Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (18)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

དེ་ནས་ཡང་རྗེ་བཙུན་ཆེན་པོ་དང་སེ་བན་སྟོན་ཆུང་དང་དཔོན་སློབ་གཉིས་བྲིན་གྱི་བླ་མ་ཕུག་ན་བཞུགས་པ་ལ། བྲིན་པའི་ཉ་མ་ཕོ་མོ་རྣམས་འཚོགས་ནས་བདག་ཅག་རྣམས་ཀྱིས་བླ་མ་རྗེ་བཙུན་ལ་ཚོགས་ཀྱི་འཁོར་ལོ་ཅིག་ཞུ། གདམས་པ་ཡང་ཞུ་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། སེ་བན་སྟོན་ཆུང་ལ་ཁྱོད་འདི་ཚོ་ལ་དབྱངས་ཞིག་ལོང་དང་གསུང་བས་སེ་བན་གྱི་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །དངོས་ངན་སྤྲང་པོ་རས་པ་འདི། །རྒྱུད་རྟོགས་པ་ཅན་དུ་མ་གྱུར་ཏེ། །གཞན་རྒྱུད་ཀྱི་གཞལ་བྱར་མི་འོས་ཀྱང་། །ད་དུས་ཀྱི་སྐྱེ་བོ་ཉོན་མོངས་ཆེ། །བློ་དམན་གྱི་སྤྱོད་པ་བརྟག་པར་དཀའ། །ཕལ་ཆེར་གྱི་སྤྱོད་པ་འདི་ལྟར་བདོག །ཁྱོད་འདིར་འཚོགས་དད་འདུན་ཕོ་མོ་རྣམས། །དོན་གོ་བར་གྱིས་ལ་རྟོག་དཔྱོད་ཐོང་། །སྤྱིར་གདུལ་ལས་སུ་རུང་བ་དཀའ། །གཞི་སྐྱོ་ངལ་མེད་པའི་དད་པ་དཀའ། །ཕྱོགས་རིས་སྤངས་པའི་རྣལ་འབྱོར་དཀའ། །ཆོས་སེམས་དང་འདྲེས་པའི་གང་ཟག་དཀའ། །བློ་དམན་ཐོས་ཆུང་གིས་རྟོགས་པ་དཀའ། །ཉམས་རྒྱུད་ལ་སྐྱོང་བའི་སྒོམ་ཆེན་དཀའ། །རྒྱུད་ཐོས་པས་གྲོལ་བའི་སྟོན་པ་དཀའ། །མཚན་ལྡན་གྱི་བླ་མ་རྙེད་པ་དཀའ། །དབང་འཇུག་སྒོ་མ་ནོར་གྱི་གདམས་ངག་དཀའ། །སྣོད་དང་ལྡན་པའི་སློབ་མ་དཀའ། །དོན་མ་ནོར་གྱིས་སྙན་བརྒྱུད་སྟོན་པ་དཀའ། །ལམ་འབྲལ་མེད་ཉམས་སུ་ལེན་པ་དཀའ། །གཞི་རང་ངོ་རང་གིས་ཤེས་པ་དཀའ། །གནས་ཆུ་ཤིང་འཛོམ་པའི་དགོན་པ་དཀའ། །གྲོགས་ལྟ་སྤྱོད་མཐུན་པའི་མཆེད་གྲོགས་དཀའ། །རྒྱུད་སྡེ་མི་ཤེས་ཀྱི་ཚོགས་འཁོར་དཀའ། །མཁའ་འགྲོ་མ་མཆོད་ཀྱི་ཚོགས་འཁོར་དཀའ། །སྒོམ་སྒྲུབ་མ་བྱས་ཀྱི་བྱིན་རླབས་དཀའ། །ངག་བཟླས་བརྗོད་མ་བྱས་ཀྱི་ནུས་པ་དཀའ། །རང་རྒྱུད་མ་སྦྱངས་ཀྱི་གཞན་རྒྱུད་དཀའ། །ཁོ་བོ་རྣལ་འབྱོར་རས་པ་ཡང་། །ཕ་མི་ལ་སྒོམ་ཆེན་གྱི་བཀའ་དྲིན་གྱིས། །ཉམས་སྒོམ་བྱུང་གི་ཤེས་པ་ཁོང་ནས་འབར། །དོན་མདོར་བསྡུས་ཀྱི་དཀའ་བ་ཉི་ཤུ་པོ། །ལར་ཆོས་མཛད་སྤྱི་ཡི་མཚན་ཉིད་ལ། །ཁྱེད་འདིར་འཚོགས་ཀྱི་དད་འདུས་དགྱེས་པར་མཛོད། །ཞེས་སེ་བན་གྱིས་གསུངས་སོ། །དེ་ནས་ཡང་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
ཁེ་གྲགས་ཀྱི་ཐ་སྙད་མ་ཡིན་པའི། །ཚད་མ་གསུམ་ལྡན་གྱི་བླ་མ་འདི། །དད་ལྡན་གྱི་ལམ་སྣ་ཁྲིད་པ་ཡིན། །ཐ་མལ་བདག་འཛིན་མ་ཡིན་པའི། །རང་བཞིན་མེད་པའི་སྣང་བ་འདི། །སེམས་ཉིད་གསལ་འདེབས་བྱེད་པ་ཡིན། །དང་པོ་ཡོད་པ་མ་ཡིན་པའི། །སྐྱེ་བ་མེད་པའི་ཤེས་རབ་འདིས། །ཆོས་དང་ཆོས་ཉིད་འབྱེད་པ་ཡིན། །བློ་ཡི་ཡིད་སྨོན་བྱེད་པ་ཡི། །རིག་པ་རང་ཤར་གྱི་རྟོགས་པ་འདིས། །འཁོར་བའི་རྩ་བ་བཅད་པ་ཡིན། །དུག་ལྔ་རང་ག་མ་ཡིན་པའི། །ལམ་དུ་སློང་བའི་འདོད་ཡོན་གྱིས། །སྐྱེ་ཤིའི་རྩ་བ་གཅོད་པ་ཡིན། །ལོག་ཤེས་སྲེད་པ་མ་ཡིན་པའི། །ཆགས་པ་མེད་པའི་བདེ་བ་འདིས། །ཉོན་མོངས་ཐོག་རྫིས་བྱེད་པ་ཡིན། །དོན་མེད་ཁ་འབྱམས་མ་ཡིན་པའི། །སྙན་ཁུང་བརྒྱུད་པའི་གདམས་ངག་གི །མི་འགྱུར་གཟེར་ཆེན་ཐེབ་པ་ཡིན། །ཕྱོགས་རིས་ངོ་སྲུང་མེད་པ་ཡི། །བྱང་ཆུབ་སེམས་ཀྱི་འཁྱེར་སོ་འདིས། །བྱས་ཚད་དོན་དུ་འགྱུར་བ་ཡིན། །འཁྲུལ་པའི་བདག་འཛིན་མ་ཡིན་པའི། །རིག་པ་གསལ་བའི་སྒྲོན་མེ་འདིས། །དངོས་གྲུབ་རྣམ་གཉིས་སྟེར་བ་ཡིན། །ཐོས་ལོ་རྣར་སྙན་མ་ཡིན་པའི། །ཉམས་སུ་མྱོང་བའི་དབྱངས་ཆུང་འདི། །རྣལ་འབྱོར་གྱི་སྐྱོ་རོགས་བྱེད་པ་ཡིན། །དེ་ནི་ཡིན་པ་རྣམ་བཅུ་ཡིན། །ཞེས་སོ། །
ཡང་རྗེ་བཙུན་གྱིས། འཕངས་གསུམ་གཅེས་གསུམ་དགོས་གསུམ་གྱི་མགུར་འདི་གསུངས་སོ། །སྣོད་ངན་ལ་གདམས་ངག་སྤྱིན་པ་འཕངས། །ཉམས་མྱོང་གླུ་རུ་བླངས་པ་འཕངས། །རྣལ་འབྱོར་གྲོང་དུ་འཁྱམ་པ་འཕངས། །འདི་ནི་འཕངས་པ་རྣམ་གསུམ་ལགས། །གཅིག་ཏུ་མཁས་པའི་ཞབས་ཏོག་དགོས། །གཉིས་སུ་བླ་མའི་གདམས་ངག་དགོས། །གསུམ་དུ་སྒོམ་ལ་བསྲན་ཚུགས་དགོས། །འདི་ནི་དགོས་པ་རྣམ་གསུམ་ལགས། །དམ་ཚིག་ལྡན་པའི་གྲོགས་སུ་གཅེས། །སྤྱོད་པ་བཟང་བ་ཐབས་སུ་གཅེས། །བདེ་སྟོང་དབྱེར་མེད་སེམས་ལ་གཅེས། །འདི་ནི་གཅེས་པ་རྣམ་གསུམ་ཡིན། །འཕངས་གསུམ་གཅེས་གསུམ་དགོས་གསུམ་དགུ། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཞེས་གསུངས་སོ། །
ཡང་རྗེ་བཙུན་སྙེ་ནམ་དྲོད་ཕུག་ན་བཞུགས་པའི་དུས་བོན་པོ་ཞིག་རྗེས་སུ་བཟུང་སྟེ་གདམས་པ་བསྟན། ཕྱིས་དེ་ནད་ཀྱིས་ཐེབས་པའི་ཚེ། རྗེ་བཙུན་གདན་དྲངས་ན་ཕན་ཟེར་ཡང་། བོན་པོ་ཟླ་བོ་རྣམས་ཀྱིས་གདན་འདྲེན་མ་སྟེར་བ་ལ། ངའི་བླ་མ་གདན་མི་འདྲེན་ན་ལྕེབ་པ་ཡིན་ཟེར་བས་གདན་དྲངས། རྗེ་བཙུན་གྱིས་འཕོ་བ་བཏབ་ཅིང་ཡེ་གེ་བརྒྱ་པའི་བདུན་ཚིགས་མཛད། ཁོང་བོན་པོ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་བྲིས་ཏེ་ཆོ་ག་བྱས་པས། དེར་བོན་པོ་མངོན་སུམ་དུ་བྱུང་བ་ཐམས་ཅད་ཀྱིས་མཐོང་སྟེ། བླ་མས་ཞི་བ་འོད་ཁྱོད་སོང་ལ་དཀྱིལ་འཁོར་གྱི་འགྲམ་དུ་འོང་བའི་བོན་པོ་དེའི་ལག་པ་ནས་བཟུང་། སྙེ་ནམ་དྲོད་ཕུག་ཏུ་རྗེ་བཙུན་གྱི་ངེད་རང་གཉིས་ལ་དབང་བསྐུར་བའི་ཁྱོད་ཀྱི་གསང་མཚན་དེ་གང་ཡིན། ངའི་གསང་མཚན་དེ་ཅི་ཡིན་གྱིས་ལ་དྲིས་ཤིག །ང་ཡང་འོང་གི་གསུངས། དེར་ཞི་བ་འོད་ཀྱིས་གསུང་པ་བཞིན་བྱས། རྗེ་བཙུན་བྱོན་པ་དང་དེས་གཟི་བརྗིད་མ་ཐུབ་སྟེ་བྲོས། གྲོང་པ་ཐམས་ཅད་ཀྱིས་གར་སོང་དུ་དེད་པས་གྲོང་ཁྱེར་འདས་པ་དང་སྤྱང་ཀི་གཅིག་ཏུ་བྱས་ཏེ། ང་སྙེ་ནམ་གྱི་བདུད་ང་ར་མི་ཟན་བྱ་བ་ཡིན་ཟེར། སླར་ཡང་བཀུག་ནས་དམ་ལ་བཏགས། བོན་པོའི་རྣམ་ཤེས་མཐོ་རིས་སུ་དྲོང་། གན་བོན་པོ་དང་སྐྱེ་བོ་ཐམས་ཅད་རབ་ཏུ་དད་པར་གྱུར་ཏོ། །དེ་ཐམས་ཅད་ནུས་པ་ཆེ་བའི་མགུར་སོགས་ཀྱི་སྐོར་རོ།། །།

༈ དེ་ནས་བཅོ་ལྔ་པ་བྱིན་རླབས་ཆེ་བའི་ཡོན་ཏན་ནི། རྗེ་ལོཙྪ་ཆེན་པོའི་ཐུགས་ཀྱི་སྲས། སྒྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས་ནས། འགྲོ་བའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་སྟེ། རྗེ་བཙུན་དབྱར་རྒྱལ་གྱི་རྩིབ་རི་བཞུགས་ནས་སྟོན་ཁ་ལྡོམ་བུ་ལ་འབྱོན་དགོངས་ཙ། ནུབ་ཅིག་རྨི་ལམ་དུ་བུད་མེད་སྔོ་སངས་མ་སྨ་ར་སེར་ཁྱུག་གེ་བ་ཞིག་གིས་ཁྱེའུ་གཞོན་ནུ་ལོ་ཉི་ཤུ་ཙམ་ལོན་པ་ཅིག་ཁྲིད་ནས་བྱུང་སྟེ། རྣལ་འབྱོར་པ་ཁྱོད་ལ་སྙིང་ཚལ་པ་བརྒྱད་ཡོད་པ་ལ་གཅིག་འདིས་དབང་བ་ཡིན་པས། འདི་ལ་བྱིན་ཅིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་མནལ་སད་པ་དང་བུད་མེད་དེ་མཁའ་འགྲོ་མ་ཡིན་པར་འདུག །ང་ལ་ལས་ཅན་གྱི་སློབ་མ་གང་ཟག་མཐར་ཐོན་པ་བརྒྱད་འོང་བ་ལ། གཅིག་དེ་དེ་རིང་ནས་འོང་བར་འདུག །དེ་ངེས་པར་རྗེས་སུ་བཟུང་དགོས་དགོངས་ནས་ཕྱིར་ནང་ནམ་ལང་བ་དང་། བོང་ཤོད་ལྷོ་ངོས་ནས་ཡར་བྱོན་ནས་ཆུ་མིག་དངུལ་འབུམ་གྱི་རྩར་ཕྱིན་ཏེ་གཟིམས་ནས་བཞུགས་ཙ། ཁྱེའུ་ལོ་ཉི་ཤུ་རྩ་གཅིག་ལོན་པ་ཅིག་གིས་རྟ་ཁམས་པ་འོལ་བ་རིས་ཞིག་ཞོན་བེར་ཅིག་གྱོན། བེར་ཐོག་ཏུ་རེའུ་རས་ཞིག་གིས་མནན། འཁོར་གསུམ་ཞིག་བཏགས། གཡུ་བོ་གཅིག་མགུལ་དུ་བཏགས། མགོ་ལ་བྱང་ཐོད་རྨོག་ཅིག་གྱོན་ནས་བྱུང་བ་ལ། བླ་མས་ཡོན་བདག་ཁྱེད་གར་བཞུད་གསུང་པས། ང་དེང་རི་ཁོང་སྣ་རུ་བཙད་བོས་ལ་ཤིད་བྱེད་པར་ལྟད་མོ་ལ་འགྲོ་ཟེར། ང་རྣལ་འབྱོར་པ་རྒད་པོ་ཆུ་ལ་མ་ཐར་བས་རྟ་འཕང་གཡར་དགོས་གསུང་པས། ཁྱོད་རྣལ་འབྱོར་པ་སྲན་མ་ཅན་ཞིག་འདུག །ང་ཤར་ཕྱོགས་སུ་ལྟད་མོ་ལ་རིངས་པས་རྟ་ལ་གནོད་ཟེར་ནས་བུད་སོང་ངོ་། །དེ་ནས་རྗེ་བཙུན་གྱིས་བླ་མའི་རྣལ་འབྱོར་གྱི་ངང་ལ་རླུང་བཟུང་ནས་ཁོའི་ཕྱི་ལ་ཆུ་ཐོག་ཏུ་བྱོན་པས། ཁོ་ཕྱི་ལ་ལུས། ཁོས་བླ་མ་ཆུ་ལ་མི་བྱིང་བ་མཐོང་ནས། རྟ་ལས་བབས་ཏེ་ཞབས་ལ་བལྟས་པས་ཞབས་ཆུ་ལ་མ་རེག་པར་འདུག་པས། ཁོ་དད་པ་སྐྱེས་ཏེ་ཕྱག་མང་པོ་འཚལ་ཞབས་སྤྱི་བོར་བླངས། ཁྱེད་གྲུབ་ཐོབ་རེད་པ་ལ་ངས་རྟ་མ་བསྐྱོན་པ་བཟོད་པར་བཞེས་འཚལ། ཁྱེད་ཀྱི་ཡུལ་ཕྱོགས་དང་དགོན་པ་ནི་གང་ཡིན། བླ་མ་སུ་ཡིན་སློབ་གཉེར་ཅི་མཛད། ཐུགས་དམ་གང་ལ་མཛད། ད་ནང་གང་ནས་འབྱོར་ད་གར་འབྱོན་ཞུས་པས་མགུར་འདི་གསུངས་སོ། །
འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ། །བུ་རྟོག་འདོད་ཅན་དེ་ཚུར་ཉོན་དང་། །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །མི་ང་རང་མི་ལ་རས་པ་ཡིན། །ལྟེ་བ་གུང་ཐང་སྨད་ལ་བཅད། །སློབ་གཉེར་དབུས་གཙང་གཉིས་ལ་བྱས། །ཕ་གྱེར་སྟོན་དང་ངག་མིས་དབུ་མཛད་པའི། །རོང་སྟོན་ལྷ་དགའ་ཡན་ཆད་ཀྱི། །དྲིན་ཆེན་གྱི་བླ་མ་བཅུ་ཙམ་ཡོད། །ཆོས་ནི་རྒྱུད་སེམས་མངོན་གྱུར་ཉན། །ཁོང་ལྟ་སྒོམ་ཕུག་ནས་མཁྱེན་པ་མཐོ། །ཁྱད་པར་ལྷ་རྗེ་གནུབ་ཆུང་ལ། །དྲག་སྔགས་གཟའ་གདོང་དམར་ནག་ཞུས། །ཁོང་ཕྲིན་ལས་བསྒྲུབ་པ་མཁྱེན་ལགས་ཀྱང་། །ངས་ད་རུང་སྤྲོས་པ་ཅུང་མ་ཆོད། །རྗེ་ན་རོ་མཻ་ཏྲིས་དབུ་མཛད་པའི། །སེམས་ཆོས་ཉིད་མ་དང་ངོ་སྤྲོད་བྱས། །ལུས་རྟེན་འབྲེལ་གནད་དུ་བསྣུན་པ་ཞིག །ལྷོ་གྲོ་བོ་ལུང་ན་བཞུགས་སོ་སྐད། །རྗེ་ལོཙྪའི་སྙན་པ་རྒྱང་ནས་གྲགས། །མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོས། །ལམ་དཀའ་བ་སྤྱད་དེ་སྤྱན་སྔར་ཕྱིན། །ཞལ་མཐོང་བ་ཙམ་གྱིས་སྣང་བ་འགྱུར། །ཁོང་ཚེ་རབས་ཀྱི་བླ་མ་ཡིན་པར་ངེས། །རྗེ་འགྲན་གྱི་དོ་མེད་ལྷོ་བྲག་པ། །བཀའ་དྲིན་ཅན་གྱི་བླ་མ་ལ། །ཟང་ཟིང་གི་དངོས་པོ་བདག་ལ་མེད། །ལུས་ངག་གི་ཞབས་ཏོག་རྡུལ་དུ་བརླག །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་ཐོབ། །ཁྱད་པར་ན་རོའི་ཐབས་ལམ་ཞུས། །དཔལ་བྱིན་རླབས་ཅན་གྱི་བདེ་མཆོག་ལ། །སྨིན་ལམ་དབང་བཞི་རྫོགས་པར་ཞུས། །ཆོས་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་བྱས། །དོན་གཉུག་མ་སེམས་ཀྱི་ངོ་བོ་མཐོང་། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སྤྱིར་སྙན་བརྒྱུད་ཆུ་བོ་རྣམ་བཞི་ལ། །གདམས་ངག་ཆེ་དགུ་སྤུས་ཐུས་བྱས། །གནད་ཟབ་དགུ་བཅུད་ཀྱི་ཡང་སྙིང་ཕྱུང་། །སྒོམ་ནི་རྩ་རླུང་ཐིག་ལེ་བསྒོམ། །དོན་རླུང་སེམས་གཉིས་ལ་རང་དབང་ཐོབ། །ང་དེ་ཕྱིར་ནམ་མཁའི་རྣལ་འབྱོར་པ། །ནད་འདུ་བ་རྣམ་བཞི་དབྱིངས་སུ་འདྲེས། །འབྱུང་བ་ཆུ་ལ་ཉམ་ང་མེད། །བུ་ཁྱོད་ལ་ཉམས་ཚད་བྱས་པ་ཙམ། །ང་སྒོམ་ས་རྒྱལ་གྱི་རྩིབ་རི་ཡིན། །གདུགས་ད་ནང་རྒོད་ཚང་སྟོད་ནས་ཡོང་། །དོ་ནུབ་གར་འགྲོ་ངེས་པ་མེད། །ང་རྣལ་འབྱོར་གྱི་བྱུང་ཚུལ་དེ་ལྟར་ལགས། །བུ་ཁྱེའུ་སྐྱིད་དོ་ཅི་བདེར་བཞུད། །
ཅེས་གསུངས་པས་ཁོ་དད་པ་སྐྱེས་ཏེ་ཕྱག་དང་བསྐོར་བ་མང་དུ་བྱས། ཞབས་སྤྱི་བོས་བླངས་ཁྱེད་དེ་ལྟ་བུ་ཡིན་པར་ངོ་མ་ཤེས། ངའི་རྟ་འདི་འབུལ་ལ་བཀའ་དྲིན་གནང་བར་ཞུ་ཞེས་ཟེར་ནས་རྟའི་སྲབ་མདའ་ཕྱག་ཏུ་བཏང་སྟེ་ཞུ་དོན་གླུ་རུ་ཕུལ་ལོ། །
ཡང་སྔར་མ་མཐོང་བའི་གྲུབ་ཐོབ་ཅིག །མི་ལས་འདས་པའི་སྐྱེས་བུ་ཞིག །ཞལ་མཐོང་བར་དཀའ་བའི་སངས་རྒྱས་ཅིག །གསུང་ཐོས་པར་དཀའ་བའི་སྤྲུལ་སྐུ་ཅིག །མཚན་ཡང་དེལ་ཐོས་དེལ་མ་ཐོས། །ཞལ་ཡང་དེལ་མཇལ་དེལ་མ་མཇལ། །ཕྱག་ཀྱང་དེལ་འཚལ་དེལ་མ་འཚལ། །སྙུང་ཡང་དེལ་དྲིས་དེལ་མ་དྲིས། །ལར་དྲིའོ་འགྱོད་ཀྱང་རེ་འགྱོད་ན། །རྗེས་ཐུགས་ཀྱིས་ཁྲེལ་ཏེ་བཟོད་པར་གསོལ། །རྟ་འོལ་བ་རླུང་གི་གཤོག་པ་ཅན། །མགུལ་དོམ་གཡེར་ཁས་གཟེངས་བསྟོད་ནས། །ཆོ་རིས་ཅན་གྱི་གཡང་ཤུན་དང་། །དྲོ་ལ་འཇམ་པའི་རྩི་སྟན་གཏད། །བཙུན་པོ་བེ་གར་སྒ་བཀྲ་བསྟད། །མདོ་ལོང་ལྕག་གི་གློ་སྨེད་མནན། །གོང་སྨེད་བྲེང་དམར་ཕོ་ལོང་མདུད། །ཕར་བཞི་ཚུར་བཞི་ཤ་དག་བརྒྱད། །ཕར་གཅིག་ཚུར་གཉིས་ཡོབ་ཆེན་གཉིས། །གདོང་ཚེམ་འཕྲུལ་གྱི་སྲབ་འགོ་ལ། །སྟག་གཟར་འཛུམ་གྱིས་སྨིན་ཁྱུག་བཏང་། །ར་གན་འབུར་གྱི་འཛེར་འགོ་བཏབ། །འབུར་ཆེན་སྐར་ཆེན་ཤར་བ་འདྲ། །སྲབ་སྐྱོང་བློན་པོས་ཁ་བསྒྱུར་ཏེ། །སྦ་དཀར་ལྕག་གི་བཀའ་ནན་ཕབ། །ཁོང་བཙད་པོས་ཕ་ཤིད་བྱེད་པའི་དུས། །གྱི་ལིང་མགྱོགས་དར་བཙུགས་པའི་དུས། །དཀྱུས་དར་ཐོག་ཆོད་པའི་རྟ་ཕོ་ཡིན། །ཕར་བདས་ན་དགུང་གི་བྱ་ཡང་སླེབས། །བྲོས་ན་འཆི་བདག་བདུད་ལས་ཐར། །ངེད་འཇིག་རྟེན་པ་ཡི་ཆེ་རྟགས་ཡིན། །ཕ་བླ་མའི་བཅིབས་ལ་འབུལ་ལགས་པས། །བདག་ཀྱང་དམྱལ་བར་མི་གཏོང་འཚལ། །
ཞེས་ཞུས་པས། བླ་མས་ཁྱོད་ཀྱི་རྟ་ངས་མི་འདོད། དེ་བས་ལྷག་པའི་རྟ་ང་རང་ལ་ཡོད་གསུང་ནས་མགུར་འདི་གསུངས་སོ། །
བུ་ཡོན་བདག་ང་ལ་ཚུར་ཉོན་དང་། །རྣམ་ཤེས་རླུང་གི་རྟ་ཕོ་ལ། །མཉམ་བཞག་དར་གྱིས་གཟེང་བསྟོད་དེས། །རྗེས་ཐོབ་སྒྱུ་མའི་གཡང་ཤུན་ལ། །རང་རིག་གསལ་བའི་སྒ་བཀྲ་བསྟད། །གཟེར་དམིགས་པ་གསུམ་གྱིས་གློ་སྙིང་མནན། །སྐུ་གསུམ་ལྷུན་གྲུབ་གོང་སྨེད་བྱས། །སྒོ་གཉིས་གནད་ཀྱི་མན་ངག་གིས། །སྲོག་རྩོལ་རླུང་གི་སྲབ་མགོ་ལ། །དུས་སྣ་རྩེ་གསུམ་གྱི་སྨིན་ཁྱུག་བཏང་། །གནད་ཞི་རྦ་རླབས་ཀྱིས་འབུར་མགོ་ནོན། །འཕྲུལ་འཁོར་ལུས་ཀྱི་ཁ་སྒྱུར་ཏེ། །ཉམས་ཆུ་བོ་རྒྱུན་གྱི་ལྕག་གིས་བྲབ། །རྩ་དབུ་མའི་ཐང་ལ་དཀྱུས་ཐག་ཆོད། །བྲོས་ན་འཁོར་བའི་འདམ་ལས་ཐར། །བསྙགས་ན་བྱང་ཆུབ་ཀྱི་ཐེམ་སྐས་སླེབ། །དེ་རྣལ་འབྱོར་ང་ཡི་རྟ་ཕོ་ཡིན། །བུ་ཁྱོད་ཀྱི་འོལ་བ་ངས་མི་འདོད། །དེ་བས་ཁྱེའུ་ཆུང་འགྲོ་ས་བསྙོགས། །
ཅེས་གསུངས་པས། ཁོའི་བསམ་པ་ལ་རྟ་མི་བཞེད་ན་ཡང་། ཞབས་རྗེན་པར་འདུག་པས་ལྷམ་འདི་ཅིས་ཀྱང་བཞེས་པར་ཞུ་ཟེར་ནས་ཞུ་དོན་གླུ་རུ་ཕུལ་ལོ། །
རྗེ་གྲུབ་ཐོབ་རྣལ་འབྱོར་རིན་པོ་ཆེ། །ཡུལ་ལ་ཞེན་པ་མ་མཆིས་པས། །རྒྱལ་ཁམས་ཕྱོགས་མེད་འགྲིམ་པ་ལ། །མཚོན་ཁ་ན་ཐོགས་པའི་ཞལ་འུ་ཁྱི། །དུད་འགྲོ་ཁྱི་ཡིས་ཞབས་ལ་སྡང་། །གཅོང་རོང་གི་ཚེར་མ་ཞབས་ལ་གཟན། །ཞབས་རྗེན་པར་བཞུགས་པ་འོ་རེ་བརྒྱལ། །རྐང་ལྷམ་སྔོན་མོའི་ཉེལ་ཕྲན་ཅན། །རིན་ཐང་ཅན་གྱི་ཟབ་སྐུད་ཀྱིས། །སྤྱན་སྤུངས་མཛེས་པའི་སྐུད་རིས་བཏང་། །ར་གན་འབུར་གྱི་འཛེར་འགོ་བཏབ། །རྒྱུ་གུང་ཐང་སྟོད་ཀྱི་ཁ་ཤ་དང་། །ཁོ་མོ་འབྲོང་གི་སྨད་ཀོ་ལ། །བཟོ་བོ་མཁས་ཀྱིས་མཚམས་སྦྱར་ནས། །འཕྲུལ་སེན་ཐབས་ཅན་གྱི་ལྷམ་སྒྲོག་ལ། །སེང་ཐོད་ཆུ་སྲིན་འཕར་ནོན་བྱས། །དེ་ཁྱེའུ་ཆུང་ང་ཡི་རྐང་ལྷམ་ཡིན། །ཕ་བླ་མའི་ཞབས་ལ་འདི་འབུལ་གྱིས། །མི་བདག་ཀྱང་ཐུགས་རྗེས་བཟུང་དུ་གསོལ། །
ཞེས་ཞུས་པས། བུ་ཁྱོད་ཀྱི་ལྷམ་ངས་མི་འདོད། དེ་བས་ལྷག་པའི་ལྷམ་ང་རང་ལ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །
བུ་ཁྱེའུ་ཆུང་ཉོན་དང་དད་པ་ཅན། །སྤྱིར་ཁམས་གསུམ་འཁོར་བའི་ཕ་ཡུལ་འདིར།།གཏི་མུག་མུན་པའི་སྨག་རུམ་འཐིབས། །འདོད་ཆགས་ནེལ་ཐང་འདམ་རྫབ་འཐུག །ཞེ་སྡང་ཁྱི་རྒན་ཟུག་ཅིང་ཟ། །ཕྲག་དོག་གཅོང་རོང་ཚེར་མས་རྩུབ། །ང་རྒྱལ་བྲག་རི་གཟར་ལ་མཐོ། །ང་ཆུ་བོ་བཞི་ལ་བརྒལ་ནས་ཀྱང་། །བདེ་ཆེན་ཐང་ལ་འབྲོས་ཀྱང་འཚལ། །ང་མི་རྟག་སྒྱུ་མའི་ཁ་ཤ་དང་། །འཁོར་བ་གློ་ལོག་གི་ཀོ་བ་གཉིས། །ལས་རྒྱུ་འབྲས་ཡིད་ཆེས་ཀྱིས་མཚམས་སྦྱར་ནས། །འདོད་ཡོན་སྣ་ཚོགས་ལྷམ་སྒྲོག་ལ། །སྣང་བ་ཞེན་མེད་སྐུད་རིས་བཏང་། །སྒྲུབ་པ་ཉམས་ལེན་རག་འབུར་བཏབ། །གནད་འཆིང་བ་གསུམ་གྱི་ཆབ་མས་མནན། །འཕྲུལ་འཁོར་ལུས་ཀྱི་ཁ་བསྒྱུར་ཏེ། །དེ་རྣལ་འབྱོར་ང་ཡི་རྐང་ལྷམ་ཡིན། །མི་ཁྱོད་ཀྱི་འབུར་མ་ངས་མི་འདོད། །ཡོན་བདག་ཁྱེའུ་ཆུང་ཁྱིམ་དུ་སོང་། །
ཞེས་གསུང་པས། ཁོའི་བསམ་པ་ལ། བླ་མས་ལྷམ་མི་བཞེད་ན། བེར་འདི་ཅིས་ཀྱང་བཞེས་པར་ཞུ་ཟེར་ནས། ཞུ་དོན་གླུ་རུ་ཕུལ་ལོ། །
རྗེ་གྲུབ་ཐོབ་རྣལ་འབྱོར་རིན་པོ་ཆེ། །ཁྱེད་གནས་ལ་ཞེན་པ་མ་མཆིས་པས། །གཟའ་གཏད་མེད་པར་འབྱོན་པ་དེ། །རེས་འགའ་རི་བོའི་རྩེ་ལ་གཟིམས། །རེས་འགའ་གྲོང་ཁྱེར་སྲང་དུ་གཟིམས། །ལོ་སར་ལྷགས་པ་མདའ་བས་ཚ། །ན་བཟའ་རས་རྐྱང་གཅིག་ལས་མེད། །ཕ་རྗེ་བཙུན་འོ་བརྒྱལ་བསེར་ཏེ་མཆིས། །མི་ང་ཡི་ལུས་ལ་གྱོན་པ་འདི། །རྒྱུ་སྲིན་བུ་སྟོད་ཀྱི་དམར་ལྗང་ལ། །བཟོ་བོ་མཁས་ཀྱིས་དྲས་སུ་བསྡེབ། །སྲིན་དཀར་བསྣོལ་བས་ནང་ཚང་བྱས། །ཐང་ཀ་ཟ་འོག་རས་མ་ལ། །གོང་སྐོར་གཡུ་ཡི་འཕར་ནོན་མཛེས། །རྨོང་ཆུང་སྲམ་གྱི་ཆ་ག་བཏགས། །གུ་ལིང་དར་གྱི་གུང་ཁེབ་ཅན། །འདི་གྱོན་ན་ཡང་ལ་དཔའ་བརྗིད་ཆེ། །སྐྱི་བསེར་རླུང་ལ་ཉམ་ང་མེད། །སྤྱིར་ཞང་བློན་དྲ་མའི་ན་བཟའ་ཡིན། །ཕ་ཁྱེད་ཀྱི་སྐུ་ལ་འདི་གསོལ་ལ། །མི་བདག་ལ་ལྷ་ཆོས་གནང་བར་ཞུ། །
ཞེས་ཞུས་པས། ཁྱོད་ཀྱི་བེར་ངས་མི་འདོད། དེ་བས་ལྷག་པའི་བེར་ང་རང་ལ་ཡོད་གསུང་ནས་མགུར་འདི་གསུངས་སོ། །
བུ་ཁྱེའུ་ཆུང་ཉོན་དང་ལྕེ་བདེའོ། །སྤྱིར་རིགས་དྲུག་འཁོར་བའི་གྲོང་ཁྱེར་དུ། །ལས་ངན་རླུང་གི་བདས་བདས་ནས། །རང་དབང་མེད་པར་རྣམ་ཤེས་འཁོར། །སྐྱེ་ཤི་བར་དོའི་ཐང་ལ་འཁྱམས། །རྨི་ལམ་བར་དོའི་རི་རྩེར་ཕྱིན། །སྲིད་པ་བར་དོའི་སྲང་མདོར་ཉལ། །ད་གཉུག་མའི་གཏན་ཡུལ་འཛིན་ཡང་འཚལ། །རྒྱུ་རྣམ་དག་དཀར་པོའི་སྲིན་བུ་ལ། །དམ་ཚིག་སྡོམ་པའི་དར་གྱིས་གཡོགས། །དྲན་དང་ཤེས་བཞིན་བཟོ་བོས་དྲུབ། །སྤྱིར་རྣལ་འབྱོར་ཡོངས་གྱི་ཐང་ཀ་ལ། །གནད་བསྲེ་བ་གསུམ་གྱི་འཕར་ནོན་བཏང་། །འདའ་ཀ་འོད་གསལ་གྱི་གོང་ཁེབ་ཅན། །དག་པ་སྒྱུ་ལུས་ཀྱིས་མཚམས་སྦྱར་ནས། །བར་དོ་ངོ་སྤྲོད་ཆ་ག་བཏག །དེ་རྣལ་འབྱོར་ང་ཡི་ཀེ་ཙེ་ཡིན། །བུ་ཁྱོད་ཀྱི་དམར་ལྗང་ངས་མི་འདོད། །བུ་ཡོན་བདག་སྐྱིད་དོ་གང་བདེར་བཞུད། །
ཅེས་གསུང་བས། ཡང་ཁོས་བླ་མ་ལགས། བེར་མི་བཞེས་ན་ཡང་ན་བཟའ་སྲབ་པར་གདའ་བས་རེའུ་རས་འདི་ཅིས་ཀྱང་བཞེས་པར་ཞུ་ཟེར་ནས་ཞུ་དོན་གླུ་རུ་ཕུལ་ལོ། །
འོ་ན་སྐྱེས་མཆོག་རིན་པོ་ཆེ། །དབྱར་ཟླ་གསུམ་དྲོད་ཀྱི་རྒྱལ་མོ་ཤར། །བྱ་ཁུ་བྱུག་གསུང་སྙན་སྒྲོགས་པའི་དུས། །སྐུ་གཅེར་བུར་བཞུགས་ཀྱང་བསིར་རྒྱུ་མེད། །དགུན་ཟླ་གསུམ་ས་གཞི་དྲོད་དང་བྲལ། །ལོ་གསར་ལྷགས་པ་མདའ་བས་ཚ། །ན་བཟའ་རས་རྐྱང་དར་བས་སྲབ། །ཕ་རྗེ་བཙུན་འོ་བརྒྱལ་བསིར་ཏེ་མཆི། །དམར་ལྗང་ཀེ་ཙེའི་སྟེང་གཡོགས་འདི། །རྒྱུ་ཆོ་རིས་ཅན་གྱི་རས་དཀར་ལ། །མོན་དར་སྨུག་པོའི་ཆ་ག་བཏབ། །ཐོང་ཀ་ཟ་འོག་གོང་ནོན་ལ། །མཛེས་པ་དར་ལྔའི་སུབ་མས་བརྒྱན། །གོང་སྐོར་སེན་ཐབས་ཕོ་ལོང་རིས། །གོང་མཆན་གསེར་ཐིག་ཆོ་ལོ་རིས། །དེ་ཁྱེའུ་ཆུང་ང་ཡི་ཆས་གོས་ཡིན། །རྗེ་རས་པའི་ན་བཟར་འདི་འབུལ་བས། །མི་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །
ཞེས་ཞུས་པས། ཁྱོད་ཀྱི་རེའུ་ཕྲུག་ངས་མི་འདོད། དེ་བས་ལྷག་པའི་གོས་ང་རང་ལ་ཡོད་གསུང་ནས་མགུར་འདི་གསུངས་སོ། །
བུ་ཁྱོད་དྲི་འདོད་ཅན་དེ་ཚུར་ཉོན་དང་། །མ་རིག་འཁྲུལ་པས་ཁྲིད་ཁྲིད་ནས། །མ་མཐོང་འཇིགས་པའི་གཡང་སར་ཕྱིན། །ཉོན་མོངས་རླུང་དམར་ཚ་གྲང་ཆེ། །ལས་ངན་རྣམ་སྨིན་ཆར་བཞིན་འབབ། །ཐར་པའི་ལམ་ལ་འབྲོས་ཀྱང་འཚལ། །རྒྱུ་ཨ་ཤད་གཏུམ་མོའི་རས་དཀར་ལ། །རྩ་འཁོར་ལོ་བཞི་ཡི་ཐང་ཀ་ཅན། །ནང་རླུང་སེམས་རྦ་རླབས་ཆ་ག་ཅན། །དྲོད་ཐིག་ལེ་འབར་འཛག་གི་ཟ་འོག་ལ། །ཉམས་བདེ་སྟོང་ཟུང་འཇུག་གི་སུབ་མ་བཏང་། །དེ་ལྷན་ཅིག་སྐྱེས་པ་གཏུམ་མོའི་གོས། །གཏུམ་མོའི་གོས་ལ་དབྱར་དགུན་མེད། །ཕྱི་ལྟར་ལྷོ་བལ་རས་གོས་མཛེས། །རས་གོས་ན་བཟའ་ཡོངས་ལ་མཛེས། །ཁྱོད་ཀྱི་ཆས་གོས་ངས་མི་འདོད། །དེ་བས་ཡོན་བདག་ཁྱིམ་དུ་བཞུད། །
ཅེས་གསུངས་པས། ཁོས་བླ་མ་ལགས། ན་བཟའ་མི་བཞེད་ནའང་སྒྲུབ་ཡུན་རིང་བས་སྐུ་ལུས་ངན་པས། ངའི་བྱང་ཐོད་འདི་མི་བཞེས་པའི་ཐབས་མེད། ཀྲུམ་སེ་བོ་ཞིག་ལ་སྒྱུར་ཅིས་ཀྱང་བཞེས་པར་ཞུ་ཟེར་ནས་ཞུ་དོན་གླུ་རུ་ཕུལ་ལོ། །
འོ་ན་སྐྱེས་མཆོག་རིན་པོ་ཆེ། །ཁྱེད་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །སྐྱེ་འཆི་གཉིས་ལ་བརྒལ་འདོད་པས། །རྩེ་གཅིག་སྒྲུབ་པ་མཛད་དགོངས་ནས། །དཀའ་བ་ཉམས་སུ་བླང་བླངས་པས། །སྐུ་འོ་བརྒྱལ་བསེར་མ་སྐྱེས་ཏེ་མཆི། །མི་བདག་གི་མགོ་ལ་གྱོན་པ་ཡི། །བྱང་ཐོད་རྒྱ་གར་ཟིལ་པ་ཅན། །ཡ་མཚན་རྒྱ་དཔེ་ལྕགས་ཀར་ལ། །འཕྲུལ་མགར་མཁས་པས་གཟབ་རྡུང་བྱས། །འབུར་སེན་ཐབས་ཆུ་སྲིན་ཕྱི་མནང་། །བྱ་རྒོད་ལྡེམ་ཆུང་བཅུན་པར་བཙུག །ཆུ་སྲིན་སྲམ་གྱིས་མགུལ་རྒྱན་ཅན། །བཙུན་པོ་ཤེལ་ཕྲེང་མགུལ་འཆིང་བྱས། །འདི་བཙོང་ན་ཆེ་གྲགས་གཡག་གཅིག་ཁུག །རྗེ་སྤྲུལ་སྐུ་ཁྱེད་ལ་འདི་འབུལ་གྱིས། །བཅུད་ཁྲ་བོ་ཤ་ལ་སྒྱུར་ལ་གསོལ། །ཕ་རྗེ་བཙུན་སྐུ་ཁམས་གསོ་བར་ཞུ། །བདག་དབྱར་དགུན་ཆགས་ཕྱིར་འབྲང་བར་ཞུ། །
ཞེས་ཞུས་པས། ཁྱོད་ཀྱི་བྱང་ཐོད་ངས་མི་འདོད། དེ་བས་ལྷག་པའི་བྱང་ཐོད་ང་རང་ལ་ཡོད་གསུང་ནས་མགུར་འདི་གསུངས་སོ། །
བུ་ཁྱེའུ་ཆུང་ཉོན་དང་མི་མ་འཕྲུལ། །རྗེ་ན་རོ་པཎ་ཆེན་བུ་བརྒྱུད་འདི། །ལམ་རྟེན་འབྲེལ་གནད་ལ་མངའ་བརྙེས་ཤིང་། །ཐབས་ཟབ་མོའི་གདམས་ངག་མཐར་བྱུང་ནས། །ནད་འདུ་བའི་རླུང་ལ་མི་འཇིགས་པ། །བཅུད་ཁྲ་བོ་ཤ་ལ་རག་མ་ལུས། །གྲང་རླུང་ཀུན་ཅི་ལྟར་དགྱེས་དགྱེས་མཛོད། །མི་ང་ཡི་སྤྱི་གཙུག་ཅོད་པན་ན། །གདན་ཉི་ཟླ་པདྨའི་གདན་སྟེང་དུ། །རྗེ་ཡིད་བཞིན་ནོར་བུ་སྤྲུལ་པའི་སྐུ། །མཚན་ཡོངས་སུ་གྲགས་པའི་ལོཙྪ་བ། །ཁོང་དུར་ཁྲོད་རྒྱན་གྱིས་མཛེས་པར་བཞུགས། །ཁྱོད་གུས་པའི་མིག་གིས་ལྟ་ཤེས་ན། །དཔལ་རྡོ་རྗེ་འཆང་དང་གཉིས་སུ་མེད། །ཐུགས་བརྩེ་བས་བུ་བཞིན་སྐྱོང་བར་ངེས། །དེ་སྦས་པ་ནང་གི་དབུ་རྒྱན་ཡིན། །ཕྱི་ལྟར་རྒྱ་གར་པཎ་ཞུ་མཛེས། །དེ་རྣལ་འབྱོར་ང་ཡི་བྱང་ཐོད་ཡིན། །མི་ཁྱོད་ཀྱི་བྱང་ཐོད་ངས་མི་འདོད། །བུ་ཡོན་བདག་སྐྱིད་དོ་འགྲོ་ས་བསྙོག །
ཅེས་གསུང་པས། ཁོས་ངའི་འབུལ་བ་འདི་ཆུང་དགོངས་པ་ཨེ་མ་ཡིན། འདི་ཙམ་གྱིས་བཀའ་བཀྱོན་མཛད་པ་བསམ་ནས། སྐེ་གཡུ་བཟང་པོ་གཅིག་ཡོད་པ་དེ་བཀྲོལ་ནས་འདི་ཅིས་ཀྱང་བཞེས་པར་ཞུ་ཟེར་ནས་ཞུ་དོན་གླུ་རུ་ཕུལ་ལོ། །
འོ་ན་སྐྱེས་མཆོག་ངོ་མཚར་ཅན། །ཁྱེད་ཞེན་མེད་ཉམས་སུ་ལེན་ལེན་ནས། །ཅིར་སྣང་སྒྱུ་མར་གཟིགས་པའི་ཕྱིར། །ནོར་ཟང་ཟིང་གི་འདོད་པ་མི་མངའ་ཡང་། །ང་རང་དབང་མེད་པའི་དད་པ་སྐྱེས། །ཕ་བསགས་པ་ཅན་གྱི་ཟས་ནོར་ལ། །བུ་གཏོང་ཕོད་ཅན་གྱིས་མི་འབུལ་ན། །སང་ཕྱིན་ཆད་མི་བློ་འདྲེ་ཡིས་བསྒྱུར། །ལྷས་མི་མངོན་དབྱིངས་ནས་ཐུགས་ཀྱིས་ཁྲེལ། །རྗེས་དེ་ཕྱིར་མི་འདོད་མི་གསུང་འཚལ། །གཡུ་དྲུག་དཀར་མཚོ་རོག་འོད་པོ་ཆེ། །ཞུགས་ཡས་ཀྱི་སྒྲོན་མེ་དཀར་པོ་ཡིན། །གླ་འབྲིང་མཉེན་མོ་དམིག་ལ་བརྒྱུས། །བ་སྟག་དམར་གྱི་གདན་ལ་བླང་། །ལེ་བརྒན་དར་གྱིས་མགུལ་དུ་བཏགས། །འདི་བཙོང་ན་འཇིག་རྟེན་དབུལ་དང་བྲལ། །རྗེ་དམ་པའི་དྲུང་དུ་འབུལ་ལགས་ཀྱི། །བཀའ་དྲིན་ལྷ་ཆོས་གནང་བར་ཞུ། །
ཞེས་ཞུས་པས། ཁྱོད་ཀྱི་གཡུ་ངས་མི་འདོད་དེ་བས་ལྷག་པའི་ནོར་བུ་རིན་པོ་ཆེ་ང་རང་ལ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །
བུ་ཡོན་བདག་ཉོན་དང་ཕ་དྲིན་ཅན། །སྤྱིར་རྒྱལ་ཁམས་ཡངས་པའི་ས་ཕྱོགས་སུ། །རྐང་ཐག་རིང་པོའི་རྣལ་འབྱོར་འཁྱམས། །གྲོང་ཁྱེར་མཐུག་པོའི་སྲང་སྒོ་རུ། །འཚོ་བ་བྱ་ཚོལ་ཁམ་ཟན་སློང་། །ཟས་ཞིམ་མངར་གྱི་ཞེན་པ་ལོག་ནས་གདའ། །ལར་ཟང་ཟིང་ནོར་ལ་ཆོག་ཤེས་མེད། །ནོར་བསགས་ཤིང་ལུས་པ་མཐོང་ཙ་ན། །ཁྱོད་ཕྱུག་པོའི་ནོར་ལ་ཞེན་པ་ལོག །ང་ཆོག་ཤེས་རྒྱལ་པོའི་དཀོར་མཛོད་ན། །སྙན་བརྒྱུད་ནོར་བུ་རིན་པོ་ཆེ། །ཉམས་སུ་མྱོང་བའི་ཕྲ་བཀོད་དེ། །དྲན་པ་བརྗེད་མེད་བྱི་དོར་བྱས། །ཐུན་བཞི་རྣལ་འབྱོར་གྱིས་དམིགས་ལ་བརྒྱུས། །སེམས་རིག་པ་ཁྱེའུ་ཆུང་གི་རྒྱན་དུ་མཛེས། །དེ་རྣལ་འབྱོར་ང་ཡི་རྐེ་གཡུ་ཡིན། །བུ་ཁྱེད་ཀྱི་རྐེ་གཡུ་ངས་མི་འདོད། །བུ་ཡོན་བདག་སྐྱིད་དོ་ལམ་དུ་བཞུད། །
ཅེས་གསུངས་པས། ཡང་ཁོ་ཡི་བསམ་པ་ལ། བླ་མས་སྡིག་སྤྱོད་དུ་གཟིགས་ནས་ཐུགས་ལ་མི་བདོག་པ་ཡིན་སྙམ་ཏེ། སྐྱེས་བུ་དམ་པ་ཁྱེད་སྒྱུ་མའི་ནོར་ལ་མི་གཟིགས་ནའང་། ད་རེས་འཁོར་གསུམ་འདི་འབུལ། ད་ཕྱིན་ཆད་སྲོག་གཅོད་སྤངས་པའི་སྡོམ་པ་ལེན། ཅིས་ཀྱང་བཀའ་དྲིན་བསྐྱབ་པར་ཞུ་ཞེས་ཞུས་ནས་འཁོར་གསུམ་བཀྲོལ་ནས་ཞུ་དོན་གླུ་རུ་ཕུལ་ལོ། །
འོ་ན་སྐྱེས་མཆོག་རིན་པོ་ཆེ། །ངས་སྔོན་ཆད་དགྲ་ལ་དགྲ་རུ་བཟུང་། །དགྲ་གཉའ་རེང་ཡན་པར་འཆོར་མ་མྱོང་། །ངས་སྔོན་ཆད་གཉེན་ལ་གཉེན་དུ་བཟུང་། །གཉེན་བྱམས་པའི་གཉའ་རུ་གཅོག་མ་མྱོང་། །གཡས་སྟག་དོང་ཁྲ་བོ་མེ་ལྕེ་རིས། །དེ་ཉག་ཕྲན་མདའ་ཡི་སྐུངས་ས་ཡིན། །གཡོན་གཟིག་ཤུབ་འཛུམ་ཕྲན་ཐིག་ལེ་རིས། །དེ་མཆོག་དཀར་གཞུ་ཡི་སྐུངས་ས་ཡིན། །རལ་ཐག་ཕོ་ལོང་སེན་ཐབས་རིས། །དེ་དགྲ་བླ་བཙན་གྱི་སོ་པ་ཡིན། །ངས་མདོ་དྲུག་རྐེད་ལ་བཏགས་ཙམ་ན། །ཧོར་ཡན་ཐུབ་ཇག་པར་ཆས་པ་འདྲ། །སྡང་དགྲ་བོས་མཐོང་ན་གློ་སྙིང་འདར། །འབྲོང་རྩི་ཐོགས་ཉབ་པ་རྫ་ལ་འབྲོས། །ང་དེ་ཕྱིར་བསམ་ཤིང་འགྱོད་པ་སྐྱེས། །སྔར་བྱས་ཀྱི་སྡིག་ལ་འགྱོད་ཚངས་བགྱིད། །ད་ཕྱིན་ཆད་མི་བྱེད་སྡོམ་པ་ལེན། །དུས་ད་རེས་འཁོར་གསུམ་ཁྱེད་ལ་འབུལ། །རྗེ་གར་གཤེགས་ཀྱི་ཆགས་ཕྱིར་འབྲོང་བར་ཞུ། །
ཞེས་ཞུས་པས། བུ་ཁྱོད་ཀྱིས་དམ་བཅའ་མི་ཐུབ། འཁོར་གསུམ་ངས་མི་འདོད། དེ་བས་ལྷག་པའི་མདོ་དྲུག་ང་རང་ལ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །
བུ་བྱས་པ་དོན་མེད་ཚུར་ཉོན་དང་། །ཡུལ་ལོག་རྟོག་ཅན་གྱི་ས་མཁར་ན། །དགྲ་དུག་ལྔའི་ཇག་པས་ཤར་སྒུག་བྱེད། །ང་རྣལ་འབྱོར་དགྲ་ལ་གཡུལ་ངོ་འགྱེད། །དུས་ད་རེས་ཕམ་རྒྱལ་མ་བགོས་ན། །ཕྱིས་ཐར་མེད་བཙོན་རར་ཚུད་ཉེན་གདའ། །ད་དེ་སྐད་དགོངས་ལ་བཙན་ས་བཟུང། །ཕྱི་སྣང་བ་ཁྲ་བོའི་རལ་གྲི་ལ། །ནང་འཛིན་པ་རང་གསལ་རལ་ཤུབ་བྱས། །ལམ་ཟུང་འཇུག་ཡངས་པའི་རལ་ཐག་བྱས། །དྲོད་རྟགས་ཡོན་ཏན་སེན་ཐབས་རིས། །དེ་སྦས་པ་ནང་གི་མདོ་དྲུག་ཡིན། །དོན་སྐྱེ་མེད་སྟོང་པའི་གཞུ་མོ་ལ། །ཐབས་བྱང་ཆུབ་སེམས་ཀྱིས་སྟོང་སྦྱར་ནས། །ཚད་མེད་བཞི་ཡི་མདའ་འཕངས་པས། །དགྲ་དུག་ལྔའི་གཡུལ་ངོ་བཟློག་པར་བྱེད། །ལས་ཉོན་མོངས་ཀྱི་དམག་ཚོགས་བཟློག་སྟེ་མཆི། །དེ་རྣལ་འབྱོར་ང་ཡི་དགྲ་ཐབས་ཡིན། །བུ་ཁྱོད་ཀྱི་སྟག་ཆས་ངས་མི་འདོད། །ཡོན་བདག་སྐྱིད་དོ་ཁྱིམ་དུ་བཞུད། །
ཅེས་གསུང་པས། བླ་མ་ལགས་འཁོར་གསུམ་མི་བཞེད་ནའང་། །བཀའ་དྲིན་ཞིག་མི་ཞུ་བའི་ཐབས་མེད་པས། ངའི་སྐེ་རག་གྲི་སག་འདི་བཞེས་ལ་ཅིས་ཀྱང་ཐུགས་རྗེས་བཟུང་འཚལ་ཞེས་ཞུ་དོན་གླུ་རུ་ཕུལ་ལོ། །
རྗེ་སྤྲུལ་སྐུ་ཆེན་པོ་རྣལ་འབྱོར་པ། །སྤྱིར་ཆོས་མཁྱེན་པ་མང་སྟེ་བསྒྲུབ་པ་ཉུང་། །སྒྲུབ་རྟགས་ཐོན་པ་རེ་རེ་ཙམ། །ཆོས་མཁྱེན་པ་བླ་མ་མང་ལགས་ཀྱང་། །ཕ་སྤྲུལ་སྐུ་རས་ཆེན་མ་ལགས་པའི། །ཆོས་མཁྱེན་ཟེར་མང་ལ་ངས་མི་ཞུ། །ཁྱེད་དཀའ་བ་སྤྱད་པའི་ཆོས་པ་ལ། །ངས་ཀྱང་ཅི་འོས་ཞུ་མི་ཕོད། །བལ་གཡུ་མཐིལ་གྱི་རས་ཡུག་ལ། །ཆུ་རས་སྤྲིན་གྱི་ཁ་བད་བརྒྱན། །མཚོན་རྣོན་པོ་ཁྲོ་ཆུ་གསེར་འགོ་ལ། །ཤུབ་ལྕགས་དཀར་དངུལ་གྱི་དྲྭ་བ་ཅན། །ལུང་མདོ་ལོང་ལྕགས་ཀྱི་ཉག་ཐག་ཅན། །ར་གན་འབུར་གྱིས་དམིག་བཞི་བྱས། །མི་ང་ཡི་རྐེད་སྐབས་གློ་ལ་མཛེས། །ཕྱིར་སྟག་ཅན་ཅན་གྱི་རྒྱན་དུ་ཆེ། །སྒོས་ཁྱེའུ་ཆུང་ང་ཡི་ཕོ་ཆས་ཡིན། །ངས་མོས་པའི་ཞུ་རྟེན་འདི་འབུལ་བས། །སྒོམ་ཉམས་ལེན་གང་ཟབ་ཐུགས་ལ་ཐོགས། །
ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ངའི་སྒོམ་ཉམས་ད་ལྟ་ཁྱོད་ལ་བསྟན་དུ་མི་རུང་། ཁྱོད་ཀྱི་ཞུ་རྟེན་ངས་མི་འདོད། ནོར་ཕྱིར་ཆོས་མི་བཙོང་། དེ་བས་ལྷག་པའི་གྲི་སག་ང་རང་ལ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །
བུ་སྟག་ཤར་དོན་མེད་ཚུར་ཉོན་དང་། །གངས་དཀར་འགྲིམ་པའི་སེང་ལྕམ་ལ། །བཅུད་བདུད་རྩི་ལྟ་བུའི་འོ་མ་ཡོད། །རིན་ཆེན་གསེར་སྣོད་མ་ལགས་པའི། །སྣོད་ངན་ཕལ་དུ་བླུག་མི་གཏུབ། །སྣོད་ངན་ཕལ་དུ་བླུག་པ་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་འབོ། །དེ་བཞིན་གསང་སྔགས་ཟབ་མོའི་ཆོས། །སྐལ་ལྡན་གཅིག་ཙམ་མ་གཏོགས་པ། །སྐལ་མེད་རྣམས་ལ་ཡོངས་མི་སྦྱིན། །སྐལ་མེད་རྣམས་ལ་བྱིན་གྱུར་ན། །དམ་ཚིག་ཉམས་ན་དམྱལ་བར་འགྲོ། །དེ་ཕྱིར་ཆོས་ཀྱི་རྒྱ་མདུད་བསྡམ། །ང་གཡོ་མེད་དྲང་པོའི་རྐེད་སྐབས་ལ། །གཞི་འདུན་པ་དྲག་པོའི་རས་ཡུག་བཅིངས། །སེམས་ཟོལ་ཟོག་མེད་པའི་ཆུ་རིས་བཏང་། །ཤེས་རབ་རྣོན་པོའི་གྲི་སག་ལ། །ཉམས་གདེང་ཚད་གསུམ་གྱིས་ལྕགས་ཤུབ་ཅན། །ལུང་དད་པ་ལྕགས་ཀྱི་ཉག་ཐག་ལ། །བརྩོན་འགྲུས་གསེར་གྱིས་དམིག་བཞི་དྲང་། །སྤྱིར་ཆོས་མཛད་ཡོངས་ཀྱི་རྒྱན་དུ་ཆེ། །སྒོས་རྣལ་འབྱོར་ང་ཡི་རྐེད་སྐབས་མཛེས། །མ་མཁའ་འགྲོ་མན་ཆད་འཇིག་རྟེན་ན། །སྔར་ཡང་ནོར་ཕྱིར་ཆོས་མ་བཙོང་། །ད་ཡང་ཞུ་རྟེན་ཡང་མི་ལེན། །བུ་ཁྱེའུ་ཆུང་སྐྱིད་དོ་ཁྱིམ་དུ་བཞུད། །
ཅེས་གསུངས་པས། བླ་མ་ལགས། ཁྱེད་ཟང་ཟིང་གི་དངོས་པོ་གང་ཡང་མི་བཞེད་ན། ང་ལ་དགོན་པ་ལེགས་པོ་ཅིག་ཡོད་པ་དེ་འབུལ། ཐུགས་ཀློད་ལ་བཞུགས་འཚལ། ཞེས་ཞུ་དོན་གླུ་རུ་ཕུལ་ལོ། །
རྗེ་དམ་པ་རས་ཀྱི་ན་བཟའ་ཅན། །ཁྱེད་བྱར་མེད་ཞེན་པ་ལོག་པ་དེ། །ཕ་ཡུལ་བཙོན་ར་རྒྱབ་ཏུ་བོར། །ས་ཕྱོགས་རིས་མེད་པའི་མི་ཡུལ་བསྐོར། །སྐུ་སྐྱིད་སྡུག་གི་སྤྲོས་པ་ཆོད་ལགས་ཀྱང་། །གཞི་གཅིག་ཏུ་བཞུགས་ན་ཐུགས་དམ་འཕེལ། །ངེད་དགོན་པ་རི་ཐང་མཚམས་སུ་བདེ། །རང་བྱུང་དག་པའི་ཀ་བ་ལ། །སྣང་གསལ་ནམ་མཁའི་ཀ་རྒྱན་མཛེས། །རྒྱ་ནག་མཐིང་གི་ས་གཞི་ལ། །རྡོ་རྒྱུས་མཚལ་གྱི་མཎྜལ་བྲིས། །ཧ་ལ་མེ་ཏོག་ཚོམ་བུ་བཀོད། །ཕྱི་ནས་བཙན་པོའི་འོབས་ཀྱིས་བསྐོར། །གཉན་པོ་ཤིང་གི་ཁ་བད་བཏགས། །རྩ་བརྒྱད་མཆོད་རྟེན་ཕྲེང་བས་བརྒྱན། །ངེད་འཇིག་རྟེན་པའི་མོས་པའི་རྟེན། །ཕ་ཁྱེད་ཀྱི་དགོན་པར་འབུལ་ལགས་ཀྱི། །ཐུགས་མ་རིངས་དགོངས་པ་ཀློད་ལ་བཞུགས། །
ཞེས་ཞུས་པས། བུ་བདག་ཏུ་བཟུང་བའི་དགོན་པར་ང་མི་འདོད། །འཐུན་འཇུག་གི་མི་ཆོས་ངས་མི་ཤེས། ཁྱོད་ཀྱི་ཡུལ་དུ་ང་མི་འགྲོ། དེ་བས་ལྷག་པའི་དགོན་པ་ང་རང་ལ་ཡོད་གསུང་ནས་མགུར་འདི་གསུངས་སོ། །
འོ་ན་སྟག་ཤར་འཕྲུལ་གྱི་རྒྱུད། །བུ་སེམས་སྟོབས་ཅན་དེ་ཚུར་ཉོན་དང་། །ཚེ་འདི་ཀུན་མི་རྟག་སྒྱུ་མ་ཙམ། །སང་འཆི་བདག་གཤིན་རྗེ་སླེབས་ཙམ་ན། །ཁྱེད་ཕྱུག་པོས་ནོར་གྱིས་བསླུ་ས་མེད། །དཔའ་བོས་རལ་ཁ་བྱེད་ས་མེད། །སྡར་མས་ཝ་བྲོས་བྱེད་ས་མེད། །དུས་དེ་དུས་དྲན་ན་ཡ་རེ་ཆ། །ངས་དེ་ལྟར་རྟོགས་ནས་བཙན་ས་བཟུང་། །ནང་སྐྱེ་མེད་སེམས་ཀྱི་དགོན་པ་ན། །འཁྲུལ་མེད་སེམས་ཀྱི་ཁ་བད་བཏང་། །འགྱུར་མེད་སེམས་ཀྱི་ཀ་བ་བཙུགས། །ལྷ་བསྐྱེད་རྫོགས་ཉི་ཟླའི་ཀ་རྒྱན་ཤར། །གཞི་རང་སེམས་དྲོད་ཀྱི་ས་གཞི་ལ། །ལྷ་མཐོང་མཚལ་གྱིས་མཎྜལ་བྲིས། །ཉམས་བདེ་གསལ་མི་རྟོག་ཚོམ་བུ་བཀོད། །དགེ་བཅུ་མཛེས་པའི་བརྒྱ་རྩ་ལ། །བརྩན་པོ་སྟོང་ཉིད་འོབ་ཀྱིས་བསྐོར། །དེ་རྣལ་འབྱོར་ང་ཡི་དགོན་པ་ཡིན། །མི་ཁྱོད་ཀྱི་དགོན་པ་ངས་མི་འདོད། །ཡོན་བདག་སྐྱིད་དོ་ཁྱིམ་དུ་བཞུད། །
ཅེས་གསུང་པས། བླ་མ་ལགས། ཁྱེད་དགོན་པ་མི་བཞེས་ནའང་ངའི་སྲིང་མོ་དད་པ་ཅན་ཅིག་ཡོད་པ་ཇོ་མོར་འབུལ། ཐུགས་ཁྲེལ་དང་ཀོ་ལོང་མི་མཛད་པར་ཅིས་ཀྱང་བཞེས་པར་ཞུ། ལུས་སྒྱུ་མ་ཡིན་པས་བསྙུང་བྱུང་ན་ཤ་ཚ་བའི་གྲོགས་རེ་དགོས་ལགས་ཞུས་ཏེ། ཞུ་དོན་གླུ་རུ་ཕུལ་ལོ། །
རྗེ་རི་ཁྲོད་འགྲིམ་པའི་རྣལ་འབྱོར་པ། །ཁྱེད་བུད་མེད་ཀྱི་སྐྱོན་འཚང་གཟིགས་པ་དེས། །ཆགས་སེམས་འདོད་པ་མི་མངའ་ཡང་། །ལུས་སྒྱུ་མ་ལགས་པས་སྐུ་བསྙུང་འབྱུང་། །ཤ་ཚ་སྙིང་བརྩེའི་གྲོགས་དགོས་པས། །ང་མིང་པོ་གསུམ་གྱི་སྲིང་གཅིག་མ། །ཕ་བཟང་གི་བུ་མོ་ཆོ་རིགས་ཅན། །མ་འཛངས་ཀྱི་བུ་མོ་སྨན་མོ་འཕྲུལ། །ཁྲོམ་ལྷ་མི་འཚོགས་པའི་ཡིད་འཕྲོག་མ། །རྗེ་ས་བདག་རྒྱལ་པོའི་བཙུན་མོ་རྒྱུ། །གོས་རེའུ་ཟེར་ལགས་ཏེ་དར་མ་ཡིས། །དར་འཇའ་ཚོན་ཁུགས་ཀྱི་ཆུ་རིས་ཅན། །མགོ་གསེར་གཡུ་གཉིས་ཀྱི་ལན་ཚར་ཅན། །གཟི་མཆོང་སྤེལ་མའི་དོ་ཤལ་ཅན། །བཙུན་པོ་སོ་ཡི་སྒོ་ཕྲེང་ཅན། །སྨན་མཚར་སྡུག་འོད་ཆགས་བྲིས་པ་འདྲ། །འོད་འཕྲོས་ལྷ་ཡི་བུ་མོ་འདྲ། །ངེད་འཇིག་རྟེན་པ་རྣམས་ཕར་བལྟས་པས། །སྨན་འཕྱོར་མོ་ཡུལ་གྱི་མེ་ཏོག་ཡིན། །མིང་ནི་ཞུགས་ཡས་རིན་ཆེན་སྒྲོན། །སློང་མི་མང་སྟེ་ཁ་ཤོར་མེད། །དུས་དེ་རིང་སྤྲུལ་སྐུ་ཁྱེད་ལ་འབུལ། །ཐུགས་ཀོ་ལོང་མི་མཛད་བཞེས་པར་ཞུ། །
ཞེས་ཞུས་པས། རྗེ་བཙུན་གྱིས་ཧ་ཧ་གསུང་ནས་བུ་དེ་སྐད་མ་ཟེར་ངས་འཁོར་བའི་ཁྱིམ་ཐབ་བློས་བཏང་། བདག་འཛིན་གྱི་ཆུང་མ་ངས་མི་འདོད། བུ་ཁྱོད་ཀྱང་ད་ལྟར་གྱི་དད་པ་གློ་བུར་བ་ཡིན། ང་སྡེ་རིས་དང་ཕ་ཚན་མེད་པའི་སྤྲང་རྒན་གཅིག་ལ་སྲིང་མོ་བྱིན་པས་ཡུལ་མི་ཁྱིམ་མཚེས་ཀྱིས་ཀྱང་འཕྱ། སྲིང་མོས་ཀྱང་གྱོད་བརྡ་བྱེད། ཁྱོད་རང་འགྱོད་དེ་འོང་། ཁྱོད་ཀྱི་སྲིང་མོ་ངས་མི་འདོད། ཁྱོད་ཀྱི་མག་པ་ངས་མི་འོང་། དེ་བས་ལྷག་པའི་ཆུང་མ་ང་རང་ལ་ཡོད་གསུང་ནས་མགུར་འདི་གསུངས་སོ། །
ཁྱོད་ཕ་ནི་ཡ་རབ་འཛངས་ཀྱི་རྒྱུད། །བློ་རྒྱ་ཅན་དེ་ཚུར་ཉོན་དང་། །སྤྱིར་ཡང་བུད་མེད་ཆགས་པའི་རྒྱུ། །མཚན་ལྡན་རིག་མ་ཤིན་ཏུ་དཀའ། །ལམ་ཕོ་ཉ་བགྲོད་པ་ངོ་མཚར་ཡང་། །ཁྱེད་སྐྱེ་བོས་ཁ་ཡང་སྡིག་པ་སོགས། །དེ་ཕྱིར་ཕྱག་རྒྱ་བསྟེན་པ་དཀའ། །ང་ཆགས་བྲལ་སྟོང་པའི་བུད་མེད་ལ། །སྙིང་རྗེའི་མདངས་ཅན་བཞིན་བཟང་མ། །བྱམས་པའི་འཛུམ་གྱིས་ཡིད་འཕྲོག་མ། །རོ་སྙོམས་སྤྱོད་པ་ཤ་ཚའི་གྲོགས། །སྣ་ཚོགས་དཀར་དམར་རེལ་ཕྲུག་ལ། །གཉིས་མེད་ཐུག་འཕྲད་རྒྱན་གྱིས་བརྒྱན། །རོ་སྙོམས་སྤྱོད་པའི་ག་ཞ་ཅན། །དགའ་བ་བཞི་ཡི་ལན་ཚར་ཅན། །དུ་མ་རོ་ཅིག་དོ་ཤལ་ཅན། །གཉུག་མའི་དོན་རྟོགས་འབྱོར་མོ་སྨན། །དེ་རྣལ་འབྱོར་ང་ཡི་གྲོགས་མོ་ཡིན། །བལྟ་ན་སྡུག་ལ་འབྲལ་མི་ཕོད། །མི་འབྲལ་ཡུན་དུ་འགྲོགས་ཏེ་མཆི། །ཁྱེད་འཁོར་བའི་ཁྱིམ་ཐབ་ངས་མི་འདོད། །བདག་འཛིན་ཆུང་མ་ངས་མི་འདོད། །ཡོན་བདག་སྐྱིད་དོ་ཁྱིམ་དུ་བཞུད། །ཅེས་གསུངས་པས།
བླ་མ་ལགས་རྟོགས་པ་ཅན་གྱི་གང་ཟག་ལ། ངོ་ཚའི་རྣམ་རྟོག་མི་མངའ་ཡང་། ངེད་འཇིག་རྟེན་པ་ངོ་ཚ་བར་འདུག་པས། བྱང་རྐྱང་འདི་ཅིས་ཀྱང་བཞེས་པར་ཞུ་ཟེར་ནས་ཞུ་དོན་འདི་ཕུལ་ལོ། །
རྗེ་སྦ་གསང་མེད་པའི་རྣལ་འབྱོར་པ། །བརྟུལ་ཞུགས་སྤྱོད་པའི་གཅེར་ཉལ་མཁན། །ཆ་ལུགས་གར་དགར་སྟོན་པ་དེ། །འཁྲུལ་པ་ནང་ནས་ཞིག་པ་ཡིན། །ཁྱེད་ཡ་ང་བག་ཚ་མི་འདུག་སྟེ། །ངེད་འཇིག་རྟེན་པས་ནི་ངོ་ཚེ་བྱེད། །ཐུགས་དགོངས་པ་སངས་རྒྱས་མཐོ་ལགས་ཀྱང་། །འཕྲལ་མཛད་སྤྱོད་མི་དང་བསྟུན་ལ་ལེགས། །བདག་ཁྱེའུ་ཆུང་གྱོན་པའི་བྱང་རྐྱང་འདི། །རྒྱུ་གཡང་མོ་ལུག་གི་འཇམ་བལ་ལ། །མ་དང་སྲིང་མོའི་ཉག་ཐུས་བྱས། །མནའ་མ་མཛངས་ཀྱིས་ཐག་རར་བཏག །ཁྱིམ་མཚེས་བུ་མོས་ཆག་ཆག་བྱས། །ཨ་ཁུ་བྱམས་པའི་བཟོ་ཡིས་བཙེམ། །ངེད་འཇིག་རྟེན་པ་ཡི་ངོ་ཚའི་གོས། །ན་བཟའ་བྱང་རྐྱང་གཙང་མ་འདི། །གདུགས་དེ་རིང་སྤྲུལ་སྐུ་ཁྱེད་ལ་འབུལ། །རྗེས་མི་འདོད་མི་གསུང་བཞེས་པར་ཞུ། །
ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ངོ་ཚ་མི་ཚའི་རྒྱུ་མཚན་ཁྱེད་འཇིག་རྟེན་པས་མི་ཤེས། ངས་ཆ་ལུགས་ལྷུག་པར་འཇོག་པ་ལ་ཁྱེད་ཀྱི་བཞད་གད་དུ་བྱེད་དེ། ང་དང་པོ་མའི་ཁོང་ནས་སྐྱེས་ཀྱང་གཅེར་བུར་སྐྱེས། ཐ་མ་འཆི་དུས་ཀྱང་རིག་པ་གཅེར་བུ་ཐོན་ནས་འགྲོ་བ་ཡིན། ད་ལྟ་ཡང་བཅས་བཅོས་མེད་པར་སྡོད་པ་ཡིན་གསུང་ནས་མགུར་འདི་གསུངས་སོ། །
འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ། །ཁྱོད་ངོ་མི་ཚ་བ་ལ་ངོ་ཚ་བྱེད། །འདི་ནི་རང་བྱུང་ཕོ་རྟགས་ཡིན། །བཅོས་མས་སྤྱོད་པ་ངས་མི་ཤེས། །ཁྲེལ་ངོ་ཚ་དག་ལ་ཁྱེད་མི་འཛེམ། །ངན་སྤྱོད་གཡོ་སྒྱུ་བསླུ་བ་དང་། །སྤྱོད་ངན་ཞེ་ངན་ལོག་ལྟ་དང་། །སྡིག་དང་མནའ་ཟ་ཁྲེལ་མེད་རྣམས། །ངོ་ཚ་ཡིན་ཏེ་འཛེམ་མི་མེད། །ངས་ནི་ངོ་ཚ་འདི་ལྟར་འགེབས། །རྒྱུ་བྱང་ཆུབ་སེམས་ཀྱི་འཇམ་བལ་ལ། །དམ་ཚིག་སྡོམ་པའི་ཉག་ཏུ་དྲང་། །སྨིན་ལམ་དབང་བཞིས་གསང་ཐུས་བྱས། །གྲོལ་ལམ་ཏིང་འཛིན་ཐག་ཡང་བཏག །དག་པ་སྨོན་ལམ་ཆག་ཆག་བཏབ། །ཐམས་ཅད་མཁྱེན་པ་བཟོ་བོ་ཡིས། །ཁྲེལ་ཡོད་ངོ་ཚའི་བྱང་རྐྱང་བཙེམ། །གཞན་དོན་མཐར་ཕྱིན་ངོ་ཚའི་གོས། །ཁྱོད་ཀྱི་བྱང་རྐྱང་ངས་མི་འདོད། །བུ་ཡོན་བདག་གར་འདོད་ཁྱིམ་དུ་སོང་། །
ཞེས་གསུང་པས། ཁོའི་བསམ་པ་ལ་སྐྱེས་བུ་འདིས་ཞབས་ཏོག་གང་ཡང་མི་བཞེས་པར་འདུག་ཅིང་བཀའ་བཀྱོན་ཤིན་ཏུ་ཆེ་ནའང་། གར་གཤེགས་དང་གར་བཞུགས་ཞིག་དྲི་དགོས་སྙམས་ནས། རྗེ་བཙུན་ལགས། ཁྱེད་ཞབས་ཏོག་གང་ཡང་མི་བཞེད་པར་སྣང་། ད་ལྟ་འདི་ནས་འགྲོ་ཡུལ་འདིར་སྡོད་ཀྱི་ཐུགས་གཏད་སོ་ཡོད་དེ་ང་འོང་གི །བདག་ལ་མི་གསང་བར་གསུང་འཚལ་ཞུས་པས། དེ་བདེན་པར་གསང་རྒྱུ་མེད་ང་རྩས་མ་དིང་རིར་ལྡོམ་བུ་བྱེད་ནས་དགུན་ལ་ཕྱི་ན་སྡོད་གསུང་པས། འོ་ན་ཞག་གཅིག་གཉིས་ངེད་ཅན་དུ་འབྱོན་ནས་དགུན་རྒྱགས་ངས་སྤྲད་ཞུས་ནས་ཞུ་དོན་འདི་ཕུལ་ལོ། །
རྗེ་འགྲན་གྱིས་དོ་མེད་སྤྲུལ་པའི་སྐུ། །ཁྱེད་སྙེ་ནམ་ཕྱོགས་སུ་འབྱོན་དགོངས་ན། །རོ་སྙོམས་ལྡོམ་བུ་མཛད་དགོངས་ན། །ཡུལ་དེ་ན་ཡོན་ཏན་ཅང་མ་མཆིས། །གནམ་ཁ་ཞིང་ཅན་གྱི་དིང་རི་དེར། །མི་ནི་དགེ་སེམས་ཡུངས་འབྲུ་ཙམ། །རྩམ་པ་རིན་ཆེན་གསེར་བས་དཀོན། །ལག་པ་ལྷ་ཁང་སྒོ་བས་དམ། །བརྒྱ་ལ་བྱིན་ཡང་ནད་ཁམས་སློང་། །མུ་གེ་རྫོང་གི་གྲོང་ཁྱེར་ཡིན། །ལ་ཐོག་ལ་སྔོན་པོ་འཇིགས་པ་ཆེ། །མི་སེར་ཇག་པའི་འགྲིམ་ལམ་ཡིན། །མཛེ་པོས་མཚན་འགྲོས་བྱེད་ས་ཡིན། །སྐུང་ས་བགྲང་ན་ཟད་པ་མེད། །གྲོགས་བརྒྱ་བརྒྱ་མིན་པས་ལམ་མི་ཐོན། །གོམ་གསུམ་ཙམ་ལ་སྐྱེལ་མ་དགོས། །ཡུལ་སྙེ་ནམ་ལུང་པ་སྐད་པ་དེ། །བལ་བོད་གཉིས་ཀྱི་སོ་མཚམས་ཡིན། །སྟོད་ནི་བོད་ཁམས་ཁ་བའི་ཡུལ། །ཉིན་མཚན་མེད་པར་ལྷག་པ་ཆེ། །དབྱར་དགུན་མེད་པར་ཁ་བ་འབབ། །མི་ནི་བྱོལ་སོང་ཕྱུག་བས་བླུན། །ཆུ་ནི་མོན་ཁའི་ལྷོ་ན་འབབ། །སྨད་ནི་རོང་ཁུང་ཚད་པ་ཆེ། །གཅན་འཕྲང་ཟམ་པ་སྲོག་ལ་གཟན། །བལ་ནད་ཚད་པ་ཚེ་ལ་གནོད། །མི་ནི་ལྷོ་བལ་སྐད་མི་མཐུན། །ཤིང་སྡོང་པོ་མི་རོ་རེང་བ་འདྲ། །ཕ་ཁྱེད་ཀྱི་གཤེགས་ས་དེ་ན་མེད། །ད་རེས་མི་གཤེགས་བཤོལ་བར་ཞུ། །གཏན་གྱི་མཆོད་གནས་མི་གནང་ཡང་། །དགུན་ཟླ་གསུམ་བཞེས་པ་འདྲེན་ལགས་པས། །བདག་ཁྱེའུ་ཆུང་ཡུལ་དུ་འབྱོན་པར་ཞུ། །སྤྲུལ་སྐུ་གདན་སྤྱོད་གཤེགས་པར་ཞུ། །ཐུགས་དགོངས་པ་སྒྱུར་ལ་གཤེགས་པར་ཞུ། །ཅིས་ཀྱང་མས་ཀྱང་གཤེགས་པར་ཞུ། །
ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། བདག་འཛིན་ཅན་གྱི་ཡོན་བདག་ངས་མི་འདོད། ངོ་སྲུང་དང་འཐུན་འཇུག་ངས་མི་ཤེས། ཁྱེད་ཀྱི་ཡུལ་དུ་ཡང་ང་མི་འགྲོ། ཡུལ་སྙེ་ནམ་དང་དིང་རིའི་རྒྱུས་ཁྱོད་བས་ང་རང་ཞིབ་གསུང་ནས་མགུར་འདི་གསུངས་སོ། །
འོ་ན་ཁྱེའུ་ཆུང་འདུན་པ་ཅན། །བུ་དད་པ་འགྱུར་མེད་ཚུར་ཉོན་དང་། །ཡུལ་ལ་དགེ་བཅུ་ཚང་ས་མེད། །མེ་ལ་སྐྱོན་མེད་ཡོན་ཏན་ཚང་བ་མེད། །ཤིང་འཛེར་མེད་དྲང་པོར་སྐྱེས་པ་མེད། །ད་དུས་ཀྱིས་བསྒྱུར་བས་དཀའ་བར་གདའ། །ང་རྣལ་འབྱོར་སེམས་ལ་གང་བྱུང་བདེ། །ངས་དབང་གྲོས་ཁ་མི་སྟེར་མ་མྱོང་། །ཡུལ་དིང་རིའི་རྩམ་པ་དཀོན་ལགས་ཀྱང་། །ང་རྣལ་འབྱོར་ཟས་ལ་སྨེ་གཙང་མེད། །ཕྱི་ལྟར་བདུད་རྩི་ལྔ་ལ་སྤྱོད། །ཟས་ཞིམ་མངར་རོ་ལ་ཆགས་མ་མྱོང་། །ནང་ཟག་མེད་ཏིང་འཛིན་ཟས་སུ་ཟ། །ང་དེ་ཕྱིར་ལྟོ་ཡི་ཞེན་པ་ཆུང་། །མུ་གེ་ཀུན་ཅི་ལྟར་དགྱེས་དགྱེས་མཛོད། །ལ་ཐོག་ལ་འཇིགས་པ་ཆེ་ལགས་ཀྱང་། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐྱབས་དཀོན་མཆོག་གསུམ་ལ་རྒྱབ་རྟེན་བཟང་། །གནས་གསུམ་མཁའ་འགྲོ་སྐྱེལ་མར་ཡོད། །གྲོགས་བྱང་ཆུབ་སེམས་དང་ལྷན་ཅིག་འགྲོགས། །བསུ་མ་ལྷ་སྲིན་སྡེ་བརྒྱད་ཡོད། །ལར་ནོར་མེད་སྤྲང་པོ་དགྲ་དང་བྲལ། །ཇག་པ་ཅི་ལྟར་དགྱེས་དགྱེས་མཛོད། །སྙེ་ནམ་ལུང་ནག་བྱ་བ་དེ། །མི་ནི་མ་བཅོས་སྔོན་གྱི་མི། །གཏམ་ནི་མ་བཅོས་དྲང་པོར་སྨྲ། །སྤྱོད་པ་མ་བཅོས་ལྷོད་ལྷོད་པོ། །བཟའ་བཏུང་མ་བཅོས་སྦ་སྲི་མེད། །ཡུལ་ནི་མ་བཅོས་རྩི་ཤིང་ཕྱུག །ནོར་ཟང་ཟིང་གི་ལོངས་སྤྱོད་ངས་མི་འདོད། །བཟའ་བཏུང་ཟས་ལ་ཁོང་ཚོ་བཟང་། །འདུ་འཛི་གཡེང་བ་དེ་ན་ཆུང་། །ང་རྣལ་འབྱོར་ཤེས་པ་དེ་ན་བདེ། །མཉམ་བཞག་ཏིང་འཛིན་དེ་ན་འཕེལ། །སྙེ་ནམ་ལྷགས་པ་ཆེ་ལགས་ཀྱང་། །གཏུམ་མོའི་དྲོད་ལ་རང་དབང་ཐོབ། །རླུང་ཚ་གྲང་གཉིས་ཀྱི་འཇིགས་དང་བྲལ། །ཁ་བ་ཅི་ལྟར་དགྱེས་དགྱེས་མཛོད། །མི་ང་ཡི་བློ་ལ་བཤོལ་ཐབས་མེད། །བུ་ཁྱོད་ཀྱི་ཡུལ་དུ་ང་མི་འགྲོ། །ཁེ་གྲགས་ཡོན་བདག་ངས་མི་འདོད། །ངོ་སྲུང་སྤྱོད་པ་ངས་མི་འདོད། །ཉི་མ་གསེར་བྱིལ་ལ་ལ་ཐལ། །ཆེ་བཞི་བ་ར་ཁྱིམ་ན་ཕྱིན། །མུན་པ་ཕོ་རོག་རྫོང་དུ་ཞེན། །བུ་ཚེ་རིང་ནད་མེད་སྨོན་ལམ་འཚལ། །བུ་ཁྱེའུ་ཆུང་སྐྱིད་དོ་གནས་མལ་སྙོགས། །
ཅེས་གསུང་པས། ཁོ་ཡིད་ཆད་པས། བླ་མ་ལགས། ཁྱེད་ལ་ཅི་ཕུལ་ཡང་མ་བཞེས། ལྷ་ཆོས་ཚིག་གསུམ་ཡང་མ་གནང་བས། བདག་སྡིག་པ་དང་སྒྲིབ་པ་ཆེ་ངེས་ཤིང་། བསོད་ནམས་ཟད་པར་འདུག་པས་སྨོན་ལམ་གཅིག་འདེབས་ནས། ཁྱེད་ཀྱི་དྲུང་དུ་ལྕེབ་ནས་ཤི་བ་ཅིག་བྱེད་ཟེར་ནས་རྐེད་ནས་གྲི་ཕྱུང་སྟེ་ཁོང་རང་གི་སྐེ་བྲེག་རྩིས་བྱས་ནས་སྨྲེ་སྔགས་ཀྱིས་གླུ་འདི་ཕུལ་ལོ། །
རྗེ་རྣལ་འབྱོར་ཆེན་པོ་སྙན་གསོན་དང་། །ད་ནང་གདུགས་ཀྱི་སྔ་དྲོ་ལ། །ཆུ་མིག་དངུལ་འབུམ་རྩ་བ་ན། །གཅེར་ཉལ་བྱེད་པའི་མི་གཅིག་མཐོང་། །འོ་ན་རྣལ་འབྱོར་སྨྱོན་པ་གཅིག །སྤྱོད་པ་ཐོ་ཅོ་བྱེད་པ་གཅིག །ཆ་ལུགས་གར་དགར་སྟོན་པ་གཅིག །འདི་ལ་ཏིག་ཏིག་མེད་དོ་སྙམས། །ཡིད་ཀྱང་མ་མོས་སྐུར་བ་ཤོར། །རྟ་ཡང་མ་བསྐྱོན་བཟུར་ནས་སོང་། །དེ་ཡང་བླ་མས་ཐུགས་ཀྱིས་ཁྲེལ། །བདག་ངོ་ཚས་གནོང་སྟེ་ཤི་དང་འདྲ། །དེ་ནས་ཉི་མ་རྩེ་ཤར་ལ། །བོང་ཆུ་སྔོན་མོ་བརྒལ་ཙ་ན། །རྗེ་གྲུབ་ཐོབ་བླ་མ་རིན་པོ་ཆེ། །ཁྱེད་ཆུ་ལ་བྱ་ལྟར་ལྡིང་བ་མཐོང་། །མཁའ་ལ་རླུང་ལྟར་འཕྱོ་བ་མཐོང་། །རྫུ་འཕྲུལ་ལུས་ཀྱིས་གཤེགས་པ་མཐོང་། །གཙང་ཆབ་ཕར་ཁར་ཕྱིན་ཙ་ན། །རྗེ་གྲུབ་ཐོབ་གཅིག་དང་མཇལ་ལོ་སྙམས། །བག་ཆགས་སྒྲིབ་པ་ཆུང་ངོ་སྙམས། །ཁ་རྗེ་བསོད་ནམས་ཆེའོ་སྙམས། །ལས་འཕྲོ་སྦྱངས་པ་ཡོད་དོ་སྙམས། །ལྷ་ཆོས་སྐལ་བ་ཡོད་དོ་སྙམས། །དུས་དེ་རིང་ཙམ་ལས་དགའ་བ་དེ། །བདག་མ་ལ་སྐྱེས་ནས་འོང་མ་མྱོང་། །སྒྱུ་མ་ནོར་གྱི་ཞབས་ཏོག་ལ། །མི་འདོད་མི་དགོས་གསུང་བ་དེ། །ཕ་རྣལ་འབྱོར་རས་པ་མ་ལགས་པའི། །བོད་མགོ་ནག་ཡོངས་ལ་ངས་མ་མཐོང་། །རྗེ་ཁྱེད་བས་ངོ་མཚར་ཆེ་བ་དེ། །ཆོས་མཛད་ཡོངས་ལ་མཐོང་མ་མྱོང་། །དེ་ཙམ་ངོ་མཚར་ཆེ་ལགས་ཀྱང་། །དེ་རིང་ཉི་མ་རྐྱང་གང་ལ། །མི་བདག་གིས་ནན་ཏན་མི་བསྐྱེད་རྒྱུས། །རྗེ་དམ་པས་ཐུགས་ཀྱིས་མི་གཟིགས་པས། །བདག་ལས་ངན་སྒྲིབ་པ་ཆེ་ཆེ་འདྲ། །ལས་འཕྲོ་བསོད་ནམས་ཆུང་ཆུང་འདྲ། །ལྷ་ཆོས་སྐལ་བ་མེད་མེད་འདྲ། །ད་ནི་ཡིད་ཆད་བློ་མ་བདེ། །སེམས་ཀྱང་མི་དགའ་ཕྱ་མ་ཕྱོ། །ལམ་ཡང་མི་ཤེས་ཐ་མ་ཐོམ། །སྤྲུལ་སྐུ་སངས་རྒྱས་མཐོང་ནས་ནི། །བཀའ་དྲིན་ཚིག་གསུམ་མ་ཐོས་པས། །རྗེ་མ་མཇལ་བ་དང་ཅི་མ་འདྲ། །ངས་རྒྱལ་ཁམས་མི་ལ་ཅི་སྐད་སྒྲོགས། །ང་རང་གནོང་ལ་ངོ་ཡང་ཚ། །དེ་བས་རང་སྲོག་རང་གིས་གཅོད། །ལར་སེམས་ཅན་སྐྱེས་ནས་འཆི་བ་ལ། །དུས་ད་ལྟ་ཤི་ན་དོན་ཆེན་འགྲུབ། །རྗེ་གྲུབ་ཐོབ་ཁྱེད་ཀྱི་དྲུང་དུ་འགུམ། །ཡིད་དམ་པའི་ཆོས་ལ་བསམ་ནས་འཆི། །གཏམ་དེ་ལ་སྙན་པ་ཅི་སྒྲོགས་པ། །རྗེ་མངོན་ཤེས་ཅན་གྱི་ཐུགས་ཀྱིས་མཁྱེན། །ལར་ནི་ཁྱེའུ་ཆུང་བསོད་ནམས་ཆུང་། །དུས་དེ་རིང་ལྷ་ཆོས་སྐལ་བ་ཆད། །ཕ་ཁྱེད་ཀྱི་ཐུགས་ཀྱིས་ང་མ་བརྗེད། །
ཅེས་ཞུས་ནས་ལྕེབ་པར་བརྩམ་པས་བླ་མའི་ཐུགས་དགོངས་ལ། ཁོ་ང་ལ་འདི་ཙམ་ཞིག་དད་འདུན་གདུང་སེམས་ཆེ་ལུགས་ཀྱིས་སྨོན་ལམ་གྱི་འབྲེལ་བ་ཡོད་པར་ངེས། ངའི་རྨི་ལམ་དུ་བྱུང་བ་དེ་འདི་རེད་དགོངས་ཏེ། བུ་ཁྱོད་དེ་སྐད་མ་ཟེར་བར་ངའི་གླུ་འདི་ལ་ཉོན་ཅིག་གསུང་ནས་མགུར་འདི་གསུངས་སོ། །
བུ་དད་པ་འགྱུར་མེད་ཚུར་ཉོན་དང་། །ཁྱོད་དགེ་སེམས་འདུན་པ་ཆེ་ལུགས་ཀྱིས། །ལས་ངན་སྡིག་སྒྲིབ་ཆུང་བར་ངེས། །ཞུ་དོན་སྤོབས་པ་ཆེ་ལུགས་ཀྱིས། །ང་རྒྱལ་རང་མཐོང་ཆུང་བར་ངེས། །བརྩོན་འགྲུས་ནན་ཏན་ཆེ་ལུགས་ཀྱིས། །ལེ་ལོ་སྙོམ་ལས་ཆུང་བར་ངེས། །གཏོང་ཕོད་འབུལ་སྙིང་ཆེ་ལུགས་ཀྱིས། །སེར་སྣ་ཞེན་ཆགས་ཆུང་བར་ངེས། །ཤེས་རབ་སྙིང་རྗེ་ཆེ་ལུགས་ཀྱིས། །གཏི་མུག་ཞེ་སྡང་ཆུང་བར་ངེས། །ལྷག་པར་ང་ལ་དད་ལུགས་ཀྱིས། །སྔོན་ཡང་དམ་པ་བསྟེན་པར་ངེས། །བུ་དེ་ཕྱིར་ཡི་མུག་མ་བྱེད་དང་། །ཁྱོད་རྒྱལ་ཕྲོམ་སྨད་ནས་འོང་བ་དང་། །ང་གུང་ཐང་སྟོད་ནས་འཁྱམ་པ་གཉིས། །ད་ནང་གདུགས་ཀྱི་སྔ་དྲོ་ལ། །ཆུ་མིག་དངུལ་འབུམ་རྩ་རུ་ཕྲད། །བོང་ཆུ་སྔོན་མོའི་ཕར་ཁར་འཛོམ། །དེ་སྔོན་ནས་བསོད་ནམས་བསགས་པ་འདྲ། །སྦྱངས་པའི་ལས་འཕྲོ་ཡོད་པ་འདྲ། །ཀུན་གཞི་བག་ཆགས་སད་སད་འདྲ། །དེ་ཡན་ཆད་རྟེན་འབྲེལ་བཟང་པོའི་གླུ། །ཡང་དག་དོན་ལ་གཏུགས་ཙ་ན། །བུ་སྙིང་ནས་ལྷ་ཆོས་བྱེད་བསམ་ན། །དད་པ་གཏིང་ནས་སྐྱེས་པ་ན། །ཚེ་འདིར་ཕྱི་མིག་མི་ལྟ་བར། །ངེས་པར་ང་ཕྱིར་འབྲངས་དགོངས་ན། །སྙིང་ནས་དམ་ཆོས་མཛད་དགོངས་ན། །གཉེན་འདུན་བདུད་ཀྱི་བཤོལ་འདེབས་ཡིན། །བདེན་ནོ་མ་བསམ་འཁྲི་བ་ཆོད། །ཟས་ནོར་བདུད་ཀྱི་སོ་པ་ཡིན། །འདྲེས་ཤིང་ངན་ནོ་འཛིན་ཆ་སྤངས། །འདོད་ཡོན་བདུད་ཀྱི་ཞགས་པ་ཡིན། །འཆི་བར་ངེས་སོ་ཞེན་པ་ཐོང་། །གཞོན་མོ་བདུད་ཀྱི་གྲོགས་མོ་ཡིན། །བསླུ་བར་ངེས་སོ་ཁོང་ཟོན་གྱིས། །ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཐར་བར་དཀའོ་མྱུར་དུ་བྲོས། །ཐམས་ཅད་བཞག་ནས་འགྲོ་བ་ལ། །དུས་ད་ལྟ་བཞག་ན་དོན་ཆེན་འགྲུབ། །སྒྱུ་ལུས་ཐོ་ཡོར་ཅིས་ཀྱང་འགྱེལ། །དུས་ད་ལྟ་རྟེན་འབྲེལ་བསྒྲིགས་ན་ལེགས། །སེམས་ཀྱི་བྱ་རྒྱལ་ཅིས་ཀྱང་འཕུར། །དུས་ད་ལྟ་ནམ་འཕང་བཅད་ན་ལེགས། །མི་ངས་ཟེར་དེ་ཚོ་སྤྱོད་པ་ན། །བུ་ཁྱོད་ལ་ལྷ་ཆོས་སྐལ་བ་ཡོད། །འཇུག་སྒོ་དབང་དང་བྱིན་རླབས་བྱེད། །སྙན་བརྒྱུད་གདམས་ངག་ཟབ་མོ་སྦྱིན། །བུ་ཁྱོད་ཀྱི་ལམ་སྣ་ཟིན་ཏེ་མཆི། །རྣལ་འབྱོར་ང་ཡང་སྤྲོ་བ་སྐྱེ། །བུ་ཁྱེའུ་ཆུང་སེམས་ལ་དེ་ལྟར་ཞོག །བུ་ཁྱོད་ཀྱི་བསམ་པ་འགྲུབ་པ་ཡིན། །

༈ དེ་ནས་རྗེ་བཙུན་སྨན་ལུང་གི་སྲིབ་ན་བཞུགས། ཞི་བ་འོད་ཀྱིས་ཞིང་ཐམས་ཅད་བཙོང་བས་ཆོས་ཕྱོགས་སུ་བཏང་ནས། ཞང་པོ་གཅིག་དང་འགྲོགས་ནས་འོང་སྟེ། རྗེ་བཙུན་གར་བཞུགས་རྩད་མ་ཆོད་པས་ཟླ་བ་བཞི་ཙམ་སོང་། དེ་ནས་རྗེ་བཙུན་བྲིན་གྱི་སྨན་ལུང་ཆུ་བར་ན་བཞུགས་པའི་དུས་སུ། ཁོང་ཞང་ཚན་གཉིས་འོང་ནས། ངེད་ཚ་ཞང་གཉིས་ཀྱི་འབུལ་བ་ཅུང་ཟད་འདི་ཡང་བཞེས་ལ་གདམས་ངག་ཐུགས་ལ་འདོག་པར་ཞུ་བྱས་ཏེ། ཞང་པོས་གསེར་སྲང་གང་ཕུལ། ཚ་བོས་གཡུ་ཞུས་ཡས་ཀྱི་སྒྲོན་མེད་དཀར་པོ་ཕུལ་བས་རྗེ་བཙུན་གྱིས་མ་བཞེས་ཏེ། དེའི་དུས་ན་བླ་མ་བ་རི་ལོཙྪ་བ་བྲིན་ན་གཙུག་ཏོར་རྣམ་རྒྱལ་གྱི་མཆོད་རྟེན་བཞེངས་པ་དང་དུས་མཚུངས་པས། རྗེ་བཙུན་གྱིས་ཞལ་ནས། ཁྱེད་ཚ་ཞང་གཉིས་ཀྱི་འབུལ་བ་དེ་ང་ལ་མེད་ཀྱང་བཏུབ་ཀྱི་ཁོང་ཅག་ལ་ཕུལ་ན་ཚོགས་ཤིན་ཏུ་ཆེ་བས། བླ་མ་བ་རི་ལོཙྪ་བ་ལ་ཕུལ་ལ་དབང་བསྐུར་ཞུས་ཤིག །ཁྱེད་ཁོང་དང་ཞལ་འདྲིས་མེད་ན་ངས་ངོ་ཆེན་བྱ་ཡི་གསུང་ནས་ཁོང་གཉིས་ལོཙྪ་བ་དང་སྤྲད། ཁོང་ལ་ཆོས་ཞུ་སྙིང་འདོད་པ་རྣམས་ལེགས་པར་ཞུས། གདམས་ངག་རང་གིས་བྱེད་པ་ཡིན་གསུངས། བླ་མ་བ་རི་ལོཙྪ་བས་རྣམ་རྒྱལ་ཚེ་དབང་། དོན་ཞགས། བདེ་མཆོག །རྗེ་བཙུན་མ། ཀུ་རུ་ཀུ་ལེ་ལྷ་མོའི་སྐོར་རྣམས་གནང་ནས། ཁོང་གཉིས་བླ་མས་ས་སྐྱ་བར་བསྐྱལ། །དེ་ནས་རྗེ་བཙུན་དྲུང་དུ་འོང་ཏེ་ལོ་ལྔ་བསྡད་ནས་ཡོངས་སུ་གྲགས་པ་ན་རོའི་ཆོས་དྲུག་ཀྱང་ཟེར། བལ་པོ་སྤྱི་ཐེར་བ་དང་། དཔལ་ན་རོ་པ་དང་། དཔལ་ཞི་བ་བཟང་པོ་དང་། དཔལ་ཡེ་ཤེས་སྙིང་པོ་དང་། མངའ་བདག་མཱཻ་ཏྲི་པ་དང་། བླ་མ་ལྔའི་གདམས་པ་གནད་ཟབ་དགུ་གུང་བཀྲོལ་ནས་ཉམས་ཁྲིད་དུ་བསྐྱངས་ཏེ། སྙན་བརྒྱུད་ཀྱི་དབང་གདམས་ངག་མ་ལུས་པ་གནང་ངོ་། །ཞུས་ཡས་དར་མ་དབང་ཕྱུག་གིས་ཕྱིས་འཇིག་རྟེན་བློས་བཏང་བ་ཅིག་བྱུང་བས། རྗེ་བཙུན་ཡང་ཤིན་ཏུ་མཉེས་ཏེ། རས་པ་ཞི་བ་འོད་དུ་མཚན་བཏགས་སོ། །ཞང་པོ་ལ་རས་པ་མ་བྱུང་སྟེ། རླང་བཙུན་སངས་རྒྱས་སྐྱབས་བྱ་བ་སྙེ་ནམ་དུར་སྣ་ན་དགོན་པ་བཟུང་བ་ཅིག་བྱུང་ངོ་། །ཞི་བ་འོད་ཀྱིས་ཆོས་དྲུག་བསྒོམ་པས་ཉམས་བཟང་པོ་སྐྱེས་ཏེ་བླ་མ་མཉེས་ནས་མགུར་འདི་གསུངས་སོ། །
སྙན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྒྲུབ་བརྒྱུད་ཐུགས་རྗེ་ཅན་འདི་བྱིན་རླབས་ཆེ། །མི་ལ་རས་པའི་གདམས་ངག་ནུས་པ་ཆེ། །ཁྱེའུ་ཆུང་ཞི་བ་འོད་འདི་སྒོམ་བསྲན་ཆེ། །མ་དང་མཁའ་འགྲོའི་རྟོགས་པ་མྱུར་དུ་སྐྱེ། །བུ་ཉམས་ལེན་མཐའ་རུ་འདོན་པ་ལ། །ཁ་ཏ་སྐམ་པོ་མ་ལབ་པར། །ཆོས་ལ་ཕྱོགས་རིས་མེད་པར་མཛོད། །མི་སྔུན་ཇོ་བཟང་མ་སེམས་པར། །དབེན་པ་མི་མེད་ལུང་སྟོང་དུ། །གྲོགས་ངན་གཡོག་དང་མ་འགྲོགས་པར། །གཅིག་པུར་རྒྱུན་དུ་ཟུག་པར་གྱིས། །བླ་མ་ཅི་འདོད་མ་སེམས་པར། །ཅི་གསུང་ཚད་མར་སྒོམ་སྒྲུབ་གྱིས། །མྱུར་དུ་གྲུབ་རྟགས་མ་འདོད་པར། །སྒོམ་ཡུན་ཤི་དང་མཉམ་པར་གྱིས། །ཚིག་དང་ཐ་སྙད་མ་སློབ་པར། །སྙན་བརྒྱུད་གདམས་ངག་ཡེངས་མེད་སྒོམ། །རང་ལ་ཨེ་ཕན་བསམ་པ་ན། །བཤད་པ་བས་ཀྱང་སྒོམ་པས་ཕན། །
ཅེས་གསུངས་པས། ཞི་བ་འོད་ཀྱིས་སྔོན་ལ་ཤེས་པར་བསླབ་ལ་མ་སྒོམ་ན། གོལ་ས་འོང་བ་ཡིན་ཟེར་བས་ཅུག་ལགས་ཞེས་ཞུས་པས་མགུར་འདི་གསུངས་སོ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact