ལ། །རྣམ་རྟོག་དྲི་མ་མ་མཐོང་ནས། །རྟོག་དཔྱོད་བྱེད་པ་བོར་ནས་བཏང་། །ཐ་སྙད་ཅི་ལྟར་དགྱེས་དགྱེས་མཛོད། །
ཅེས་ལྟོས་མེད་དྲུག་གི་གླུ་དེ་གསུང་བ་དང་། རས་པ་ཞི་བ་འོད་ལ་སོགས་པས་རྣལ་འབྱོར་མའི་ཐང་སྐུ་དང་། ཙ་ཀ་ལི་ལ་སོགས་ལ་རབ་གནས་ཞུས་པས། རབ་གནས་ཀྱི་ཆོ་ག་ག་ལེ་མཛད་དེ་ཅར་གྱིས་གཟིམས་པས་ཞི་བ་འོད་ཀྱིས་རྗེ་བཙུན་ལ་མེ་ཏོག་འཐོར་མི་འཐོར་མི་མངའ་ཡང་། ངེད་ཚོའི་སྣང་ངོ་ལ་མེ་ཏོག་འཐོར་བ་ཞིག་ཞུ་ཞུས་པས། འདི་གསུངས་སོ། །
རང་བཞིན་རྟེན་འབྲེལ་ཟབ་མོའི་ཆོས། །གདོད་ནས་རྣམ་པར་དག་པའི་ངང་། །ང་མི་ལ་རས་པ་རྒས་ནས་གདའ། །མེ་ཏོག་འཐོར་བ་ག་ལ་ནུས། །དགོས་ན་ལྷ་རང་མེ་ཏོག་ལོང་། །
གསུངས་པས་ཐང་སྐུའི་ལྷ་རྣམས་བྱོན་ཏེ། རང་རང་གིས་མེ་ཏོག་སྙིམ་པ་རེ་བླངས་ཏེ་ཐུགས་ཀར་བཟུང་ནས་བཞུགས་ཏེ་ཟླ་བ་ཕྱེད་དུ་གནས་སོ། །དེ་ངོ་མཚར་ཆེ་ཞུས་པས། འདི་གསུངས་སོ། །
མི་ལ་རས་པ་རྒས་ནས་གདའ། །མཁའ་འགྲོས་དངོས་གྲུབ་མེ་ཏོག་འཐོར། །ཐུབ་པ་ཆོས་ཀྱི་ཕྲིན་ལས་ཀྱིས། །གཟུགས་སྐུ་ཞེན་མེད་མེ་ཏོག་བབ། །སླར་ཡང་དེ་བཞིན་རང་ལ་ཐིམ། །དེ་ལ་ངོ་མཚར་སྐྱེས་པ་བཟང་། །
ཞེས་གསུངས་པས་ནམ་མཁའ་ལ་མེ་ཏོག་དཀར་དམར་གྱི་ཆར་བབས་སོ། ། ཡང་དུས་དེར་སྐྱོ་བསང་ལ་བྱོན་པས། འཁོར་ཀུན་གྱིས་རི་རྩེ་མཐོན་པོ་འདུག་པས་སྐུ་ངལ་འགྲོ་ཞུས་པས་འདི་གསུངས་སོ། །
ང་མཐུ་ཆེན་རི་རྩེ་སྙིལ་འདོད་པས། །འགྲོ་བར་མི་ནུས་ལུས་པོ་སྒུར། །མི་ལ་རས་པ་རྒས་ནས་གདའ། །གླེན་པའི་རི་ཁྱོད་ལྗར་གྱི་ཉོལ། །
ཞེས་གསུངས་པས། རི་དེ་ཡུར་གྱིས་ཉལ་ཏེ་རྗེ་བཙུན་གྱི་ཕྱོགས་སུ་མགོ་འདུད་བྱུང་། རྗེ་བཙུན་བྱོན་པ་དང་རི་དེ་མཐོ་ཟང་ངེ་སྔར་བས་ཆེས་མཐོ་བར་སོང་ངོ་། །དེ་ཐམས་ཅད་བྲིན་གྱི་ལ་སོའི་སྐོར་རོ།། །།
དེ་ནས་རྗེ་བཙུན་གུང་ཐང་གྲོང་མོ་ཆེའི་སྒོ་གཅིག་ནས་ཡར་བྱོན་ཙ། བུད་མེད་རྫོང་མང་པོ་བཏགས་པ་གཅིག་ཆུ་ཁུར་ནས་བྱུང་བ་ལ། ཡོན་བདག་མོ་སིངས་པོ་སླང་། དེ་མེད་ན་ཆུ་ཞིག་སླང་བྱས་པས། མོ་ན་རེ། ཁྱོད་རྣལ་འབྱོར་པ་བཅོལ་རྒན་ཅིག་འདུག །ཆུ་དགོས་ན་ཆུ་ཁར་སོང་། ཁྱོད་ང་ལ་བསྙད་ཚོལ་ནས་ངའི་གཡུ་བྲག་འདོད་ཟིན་ཏེ། ངས་བུ་དང་སྐུད་པོ་རྣམས་སྐད་ནས་ཁྱོད་བསད་འོང་ཟེར་བས། འདི་དང་ང་འབྲེལ་པ་མེད་པར་འདུག་དགོངས་ནས། གྲོང་སྨད་ཅིག་ཏུ་ཕར་སོང་བས། རྒན་མོ་ཅིག་འདུག་པ་ལ། རྒན་མོ་སིངས་པོ་གཅིག་སླང་དེ་མེད་ན་ཆུ་ཞིག་སླང་བྱས་པས། ནང་དུ་འབྱོན་པར་ཞུ་ཟེར་ནས་ར་བ་ཅིག་ཏུ་བཞུགས་ནས་ཆང་མང་པོ་དྲངས་ཏེ། རྒན་མོ་ན་རེ། རྣལ་འབྱོར་པ་ཁྱེད་འདྲ་བ་མཐོང་ཙ་ངས་གླུ་དང་བྲོ་འཁྲབ་སྙིང་འདོད་དེ། བུ་ཚ་བོ་ཀུན་གྱིས་ཨ་མ་སྨྱོས་འདུག་ཟེར་འོང་། ཟེར་བའི་ལན་དུ་ཁྱོད་རྒན་མོ་སྨྱོ་ལུགས་ཇི་ལྟར་སྨྱོ། ང་རྣལ་འབྱོར་བ་སྨྱོ་ལུགས་འདི་ལྟར་སྨྱོ་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་གྱིས་བྱིན་གྱིས་རློབས། །མི་མཐུན་རྐྱེན་ངན་བར་ཆད་སོལ། །མཐུན་པའི་ལམ་སྣ་ཆོས་ལ་དྲོངས། །ང་ཕ་སྨྱོ་བུ་སྨྱོ་མེས་པོ་སྨྱོ། །ཡང་མེས་ཏེ་ལོ་བཟང་པོ་སྨྱོ། །མེས་པོ་ན་རོ་པཎ་ཆེན་སྨྱོ། །ཕ་རྒན་མར་པ་ལོཙྪ་སྨྱོ། །ང་རང་མི་ལ་རས་པ་སྨྱོ། །སྨྱོ་བའི་སྨྱོ་ལུགས་བཤད་ཙམ་ན། །ཡང་མེས་ཏེ་ལོ་བཟང་པོ་དེ། །ཕྱག་རྒྱ་ཆེན་པོ་གདོན་གྱིས་སྨྱོ། །མེས་པོ་ན་རོ་པཎ་ཆེན་དེ། །རིག་པ་བརྟུལ་ཞུགས་གདོན་གྱིས་སྨྱོ། །ཕ་རྒན་མར་པ་ལོཙྪ་དེ། །རྒྱུད་སྡེ་བཞི་ཡི་གདོན་གྱིས་སྨྱོ། །ང་རང་མི་ལ་རས་པ་འདི། །རྩ་རླུང་གཉིས་ཀྱི་གདོན་གྱིས་སྨྱོ། །ཕྱོགས་རིས་མེད་པའི་ལྟ་བ་སྨྱོ། །དམིགས་མེད་རང་གསལ་སྒོམ་པ་སྨྱོ། །འཛིན་མེད་རང་གྲོལ་སྤྱོད་པ་སྨྱོ། །ཟོལ་ཟོག་མེད་པའི་དམ་ཚིག་སྨྱོ། །རེ་དྭོགས་མེད་པའི་འབྲས་བུ་སྨྱོ། །སྨྱོ་བས་མི་ཚད་འདྲེ་ཡང་གདོན། །ཕོ་གདོན་བླ་མའི་གདམས་ངག་གདོན། །མོ་གདོན་མཁའ་འགྲོའི་བྱིན་རླབས་གདོན། །བློ་བདེ་འགོང་པོ་ཕུགས་སུ་གདོན། །དེ་ལྟར་སྨྱོ་བའི་རྣལ་འབྱོར་ལ། །དུས་རྒྱུན་དུ་བདེ་སྐྱིད་རྒྱུན་ཆད་མེད། །
ཅེས་གསུངས་པས། མོ་ན་རེ། ངེད་ཡུལ་འདི་ན་འདྲེ་རེད་ཟེར་ནས་རྡུང་བཏགས་བྱེད་པའི་ལུགས་ཡོད་པས་མ་ཕོད་པ་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །རྟོགས་པའི་རྒྱལ་པོ་སྙིང་ལ་ཞུགས། །ཉམས་རྩལ་འདྲེ་མོས་ཡང་ཉུལ་བྱས། །འདྲེ་གདོན་པས་མི་ཚད་ན་ཡང་ན། །ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། །རྫོགས་པ་ཆེན་པོས་མདུན་ནས་གཟེར། །ལུས་ལ་བདེ་དྲོད་མེ་ལྟར་འབར། །ཁ་ནས་གདམས་ངག་ཁྲག་ལྟར་སྐྱུགས། །ཆོས་ཉིད་བདེ་བས་བྱང་ཁོག་རྒྱས། །ན་བས་མི་ཚད་འཆི་ཡང་འཆི། །ལྟ་བའི་ཀློང་དུ་ཕྱོགས་རིས་འཆི། །སྒོམ་པའི་ཀློང་དུ་བྱིང་རྒོད་འཆི། །སྤྱོད་པའི་ཀློང་དུ་ཚུལ་འཆོས་འཆི། །དམ་ཚིག་ཀློང་དུ་ཟོལ་ཟོག་འཆི། །འབྲས་བུའི་ཀློང་དུ་རེ་དྭོགས་འཆི། །སྐུ་གསུམ་ངང་དུ་རྣལ་འབྱོར་འཆི། །རྣལ་འབྱོར་འཆི་བའི་ནང་པར་དེ། །སྣམ་བུ་རྐྱང་པ་མ་ལགས་ཀྱི། །ཕྱི་སྣང་བ་ཁྲ་བོའི་རེ་ཐུལ་ཐོང་། །རྩྭ་དྲེས་མའི་ཐག་པ་མ་ལགས་པའི། །ཨ་ཝ་དྷུ་ཏིའི་ཐག་པས་སྒྲོགས། །སྣབ་བཤལ་བུ་ཚ་མ་ལགས་པའི། །བུ་རིག་པའི་ཁྱེའུ་ཆུང་ཡར་ལོང་ལ། །རྣལ་འབྱོར་ཤི་བའི་རོ་འདི་ཁུར། །ས་ལམ་སྐྱ་མོ་མ་ལགས་པའི། །བྱང་ཆུབ་ཆེན་པོའི་ལམ་ལ་དྲོངས། །ས་མཁན་མཁའ་འགྲོ་སྡེ་བཞིས་མཛོད། །རོ་སྣ་བཀའ་བརྒྱུད་བླ་མས་དྲོངས། །གངས་རི་སྤང་རི་མ་ལགས་པའི། །དཔལ་ཀུན་ཏུ་བཟང་པོའི་ས་ལ་སྐྱོལ། །ཝ་དང་སྤྱང་ཀི་མ་ལགས་པའི། །ཐབས་ཤེས་རབ་གཉིས་ཀྱི་ཝ་སྤྱང་རོལ། །རྡོ་རྗེ་འཆང་གི་གཏེར་དུ་སྦོས། །
ཞེས་གསུངས་པས། མོ་ན་རེ། ཁྱེད་དེ་འདྲ་སྨྱོ་བའི་རྣལ་འབྱོར་པ་རེད་པས། ཞལ་མཐོང་བ་དང་ང་ཡང་སྣང་བ་འགྱུར་ཞིང་ཐལ། ད་རུང་སེམས་ལ་ཕན་པའི་སྐྱབས་འགྲོ་ཚིག་གསུམ་ཐུགས་ལ་ཐོགས་ཞེས་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ཕྱི་ཡི་སྐྱབས་འགྲོ་ཡིན། །མི་ངེད་ཀྱང་ཁོང་ལ་བསྐྱབས་པས་འཚེངས། །ཁྱེད་ཀྱང་ཁོང་ལ་སྐྱབས་ན་བཟང་། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་སྐྱབས་འགྲོ་ཡིན། །མི་ངེད་ཀྱང་ཁོང་ལ་བསྐྱབས་པས་འཚེངས། །ཁྱེད་ཀྱང་ཁོང་ལ་སྐྱབས་ན་བཟང་། །རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་གསང་བའི་སྐྱབས་འགྲོ་ཡིན། །མི་ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། །ཁྱེད་ཀྱང་ཁོང་ལ་སྐྱབས་ན་བཟང་། །སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ་ཡིན། །མི་ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། །ཁྱེད་ཀྱང་ཁོང་ལ་སྐྱབས་ན་བཟང་། །ཁྱོད་སྒྱུ་མ་ལུས་ཀྱི་ཁང་རུལ་ལ། །ཞག་དང་ཟ་མའི་ཆར་པ་བབས། །ལོ་དང་ཟླ་བའི་ཐིགས་པ་བྱུང་། །སྒྱུ་ལུས་ཁང་རྒན་འཇིག་ཉེན་ཆེ། །འཆི་བྲོད་ཐིགས་ཚགས་ཕྱིས་པ་ཙམ། །དཔེ་ནི་ཉི་མའི་རྒས་གྲིབ་བཞིན། །ཕར་ཕར་བྲོས་ཀྱང་ཚུར་ཚུར་སླེབས། །བྲོས་པས་ཐར་བ་ངས་མ་མཐོང་། །ཆོས་པ་འཆི་བ་མཐོང་ཙ་ན། །དགེ་སྦྱོར་བསྐུལ་མའི་སློབ་དཔོན་ཡིན། །སྡིག་ཅན་འཆི་བ་མཐོང་ཙ་ན། །སྡིག་སྡུག་སྐུལ་བའི་སློབ་དཔོན་ཡིན། །དེ་ལ་འགྱོད་པ་ཅི་གདའ་ལྟ་ཡང་ལྟ། །ཕྱུག་པོ་འཆི་བ་མཐོང་ཙ་ན། །ནོར་སྒྱུ་མར་སྟོན་པའི་སློབ་དཔོན་ཡིན། །དེ་ལ་གཏོང་ཕོད་ཅི་འདུག་ལྟ་ཡང་ལྟ། །རྒས་པ་འཆི་བ་མཐོང་ཙ་ན། །ཚེ་མི་རྟག་སྟོན་པའི་སློབ་དཔོན་ཡིན། །དེ་ལ་སྐྱོ་ཤས་ཅི་འདུག་ལྟ་ཡང་ལྟ། །གཞོན་པ་འཆི་བ་མཐོང་ཙ་ན། །ཚེ་ལོང་མེད་སྟོན་པའི་སློབ་དཔོན་ཡིན། །དེ་ལ་བརྩོན་འགྲུས་ཅི་འདུག་ལྟ་ཡང་ལྟ། །ལར་བདེ་སྐྱིད་ཕ་མའི་གོ་ན་ཡོད། །དྭ་ཕྲུག་སྡུག་ལ་ཅི་ཆ་ཡོད། །སོ་ནམ་འབྲས་བུ་མང་དུ་སྨིན། །ལས་མི་ནུས་པ་ལ་ཅི་ཆ་ཡོད། །དྲོ་འཇམ་ལུ་གུའི་ལྤགས་ལ་ཡོད། །གྱོན་མ་མྱོང་བ་ལ་ཅི་ཆ་ཡོད། །མགྱོགས་པ་གྱི་ལིང་རྟ་ལ་ཡོད། །ཞོན་མ་མྱོང་བ་ལ་ཅི་ཅ་ཡོད། །ཆོས་བྱེད་མི་ཚེ་སྐྱིད་ལ་སྐྱོལ། །ཆོས་མ་ནུས་པ་ལ་ཅི་ཆ་ཡོད། །ལར་ལྟོ་ཁ་ནས་འཕྲིས་ལ་སྦྱིན་པ་ཐོང་། །གཉིད་ཁ་ནས་འཕྲིས་ལ་དགེ་སྦྱོར་མཛོད། །འཆི་བ་སྙིང་ནས་འཕྲིས་ལ་ལྷ་ཆོས་མཛོད། །འཆི་བ་སྙིང་ནས་སོམ་ལ་ལྷ་ཆོས་གྱིས། །
ཅེས་གསུངས་པས། རྒན་མོ་དད་པ་སྐྱེས་ནས་དགའ་དྲག་པས་དགའ་དགའི་གླུ་མང་པོ་ཡང་བྱས། སྐྱིད་སྐྱིད་ཀྱི་གར་མང་པོ་ཡང་བྱས། དད་དད་ཀྱི་ཕྱག་དང་སྐོར་བ་མང་པོ་ཡང་བྱས་པས། བླ་མས་སྐྱབས་འགྲོ་དང་སེམས་བསྐྱེད་གནང་བས། མོ་རང་ཡང་ཆོས་ལ་གནས་བུ་ཚ་བོ་ཡང་དགེ་བ་ལ་སྒྱུར་ནུས་པ་ཅིག་བྱུང་ངོ་། །
དེ་ནས་གྲུབ་ཐོབ་ཀྱི་རྒྱལ་པོ་མི་ལ་རས་པ་དེ་ཉིད་གཙང་གི་ལ་ཀ་ནས་མར་གཟིགས་པས་ཐམས་ཅད་ཀྱིས་ནས་བརྔ་ཞིང་འདུག་པས་བསོད་སྙོམས་ལ་འབྱོན་དགོས་དགོངས་ནས་མར་བྱོན་པ་ལ། གཤོང་ཞིང་ཆེན་པོ་ཅིག་གི་ནང་ན་བཙས་མ་གྲ་གསུམ་འདུག་པའི་བར་མ་དེའི་རྩར་བྱོན་ནས། ཕྱུག་མོ་བསོད་ནམས་འབུམ་ཞེས་བྱ་བའི་ཨ་ཕྱི་སེ་སྒུ་རེ་བ་ཅིག་འདུག་པ་ལ། རྗེ་བཙུན་གྱི་ཞལ་ནས། ངེད་རྣལ་འབྱོར་བ་ལ་བསོད་སྙོམས་ཤིག་ཞུ་གསུང་བ་ལ། ཨ་ཕྱི་དེས་སྙེ་མ་རྡོག་པོ་གསུམ་ཕུལ་ནས། ངའི་གཡས་ཀྱི་འདི་རྣམས་བུ་དང་གནའ་མའི་ཡིན། གཡོན་གྱི་འདི་རྣམས་བུ་མོ་དང་མག་པའི་ཡིན། འདི་ཀུན་ལ་མ་སློང་བར་འདིས་ཆོག་པར་གྱིས་ལ་སོང་ཞིག་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། འདི་ལ་མ་གཏུགས། དེ་ལས་དྲག་པ་ཞིག་ཕུལ་གསུང་པས། ཨ་ཕྱི་དེ་ན་རེ། ཁྱོད་གཅིག་པུ་ལ་སྟེར་བས་ཆོག་ན་དེ་བས་མང་བ་སྟེར་བས་ཆོག་སྟེ། ཕུའི་གོང་ཀ། མདའི་སྲ་ག །རུ་རོག་ཁྱིམ་མཚེས་ཀྱི་ཁྲལ་འཇལ་བ། མི་དཔོན་གྱི་ངོ་སྲོ་བ་ལ་སོགས་པ་ཐམས་ཅད་དགོས་ཟེར་བ་ལ། དེའི་དུས་སུ་རྗེ་བཙུན་གྱིས་སྦྱིན་གཏོང་དྲུག་པ་ཞེས་བྱ་བའི་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །ཉོན་དང་གསོན་དང་ཨ་ཕྱི་རྒན་མོ་ཁྱོད། །ད་རུང་གསོན་དང་ཕྱུག་མོ་བསོད་ནམས་འབུམ། །གནས་ཡ་ཀི་ལྷ་ཡུལ་བྱ་བ་ན། །ལྷ་ཡི་དབང་པོ་བརྒྱ་བྱིན་བྱ་བ་དེས། །སོ་ནམ་སྔ་དྲོ་བྱས་པ་འབྲས་བུ་ཕྱི་དྲོ་སྨིན། །ལྷ་ཕྲུག་སོ་ནམ་མཁས་པ་མ་ལགས་ཏེ། །སྔོན་བསོད་ནམས་བསགས་པའི་འབྲས་བུ་ལགས། །སྦྱིན་པ་སྣ་རེ་ཐོང་དང་ཕྱུག་མོ་བསོད་ནམས་འབུམ། །གནས་ཡ་ཀི་ཡི་དྭགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་དེ། །ལྟོ་ད་ལྟ་ཟོས་ཀྱང་ད་ལྟ་ལྟོགས། །སྐོམ་ད་ལྟ་འཐུང་ཡང་ད་ལྟ་སྐོམ། །ལང་ཀ་རྩར་ཟོས་པ་ཆེ་བ་མ་ལགས་ཏེ། །སྔོན་སེར་སྣ་བྱས་པའི་རྣམ་སྨིན་ལགས། །སེར་སྣ་སྤོངས་ཤིག་ཕྱུག་མོ་བསོད་ནམས་འབུམ། །གནས་མ་ཀི་དམྱལ་བའི་གྲོང་ཁྱེར་ན། །དམྱལ་བའི་རྒྱལ་པོ་ཨ་བ་གླང་མགོ་དང་། །དར་མ་སྤྲེལ་མགོ་ལ་སོགས་པས། །མཚོན་ད་ལྟ་བརྒྱབ་ཀྱང་ད་ལྟ་སོས། །ཉིན་རེ་ཤི་ཐེངས་བརྒྱ་རེ་བྱེད། །ཉིན་རེ་གསོན་ཐེངས་བརྒྱ་རེ་བྱེད། །དམྱལ་བ་པ་རྨ་ལ་བཟང་བ་མ་ལགས་ཏེ། །སྔོན་སྲོག་གཅོད་མང་བའི་རྣམ་སྨིན་ཡིན། །སྲོག་གཅོད་སྤོངས་ཤིག་ཕྱུག་མོ་བསོད་ནམས་འབུམ། །ཤར་ལུས་འཕགས་པོ་དེ་སྐྱེ་བ་བཟང་། །ཁོང་རིགས་བརྒྱུད་བཟང་བ་མ་ལགས་ཏེ། །སྔོན་བཟོད་པ་བསྒོམ་པའི་འབྲས་བུ་ལགས། །བཟོད་པ་སྒོམ་ཞིག་ཕྱུག་མོ་བསོད་ནམས་འབུམ། །ལྷོ་འཛམ་བུ་གླིང་པ་ཆོས་ལ་དཀར། །ཁོང་དད་པ་ཆེ་བ་མ་ལགས་ཏེ། །སྔོན་དམ་ཆོས་ལ་ཉན་བཤད་བྱས་པའི་འབྲས་བུ་ལགས། །དམ་ཆོས་ལ་ཉན་བཤད་མཛོད་ཅིག་ཕྱུག་མོ་བསོད་ནམས་འབུམ། །ནུབ་བ་གླང་སྤྱོད་ལ་ལོངས་སྤྱོད་ཆེ། །ཁོང་གསོག་འཇོག་མཁས་པ་མ་ལགས་ཏེ། །སྔོན་སྦྱིན་པ་བཏང་བའི་འབྲས་བུ་ལགས། །སྦྱིན་པ་ཐོང་ཅིག་ཕྱུག་མོ་བསོད་ནམས་འབུམ། །བྱང་སྒྲ་མི་སྙན་པ་ཚེ་ཚད་རིང་། །ཁོང་ཚེ་སྒྲུབ་མཁས་པ་མ་ལགས་ཏེ། །སྔོན་སྲོག་གཅོད་སྤངས་པའི་འབྲས་བུ་ལགས། །སྲོག་གཅོད་སྤོངས་ཤིག་ཕྱུག་མོ་བསོད་ནམས་འབུམ། །
ཞེས་སོ་ནམ་དྲུག་པ་ཞེས་བྱ་བའི་མགུར་དེ་གསུང་པ་དང་། ཨ་ཕྱི་དེ་ན་རེ། ཁྱེད་སངས་རྒྱས་ལ་ཐུགས་དེ་མི་མངའམ། ངེད་སེམས་ཅན་འཁྲུལ་པ་མི་འོང་ངམ། ད་ཅི་གོང་ནས་ནི་ངོ་མ་ཤེས་པ་ཡིན། ཞེས་ཞུ་བ་ཕུལ་ནས་བསྙེན་བཀུར་ལེགས་པོ་བྱས། སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཞུས་པས། དེར་ཨ་ཕྱི་ཡང་གྲུབ་པ་ཐོབ་པའི་སྐྱེས་མཆོག་མ་ཞིག་བྱུང་ངོ་། །
དེ་ནས་རོ་སྙོམས་ཀྱི་ལྡོམ་བུ་ལ་གུང་ཐང་གི་ཡུལ་དུ་བྱོན་པས། བུད་མེད་ཁ་ཡར་ཅིག་ཁྱུ་ལོང་དེ་འདུག་པས་རྗེ་བཙུན་ཚུ་ཟད་ན་བསམ་གཏན་ལ་བཞུགས་ཙ་ན། བུད་མེད་གཅིག་གི་བུ་ངུས་པ་ལ། མོ་ན་རེ། ཁྱོད་དལ་པོ་ཞིག་འདུག་པས། ཞག་འགའ་ངའི་ཁང་སྲུང་བྱེད་ཅིང་བུ་འདི་འཚོའམ་ཟེར་བས། རྗེ་བཙུན་གྱི་ཐུགས་དགོངས་ལ། ཨ་པ་ངས་ལྟོ་ཡང་ཟ་མི་ཁོམ་པ་ལ། མོས་དལ་པོར་མཐོང་འདུག །ཡོན་བདག་མོ་ཁྱོད་བདེན་ཡང་བདེན་ཏེ། མི་བདེན་ཡང་མི་བདེན། ངས་དལ་བྲེལ་ཤན་འབྱེད་ཀྱི་གླུ་ཞིག་བྱ་ཡི་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་གྱིས་སྐྱབས་སུ་གསོལ།།མི་ཁྱེད་ཀྱིས་བལྟས་པས་དལ་དལ་འདྲ། །ང་རང་གིས་བལྟས་པས་བྲེལ་བྲེལ་པོ། །ང་སྐྱེ་མེད་མཐའ་བྲལ་ཁང་པ་རུ། །བསམ་གཏན་མཁར་པོ་བརྩིག་བརྩིག་ནས། །ས་མཁར་རྩིག་པར་ངེད་མ་ཁོམ། །ཆོས་ཉིད་སྟོང་པའི་བྱང་ཐང་དུ། །ཉོན་མོངས་ཐ་རྒོད་འདུལ་འདུལ་ནས། །ཕ་ཞིང་རྨོད་པར་ངེད་མ་ཁོམ། །བརྗོད་བྲལ་གཉིས་མེད་སོ་མཚམས་སུ། །དགྲ་ངར་འཛིན་འགོང་པོ་འདུལ་འདུལ་ནས། །དགྲ་སྡང་འདུལ་བ་ངེད་མ་ཁོམ། །སེམས་གཉིས་སུ་མེད་པའི་གཞལ་ཡས་སུ། །ཉམས་ལེན་བག་མར་འགུགས་འགུགས་ནས། །ཁྱིམ་སོ་འཛིན་པ་ངེད་མ་ཁོམ། །ཐབས་ཤེས་གཉིས་ཀྱི་པང་པ་རུ། །བུ་རིག་པའི་ཁྱེའུ་ཆུང་གསོས་གསོས་ནས། །སྣབ་བཤལ་འཚོ་བ་ངེད་མ་ཁོམ། །བྱང་ཁོག་ཀུན་དགའ་ར་བ་རུ། །ཐོས་བསམ་དཀོར་ནོར་གསོག་གསོག་ནས། །སྒྱུ་མའི་ནོར་རྫས་གསོག་མ་ཁོམ། །ཆོས་སྐུ་འགྱུར་མེད་རི་བོ་ལ། །རང་རིག་རྟ་རྒོད་བསྐྱང་བསྐྱང་ནས། །གནག་ལུག་སྐྱོང་བ་ངེད་མ་ཁོམ། །ཤ་རུས་གཉིས་ཀྱི་འཛིན་པ་ལ། །ལྷུན་གྲུབ་མཆོད་རྟེན་བརྩིག་བརྩིག་ནས། །ཚ་ཚ་འདེབས་པ་ངེད་མ་ཁོམ། །ཟུར་གསུམ་སྙིང་གི་དབུས་རྩེ་རུ། །སེམས་འོད་གསལ་ཞུན་མར་འདེག་འདེག་ནས། །ལྷ་ཞུན་འབུལ་བར་ངེད་མ་ཁོམ། །བདེ་སྟོང་དབྱེར་མེད་མཆོད་ཁང་དུ། །མཉམ་བཞག་སེམས་ཀྱི་ཐང་སྐུ་ལ། །འགྱུར་མེད་ཚོགས་མཆོད་ཕུལ་ཕུལ་ནས། །མཆོད་པ་འབུལ་བ་ངེད་མ་ཁོམ། །སེམས་ཉིད་རྣམ་དག་རྒྱ་ཤོག་ལ། །ཞེན་མེད་ཡི་གེ་འདེབས་འདེབས་ནས། །ཟིན་རིས་བྲི་བ་ངེད་མ་ཁོམ། །སྟོང་པ་ཉིད་ཀྱི་ཐོད་ཕོར་དུ། །དགྲ་དུག་ལྔ་དུག་གསུམ་བྲུབ་བྲུབ་ནས། །གཏད་སེར་བསྒྲུབ་པ་ངེད་མ་ཁོམ། །གདུང་སེམས་གཉིས་ཀྱི་ས་མཚམས་སུ། །གཉེན་འགྲོ་དྲུག་སེམས་ཅན་བསྐྱང་བསྐྱང་ནས། །གཉེན་འབྲེལ་སྐྱོང་བ་ངེད་མ་ཁོམ། །བླ་མ་རྣམས་ཀྱི་སྤྱན་སྔ་རུ། །གདམས་ངག་རྒྱུད་ལ་འགེལ་འགེལ་ནས། །ཐ་མལ་སྤྱོད་འགྲོས་ངེད་མ་ཁོམ། །གནས་རི་ཁྲོད་དབེན་པའི་ས་ཕྱོགས་སུ། །སྙིང་ནས་བྱང་ཆུབ་བསྒྲུབ་བསྒྲུབ་ནས། །གཏི་མུག་གཉིད་དུ་ལོག་པ་ངེད་མ་ཁོམ། །ཁ་ཟུར་གསུམ་བདུད་ཀྱི་སྒོ་མོ་ན། །གདམས་ངག་ཉམས་སུ་ལེན་ལེན་ནས། །ལོང་གཏམ་གཏོང་བ་ངེད་མ་ཁོམ། །
ཅེས་གསུང་པས། ཡོན་བདག་མོ་དེ་ཚོའི་ནང་ནས་རྒན་པ་ཞིག་ལོང་ནས་བྱུང་སྟེ། རྗེ་བཙུན་རྣལ་འབྱོར་པ་ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམས་ཁྱེད་རང་གིས་ཉམས་སུ་མྱོང་བའི་གླུ་ཞིག་ལོང་དང་ཟེར་བས། མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་འདིར་འཚོགས་ཀྱི་ཨ་མ་ཡོན་བདག་མོ། །སེམས་སྐྱེ་མེད་ཀྱི་ངང་ལ་འཆི་མེད་འཕྱོ། །སྐྱེ་འཆིའི་མཚན་མ་རང་སར་གྲོལ། །ལྟ་བའི་ཐག་ཆོད་བདེ་མོར་གདའ། །ལར་ཡང་སེམས་མ་བཅོས་པ་འདི་བདེ་མོར་གདའ། །ང་སྒོམ་མེད་ཀྱི་ངང་ནས་ཡེངས་མེད་འཕྱོ། །སྒོམ་མཉམ་རྗེས་ཀྱི་མཚན་མ་རང་སར་གྲོལ། །སྒོམ་པའི་ཐག་ཆོད་བདེ་མོར་གདའ། །ལར་ཡང་སེམས་མ་བཅོས་པ་འདི་བདེ་མོར་གདའ། །སྤྱོད་པ་ཤུགས་འབྱུང་གི་ངང་ནས་འགག་མེད་འཕྱོ། །དགག་སྒྲུབ་ཀྱི་མཚན་མར་རང་སར་གྲོལ། །སྤྱོད་པའི་ཐག་ཆོད་བདེ་མོར་གདའ། །ལར་ཡང་སེམས་མ་བཅོས་པ་དེ་བདེ་མོར་གདའ། །དབང་བསྐུར་མེད་ཀྱི་ངང་དུ་ཐོབ་མེད་འཕྱོ། །ས་ཚོན་གྱི་མཚན་མ་རང་སར་གྲོལ། །དབང་བསྐུར་གྱི་ཐག་ཆོད་བདེ་མོར་གདའ། །ལར་ཡང་སེམས་མ་བཅོས་པ་དེ་བདེ་མོར་གདའ། །དམ་ཚིག་སྲུང་མེད་ཀྱི་ངང་ལ་ཉམས་མེད་འཕྱོ། །ཟོལ་ཟོག་གི་མཚན་མ་རང་སར་གྲོལ། །དམ་ཚིག་གི་ཐག་ཆོད་བདེ་མོར་གདའ། །ལར་ཡང་སེམས་མ་བཅོས་པ་འདི་བདེ་མོར་གདའ། །འབྲས་བུ་རེ་མེད་ཀྱི་ངང་ལ་དྭོགས་མེད་འཕྱོ། །རེ་དྭོགས་ཀྱི་མཚན་མ་རང་སར་གྲོལ། །འབྲས་བུའི་ཐག་ཆོད་བདེ་མོར་གདའ། །ལར་ཡང་སེམས་མ་བཅོས་པ་འདི་བདེ་མོར་གདའ། །ཅེས་གསུང་པས་ཁོང་རྣམས་དད་དེ་ཕྱིས་ཡོན་བདག་གི་རྩ་བར་གྱུར་སྐད་དོ། །དེ་ཐམས་ཅད་ཨ་ཕྱི་སྣང་བ་སོགས་ཀྱི་སྐོར་རོ།། །།
དེ་ནས་ཡང་སྟོད་བཟང་རྒྱུད་བྱ་བ་འབྲོག་པའི་རུ་སྡེ་ཕྱུག་པོ་ཞིག་ན། ཕྱུག་པོ་སྟོང་རྗེ་མ་མོ་མཁན་བྱ་བ་བུ་བདུན་གྱི་ཕ་གཅིག་ཡོད་པ་དེ་ན་ནས་འདུག་པ་ལ། །བུ་གཅིག་མོ་འདེབས་བཏང་བ་ལ། མོ་ལུང་ལ། གཡག་བརྒྱ། ར་བརྒྱ། ལུག་བརྒྱ། དེ་ཚོ་སོད་ལ་གླུད་ལ་ཐོང་དང་། དྲག་ནས་འོང་གི་ཟེར། དེར་བུས་རི་ནས་གཡག་དང་ར་ལུག་ཕབ་ནས་གསོད་པའི་གྲབ་བྱས་ཏེ། བོན་ཆོག་ཆེན་པོ་བྱེད་ཡིན་ཡོད་པའི་དུས་སུ། སྟོད་གོང་ཆུང་སྒོ་མོང་བྱ་བར་བླ་མ་མི་ལ་རས་པ་དེ་ཉིད་ཀྱིས་ལོ་དྲུག་དང་ཟླ་བ་བདུན་ངག་སྨྲ་བཅད་མཛད་ནས་བསྒོམ་ཞིང་བཞུགས་པ་ལ། ཟླ་ཞིག་གི་ཡར་ངོའི་ཚེས་བརྒྱད་ཀྱི་ཐོ་རངས་ཁར། མཁའ་འགྲོ་མ་སྡེ་ལྔའི་སྤྲུལ་པ་མཚན་ལྡན་གྱི་རིགས་མ་རུ་བྱ་བ་བཞི་བྱུང་ནས། རྣལ་འབྱོར་པ་ཁྱོད་བྲག་སྐེ་རག་ཅན་གྱི་ལམ་ལ་ཞུགས་ལ་སྟོད་བཟང་རྒྱུད་དུ་སོང་ཞིག །ལས་འཕྲོ་ཅན་གྱི་སྐྱེས་བུ་བརྒྱད་ཡོད་ཟེར་ནས་སྨྲས་པ།
ཨེ་མ་གསུང་བཅད་རྣལ་འབྱོར་པ། །གོང་ཆུང་ཅན་གྱི་རྣལ་འབྱོར་པ། །གོང་ཆུང་སྒོ་མོང་གི་སེང་གཅིག་པོ། །དཔའ་རྩལ་ཅན་དེ་ཚུར་ཉོན་དང་། །ངེད་འདིར་འདུས་ཀྱི་མཁའ་འགྲོ་སྤུན་ལྔ་པོ། །ཁྱེད་སེང་ཕྲུག་གི་གྲོགས་སུ་འོང་ལགས་ཀྱི། །དུས་སྐད་ཅིག་ནང་པར་ཟར་སྐྱེད་ལ། །བྲག་སྐེ་རག་ཅན་གྱི་ལམ་ལ་གཤེགས། །རྟེན་འབྲེལ་རྨི་ལམ་བརྟག་མི་འཚལ། །སྟོད་ཡུལ་ཕུ་ཡི་འབྲོག་ཁ་དེར། །ཉི་ཤར་ཙམ་ལ་སླེབས་པར་མཛོད། །
སྟོད་ཡུལ་དབུས་ཀྱི་གང་འོད་དུ་གཤེགས་འཚལ་ཟེར་བས། བླ་མའི་ཐུགས་ལ་ང་ལ་སེམས་ཅན་གྱི་དོན་མིན་པ་བྱ་རྒྱུ་མི་འདུག་པས་སེམས་ཅན་གྱི་དོན་བྱ་དགོས་སྙམས་ནས། བླ་མའི་རྣལ་འབྱོར་གྱི་ངང་ནས་རླུང་བཟུང་ནས། ཚེས་བརྒྱད་ཀྱི་སྔ་དྲོ་བྲག་སྐེ་རག་ཅན་གྱི་ལམ་ལ་རྣལ་འབྱོར་ཆེན་པོའི་ངང་ལ་ཐོགས་རྡུག་མེད་པར་ནམ་མཁའ་ལ་ཁྲུ་གང་ཙམ་གྱིས་གཤེགས་པ་ལ། ལམ་ན་ལུག་ཁྱུ་གཅིག་འདུག་པའི་གསེབ་ཏུ་སྤྱང་ཀི་ཞིག་བྱུང་བ་ལ། སེ་གོལ་ཅིག་བརྡབ་པས་སྤྱང་ཀི་དེ་འཇའ་ཚོན་སྣ་ལྔ་རུ་བྱས་ནས་ཡལ་སྐད་དོ། །དེ་ནས་ཅུང་ཞིག་བྱོན་པ་ན་རི་བོང་ཞིག་གི་རོ་ལ་བྱ་རོག་གསུམ་གྱིས་བཏོག་ཡིན་འདུག་པ་ལ། བླ་མས་སེང་ལྡེང་གི་ཚར་ནོན་དེ་འཕངས་པས་བྱ་རོག་གསུམ་པོ་ཚར་ནོན་ལ་ཐིམ་སྐད་དོ། །བླ་མའི་ཞལ་ནས་ལུག་རྫི་གཅིག་འདུག་པ་ལ། ཁོ་དེ་ད་ལྟ་ཕྱི་སྣང་བ་འདི་ཕྱིའི་ཆོས་སྐུར་སྟོན་པའི་བླ་མ་ཡིན་པས། གསལ་བྱ་མ་འགག་ལྷུག་པར་ཞོག །སྟོང་སེང་ངེ་གསལ་ཧྲིག་གེ་དགའ་ཡ་ལེ་བྱས་པས། ལུག་རྫི་དེ་གྲོལ་སྐད་དོ། །
དེར་རྫུ་འཕྲུལ་གྱིས་བྱོན་ནས། དོལ་པོ་ནགས་མ་གཤོང་དུ་སླེབས་ཙམ་ན་ཉི་མ་ཤར། དེར་རྗེ་བཙུན་གྱིས་བླ་མ་གོང་མ་རྣམས་ལ་གསོལ་བ་བཏབ། རྟེན་འབྲེལ་ཅིག་བསྒྲིགས་ནས་སྟོད་བཟང་རྒྱུད་དུ་སླེབ་ཙམ་ན། བུད་མེད་ཅིག་ཆུ་ལེན་པ་དང་ཕྲད་པས་འདི་ཀུན་ན་སྲུ་བ་འདྲ་ཡོད་དམ་དྲིས་པས། མོ་ན་རེ། ཡུལ་འདི་ན་ཕྱུག་པོ་སྟོང་རྗེ་མ་མོ་མཁན་བྱ་བ་ལ་བུ་བདུན་ཡོད་པ་ལ་ཕ་ཁོང་རང་ན་ནས་དེའི་རིམ་གྲོ་བོན་ཆེན་པོ་བྱེད་ཅིང་ཡོད་པས། དེ་རུ་བྱོན་ན་བསོད་སྙོམས་འོང་ལགས་ཟེར། དེར་བླ་མས་རས་ཕྲུག་དང་། ཐེར་མ་སྦྱར་བ་ཅིག་ཡོད་པ་དེ་ཁུར་ནས་བྱོན། སེང་ལྡེང་གི་ཚར་ནོན་རྐེད་ལ་དྲང་། བ་མེན་གྱི་ར་སྐྱོག་དེ་བསྣམས་ནས། ཁྱི་རྣམས་དེད་ནས་ནང་དུ་ཏལ་གྱི་བྱོན་པས། ཁོང་རྣམས་ན་རེ། བླ་མ་ངེད་ཀྱི་མི་གཅེས་པ་ཞིག་ཡོད་པ་དེ་ན་ནས་ཡོད་པའི་སྲང་མདོ་རུ་བྱོན་ཟེར་བ་ལ། འོ་ན་ང་ལ་ཕ་འབབ་ཅིག་སྡུས་ལ་སླང་། དེ་ནས་ང་འགྲོ་གསུང་བས། དེར་ཕ་འབབ་བསྡུས་ནས་བསྐྱལ་ལོ། །ཕྱུག་མོ་དེ་གཡབ་གདུང་གཅིག་གི་ནང་ན་ན་ནས་འདུག་པ་ལ། ཉེ་དུ་འབྲེལ་བ་རྣམས་ཀྱིས་མཐའ་བསྐོར། སྨན་པས་ལྟ་ཡིན་འདུག་པ་ལ། ནད་པས་བླ་མ་མཐོང་བ་དང་མོས་གུས་སྐྱེས་ཏེ། བླ་མས་མཆོད་གནས་དང་བོན་པོ་ལ་ཁམ་ཟན་བསླངས་ནས། ནད་པའི་རྩ་ན་སྨན་པ་འདུག་པ་ལ་ཁམ་ཟན་སློང་དུ་བྱོན་པས། ནད་པ་དེས་བླ་མའི་ན་བཟའི་ཐུ་གཤམ་ལ་འཇུས་ནས་བདག་དོ་ནུབ་ནང་བར་དཀའ་སླས་མི་ཐུབ་པར་འདུག་པས་ཐུགས་རྗེས་བཟུང་འཚལ་ཟེར་ནས་མཆི་མ་ཤར་གྱི་བྱུང་བ་དང་བླ་མས་ཁྱོད་ང་ལ་མོས་ཤིང་གུས་པར་འདུག །རྟེན་འབྲེལ་བསྒྲིགས་ནས་ཁྱོད་ཀྱིས་ནད་འདི་ལས་གྲོལ་ནས་བྱ་བ་བཏང་ནུས་སམ་གསུང་པས། ཁོ་ན་རེ། བདག་ནད་འདི་ལས་གྲོལ་ན། བླ་མ་ཅི་གསུང་བཀའ་ལ་ཉན། འཁོར་བ་སྤེལ་ནས་དགོས་པ་མེད། བུ་རྣམས་ཀྱང་ཆོས་ལ་གཏོང་། ང་རང་ཡང་ཆོས་བྱེད་ཟེར་བས། དེར་བླ་མས་འོ་ན་གཡག་དང་ར་ལུག་འདི་ཚོ་བསད་ཀྱང་ཁྱོད་ལ་མི་ཕན། ལས་ངན་གྱིས་ནད་འདི་ལྟ་བུའི་སྡུག་བསྔལ་མྱོང་ནས་འདུག་པས། ད་འདི་ཚོ་བསད་ན་སྙིང་རྗེ་བས་ཐོང་ཞིག །ད་ཁྱོད་རང་གང་ལ་མོས་བྱས་པས། མོ་ན་རེ། ང་བོན་ལ་མོས་ཟེར། འོ་ན་བོན་པོ་སྨན་པ་རྣམས་ཀྱིས་ཁྱེད་ཅི་གསུང་བྱེད་ཟེར་བས། སྨན་པ་དང་བོན་ཆོས་པ་གྱེས་པ་དང་། ཕྱི་མི་རྣམས་ན་རེ། ཕྱུག་པོས་མི་མ་བྱས་པར་ཡོད་པར་འདུག །རྣལ་འབྱོར་པ་དེ་ཡང་ཕྱིར་མ་བྱུང་། རྫི་མ་ལགས་ཟེར་ནས། སྡུག་བསྔལ་ཆེན་པོ་བྱས་པ་ལ། དེར་ཁོ་བོན་པོ་ལ་མོས་པར་འདུག་པ་ལ། བླ་མ་རྗེ་བཙུན་གྱིས་ཆོས་གླུ་བོན་སྐད་གྱེར་བས། བཟའ་མི་ཉི་ཤུ་རྩ་གཉིས་ལ་དཔེ་བྱས་ནས་གསུང་པ་འདི་ལགས་སོ། །
