Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (23)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

ན་མོ་གྷུ་རུ། དྲིན་ཅན་བརྒྱུད་པའི་བླ་མ་དང་། །མཁའ་འགྲོའི་དབང་ཕྱུག་ལྷ་ཡི་ལྷ། །སྒྲ་བསྒྱུར་ལོཙྪ་ཆེན་པོ་ཡིས། །མཛེས་པའི་ཆུ་སྐྱེས་ཟེའུ་འབྲུ་ཅན། །ཕྱག་མཐིལ་མགོ་ལ་རེག་མཛད་དེ། །དབང་བསྐུར་རྒྱུད་བཤད་མན་ངག་གིས། །སྨིན་ཅིང་གྲོལ་མཛད་སྐལ་བ་ཅན། །སྒྲུབ་པ་མཐར་ཕྱིན་རས་པ་རྗེ། །དཔལ་ལྡན་བཞད་པའི་ཞབས་ལ་འདུད། །དེ་རྗེས་མཛེས་མས་ཞུས་པའི་ལན། །འཕྲང་སྒྲོལ་གནད་ཀྱི་བར་དོ་ལ། །མི་འགྱུར་གསལ་བྱེད་ཚིག་གིས་བཟུང་། །བློ་དམན་བརྗེད་པ་གསོ་ཕྱིར་འགོད། །
རྗེ་མི་ལས་འདས་པའི་གྲུབ་ཐོབ་ཆེན་པོས་ཐོག་མར་དབང་བཞི་བསྐུར་བའི་དུས་ནས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ནང་གི་ལྷ་ཚོགས་དང་། ཕྱི་ཞིང་སྐྱོང་གི་མཁའ་འགྲོ་མ་སུམ་ཅུ་སོ་གཉིས་དང་། རིག་མ་བཅུ་དྲུག །མཆོད་པའི་ལྷ་མོ་དང་བཅས་པ་རྣམས་མདུན་གྱི་ནམ་མཁའ་ལ་བཞུགས་པ་སྐད་ཅིག་ཡུད་ཙམ་དུ་ཞལ་གཟིགས་ཤིང་། དེ་ཉིད་ཀྱི་དུས་ན་བླ་མ་དང་ཌཱཀྐི་མས་རྗེས་སུ་གནང་བའི་གསང་མཚན་བཞད་པའི་རྡོ་རྗེ་ཞེས་བྱ་བ། རྗེ་ལོཙྪ་བ་ཆེན་པོའི་གསུང་གི་སྒྲུབ་པ་ལ་ནན་དུ་བསྐུལ་བའི་ཕྱིར། ལུས་དཀའ་ཐུབ་ཀྱི་གདུང་བ་སྣ་ཚོགས་པ་དང་བཅས་པས། གསང་སྔགས་གྲུབ་པའི་ཡོན་ཏན་རྟེན་འབྲེལ་གྱི་ཆེ་བ་སྣ་ཚོགས་མཐར་ཕྱུང་སྟེ། ཟད་པར་དང་ཟིལ་གནོན་གྱི་རྫུ་འཕྲུལ་སྣ་ཚོགས་པ་བསྟན་ནས། དཀར་ཕྱོགས་ལ་དད་པའི་མི་དང་མི་མ་ཡིན་པ་མང་པོ་སྨིན་པར་མཛད་པ། མས་བརྟན་གྱི་དགའ་བ་བཞི་མགྲིན་པ་ལོངས་སྤྱོད་ཀྱི་གནས་སུ་ཕྱིན་པས་དག་པའི་ས་ལ་གནས་པ། ཁམས་ཀྱི་ལུས་འདི་ཉིད་ལ་བརྟེན་ནས་འཇའ་ཚོན་ལྟ་བུའི་སྐུའི་ངེས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་རྗེ་བཙུན་ཆེན་པོ་དེ། ཡུལ་ཡ་མཚན་ཆེ་བའི་དེང་མ་བྲིན་གྱི་ཤར་ཕྱོགས། ཁ་བཀྲ་མོན་གྱི་ས་མཐའ། རྨ་ཤང་ཁའུ་ཡི་ནུབ་ཕྱོགས། སྤྲིན་སྣང་འཛིང་མཐིང་ནག་འཐིབ་ཅིང་འཁྲིགས་པའི་ངོགས་ལྷ་ཁྱབ་འཇུག་ནག་པོ་རྒྱུ་བའི་སྲང་སྒོ། གངས་ཁྱུང་མཆོག་བཀྲ་ཤིས་སྤྲིན་དཀར་ལྡིང་བའི་གཡས་མགུལ། འབྲོག་སྨན་ལུང་གཡུའི་སྤོང་སོ་ངོས་བཟང་ལ། ཡུལ་ས་སྨན་གྱི་དོག་ར་ཕོ་ལོང་རིས་སུ་བཏབ་པ། བཀྲ་ཤིས་འོ་མའི་ཆུ་བོ་དང་བདུད་རྩི་དངོས་གྲུབ་ཀྱི་ཆུ་བོ་རྣམ་གཉིས་དལ་གྱི་འབབ་པའི་ཀླུང་འགྲམ། རང་བྱུང་བྱིན་གྱིས་བརླབས་པའི་དབེན་གནས་ཆུ་བར་དཔལ་གྱི་ཕོ་བྲང་ན། རྗེ་རས་པ་ཆེན་པོ་དེ་ཉིད་ཆོས་ཐམས་ཅད་དེ་ཁོ་ན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། འོད་གསལ་འགྲོ་འོང་མེད་པའི་ངང་ལ་ཐུགས་གཡོ་བ་མེད་པར་བཞུགས་པ་ལ། སྟོན་ཟླ་ར་བ་སྐར་མ་ཁྲུམ་སྟོད་གུང་ལ་བབ་པའི་མར་ངོ་རུ་སོང་ཙ་ན། ཚོང་འདུས་དེང་མ་བྲིན་དེར་མི་ནད་ཆེན་པོ་བྱུང་སྟེ། ནད་ཀྱི་རིགས་འབྲུམ་བུ་དཀར་ནག་དང་། རྒྱུ་རིམས་ཁྲག་འཁྲུ་དང་། ཚ་བ་མུན་འཐིབ་དང་། ཨ་ཉ་ས་ལི་དང་། བྷ་དན་ས་ལི་དང་། ཀྵ་སར་ཛྭ་ལི་དང་། མུན་དྷ་ཛྭ་ལ་ལ་སོགས་པའི་རིམས་ནད་རྣམ་པ་སྣ་ཚོགས་བྱུང་ནས་མི་ཕྱུགས་མང་པོ་གུམ་པ་ལ། ཟླ་བ་དེའི་ཕྱི་མ་སྟོན་ཟླ་འབྲིང་པོར་སོང་བའི་ཚེས་བཅུ་གཅིག་གི་དགོང་མོ་ཉི་མ་དམར་ཐག་ཆད་ཙམ་ན། བཟང་སྡུག་འོད་དུ་ཆགས་པའི་བུད་མེད་གཅིག་དར་དཀར་གྱི་གོས་ཟུང་ལ་མཚལ་གྱིས་ཐིག་ཕྲན་མེ་ལྕེ་རིས་ཧལ་ཐབས་སུ་བྲིས་པ། མུ་རན་ལ་རིན་པོ་ཆེ་སྣ་ལྔའི་ཆ་ག་བཏགས་པ། གོང་ཁབ་སྟོད་ལ་མུ་ཏིག་ཧར་གྱིས་ཆུན་འཕྱང་རིས་སུ་སྤྲས་པ། གོང་སྐོར་གཡུའི་རྡོ་རྗེ་ཕོ་ལོང་རིས་སུ་འཕར་ནོན་དུ་བཏབ་པ། གོང་མཆན་གསེར་གྱི་རྨྱ་འགྱིང་བསྣོལ་རིས་སུ་བཏབ་གྱོན་པ་གཅིག་འོང་ནས། ཞབས་སྤྱི་བོར་བླངས་བསྐོར་བ་ལན་བདུན་བྱས། ཕྱག་དགུ་ཕྲུགས་གསུམ་འཚལ་ནས། རྗེ་བཙུན་ལགས། ཁོ་མོ་ཅག་གི་ཇོ་མོ་ཤིན་ཏུ་བྲོ་འཚལ་བར་གྱུར་པས་གངས་ཡ་ཀིའི་མགུལ་དུ་གཤེགས་འཚལ་ཟེར་ནས་སྤྱན་འདྲེན་འོང་སྐད། དེར་རྗེ་བཙུན་གྱིས་དེ་རིང་ཕྱི་མོར་སོང་འདུག་པས་མི་ཕྱིན། དོ་ནུབ་ཁྱོད་རང་ཡང་འདིར་ཉོལ་སང་སྔ་དྲོ་རང་ཅག་འགྲོགས་ནས་འདོང་ངོ་གསུངས་པས། ཡང་མོ་ན་རེ། ས་མན་ཏ་ཙ་རིའི་རྫུ་འཕྲུལ་འོད་ཀྱི་ལམ་ལ་གཤེགས་པས་ཚེགས་མི་མཆི། དེ་རིང་ཅིས་ཀྱང་གཤེགས་འཚལ་ཟེར་སྐད། དེར་རྗེ་བཙུན་གྱིས་དེ་འདྲ་བའི་ལམ་གང་ན་ཡོད་པ་ཡིན། ང་མི་རྒན་ཡིན་ཀྱང་སྔོན་ཆད་དེ་འདྲ་བའི་ལམ་ཐོས་མ་མྱོང་ན། ཕྱོགས་གང་ན་འགྲོ་བ་ཡིན་ཁྱེད་ཀྱིས་ལམ་སྣ་དྲོང་དང་གསུངས་པས། མོའི་འདབ་ནས་སྣམ་བུ་དཀར་པོ་ཞིག་བཏོན་ནས་བར་སྣང་ལ་ཕར་དཔྱངས་ནས། འདིའི་ཁ་ནས་ཕར་གཤེགས་པར་ཞུ་འཚལ་ཟེར་སྐད། དེར་རྗེ་བཙུན་གྱིས་ཞབས་བཞག་པ་ཙམ་གྱིས་སྐད་ཅིག་གློག་འགྱུ་བའི་ཡུད་ཙམ་ལས་མ་ལོན་པར་ཕྱིན་ནས་གདའ་སྐད་པ་ལ། གངས་རྒྱལ་མོ་མཐོ་ལྡིང་གི་གཡས་མགུལ་ན། དར་དཀར་གྱི་གུར་ལ་གསེར་གྱི་ཡོལ་བ་བྲེས་པ། མུ་མེན་གྱི་ཆོན་ཐག་བརྒྱང་བ། དུང་གི་ཚུགས་ཤིང་བཙུགས་པ། བྱེ་རུའི་ཆོན་ཕུར་བཏབ་པ་གཅིག་གི་ནང་ན། བུད་མེད་བཟང་མོ་རལ་པའི་ཟར་བུ་ཕྱི་རྟིང་དུ་ཟག་ལ་ཁད་དུ་ལུས་གཡོགས་པ། མིག་རྩ་དམར་ཆིག་གེ་བ་ཅིག་མགོ་སྔས་ནས་ཅུང་ཟད་བཏེགས་ནས། རྗེ་བཙུན་ལགས། ཁོ་མོ་ཤིན་ཏུ་བྲོ་འཚལ་བར་གྱུར་པས། ཕྱག་བཀའ་ཡི་གནང་འཚལ་ཟེར་སྐད། དེར་རྗེ་བཙུན་གྱིས་མོ་ལ་རྐྱེན་ཅིའི་ཕྱིར་ན། དུས་ནམ་གྱི་ཚོད་ནས་མ་བདེ། ད་ལྟ་ན་ལྟ་ཅི་ལྟར་ན། ཞེས་ཞིབ་ཏུ་དྲིས་པ་ལ་མོ་ན་རེ། ཁོ་མོ་བྲོ་འཚལ་བའི་རྐྱེན་ནི་ཡུལ་པ་འདིའི་ཕྱུགས་རྫིས་ན་ནིང་དབྱར་ཁ་དམར་ཐབ་ཆེན་པོ་ཤོར་བས། ཐབས་ཀྱི་རླངས་པ་ཁོ་མོ་ལ་ཕོག་པའི་རྐྱེན་གྱིས་ཁོ་མོ་བྲོ་འཚལ་བར་གྱུར་ཏོ། །དུས་ནི་ཁར་ཉིན་སྟོན་ཟླ་ར་བའི་མར་ངོ་ནས་ཅུང་ཟད་ཅིག་མ་བདེ་ལ། དེ་ནས་སྟོན་ཟླ་འབྲིང་པོའི་ཚེས་བཅུ་གཅིག་ནས་ཤིན་ཏུ་ཡང་མ་བདེ་ནས། རྗེ་བཙུན་ཆེན་པོ་སྤྱན་དྲངས་པ་ལགས། ཁོ་མོའི་ཁ་རླངས་ཕོག་པས་ཡུལ་འདི་ན་ཡང་ནད་རིམས་སྣ་ཚོགས་འཁྲུགས་པ་དེ་ལྟར་ལགས་ཟེར་སྐད། དེར་རྗེ་བཙུན་གྱི་དགོངས་པ་ལ་ན་ནིང་ནད་ཀྱི་དལ་ཡམས་ཀྱི་ནད་བདག་མོ་དེ་འདི་ཡིན་འདུག་པས། ད་ལྟ་སྔ་གོང་ནས་ཆད་བྱེད་དགོས་སྙམས་ནས་སླར་མོ་ལ་གསུངས་པ། བཞིན་བཟང་མ་ཁྱོད་ལ་སྔོན་ཆད་ངས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཡི་དམ་གྱི་བཟླས་ལུང་ཕོག །ལས་རྒྱུ་འབྲས་ཀྱི་ཆོས་དེ་ཙམ་ཞིག་བསྟན་པ་ལ། ཁྱོད་དམ་ལ་མི་གནས་ཆད་ལ་མི་བཙན་པ། མ་བདེ་བ་བག་ཙམ་ལ་བཟོད་པ་མི་བྱེད་པར་མ་ཉེས་པའི་འགྲོ་བ་མང་པོ་ལ་འདི་ཙམ་ལ་གནོད་ཅིང་འཚེ་བར་བྱེད་པ། ཁྱོད་ལ་དམ་ཚིག་གི་ཆད་པ་འདི་ཙམ་ཞིག་འོང་ཡང་རན་ལ། སྔ་མའི་ཚུལ་ལ་ལྟོས་ན་ཁྱོད་ལ་ང་ནི་ཅུང་ཞིག་ཡིད་མ་ཆེས་པས། ད་རེས་ཡུལ་འདིའི་དལ་ཡམས་གཅོད་པར་ཁས་ལེན་ན། ངས་ཅུང་ཞིག་ཕན་ནམ་ལྟ། ཁས་མི་ལེན་ན་ང་ད་ལྟ་ཉིད་དུ་ཕར་ལ་ལྡོག་ལ། དམ་དྲེད་མ་ཁྱོད་ལ་ཡང་དམ་ཚིག་གི་སྡིག་པར་འགྱུར་རོ་ཞེས་གསུངས་པས། མོ་རབ་ཏུ་སྐྲག་ཅིང་ཧ་ལས་པར་གྱུར་ཏེ། རྗེ་བཙུན་གྱི་ཞབས་འཇུས་ནས་ངེད་སེམས་ཅན་མ་རིག་པའི་རང་བཞིན་ལ་འཁྲུལ་པའི་བག་ཆགས་ཁད་ཙམ་འབྱུང་དུ་རུང་བས་དེ་ཡང་མི་གསུང་བར་ཞུ། སྤྱིར་ཡང་འཇིག་རྟེན་གཙང་རིས་ཀྱི་ལྷ་འདྲེ་རིགས་མཐོ་བ་ཕལ་ཆེར་ནི། ཕར་ལ་གནོད་པ་མི་བགྱིས་ན། ཚུར་ལ་གནོད་པ་དང་འཚེ་བ་མི་བགྱིད་ཅིང་། སྒོས་ཀྱང་ཁོ་མོ་ཅག་གིས་བསམ་བཞིན་དུ་རྗེ་བཙུན་གྱི་བཀའ་ལ་བརྙས་པའམ། ཆེད་དུ་དམིགས་ཏེ་འགྲོ་བ་ལ་གནོད་པར་བགྱིད་པའམ་བགྱིད་དུ་སྩལ་བ་མ་མཆིས་ཏེ། དཔེར་ན་དབྱར་ཟླ་ཐ་ཆུང་ལ་བཀོད་མའི་ཆུ་བོ་གཡོས་པས་དྭོགས་ས་ཐམས་ཅད་བརླན་པར་འགྱུར་བ་དེ་བཞིན་དུ། ཁོ་མོ་ཅག་གི་རིགས་སམ་སྡེ་ཚན་དུ་གཏོགས་པའི་འཁོར་དང་ཡང་གཡོག་ཤ་ཟ་མོ་རུ་གྱུར་པ། ཤ་ལ་དགའ་ཞིང་ཁྲག་ལ་རོལ་པ་བརྒྱ་ཕྲག་མང་པོ་ཡོད་པས། དེ་རྣམས་ཀྱིས་འཚེ་བར་བྱེད་དུ་བས་ཀྱིས། ད་ཡང་ཁོ་མོ་བདེ་བར་གྱུར་པ་ན། རྗེ་བཙུན་གྱི་བཀའ་ལ་ཉན་པས། འགྲོ་བ་དེ་རྣམས་ཀྱི་བྲོ་ནད་ཁད་ཀྱིས་བསལ་བར་བགྱི་བས། ཅི་ནས་ཀྱང་ད་རེས་ཁོ་མོ་ཅག་ཐུགས་རྗེས་འཛིན་འཚལ། ཞེས་ཞུ་བ་ནན་ཏན་གྱིས་འབུལ་དུ་བྱུང་བ་ལ། རྗེ་བཙུན་གྱིས་དེ་ཀའི་ནུབ་མོ་ནས་ཡི་གེ་བརྒྱ་པའི་ཁྲུས་ཆོག་ནས་བཏོན། བླ་མ་དང་དཀོན་མཆོག་ལ་གསོལ་བ་དྲག་ཏུ་བཏབ། གཙུག་ཏོར་རྣམ་པར་རྒྱལ་མའི་ཚེ་བསྲིང་བའི་ཆོ་ག་མཛད་པས། དེའི་ཕྱི་དེ་ནང་པར་ནས་ལྡང་ཞིང་ཕྱག་འཚལ་ཤེས་པ་ཙམ་དུ་གྱུར་ཏོ། །དེ་ནས་ཞག་བདུན་དུ་རིག་པ་གཏད་ཅིང་བྱིན་རླབས་མཛད་པས། མོ་ཤིན་ཏུ་བདེ་ནས་སྔར་ལས་ཀྱང་མདངས་གསལ་ཞིང་བཀྲག་ཕུན་སུམ་ཚོགས་པར་གྱུར་ཏོ། །
ཡང་རྗེ་བཙུན་གྱིས་བཀའ་སྩལ་པ། བཞིན་བཟང་མ་ཁྱོད་བདེ་བ་འདི་ཡིན་པས། ཡུལ་ཕྱོགས་ཀྱི་མི་རྣམས་ལ་ཕན་འདོགས་སུ་འགྲོ་བས། ཁྱེད་ཀྱི་མཐུན་པའི་རྫས་གང་ཡིན་པ་དང་། རིམ་གྲོ་བྱེད་ལུགས་རྣམས་ཞིབ་ཏུ་སྨྲོས་ཤིག །ཅེས་དྲིས་པ་ལ། མོ་ན་རེ། རྗེ་བཙུན་ལགས། རྟེན་འབྲེལ་གྱི་ཆེ་བ་ཡིན་པའི་ཕྱིར། ཁོ་མོ་བདེ་བ་རང་གིས་མི་རྣམས་ཁད་ཀྱིས་བདེ་བར་འགྱུར་ལ། འོན་ཀྱང་མྱུར་དུ་བདེ་བར་བཞེད་ན། ངེད་ཅག་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་སྤྱིའི་དམ་ཚིག་ཡིན་པས། གཅིག་མ་བདེ་ན་ཀུན་མི་བདེ་ཞིང་འཁྲུགས་པར་འགྱུར་ལ། དེ་ལ་སྲིད་པའི་ལྷ་འདྲེ་རྣམས་ཀྱང་གཏིང་ནས་གཡོ་ཞིང་རྒྱབ་རྟེན་བྱེད་པ་ཡིན་པས། རིམ་གྲོའི་བྱེད་ལུགས་ནི། དེ་བཞིན་གཤེགས་པའི་གཙུག་ཏོར་གྱི་གཟུངས་མང་དུ་འདོན་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོའི་གསུང་བསྒྲགས་པ་དང་། བུམ་པའི་ཆུས་བཀྲུ་ཞིང་གྲོང་ཁྱེར་གྱི་ཁོར་ཡུག་ཏུ་མཚམས་བཅད་པ་དང་། དཀར་ཕུད་དང་དམར་ཕུད་ཀྱི་ཚོགས་དང་། གཏོར་མ་རྒྱ་ཆེན་པོ་བཤམས་ལ་ཁ་ཟས་རྣམ་པ་ཅི་འབྱོར་བས་བརྒྱན་ཅིང་བསྔོ་བར་མཛོད་ཅིག་དང་། མི་ནད་དེ་རྣམས་མྱུར་དུ་འཆད་པར་འགྱུར་རོ། །ཞེས་ཟེར་བ་དང་། རྗེ་བཙུན་བྲིན་གྱི་བྲག་མཁར་དུ་བྱོན་ནས། ཡུལ་མི་རྣམས་ལ་ང་ཡི་རྨི་ལམ་དུ་བྱུང་བ་ལ། ཁྱེད་རང་གི་ཇོ་མོ་ལ་ཐབ་རླངས་ཤོར་ནས་མ་དགྱེས་པར་ཡོད་པ་འདྲ་བས། དེའི་གཡོ་མགུལ་བྱས་ནས་སྲིད་པའི་ལྷ་འདྲེ་མང་པོ་འཁྲུགས་ནས་ཡོད་འདུག་པས། ད་རིམ་གྲོའི་བྱེད་ལུགས་འདི་ལྟར་གྱིས་ལ་ང་ཅན་དུ་ཡང་ཕྱེ་ཕུད་སྡུས་ལ་སྐྱོལ་གསུང་ནས། ཕུད་རྣམ་པ་སྣ་ཚོགས་ལ་མཆོད་པ་དང་གཏོར་མ་ཆེན་པོ་བཤམས་ཏེ། ཡང་བླ་མ་དང་དཀོན་མཆོག་ལ་གསོལ་བ་བཏབ། ཆོས་སྐྱོང་སྲུང་མ་ཐམས་ཅད་ལ་གཏོར་མ་ཕུལ། དེ་ནས་སྲིད་པའི་ལྷ་འདྲེ་ཐམས་ཅད་ལ་གཏོར་མ་ཕུལ། བསྔོ་བར་མཛད་དེ་བདེན་པའི་སྟོབས་བརྗོད་པ་ཙམ་གྱིས། རིང་པོ་མ་ཐོགས་པར་ནད་ཡམས་ཆེན་པོ་དེ་ཆད་པར་གྱུར་ཏོ། །
དེ་ནས་ཟླ་བ་དེ་ཟད་པའི་ཉི་ཤུ་དགུ་རུ་སོང་བའི་ཉིན་པར། བཀྲ་ཤིས་ཚེ་རིང་མ་དཔོན་གཡོག་ལྔ་ལ་འཁོར་སྨན་དང་ཡུལ་ལྷའི་ཚོགས་ཀྱིས་བསྐོར་བ་མང་པོ་ཞིག་རྗེ་བཙུན་གྱི་དྲུང་དུ་ལྷགས་ཏེ། བཟའ་བ་དང་བཅའ་བ་གྱ་ནོམ་པ་རོ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྤྱན་གཟིགས་མང་པོས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྐྱོགས་བཀང་བ་རྗེ་བཙུན་ལ་དྲངས་ཏེ། ཕྱག་དང་བསྐོར་བ་གྲངས་མེད་པ་བྱས་ནས་མདུན་དྲང་པོར་སྤྱན་ལམ་ན་ཕར་འཁོད་དེ། འཇིག་རྟེན་མིག་བསྒྱུར་གྱི་ཌཱཀྐི་མ་ལྔ་པོ་དེ་དག་ན་རེ། ད་རེས་ཁོ་མོ་ཤི་བ་བསླངས། ན་བ་གསོས། ཆག་པ་སྦྱར། ཆད་པ་མཐུད། རྗེ་བཙུན་ཁྱེད་ལས་སྐུ་དྲིན་ཆེ་བ་མེད་དོ། །ཞེས་ངག་སྙན་པའི་གཏང་རག་གི་གླུ་འདི་ཕུལ་ལོ། །
ཡ་ཀི་ནམ་མཁའི་མཐོང་ཤེད་ན། །སྤྲིན་སྣ་འཛིན་མཐིང་ནག་འཁྲིགས་པ་དེ། །རྔ་སྒྲ་ཀླུ་ཡི་རྒྱལ་པོ་ཡིས། །སྐྱེ་འགྲོ་བཅུད་ཀྱིས་གསོ་བའི་ཕྱིར། །བདུད་རྩིའི་སྤྲིན་ཆར་འབེབས་པའི་རྟགས། །ཆར་ཟམ་ཟིམ་དལ་གྱིས་འབབ་པ་དེ། །ས་གཞི་དྲོད་གཤེར་སྙོམས་པའི་རྟགས། །འབྲུག་སྒྲ་ཆེམ་ཆེམ་སྒྲོགས་པ་དེ། །འབྱུང་བ་ཚ་གྲང་འཐབ་པའི་རྟགས། །སྤྲིན་དེ་ཡི་མཚོན་པའི་འོག་རོལ་ཏུ། །གངས་ཟུར་གསུམ་དགུང་དུ་རྩེ་མཐོ་བ། །མགུར་ཆུ་ཤེལ་གྱི་ཅོད་པན་ལ། །གཟའ་སྐར་འོད་ཀྱི་ཕྲ་བཀོད་དེ། །ཉི་ཟླ་ཤར་གྱི་གཟི་མདངས་ཅན། །དེ་སྨན་བཙུན་ངེད་ཀྱི་ཕོ་བྲང་ཡིན། །གངས་དེ་ལས་འཁྲིས་ཀྱི་གཡས་མགུལ་ན། །སྟེང་མདོ་ཤོད་དེ་ཡི་འོག་རོལ་དུ། །འཇའ་ཚོན་གུར་ཡོལ་བྲེས་པ་དེ། །འབྲོག་ཡ་མཚན་ཆེ་བའི་སྨན་ལུང་ཡིན། །འབྲས་བུ་རྩི་ཐོག་འཁྲུངས་པའི་ས། །མེ་ཏོག་ཚོན་ཚོགས་བཀྲ་བའི་གླིང་། །སྨན་གྱི་དོ་ར་གཟིགས་མོ་ཆེ། །ཡུལ་ལྷའི་རྩེད་འཇོ་དང་རེ་སྤྲོ། །ཁྱད་པར་ས་གཞི་བྱིན་ཆགས་པས། །ཆུ་བར་སྤྲུལ་སྐུའི་ཕོ་བྲང་ན། །མི་ཡ་མཚན་ཅན་གཅིག་བཞུགས་པ་དེ། །རྗེ་མི་ལ་རྣལ་འབྱོར་མ་ལགས་སམ། །ཁྱེད་སྐུ་ཚེ་སྔ་མ་ཚོགས་བསགས་པས། །ད་ལྟ་མི་ལུས་རིན་ཆེན་ཐོབ། །ཅུང་ཟད་ལེ་ལོ་མ་མཛད་དེ། །འབྲལ་མེད་བསམ་གཏན་བསྒོམས་པའི་ཕྱིར། །སྐྱེ་མེད་སེམས་ཀྱི་དོན་རྟོགས་ཤིང་། །འཕྲུལ་འཁོར་ལུས་ལ་རང་དབང་ཐོབ། །བར་ཆད་གཡེང་བས་མི་འཇིགས་པའི། །རི་བོ་ལྟ་བུའི་རྣལ་འབྱོར་པ། །རླུང་གི་ཡོན་ཏན་མཐར་ཕྱིན་པའི། །གཅེར་བུའི་ལུས་ལ་གཟི་མདངས་ཅན། །བརྟུལ་ཞུགས་སྤྱོད་པ་སྣ་ཚོགས་ཀྱིས། །འགྲོ་དོན་རྫོགས་མཛད་སྐྱེས་བུ་ཁྱེད། །དེང་སང་དུས་ཀྱི་སྙིགས་མ་ལ། །གདོང་དམར་ཡུལ་དུ་བྱོན་པ་དེ། །སྤྱིར་བོད་ཁམས་ཡོངས་ཀྱི་རྒྱན་དུ་ཆེ། །སྒོས་བུད་མེད་བདག་གི་དཔལ་དུ་ཤར། །དུས་ད་རེས་དགུང་ཚེས་བཅུ་གཅིག་ལ། །མི་གཙང་ཐབས་ཀྱིས་ཉེན་ལངས་ནས། །འབྱུང་བཞི་ནད་ཀྱིས་ཐིབ་ནོན་བྱུང་། །ཉོན་མོངས་གདུག་རྩུབ་ཁོང་ནས་འཁྲུགས། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །ནང་འདུ་བ་རྟེན་དང་དེས་བྲལ་བྱས། །དེ་འདྲའི་ཉམ་ཐག་གྱུར་པའི་ཚེ། །རྗེ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བྱིན་རླབས་འཕོ་བའི་རྗེས་གནང་མཛད། །དག་པ་སྔགས་ཀྱི་ཁྲུས་ནས་བཏོན། །སྐྱེ་འཆི་མེད་པའི་སེམས་ངོ་བསྟན། །ངེས་ཤེས་རྟོགས་པ་འཕྲལ་ལ་སྐྱེས། །ནད་འདུ་བ་རྣམ་བཞི་སྤྲིན་ལྟར་དེང་། །ལུས་ནི་བལ་ལྟར་ཡང་ཞིང་བདེ། །སེམས་ལ་རྟོག་པ་སྣ་ཚོགས་ཤར། །ཚེ་དུས་མིན་འཆི་བའི་བར་ཆད་ཟློག །དྲོད་མཐའ་ནས་ཡལ་བར་རང་སོར་ཆུད། །དབུགས་ཕྱི་ནས་ཆད་པ་སླར་ལ་མཐུད། །འཆི་བདག་བདུད་ཀྱི་མགོ་བོ་བསྐོར། །རྗེ་སྐུ་དྲིན་ཆེའོ་རྣལ་འབྱོར་པ། །འབངས་སྐྱེ་གནས་དམན་པའི་སྒྲིབ་གཡོགས་ཅན། །སྙིང་བརྗེད་དྲན་པ་ངན་ན་ཡང་། །དུས་ད་རེས་ཚེ་སྲོག་མཐུད་པ་དེ། །ཚེ་འདི་ལ་བརྗེད་ཐབས་ཡོངས་མ་མཆིས། །སྐུ་སྐྱབས་དྲིན་ལན་བསབ་པ་ཡིན། །ཅི་དགྱེས་དངོས་གྲུབ་འབུལ་བ་དང་། །ཅི་གསུང་བཀའ་ལས་མི་འདའ་ལ། །དུས་དེ་ནས་བཟུང་སྟེ་མཐར་ཐུག་བར། །བླ་མེད་བྱང་ཆུབ་མ་ཐོབ་བར། །སྨོན་ལམ་དག་པའི་ཆུ་རྒྱུན་གྱིས། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྐད་ཅིག་མི་འབྲལ་འགྲོགས་འགྱུར་ནས། །ཁྱེད་མངོན་པར་སངས་རྒྱས་གྱུར་པའི་ཚེ། །གཟུགས་སྐུས་འདུལ་བའི་ཞིང་ཁམས་དེར། །ལྔ་སྡེ་བཟང་པོ་ཇི་བཞིན་དུ། །འཁོར་གྱི་དང་པོར་གྱུར་ནས་ཀྱང་། །ཐོག་མའི་བདུད་རྩི་འཐུང་བར་ཤོག །དེ་འཐུང་བདུད་རྩིའི་ཡོན་ཏན་གྱིས། །ཆོས་ཀྱི་རྒྱལ་སྲིད་ཐོབ་ནས་ཀྱང་། །མི་ཤེས་རྨོངས་པའི་འགྲོ་རྣམས་ལ། །བསྡུ་བ་རྣམ་བཞིའི་སྤྲིན་ཚོགས་ལས། །སྣ་ཚོགས་བདུད་རྩིའི་ཆར་ཕབ་ནས། །འགྲོ་ཀུན་རབ་ཏུ་ཚིམ་པར་ཤོག །
ཅེས་སྨན་བཙུན་བཀྲ་ཤིས་ཚེ་རིང་མས་དབུ་མཛད་མིག་བསྒྱུར་མ་ལྔ་ཡིས། རྗེ་བཙུན་གྱི་སྙན་དུ་དེ་སྐད་གསོལ་ཏེ་དག་པའི་སྨོན་ལམ་བཏབ་པས། ཡང་རྗེ་བཙུན་གྱི་དགོངས་པ་ལ་གནོད་སྦྱིན་འདི་ཀུན་གྱིས་ད་རེས་ན་བ་གསོས་པ་ཙམ་གྱིས་དྲིན་དུ་གཟོ་བ་བྱེད་ལུགས་ཀྱིས། གསང་སྔགས་ཀྱི་ལམ་བསྐྱེད་རྫོགས་ཀྱི་གདམས་ངག་སྣ་འགའ་ཙམ་བསྟན་ན་བསྒོམ་པར་ནུས་སམ་སྙམས་ནས། བཀའ་སྩལ་པ། བཞིན་བཟང་མ་རྣམས་ཁྱེད་ད་རེས་ཀྱི་ནད་གསོས་པ་ཙམ་ལ་ཡང་དེ་སྐད་ཟེར་ན། གསང་སྔགས་མངོན་སུམ་གྱི་ལམ་ཡིན་པས་དུས་ད་རེས་ལ་ཚང་ཚིང་སྲིད་པའི་གནས་ནས་ཐོན་ཅིང་སྐྱེ་འཆི་འཁོར་བའི་ལམ་འཕྲང་བརྒལ་ནས། ད་ཕྱིན་ཆད་སྲིད་པའི་སྡུག་བསྔལ་གཏན་ནས་མི་མྱོང་བའི་གདམས་ངག་ཡོད་ན་ཁྱེད་ཀྱིས་བསྒོམ་པར་ནུས་སམ། ཞེས་བྲོད་པ་བསྐྱེད་པའི་མགུར་འདི་གསུངས་སོ། །
ཤར་ཁྲི་གདུགས་ཉི་མའི་འོག་ཤེད་ན། །སྨན་ལྷ་རི་བཀྲ་ཤིས་རྩེ་མཐོ་བ། །ཁྱུང་མགོ་ཤེལ་གྱི་ཟུར་ཕུད་ཅན། །དམར་ཐག་གསེར་གྱི་འོད་འཕྲོ་ཞིང་། །སྟོད་སྤྲིན་དཀར་ལྡིང་བའི་གོ་ཅོག་ལ། །སྨད་འཇའ་ཚོན་འོད་ཀྱིས་ཆ་ག་བཏགས། །བར་གཡའ་སྤང་གཡུ་ཡི་སྨིན་ཁྱུག་ལ། །ན་བུན་དང་སྐྱི་བུན་འཐིབ་པ་དེ། །གངས་མཐོ་ལྡིང་རྒྱལ་མོ་མ་ལགས་སམ། །གངས་དེ་ལ་ཕོ་བྲང་རྟེན་བཅས་པ། །བུད་མེད་ལུས་ལ་ཡ་མཚན་ཅན། །ནེ་བཙུན་རྒྱལ་མོ་བཞིན་བཟང་མ། །ཡིད་འཕྲོག་སྙན་པའི་གླུ་ལེན་ཅིང་། །མཚར་སྡུག་འོད་དུ་ཆགས་པ་དེ། །བཀྲ་ཤིས་ཚེ་རིང་མ་ལགས་སམ། །ཁྱེད་ད་རེས་འཇིགས་ཤིང་སྐྲག་མ་མྱོང་། །ཡུས་ཁོང་ནས་རྡོལ་བ་ཤིན་ཏུ་བདེན། །ལུས་ལ་འབྱུང་བའི་ནད་ཀྱིས་གཟིར། །སེམས་ལ་སྡུག་བསྔལ་བཟོད་ཐབས་མེད། །དབུགས་ན་བུན་ལྟ་བུར་ཡལ་ལ་ཁད། །སྲོག་མི་བརྟན་གཡོ་བ་དེས་ཆད་ཙམ། །དེ་སྔོན་ཆད་ལས་ངན་བསགས་པའི་ཕྱིར། །ད་ལྟར་རྣམ་སྨིན་དེ་ལྟར་མྱོང་། །ད་ངན་སྤྱོད་འདི་ལས་མ་ལོག་ན། །ན་རག་དམྱལ་བ་དེ་ལས་འཇིགས། །དུས་ད་རེས་མ་ཤི་ཐོ་ལེ་རྒྱལ། །ཁྱོད་དད་པའི་ས་བོན་གཡོས་པ་ལ། །མི་ངས་ཀྱང་སྙིང་རྗེས་ཀུན་བསླངས་ནས། །གསང་སྔགས་བདེན་པའི་བྱིན་རླབས་ཀྱིས། །འཆི་བདག་བདུད་ཀྱི་མགོ་བོ་བསྐོར། །ལས་ཀྱི་གཤིན་རྗེའི་ཁ་ནས་འཕྲོགས། །ལྟས་ངན་སྡིག་པ་གཡང་དུ་བླངས། །རྐྱེན་ངན་བར་ཆད་ཚེ་རུ་བསྒྱུར། །ཁྱོད་དགའ་རུ་ཚོར་རམ་བཞིན་བཟང་མ། །ལས་བྱས་པ་ཤེས་པ་དཀའ་ན་ཡང་། །རྗེ་སྐུ་དྲིན་ཤིན་ཏུ་ཆེའོ་ཞེས། །ངག་སྙན་པའི་ཚིག་གིས་གཏང་རག་བཏང་། །གླུ་དེ་ལ་ང་ཡང་བྲོད་པ་སྐྱེས། །ད་ཕྱིན་ཆད་ངས་ཟེར་ཉན་སྤྱོད་ན། །ཐར་མེད་སྡུག་བསྔལ་ཆེན་པོའི་ལམ། །རྦ་རླབས་ཅན་གྱི་ཆུ་བཞི་དང་། །བགྲོད་དཀའ་མི་ཁོམ་བརྒྱད་ཀྱི་གནས། །ཚང་ཚིང་སྲིད་པའི་ནགས་ཚལ་དང་། །བདུད་བཞིའི་ཇག་པས་བསྒུག་པའི་ས། །འཛུར་མེད་བར་དོ་གསུམ་གྱི་འཕྲང་། །ཡ་ང་མེད་པར་བསྒྲལ་ནས་ཀྱང་། །རྟག་ཏུ་བདེ་འཐོབ་ཡངས་པའི་ལམ། །ཞི་བ་རིན་ཆེན་གླིང་དེ་རུ། །ཕྱིན་པར་ཁས་ལེན་གདོན་མི་ཟ། །མི་ངས་ཟེར་ཡ་མཚན་མི་ཆེ་སྟེ། །ང་ཡི་བརྒྱུད་པ་ཡ་མཚན་ཆེ། །དྲུག་པ་རྡོ་རྗེ་འཆང་ཆེན་ནས། །སྒྲ་སྒྱུར་ལོཙྪ་ཡན་ཆད་དུ། །བདེ་གཤེགས་སྤྲུལ་པ་མ་ལགས་པ། །གང་ཟག་བརྒྱུད་པས་བར་མ་ཆོད། །དེ་ཕྱིར་ངས་ཟེར་གཙིགས་སུ་ཆེ། །དབུས་རྒྱ་གར་ཡུལ་དུ་སྒྲ་ཆེ་བ། །དཔལ་ན་རོ་མཻ་ཏྲི་སྐད་ཅིང་གདའ། །ཁོང་སྙན་པས་ཕྱོགས་རྣམས་ཁྱབ་པའི་ཕྱིར། །མཚན་ཁྱོད་ཀྱིས་སྔོན་ཆད་ཐོས་ཏེ་མཆི། །རྗེ་གྲུབ་ཐོབ་གཉིས་ཀྱིས་བྱིན་བརླབས་པའི། །ལྷོ་བྲག་མར་པ་ལོཙྪ་ཡིན། །ཕ་སྤྲུལ་སྐུ་དེ་ཡི་ཞབས་དྲུང་དུ། །ལོ་དྲུག་ཟླ་མཐོང་བརྒྱད་དུ་བསྡད། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །རྗེས་གསུང་པའི་བཀའ་ལ་ཚད་མར་བཟུང་། །ཐུགས་གཏིང་ནས་མཉེས་པའི་གནད་ཀ་དེས། །རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡོར་དང་། །བྱིན་རླབས་ཅན་གྱི་བདེ་མཆོག་དང་། །སྙིང་པོ་མ་ཧཱ་མ་ཡའི་རྒྱུད། །དཔལ་ནམ་མཁའ་ལྟ་བུའི་གསང་འདུས་དང་། །བཀའ་སྲུང་ཅན་གྱི་གདན་བཞི་དང་། །སྤྲུལ་པ་སངས་རྒྱས་ཐོད་པའི་རྒྱུད། །དོན་མཐར་ཐུག་སྟོན་པ་སྙིང་པོའི་སྐོར། །བཀའ་རྒྱ་མཚོ་ལྟར་ཟབ་རྒྱུད་འགྲེལ་ལ། །བཅུད་ནོར་བུ་རིན་ཆེན་གཏིང་ནས་བླངས། །གནད་ཟབ་དགུའི་དོན་སྙིང་ཕྱུང་བ་རྣམས། །གསེར་ཞུན་མ་ལྟ་བུར་དྲིལ་ནས་ཀྱང་། །འཕྲི་བསྣན་ལྷག་ཆད་ཡོད་རེ་ཞེས། །མཁའ་འགྲོ་དཔང་བཞག་དབུ་བསྙུང་བཞེས། །སྙན་བརྒྱུད་གདམས་ངག་རྫོགས་པ་གནང་། །ཕ་སྐུ་དྲིན་ཆེ་བས་སེམས་ལ་འཕྲེང་། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །སྒོམས་ཡུན་དུ་བསྲིང་བའི་གནད་ཀ་དེས། །རླུང་འབྱུང་བ་བཞི་ལ་རང་དབང་ཐོབ། །རོ་སྙོམས་ཀྱི་སྤྱོད་པའི་གདེང་དུ་གྱུར། །ནད་འདུ་བ་འཁྲུགས་པའི་འཇིགས་པ་མེད། །བུ་ཁྱོད་ཀྱི་བདེ་བ་བཞེད་པ་ན། །ངས་ཟེར་ཉོན་ལ་ང་ཕྱིར་འབྲང་། །ངོ་སྤྲོད་ལྟོས་ལ་ང་བཞིན་བསྒོམས། །དུས་འདི་ནས་ལམ་སྣ་ཟིན་པར་མཆི། །ཚེ་ཕྱི་མ་ཕན་ཆད་རྟག་ཏུ་བདེ། །ད་ལྟ་ལུས་ལ་ནད་མང་ཞིང་། །སེམས་ཀྱི་སྡུག་བསྔལ་མྱོང་ན་ཡང་། །ཉོན་མོངས་རྒྱུ་ཡི་ཉེར་ལེན་དང་། །གློ་བུར་རྐྱེན་གྱིས་མཚམས་སྦྱར་ནས། །སྔར་བྱས་ལས་ཀྱི་རྣམ་སྨིན་གྱིས། །རང་སྣང་སྒྲིབ་པ་དེ་ལྟར་འབྱུང་། །འདི་ཡང་རྨི་ལམ་སྐད་ཅིག་ཙམ། །དེ་ལ་འབུམ་འགྱུར་བྱེ་བ་ཡི། །གཉུག་རིང་ཤིན་ཏུ་བཟོད་དཀའ་བའི། །ན་རག་དམྱལ་བའི་སྡུག་བསྔལ་ཡང་། །དོན་དུ་སྣང་བ་ཡོད་མ་མྱོང་། །སྡིག་སེམས་བག་ཆགས་འཁྲུལ་པ་ལས། །ཕྱི་རོལ་སྡུག་བསྔལ་མྱོང་ཞེས་པ། །སྟོན་པ་ཤཱཀྱ་ཐུབ་པ་ལ། །རྡོ་རྗེ་སྙིང་པོས་ཞུས་པའི་ལན། །ངེས་པ་དོན་གྱི་མདོ་ལས་གསུངས། །དེ་ཕྱིར་ཀུན་བཏགས་འཁྲུལ་པའི་གཞི། །ཐམས་ཅད་སེམས་སུ་མ་ཤེས་ན། །ཚངས་པའི་འཇིག་རྟེན་དབང་བསྒྱུར་ཡང་། །དེ་ལ་བདེ་བ་ཡོད་མ་ཡིན། །མཉམ་བཞག་གཞི་ཡི་བསམ་གཏན་ལ། །བསྐལ་པར་གནས་ཀྱང་དམན་པའི་ལམ། །ཐམས་ཅད་མཁྱེན་པ་ཐོབ་མི་སྲིད། །དེ་བས་ལས་དང་ཉོན་མོངས་ཀྱི། །སྒྲིབ་གཡོགས་བག་ཆགས་སྦྱོང་བའི་ཕྱིར། །བྱང་ཆུབ་སེམས་ཀྱི་རྒྱུན་བསྒོམ་ཞིང་། །མཐར་ཕྱིན་སྐྱེ་མེད་དོན་ལ་བལྟ། །འོ་སྐོལ་ལས་ཀྱི་ས་པ་ཡིན། །ལེ་ལོ་སྙོམས་ལས་དོར་བྱས་ཏེ། །བརྩོན་འགྲུས་ཆེན་པོའི་གོ་བགོས་ཤིང་། །སྐད་ཅིག་ཡུད་ཙམ་མ་ཡེངས་པར། །དོན་མྱུར་དུ་སྒྲུབས་ཤིག་སྐལ་བཟང་མ། །སྲིང་མོ་སྨན་བཙུན་བཞིན་བཟང་མ། །
ཞེས་དོན་ཞིབ་ཏུ་བསྙད་པའི་གླུ་དེ་རྣམས་གོ་བར་གྱིས་ལ། ཁྱད་པར་དུ་བསྟན་པའི་དོན་དེ་དག་མྱུར་དུ་སྒྲུབས་ཤིག་ཅེས་གདམས་པ། ཁྱེད་ཀྱི་སྙིང་ལམ་ན་འབྲས་བུ་སྐུ་བཞི་བྱ་བ་ཞིག་ལོགས་ནས་བཙལ་དུ་ཡོད་སྙམ་ནའང་། སངས་རྒྱས་ཞེས་བྱ་བའི་རྒྱུ་ཐ་དད་པ་ཞིག་གཞན་ནས་བཙལ་དུ་མེད་དེ། འོ་སྐོལ་སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་ལ་འཆི་བ་འོད་གསལ་ཆོས་ཀྱི་སྐུ། བར་དོ་དག་པ་ལོངས་སྤྱོད་རྫོགས་པའི་སྐུ། སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ། སྐུ་གསུམ་རང་བཞིན་ཐ་མི་དད་པ་ངོ་བོ་ཉིད་ཀྱི་སྐུ། དེ་བཞི་རང་ཅག་ལ་རང་ཆས་སུ་ཡོད་པ་ངོ་མ་ཤེས། དེ་ངོ་སྤྲོད་པར་བྱེད་པ་ལ་གྲུབ་ཐོབ་བརྒྱུད་པ་བར་མ་ཆད་པའི་གདམས་ངག་ཟབ་མོ་དགོས་པ་ཡིན་གསུངས་པ་ལ།
ཡང་ཁོང་ཅག་རྣམས་ན་རེ། རྗེ་བཙུན་ལགས་ཁོ་མོ་ཅག་གིས་སྔོན་སློབ་དཔོན་པདྨ་འབྱུང་གནས་བོད་དུ་བྱོན་པའི་དུས་སུ་ཁ་ལ་རོང་སྒོ་རུ་སྔོན་བསུས་ནས་ཐོ་འཚམས་སུ་ཕྱིན་པ་ལ། སླར་སློབ་དཔོན་ཉིད་ཀྱི་ཕྱག་རྒྱ་གཉེན་པོའི་ཟིལ་འོག་ཏུ་མནན་ཏེ། བཀའ་འབངས་བགྱིད་པར་གཙིགས་ལ་ཕབ། རང་སྔགས་སྲོག་གི་སྙིང་པོ་མདངས་གསོལ་དུ་ཕུལ། དེའི་དུས་སུ་མདོ་སྡེ་དང་ལས་རྒྱུ་འབྲས་ཀྱི་ཆོས་མང་དུ་ཐོས། ཡང་རྒྱ་གར་གྱི་དུར་ཁྲོད་ཆེན་པོ་མུན་པ་སྒྲ་སྒྲོག་ཞེས་བྱ་བར་སློབ་དཔོན་ཕྱོགས་ཀྱི་གོ་ཆ་དང་། བརྟུལ་ཞུགས་སྤྱོད་པ་ནག་པོ་ཞབས་ལ། དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་མང་དུ་ཐོས་པས། དེའི་ཕྱིར་བཀའ་གསང་བ་བསྟན་པའི་སྣོད་དུ་ཡང་རུང་ལ། ད་རེས་ཀྱི་བྲོ་ནད་ཆེན་པོ་འདི་ལ་ཁོ་མོ་ཤིན་ཏུ་འཇིགས་ཤིང་སྐྲག་པ་ཉམས་སུ་མྱོང་བའི་ཕྱིར་ན། སེམས་ཅན་དམྱལ་བའི་སྡུག་བསྔལ་སྐད་ཅིག་ཙམ་ཡང་བཟོད་པར་མི་ནུས་པས། དེ་བས་ན་གོང་དུ་བསྟན་པའི་ཡ་ང་བ་དེ་དག་ལ་བསྐྱབ་ཅིང་། དག་པའི་སྐུ་བཞི་མངོན་གྱུར་དུ་ངོ་སྤྲོད་བྱེད་པའི་གདམས་པ་དེ་རིང་ཉིད་དུ་ཐུགས་ལ་བཏགས་འཚལ་ཞེས་ཞུ་དོན་གླུ་འདི་ཕུལ་ལོ། །
དཔལ་ནམ་མཁའ་འོད་ཀྱི་ཞིང་ཁམས་ན། །སྤྲིན་ཨ་ཝ་གསེར་མདོག་ལྡིང་བ་དེ། །ཀླུ་རྒྱལ་རིགས་གཙུག་ན་རིན་ཆེན་གྱི། །ཡ་མཚན་རྫུ་འཕྲུལ་བཀོད་པ་ཡིན། །སྤྲིན་དེ་འོག་འཕྱོ་ཞིང་ལྡིང་བ་དེ། །བར་སྣང་ལྷ་སྲིན་མིའམ་ཅི། །ལྷ་མིན་དྲི་ཟའི་བུ་མོ་རྣམས། །སྣ་ཚོགས་འདོད་ཡོན་ལོངས་སྤྱོད་ཅིང་། །གླུ་གར་རྩེ་འཇོ་ཤིན་ཏུ་དགའ། །སྤྲིན་ཨ་ཝ་ལྡིང་གི་འོག་རོལ་ན། །སྨན་དོག་པ་བཀྲ་ཤིས་དེང་མ་ཤོད། །ཕུ་ནི་ལྷ་བྲག་གངས་ཀྱིས་བསྐོར། །མདའ་ནི་གཙང་ཆབ་ལུ་མ་གཉན། །བར་གཡུ་ཡི་སྤང་པོ་བཏིང་བ་ལ། །སྨན་ཡུལ་པའི་རྩེ་བྲོ་ལྟད་མོ་ཆེ། །ལར་སྨན་ལུང་ཤེལ་གྱི་དོ་ར་དེར། །འོག་ཀླུ་ཡི་བང་མཛོད་ཡིན་པའི་ཕྱིར། །རྩི་བཅུད་ལོངས་སྤྱོད་འབྱུང་བའི་གནས། །རྐང་བཞི་དུད་འགྲོ་འཕེལ་བའི་ས། །འབྲོག་དེ་ན་དབེན་གནས་ཉམས་དགའ་བ། །ཆུ་བར་སྤྲུལ་སྐུའི་ཕོ་བྲང་ཡོད། །གནས་དེ་ནས་སྐྱེས་མཆོག་ཡ་མཚན་ཅན། །མཛེས་པའི་སྐུ་ལུས་རིན་པོ་ཆེ། །མཐོང་དང་ཐོས་པ་ཙམ་གྱིས་ཀྱང་། །འགྲོ་དྲུག་སྒྲིབ་པ་སྦྱོང་མཛད་ཅིང་། །ཕྱག་རྒྱ་སྐུ་ཡི་བཀོད་པ་ཡི། །སྣ་ཚོགས་རྫུ་འཕྲུལ་སྟོན་མཛད་དེ། །ཀུན་མཁྱེན་སེམས་ཉིད་དོན་རྟོགས་པའི། །ཆོས་ཉིད་མཁའ་ལ་དབང་བསྒྱུར་ཞིང་། །རྣམ་དག་བྱམས་པའི་གསུང་གིས་ནི། །ཆོས་ཉིད་སྟོང་པའི་སྒྲ་སྒྲོགས་པས། །ངེད་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །དད་པའི་ས་བོན་གསོས་བཏབ་ནས། །བཀའ་བཞིན་ཉན་ཅིང་གུས་པ་བགྱིད། །ཅི་བསམ་འབྱུང་བའི་ཡིད་བཞིན་གྱི། །ནོར་བུ་རིན་ཆེན་རྒྱལ་བའི་སྲས། །ཁྱེད་ལ་བརྟེན་དུ་མཆིས་གྱུར་པའི། །འཇིག་རྟེན་མིག་བསྒྱུར་མཁའ་འགྲོ་མ། །བུད་མེད་གཟུགས་བཟང་ཁོ་མོ་ཅག །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །མ་རིག་འཁྲུལ་པའི་རང་རྒྱུད་དང་། །ལས་སྲིད་པའི་ཉིང་མཚམས་སྦྱོར་བ་དེས། །དང་པོར་མི་སྐྱེའི་ཐབས་མ་མཆིས། །ད་ཅུང་ཞིག་སྡོད་དོ་སྙམ་པ་ལ། །འཆི་བདག་གཤིན་རྗེ་སྐད་པ་དེས། །ཐིབ་ནོན་གྱི་མུན་པ་གཙུག་ན་འཁྱིལ། །འཆོར་མེད་ཞགས་པ་ལག་ན་ཐོགས། །དུས་ནམ་ཞིག་ཚེ་ན་རང་དབང་མེད། །འབྱུང་བཞི་ལུས་ཀྱི་མདངས་འཕྲོག་ཅིང་། །ནང་སྲོག་གི་དབང་པོ་འགག་པར་བྱེད། །དེ་ནས་བར་དོའི་སྣང་བ་འཆར། །སྣང་མུན་འོད་ཀྱི་ལམ་སྲང་དེར། །བརྩེ་མེད་གཤེད་པོ་ཕྱི་བཞིན་འབྲང་། །ཉམ་ཐག་དམྱལ་བའི་སྡུག་བསྔལ་མྱོང་། །དེ་རྗེས་མིང་བཞི་འཁྱམས་པོ་དེ། །ལས་ངན་རླུང་དང་བག་ཆགས་ཀྱིས། །ཆ་མེད་ཡུལ་དུ་རྒྱུས་མེད་འཁྲིད། །རང་དབང་མེད་པར་སྐྱེ་གནས་འཚོལ། །འཁོར་བ་ཟོ་ཆུའི་འཁྱུད་མོ་རུ། །སྐྱེ་རྒ་ན་འཆི་སྲིད་པའི་མཚོ། །གཡོ་འཁྲུགས་རྦ་རླབས་བསྐྱོད་པ་ལ། །སྔོན་ཆད་བྱིང་བ་སྐྱབས་མེད་ན། །ད་རེས་དེད་དཔོན་ཁྱེད་ཀྱི་མཐུས། །བྱང་ཆུབ་སེམས་ཀྱི་གཟིངས་བཅས་ནས། །འཇིགས་ཤིང་ལྟ་བའི་རླུང་ལོག་དང་། །འདོད་ཡོན་གཡོ་བ་སྲིན་མོའི་གླིང་། །ལས་ཀྱི་ཆུ་སྲིན་འཚེ་བ་ལས། །འཇིགས་མེད་བདེ་བར་བསྐྱལ་ནས་ཀྱང་། །ཕ་མཐར་སོན་པ་ནོར་བུའི་གླིང་། །སྣ་ཚོགས་རིན་ཆེན་ས་གཞི་ལ། །ལམ་རིང་དུབ་པའི་ཚོང་པ་རྣམས། །ངལ་གསོས་དལ་བར་གཉིད་ལོག་ཅིང་། །ཅི་བསམ་དགོས་འདོད་ལེན་པར་ཞུ། །འཁོར་བའི་རི་སུལ་ཉམ་ང་བར། །འཇིགས་བཅས་མི་ཁོམ་བརྒྱད་ཀྱི་གནས། །སྒྲིབ་གཡོག་མུན་པ་ཆེར་གནག་ཅིང་། །ཉོན་མོངས་གཅན་གཟན་མ་རུངས་པ། །མཐོང་བས་འཇིགས་སྐྲག་བྱིན་པ་འདར། །སྐྱོན་གྱི་ཟུག་རྔུ་ཚེར་མ་ཅན། །སྡུག་བསྔལ་བརྒྱད་ཀྱི་ནགས་ཁྲོད་དུ། །ལམ་སྟོར་སྨག་རུམ་འཐོམ་པ་རྣམས། །ཁྱོད་གསུང་དྲི་མ་དང་བྲལ་བ། །ཆ་ཡི་ཡོངས་རྫོགས་སྟོན་ཀ་ཡི། །ཟླ་བ་ལྟར་དཀར་སྤྲིན་མེད་ཅིང་། །འོད་འཕྲོ་སྣང་བར་གྱུར་པ་དེ། །མ་རིག་མུན་པ་བསལ་ནས་ཀྱང་། །རྣམ་དག་ཡངས་པའི་ལམ་བསྟན་ཞུ། །ལམ་འཇིགས་པ་ཅན་གྱི་བར་དོ་རུ། །འཕྲང་འཛུར་མེད་གསུམ་དུ་བསྒུག་ནས་ཀྱང་། །ངེད་སྔོན་ཆད་བདུད་ཀྱི་ཞགས་པས་ཁྱེར། །ལས་ཀྱི་ལྕགས་སྒྲོག་དམ་པོས་བཅིངས། །ཐར་མེད་ཁྲི་མུན་དོང་དུ་བསྐྱུར། །དུས་ད་རེས་སྐྱབས་གནས་བླ་མ་རྗེ། །རྒོལ་བ་སུས་ཀྱང་མི་སྤོབས་པ། །དཔུང་གཉེན་ཁྱེད་ཀྱི་མཐུ་སྟོབས་ཀྱིས། །འཇིགས་པའི་ལམ་འཕྲང་བསྒྲལ་བའི་ཕྱིར། །འཆི་བ་འོད་གསལ་ཆོས་ཀྱི་སྐུ། །ཆོས་སྐུ་ངོ་སྤྲོད་ཀྱི་གདམས་ངག་ཞུ། །བར་དོ་དག་པའི་སྒྱུ་ལུས་ལ། །ལོངས་སྐུ་ངོ་སྤྲོད་ཀྱི་གདམས་ངག་ཞུ། །སྐྱེ་གནས་གར་སྐྱེའི་རང་དབང་ཡོད། །སྤྲུལ་སྐུ་ངོ་སྤྲོད་ཀྱི་གདམས་ངག་ཞུ། །འཕྲང་དེ་གསུམ་སྒྲོལ་བའི་ཕ་རོལ་ན། །བར་ཆད་བདུད་ལས་གྲོལ་བའི་ས། །མི་འཇིགས་སྙེམས་དང་བྲལ་བའི་ས། །ཕྱིར་མི་ལྡོག་པ་གཏན་གྱི་ཡུལ། །དགའ་བདེ་ཡངས་པའི་ཞིང་ཁམས་ཤིག །ཡོད་པ་སྐད་དོ་ཁོ་མོས་ཐོས། །སྔོན་ཆད་མ་ཕྱིན་མཐོང་མ་མྱོང་། །འགྲོ་མགོན་བླ་མ་ཐུགས་རྗེ་ཅན། །སྐྱོབ་པ་ཁྱོད་ཀྱིས་ཤུལ་མཚོན་ཏེ། །མ་མཐོང་ཡུལ་དེ་བསྟན་པར་ཞུ། །ལར་ཡ་ངའི་གནས་སུ་ཉམ་ཐག་ཅིང་། །མགོན་མེད་སྨྲེ་སྔགས་འདོན་པ་རྣམས། །དུས་གཞན་མ་ཡིན་འདི་ཉིད་ལ། །འབྲས་བུ་སྐུ་བཞི་མངོན་གྱུར་ཞུ། །
ཞེས་གསོལ་བ་བཏབ་སྟེ་དངུལ་དཀར་གྱི་མེ་ལོང་ལ་གསེར་གྱི་པདྨ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཀོད་པ་གཅིག་གིས་བརྒྱན་པའི་མཎྜལ་ཕུལ་བས། ཡང་རྗེ་བཙུན་གྱིས་གསུངས་པ། བཞིན་བཟང་མ་ཁྱོད་ང་ལ་དེ་ཙམ་དུ་མོས་ཤིང་ཆོས་འདི་ནན་ཏན་དུ་ཞུ་ན། ང་རང་གི་ལུགས་ཀྱི་བྱིན་རླབས་བྱེད་དགོས་པས། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་དུ་བཤོམས་ཤིག་གསུངས་པས། ཁོང་ཅག་གིས་དེའི་ནུབ་རང་ལ་ཟས་སྣ་དྲུག་ཅུ་ཙམ་གྱིས་ཚོགས་ཀྱི་ཡོ་བྱད་བཤམས་ཏེ། མེ་ཏོག་ཚོམ་བུའི་མཎྜལ་ལ་བརྟེན་ནས་རྗེ་བཙུན་ཆེན་པོས་ཁོང་ཅག་ལྔ་ལ་རྗེ་བཙུན་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་དབང་བསྐུར་མཛད། དེའི་དུས་སུ་བར་དོ་གནད་ཀྱི་འཕྲང་སྒྲོལ། སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་དག་པ་བདེ་ཆེན་གྱི་ཞིང་ཁམས་བགྲོད་ལུགས་འདི་མགུར་དུ་གསུངས་སོ། །
འཛམ་གླིང་སྙིང་པོ་རྒྱ་གར་ཡུལ། །གཙུག་ལག་ཁང་ཆེན་བྷི་ཀྲ་མ། །རིག་པའི་འབྱུང་གནས་དེ་ཉིད་ཀྱི། །བྱང་སྒོ་སྲུང་བའི་པཎྜི་ཏ། །མི་ཡི་སེང་གེ་འགྲན་ཟླ་མེད། །རྒོལ་བ་ངན་པའི་ཀླད་འགེམ་ཕྱིར། །གྱད་སྟོབས་པོ་ཆེའི་དཔེ་དང་མཚུངས། །བཀའ་རྒྱུད་སྡེ་བཞི་ལ་མ་རྨོངས་པའི། །མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ་དེ། །རྗེ་ན་རོ་པཎ་ཆེན་མ་ལགས་སམ། །དེ་ཉིད་སྲས་ཀྱི་མཆོག་གྱུར་པ། །དཀའ་བ་སྤྱད་པའི་ཐུགས་རུས་ཅན། །ལྷོ་བྲག་མར་པ་ལོཙྪ་ཞེས། །མཚན་ཡོངས་སུ་གྲགས་སོ་འབྲུག་སྒྲ་ལྟར། །རྗེ་སྐུ་དྲིན་ཅན་གྱི་སྤྱན་སྔ་ན། །ཤཱཀྱ་ཐུབ་བསྟན་པའི་སྙིགས་མ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །བདུད་རིགས་བར་ཆད་མང་བའི་ཕྱིར། །དུས་ཡུན་རིང་བསྡད་པའི་ལོང་མེད་ཀྱི། །ཤེས་བྱའི་མཐའ་ལ་ཆོད་དུས་མེད། །རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་བར། །བུ་སྒྲུབ་པ་སྙིང་པོར་ལོངས་ཤིག་གསུང་། །མི་ངས་ཀྱང་ལེ་ལོ་མ་བགྱིས་ཏེ། །རྗེས་གསུང་པའི་བཀའ་བཞིན་རྗེས་སུ་མཉན། །གནས་རི་ཁྲོད་བས་མཐའ་བསྙགས་ནས་ཀྱང་། །ལུས་དཀའ་ཐུབ་སྤྱད་དེ་བསྒོམས་པ་ལ། །ཉམས་ཅུང་ཟད་རྒྱུད་ལ་སྐྱེས་པ་ཡོད། །སེམས་ལྷན་ནེ་གཏོད་ཅིག་སྐལ་བཟང་མ། །སྤྱིར་འོ་སྐོལ་འགྲོ་དྲུག་སེམས་ཅན་ལ། །གཞི་བར་དོའི་ཆོས་དྲུག་ཤེས་ཀྱང་འཚལ། །ལམ་སྲིད་པ་གསུམ་གྱི་འབྱུང་འཇུག་གིས། །གནས་ཁམས་གསུམ་འཁོར་བ་ཡང་ཡང་འཁྱམས། །འཕྲང་འཛུར་མེད་གསུམ་གྱི་སོ་མཚམས་སུ། །ཤུལ་རིང་མགྲོན་གྱི་མི་རྣམས་ལ། །མཛའ་བཤེས་གཉེན་གྱི་བྱ་ར་བས། །དགའ་བྲོད་གདོང་ནས་བསུ་བ་ཡོད། །སུན་མ་དེ་དང་མ་མཇལ་ན། །དགྲ་སྣང་གཤེད་མའི་ཆས་བསྙན་པས། །བྱ་གཅོད་ལྟ་ཉུལ་འོང་སྟེ་མཆི། །དཔུང་དེད་དཔོན་གསུམ་དང་མ་འགྲོགས་ན། །རྒྱུས་མེད་འཇིགས་བཅས་ཚོང་པ་རྣམས། །མ་མཐོང་འཇིགས་པའི་སྐུང་བ་ན། །ལུང་སྟོན་བདུད་ཀྱི་ཕོ་ཉ་གསུམ། །ཐར་མེད་ཇག་པས་ལམ་ན་བསྒུག །འདྲ་མིན་སྤྲུལ་པའི་གཟུགས་བརྙན་གྱིས། །བསླུ་བའི་ཚིག་གིས་ཡིད་བསྒྱུར་ཏེ། །ལམ་གོལ་ལོག་པར་ཁྲིད་ནས་ཀྱང་། །བདུན་ཕྲག་བདུན་པ་ཡན་ཆད་དུ། །སྣང་མུན་སྲིད་པའི་བར་དོ་རུ། །ཚ་གྲང་སྡུག་བསྔལ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་རྗེས་འབྲང་སྟེ། །སླར་ཡང་འཁོར་བའི་བཙོན་རར་འཇུག །ད་བཙོན་ར་དེ་ནས་ཐར་འདོད་ན། །ད་རེས་འཁོར་འདས་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་དབབ་ཀྱང་འཚལ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱང་ཕྱིར། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །རང་བཞིན་ལམ་གྱི་བར་དོ་རུ། །གཉུག་མའི་ཡེ་ཤེས་ངོས་བཟུང་ཕྱིར། །སྙན་བརྒྱུད་གདམས་ངག་བསྒོམ་ཡང་འཚལ། །རྨི་ལམ་གཉིད་ཀྱི་བར་དོ་རུ། །བག་ཆགས་ལམ་དུ་བསྒྱུར་བའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །ཐ་མ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་གྱུར་ནས་ཀྱང་། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གལ་ཏེ་མངོན་དུ་མ་གྱུར་ན། །སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པས་མཚམས་སྦྱར་ནས། །རྒྱུ་འབྲས་མི་བསླུ་རྟེན་འབྲེལ་གྱིས། །དལ་འབྱོར་འཛོམ་པའི་ལུས་ཐོབ་ཅིང་། །སྔ་མའི་ལས་འཕྲོ་སད་ནས་ཀྱང་། །ལམ་གྱི་རྟོགས་པ་མཐར་ཕྱིན་ཏེ། །རིང་པོར་མི་ཐོགས་དེ་ཉིད་དུ། །གྲོལ་བར་འགྱུར་བར་ཐེ་ཚོམ་མེད། །ཁྱེད་ཡ་མཚན་ཆེ་བའི་བུད་མེད་ལྔ། །རྩེ་གཅིག་གུས་པས་བཀའ་ཉན་ཅིང་། །དོན་ཆེད་དུ་བསྐྱར་ཏེ་ཞུས་པ་ལ། །མི་ཁོ་བོས་བར་དོའི་གདམས་ངག་བཤད། །རྗེ་ལྷོ་བྲག་མར་པའི་ཐུགས་ཕྱུང་ཡང་། །དོན་འདི་ལས་ཟབ་པ་ཡོད་རེ་ཀན། །
ཞེས་མགུར་དུ་བཞེངས་པ་ལ་ཡང་བཞིན་བཟང་མ་དེ་དག་ལངས་ནས་ཕྱག་དང་བསྐོར་བ་ལན་བདུན་བདུན་བྱས་རིན་པོ་ཆེའི་ཕྲ་བཀོད་པའི་མཎྜལ་ཕུལ་ནས། རྗེ་བཙུན་གྱི་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་ལ་བསྟོད་ཅིང་། ལུས་སྙོམས་པར་འཇུག་པ་དགའ་བཞིའི་ཡེ་ཤེས་བདེ་སྟོང་གི་མཆོད་པ་འབུལ་བ་དང་། བར་དོ་ངོ་སྤྲོད་ཀྱི་ཆོས་དེ་དག་ཞིབ་རྒྱས་སུ་བསྙད་ཅིང་། དོན་མདོར་བསྡུས་པ་ཉམས་སུ་ལེན་བདེ་བ་ཅིག་གནང་འཚལ། ཞེས་ཞུ་དོན་ཕུལ་ལོ། །
རྗེ་འགྲོ་བ་སྐྱོབ་མཛད་བཀའ་དྲིན་ཅན། །ལྕགས་ལ་གསེར་འགྱུར་བཏབ་པ་བཞིན། །སྙན་བརྒྱུད་དག་པའི་བདུད་རྩི་ཡི། །སྡུག་བསྔལ་བདེ་བར་བསྒྱུར་མཛད་པ། །ཕ་སངས་རྒྱས་ཁྱེད་ལ་ཕྱག་འཚལ་གྱིས། །ཐུགས་བརྩེ་བས་མི་འབྲལ་རྟག་ཏུ་སྐྱོང་། །རྒྱུད་སྦྱངས་པ་ཅན་གྱི་སྣང་བ་ལ། །ཞིང་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས། །བདེ་ཆེན་སྤྲོས་བྲལ་ཆོས་ཀྱི་ཕོ་བྲང་དེ། །རྗེ་བླ་མའི་གདན་ས་མ་ལགས་སམ། །ཌཱཀྐི་སྤྲིན་ཚོགས་འདུ་བའི་དབུས། །གདན་རིག་སྟོང་དབྱེར་མེད་སེང་གེའི་ཁྲི། །སྲིད་པའི་སྐྱོན་སྤངས་པདྨ་ཅན། །སྣ་ཚོགས་རྟོགས་པའི་སྤྲིན་བྲལ་བ། །འོད་གསལ་ཉི་ཟླའི་དཀྱིལ་འཁོར་ལ། །ཕ་བླ་མ་རྗེ་བཙུན་བཞུགས་པ་དེ། །སྐུ་ལྟ་བས་མི་ངོམ་གཟི་མདངས་ཅན། །ཞལ་ལྷན་ནེ་ལྷང་ངེ་ཤིན་ཏུ་མཛེས། །ཡོན་ཏན་ཚོགས་ཀྱིས་རབ་བརྒྱན་ཏེ། །དཔེ་བྱད་མཚན་གྱིས་སྤྲས་པའི་ཕྱིར། །རྒྱལ་སྲས་གཞོན་ནུ་ཉིད་དང་མཚུངས། །སྐུ་མཐོང་ནས་དགའ་བའི་རྗེ་ལ་བསྟོད། །གསུང་སྒྲ་དབྱངས་སྙན་པ་དྲི་ཟའི་གླུ། །སྒྲ་རང་སྣང་སྟོང་པ་ཆོས་ཀྱི་སྒྲ། །བདེ་ཆེན་སེང་གེའི་སྒྲ་བསྒྲགས་པས། །བདུད་དང་མུ་སྟེགས་སྐྲག་མཛད་ཅིང་། །སྐལ་ལྡན་གདུང་བ་སེལ་མཛད་པའི། །གསུང་དེ་ལ་སྙན་པས་ཕྱོགས་བཅུར་བསྟོད། །ཐུགས་མི་ཕྱེད་རྡོ་རྗེའི་སྙིང་པོ་ལྟར། །ཤེས་བྱའི་མཐར་ཐུག་ཀུན་ལ་མཁས། །ལྟ་བ་ཀུན་ཡངས་ནམ་མཁའ་ལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །གདུལ་བྱའི་མུན་པ་སེལ་མཛད་པའི། །ཐུགས་མི་འགྱུར་བ་ཡི་རྗེ་ལ་བསྟོད། །རྗེ་སངས་རྒྱས་ཀྱི་ངོ་བོ་སྐུ་གསུང་ཐུགས། །སྣ་ཚོགས་སིདྡྷི་སྦྱིན་པའི་ཕྱིར། །ཡིད་བཞིན་ནོར་བུ་ལྟ་བུ་ཁྱོད། །རྒྱལ་མཚན་རྩེ་མོ་སྤྱི་གཙུག་གི །ཅོད་པན་གདན་ལ་བཞུགས་ནས་ཀྱང་། །བསམ་པ་དག་པས་བྱི་དོར་བྱས། །གཡེལ་བ་མེད་པར་ཉིན་མཚན་དུ། །ཕྱག་བྱས་མཆོད་ཅིང་གསོལ་བཏབ་ན། །ཅི་འདོད་རེ་བ་སྐོང་མཛད་ཅིང་། །འདོད་པའི་དོན་རྣམས་སྒྲུབ་མཛད་པ། །དབང་གི་རྒྱལ་པོ་ལྟ་བུ་ཡི། །རྗེ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་ཐུགས་རྗེའི་སྤྲིན་ཚོགས་ལས། །བྱིན་རླབས་ཡེ་ཤེས་བདུད་རྩི་ཡི། །ཆར་འབབ་འོ་མའི་རྒྱུན་དེ་ལ། །སྐལ་ལྡན་འགའ་ཞིག་འཐུང་བྱེད་པ། །སྐྱེ་གནས་འདི་ཉིད་ཁོ་ན་ལ། །ཉོན་མོངས་ཐ་བ་བཏུལ་ནས་ཀྱང་། །རྟོགས་པའི་མྱུ་གུ་འཁྲུངས་འགྱུར་ཞིང་། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །སྐུ་དང་ཡེ་ཤེས་འཕྲིན་ལས་ཀྱི། །ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས། །འགྲོ་ཀུན་རབ་ཏུ་ཚིམ་མཛད་པ། །རིང་པོར་མི་ཐོགས་བསྐྲུན་པར་ཤོག །དེ་མ་ཐོབ་ཀྱི་བར་དུ་ཡང་། །ཕོ་ཉས་བགྲོད་པའི་ལམ་གྱི་རྟེན། །ཟག་བཅས་ལུས་ཀྱི་བདེ་བ་ལ། །ཟག་མེད་ཏིང་འཛིན་ཆེར་བསྐྱེད་པ། །དགའ་བ་རྣམ་བཞིའི་ཡེ་ཤེས་ཀྱིས། །བདེ་སྟོང་ཏིང་འཛིན་ལ་གནས་པའི། །དབུ་མའི་ལམ་ལ་འཇུག་པའི་ཕྱིར། །ཡོངས་སུ་སྦྱངས་པའི་ཤེས་རབ་ལ། །ཁོ་མོས་བགྱིད་པར་འཚལ་ལགས་པས། །དགྱེས་བཞིན་ཁྱེད་ཀྱིས་གནང་བར་མཛོད། །དེ་རྗེས་སླད་ནས་ཞུ་བའི་དོན། །ཆོས་འདི་བར་དོ་འཕྲང་སྒྲོལ་ལ། །ཕྱོགས་བསྟན་ཚིག་གིས་བརྡ་མི་མཇལ། །དམར་ཁྲིད་ཞིབ་ཏུ་བསྙད་པ་དང་། །སྐུ་བཞི་ངོ་སྤྲོད་དོན་གྱི་གནད། །མངོན་གྱུར་དུས་དང་ས་མཚམས་ཀྱི། །མདོར་བསྡུས་འདི་ལས་མེད་ཅེས་པ། །ཞལ་ཁྲིད་ལག་ལེན་གསུང་བར་ཞུ། །གཞན་ཡང་ཁྱེད་ཀྱི་མཐུ་ཡིས་ཀྱང་། །ཆབ་འོག་འབངས་སུ་གྱུར་པ་ལ། །སྣ་ཚོགས་གདམས་པའི་བཅུད་བསྟན་ནས། །རྒྱུད་དང་དབང་པོ་ཚིམ་གྱུར་ནས། །སྒྲུབ་པའི་འབྲས་བུ་མཐར་ཕྱུངས་ཏེ། །ཚེ་འདིའི་སྣང་བ་ཁོ་ན་ལ། །རྟགས་དང་ཡོན་ཏན་སྣ་ཚོགས་པ། །རྗེ་བཙུན་ཁྱེད་དང་མཉམ་པར་ཤོག །
ཅེས་མཇུག་དག་པ་སྨོན་ལམ་དང་བཅས་པའི་གླུ་དེ་རྣམས་རྗེ་བཙུན་གྱི་སྙན་དུ་ཕུལ་བ་ལ། ཡང་རྗེ་བཙུན་གྱིས་བཀའ་སྩལ་པ། བཞིན་བཟང་མ་རྣམས་གཞི་ཁམས་གསུམ་ན་མི་ཁོམ་པ་བརྒྱད་ཀྱི་འདུ་བྱེད་ཀྱི་ཐང་ཆད་ཅིང་། ལམ་སྲིད་པ་གསུམ་ན་ཡུན་རིང་དུ་བཤར་བས་ལུས་ངལ་དུ་གྱུར་པའི་ཤུལ་རིང་གི་མགྲོན་པོ་གསུམ་ཡོད་དེ། གདམས་ངག་ཡོད་ལ་ཉམས་སུ་བླངས་པའི་གང་ཟག་དང་། གདམས་ངག་ཡོད་ལ་ཉམས་སུ་མ་བླང་བའི་གང་ཟག་དང་། གདམས་ངག་ཀྱང་མེད་ལ་ཉམས་སུ་མ་བླང་བའི་གང་ཟག་གོ །སྔ་མ་དེ་ལ་ནི། སྲིད་པའི་ལམ་དང་། འཇིགས་པའི་འཕྲང་དང་། བདུད་ཀྱིས་བསྒུག་པ་ལ་སོགས་པའི་ཡ་ང་བ་གང་ཡང་མེད་དེ། སྒོམ་པའི་གནད་ཀྱིས་གྲོལ་བའི་ཕྱིར་རོ། །ཕྱི་མ་ནི་སྐྱེ་བ་ཐ་མལ་པ་དང་མཚུངས་ཏེ། ཡ་ང་བ་དང་བཅས་པའི་ལམ་འཕྲང་དེ་རྣམས་སུ་ཞུགས་ནས་རང་བཞིན་གྱི་བདུད་ཀྱི་གནས་སུ་ཁྲིད་དེ། ཁམས་གསུམ་འཁོར་བའི་གནས་སུ་སྐྱེ་ཤི་བར་མ་ཆད་པ་ཟོ་ཆུའི་ཁྱུད་མོ་ལྟ་བུར་འཁོར་བའོ། །བར་མ་དེ་ལ་ཡང་སྔར་བསྟན་པ་ལྟར་ཡ་ང་བ་དང་བཅས་པའི་ལམ་འཕྲང་གི་དོགས་པ་དེ་དག་བསལ་ཅིང་། བར་ཆད་བདུད་ཀྱི་ཕྱག་བརྙན་དེ་དག་གཏན་ནས་དག་པའི་གདམས་ངག་ཡོད་དེ། ཁྱོད་ལ་མི་འགྱུར་བའི་དད་པ་དང་། ཆོས་ཟབ་མོ་ལ་མོས་པའི་ཤེས་རབ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་གོ་ཆ་ཡོད་ན། ཁམས་དང་དབང་པོའི་དུས་ཚོད་དང་སྦྱར་ལ་ཁད་ཀྱིས་བསྙད་པར་བྱའོ། །ད་རེས་སྐུ་གསུམ་མངོན་གྱུར་གྱི་ས་མཚམས་ལག་ལེན་དུ་བསྟན་ན། ལམ་འཆི་བའི་སྲིད་པ་དང་། འགྱུ་བ་གནད་གཅོད་ཀྱི་འཕྲང་ཕྱི་ནང་འབྱུང་བ་སྐྱེ་མཆེད་རིམ་གྱིས་ཐིམ་པའི་རྗེས་ལ། ཉོན་མོངས་པའི་འཆིང་བ་མཐའ་དག་ལས་གྲོལ་བ། ནམ་མཁའ་དྭངས་པ་ལ་ཉི་མ་ཤར་བ་ལྟ་བུ། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ། ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་མ་བཅོས་པ་ཅི་ལྟ་བ་བཞིན་དུས་དེར་འཆར་བས། དེ་ཀ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་བླ་མ་དམ་པས་ངོ་སྤྲད་པ་ལ་གནས་ལུགས་ལྟ་བའི་དོན་གོ་བ་དང་། མཚོན་བྱེད་ལམ་གྱི་འོད་གསལ་དང་། གཉིད་ཀྱི་འོད་གསལ་སྦྱང་འཚལ། ལམ་སྲིད་པ་བར་དོ་ལ་སྔོན་འབྱུང་ཡིད་ཀྱི་གཟུགས་ཅན་ལས་ཀྱི་གཤིན་རྗེ་འཚེ་བའི་འཕྲང་སྣང་མུན་འོད་ཀྱི་བར་དོ་རུ་དབང་པོ་ཀུན་ཚང་ཐོགས་པ་མེད་ཅིང་ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་པའི་ལུས་ཞིག་ཡོད་པ་དེ་ཀ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཟུང་འཇུག་ལྷའི་སྐུ་སྒྱུ་མ་ལྟ་བུར་བཞེངས་ནས་བག་ཆགས་སྔ་མའི་ལྷག་ལུས་སྦྱངས་པ་ཡིན་པས། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་བསྐྱེད་རིམ་ལྷའི་སྐུ་ལ་དམིགས་པ་གསལ་བ་དང་། མཚོན་བྱེད་ལམ་གྱི་སྒྱུ་མ་རྨི་ལམ་ཟིན་པར་སྦྱངས་འཚལ། ལམ་སྲིད་པ་ཐ་མ་ལ་རིག་པ་ལས་ཀྱི་རླུང་གིས་རང་དབང་མེད་པར་བསྐྱོད་པའི་འཕྲང་དྲི་ཟ་མངལ་གྱི་སྐྱེ་གནས་ཚོལ་བའི་དུས་དེར་ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་སྐྱེ་བས། སྔར་གྱི་གདམས་ངག་དྲན་པའི་གནད་ཀྱིས་རང་ཉིད་བདེ་སྟོང་གི་ཉམས་དང་མི་འབྲལ་བར་གཉེན་པོའི་རྩལ་མཐར་ཕྱུང་བས། ལས་ཀྱི་སྣང་བ་འཆར་ཞིང་། དུས་ད་ཕྱིན་ཆད་བསམ་བཞིན་སྐྱེ་བ་ལེན་པ་དེ་ཀ་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་གྲོལ་ལམ་གཏུམ་མོ་དྲོད་ཀྱི་ཡེ་ཤེས་བསྐྱེད་པ་དང་། ཆགས་ལམ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་གསུམ་པའི་དོན་ཉམས་སུ་མྱོང་བས་ཕྲག་དོག་དང་མིག་སེར་སྦྱངས་འཚལ། མདོར་ཧྲིལ་གྱིས་དྲིལ་བ་ལ་འབྲས་བུ་སྐུ་གསུམ་མངོན་དུ་འགྱུར་ལུགས་ཀྱི་དུས་དང་ས་མཚམས་དེ་ལྟར་ཤེས་པར་བྱེད་འཚལ། རྗེ་ལྷོ་བྲག་མར་པའི་ཐུགས་ཀྱི་བཅུད་སྙན་བརྒྱུད་དོན་གྱི་ངོ་སྤྲོད། ཐབས་ལམ་རང་གནད་ཀྱི་མཐར་ཐུག་ཀྱང་དེ་ལས་མེད་དོ། །རྣལ་འབྱོར་པ་ངའི་བློ་ཡིད་ཆེས་ཀྱི་གདེང་། འཕྲལ་ཉམས་སུ་བླང་རྒྱུ་འདི་ལས་མེད་པས། བཞིན་བཟང་མ་ཁྱོད་རང་དེ་ལྟར་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག །ཅེས་གསུངས་པ་ལ། མིག་བསྒྱུར་གྱི་མཁའ་འགྲོ་མ་དེ་རྣམས་ཀྱི་ནང་ནས་ཀྱང་། གཙོ་མོ་བཀྲ་ཤིས་ཚེ་རིང་མ་ཐབས་ལམ་ཟབ་མོའི་དོན་གྱི་ངོ་སྤྲོད་ལ་ཤིན་ཏུ་མོས་ཤིང་དད་པར་གྱུར་པ་དེས། ཡང་ཞབས་སྤྱི་བོར་བླངས་ནས་རྗེ་བཙུན་ལགས་དུས་ད་ནས་བཟུང་སྐྱེ་གནས་ཐམས་ཅད་དུ་ཁོ་མོ་ཕྱི་བཞིན་འབྲང་ཞིང་ལས་ཀྱི་ཕྱག་རྒྱ་བགྱིད་པར་འཚལ་བས། བར་དོ་ངོ་སྤྲོད་ཀྱི་གནད་དེ་རྣམས་ཉམས་ཀྱིས་རྟོགས་པ་མཐར་མ་ཕྱིན་གྱི་བར་དུ་ཐུགས་ལ་བཏགས་འཚལ། ཞེས་ཞུ་བ་ནན་ཏན་དུ་གསོལ་ནས་ཕྱག་དང་བསྐོར་བ་ལན་མང་དུ་བྱས་ཏེ་སླར་མོ་རང་གི་གནས་སུ་སོང་སྐད་དོ།། །།
རྗེ་རས་པ་ཆེན་པོ་དཔལ་བཞད་པའི་རྡོ་རྗེ་དང་། འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་ལྔའི་འཕྲང་སྒྲོལ་གནད་ཀྱི་བར་དོ་ལ། དྲིས་པ་ལན་དང་བཅས་པའི་བརྡ་དོན་གླུ་རུ་བླངས་པས་སྙན་ངག་གི་གླུ་མུ་ཏིག་གི་རྒྱན་ཕྲེང་ཞེས་བྱ་བ་ངན་རྫོང་སྟོན་པ་བོ་དྷི་རཱ་ཙ་དང་རས་པ་ཞི་བ་འོད་གཉིས་ཀྱིས་ཡི་གེར་བཀོད་པ་རྫོགས་སོ།། །།

ཡང་བྱ་ཟླ་བའི་ཚེས་བརྒྱད་ཀྱི་ནམ་སྲོད་ཡོལ་ཙ་ན། དབེན་གནས་སྨན་ལུང་ཆུ་བར་དུ། རྗེ་བཙུན་དགོངས་པ་ལ་བཞུགས་པའི་ཚེ། འོད་དཀར་པོ་གཅིག་དཀར་ལྷག་བྱུང་སྐད། དེ་ནས་མི་སྣང་བར་སྒྲ་སྒྲ་སྙན་པ་ཞིག་སང་སང་བྱུང་ནས། ཨེན་ཙམ་ཞིག་ནས་དྲི་ཞིམ་པོ་སྔོན་ཆད་ཚོར་མ་མྱོང་བ་བྲོ་བྱུང་ཙ་ན། བཀྲ་ཤིས་ཚེ་རིང་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས། འཁོར་བཞི་པོ་གཅིག་གིས་དྲི་ཞིམ་པོ་སྣ་ཚོགས་བསྲེག་པའི་དུད་པ་ཐོགས། གཅིག་གིས་རོལ་མོའི་བྱེ་བྲག་མང་པོ་ཐོགས། གཅིག་གིས་བཟའ་བ་དང་བཅའ་བ་གྱ་ནོམ་པ་སྣ་ཚོགས་ཐོགས། གཅིག་གིས་ན་བཟའ་ཤིན་ཏུ་མང་པོ་དང་མེ་ཏོག་སྣ་ཚོགས་པ་ཐོགས་ཏེ། ཁོང་ལྔས་ཕྱག་དང་བསྐོར་བ་བྱས་ནས། འདོད་ཡོན་གྱི་མཆོད་པ་སྣ་ཚོགས་ཕུལ་ནས། མགྲིན་གཅིག་ཏུ་སྡེབ་ནས་གླུ་འདི་ཕུལ་ལོ། །
རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །དཀྱིལ་འཁོར་ལྷ་ཡི་མཚན་བཏགས་པ། །བཞད་པ་རྡོ་རྗེ་མི་ཟེར་རམ། །ཡབ་དང་ཡུམ་གྱིས་མཚན་གསོལ་བ། །མི་ལ་ཐོས་དགའ་མི་ཟེར་རམ། །རྒྱལ་ཁམས་ཡོངས་ཀྱིས་མཚན་བཏགས་པ། །གྲུབ་ཐོབ་རས་པ་མི་ཟེར་རམ། །མཚན་གསུམ་ཡ་མཚན་ལྡན་པ་དེ། །གངས་མཐོ་ལྡིང་རྒྱལ་མོའི་གཡས་ཟུར་ན། །ཆུ་བོ་ལོ་ཧན་ཀླུང་འགྲམ་ན། །ཀླུ་ཡི་རྒྱལ་པོ་དུང་སྐྱོང་གི །ཕོ་བྲང་འདོད་དགུ་འབྱུང་བའི་གནས། །ཡ་མཚན་སྨན་ལུང་ཆུ་བར་ན། །སྒྲུབ་པ་སྙིང་པོར་ལྷུར་ལེན་ཅིང་། །འཇིག་རྟེན་ཆོས་བརྒྱད་ཡལ་བར་དོར། །སྲིད་པའི་དགོན་པ་ནང་ནས་ཕྱུང་། །ངོ་མཚར་ཆེན་པོའི་རྣལ་འབྱོར་པ། །བདག་ཅག་བུད་མེད་ལྔ་པོ་འདི། །རྫུ་འཕྲུལ་ལུས་ཀྱིས་འདིར་ལྷགས་ཏེ། །སྙན་པའི་ཚིག་དང་འཇམ་པའི་དབྱངས། །ཅི་བདེར་རོལ་པའི་མཆོད་པ་འབུལ། །པད་ཅན་དུང་ཅན་རི་མོ་ཅན། །གླང་པོ་ཅན་དང་དཀོན་པ་བཞིན། །བདག་ཅག་རྣམས་ལ་ལྡན་མི་ལྡན། །ལས་རྒྱ་ཞུས་ན་བཀའ་གནང་ངམ། །དབབ་དང་ཟློག་དང་བསྐྱིལ་བ་དང་། །བཀྲམ་པའི་སྦྱོར་བ་མཁྱེན་ལགས་སམ། །དེ་ལྟར་མཁྱེན་ན་མགྱོགས་བྱེད་ཀྱི། །ཕོ་ཉའི་ལམ་པ་ཡིན་པར་ངེས། །བཀའ་རྒྱུད་སྡེ་བླ་ན་མེད་པ་ནས། །ལྷ་དང་ཀླུ་དང་གནོད་སྦྱིན་གྱི། །བུ་མོ་འགུག་ཅེས་གསུངས་པས་ན། །བསྙེན་བཀུར་རྣམས་ཀྱི་ནང་ནས་ཀྱང་། །ཕྱག་རྒྱ་མཚན་ལྡན་ཆེའོ་སྐད། །དེ་ཕྱིར་བདག་ཅག་འདིར་ལྷགས་མཆིས། །དེ་མཁྱེན་པར་མཛོད་ཅིག་སྐལ་པ་ཅན། །གཅེར་བུའི་ལུས་ལ་གཟི་མདངས་ཅན། །
ཞེས་དེ་སྐད་གླུས་བསྐུལ་བ་དང་། རྗེ་བཙུན་གྱིས་ལན་དུ་མགུར་འདི་གསུངས་སོ། །
དོ་ནུབ་ནམ་གྱི་ཆ་སྟོད་ལ། །ལྷང་ལྷང་གླུ་ཡི་བརྡ་སྦྱར་བ། །གངས་ཁྱུང་མགོ་ཤེལ་གྱི་ཟུར་ཕུད་ལ། །ལྷོ་སྤྲིན་སྨུག་པོའི་བླ་རེ་བྲེས། །རྒྱུ་སྐར་མང་པོའི་ཕྲ་བཀོད་དེ། །སྨན་བཙུན་ཁྱེད་ཀྱི་ཕོ་བྲང་ཡིན། །ཚེ་རིང་དབང་ཆེ་སྐལ་པར་གནས། །དེ་སྲོག་གཅོད་སྤངས་པའི་རྣམ་སྨིན་ཡིན། །ཁྱེད་རྣམ་ཐོས་བུ་དང་ལོངས་སྤྱོད་མཉམ། །སེར་སྣ་སྤངས་པའི་རྣམ་སྨིན་ཡིན། །འཁོར་བཟང་བཀའ་བསྒོ་ཉན་པ་དེ། །བཟོད་ལ་ནན་ཏན་བྱས་པ་ཡིན། །དེ་ནས་དགེ་བར་སྤྲོ་བ་དེ། །བརྩོན་འགྲུས་ལེ་ལོ་མེད་པ་ཡིན། །ད་ལྟ་ང་དང་འཕྲད་པ་དེ། །སྨོན་ལམ་བཟང་པོ་བཏབ་པ་ཡིན། །དེ་དོན་བཟང་ལ་ཉེ་བའི་གླུ། །དོན་ལ་སྦྱར་ཏེ་བགྱིད་འཚལ་ན། །ན་རོ་པཎ་ཆེན་བརྒྱུད་པ་འདི། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས། །མཆོད་པ་རྣམས་ཀྱི་ནང་ནས་ཀྱང་། །ཕྱག་རྒྱ་མཚན་ལྡན་འབུལ་བ་དེ། །ཁྱད་པར་འཕགས་པའི་འབུལ་བ་ཡིན། །ད་ཕྱག་རྒྱ་བཞི་ལ་མཚན་ཉིད་འཚལ། །པད་ཅན་མདངས་ལྡན་བདེ་བ་རྒྱས། །དུང་ཅན་ཉམས་དགའ་བདེ་བ་མྱུར། །རི་མོས་གཏིང་ཟབ་ཟག་པ་མེད། །གླང་པོས་དངོས་པོའི་གནས་ལུགས་རྟོགས། །ཉེས་པའི་སྐྱོན་དང་བྲལ་བ་དེ། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །སྙོམས་འཇུག་གསང་བའི་བྷ་ག་ལ། །ཨེ་ཡིག་བཾ་གྱིས་མཚན་པ་ཡོད། །དེ་ཡི་ནོར་བུ་ཧཱུྃ་སྔོན་པོ། །ཕཊ་ཀྱིས་གཉིས་ཀའི་ཐིག་ལེ་བསྡམས། །ཐབས་དང་ཤེས་རབ་མཉམ་སྦྱོར་བ། །ཟུང་འཇུག་བདེ་བའི་མཆོད་པ་ཡིན། །དགའ་བ་བཞི་དང་སྐད་ཅིག་གི །སྐུ་བཞི་ངོ་བོ་ཉིད་ཀྱི་ངང་། །འབེབས་པ་རུས་སྦལ་འགྲོས་སུ་འབེབས། །བཟློག་པ་དུད་འགྲོ་འཆུས་བཞིན་ཟློག །བསྐྱིལ་བ་ཨ་ཝ་དྷུ་ཏིར་བསྐྱིལ། །བཀྲམ་པ་རྣམ་རྒྱལ་ཕྱག་རྒྱས་བཀྲམ། །ཐིག་ནི་མྱ་ངན་འདས་པའི་ལམ། །ལེ་ནི་རོ་མྱོང་མེད་པ་ཡིན། །ལས་ནི་རྣམ་པ་སྣ་ཚོགས་ལ། །ཀྱི་ནི་སྡོམ་སྦྱོར་མཚམས་སྦྱོར་ཅིང་། །ཕྱག་ནི་དེ་དང་དེ་རུ་མཇལ། །རྒྱ་ནི་འཁོར་འདས་གཉིས་སུ་མེད། །ལས་ནི་གང་དང་གང་བྱེད་དོ། །དེ་ཡི་གྲོགས་ནི་ཀྱི་ཡི་སྒྲུབ། །ཕྱག་ནི་བདེ་སྟོང་ཐམས་ཅད་ལ། །མི་འདའི་ཕྱིར་ན་རྒྱ་ཡིན་ནོ། །སྙོམས་འཇུག་མགྱོགས་བྱེད་ཕོ་ཉའི་ལམ། །ཟག་བཅས་བདེ་བས་གང་བའི་ལམ། །གསལ་སྟོང་དངོས་གྲུབ་འབྱུང་བའི་ལམ། །མི་རྟོག་ཆོས་སྐུ་སྤྲོས་བྲལ་ལམ། །བདེ་སྟོང་ལོངས་སྤྱོད་རྫོགས་པའི་ལམ། །གསལ་སྟོང་སྤྲུལ་པ་སྐུ་ཡི་ལམ། །མི་གསལ་མི་རྟོག་བདེ་ཆེན་ལམ། །མགྱོགས་བྱེད་ལམ་ཞེས་དེ་ལ་བྱ། །དེ་ཕྱིར་ཆགས་ལམ་སྦྱོར་བ་ཡིན། །ཁྱེད་ཀྱང་ངེས་པར་ཐར་པ་འཐོབ། །རྣལ་འབྱོར་ངས་ཀྱང་བཙན་ས་ཟིན། །སྐལ་བར་ལྡན་ནོ་བཞིན་བཟང་མ། །
ཞེས་མགུར་དེ་སྐད་བཞེས་ནས་དེ་ཕྱིན་ཆད་ལས་ཀྱི་ཕྱག་རྒྱ་མཛད། བཟའ་བཏུང་གྱ་ནོམ་པའི་ཡོན་བདག་བྱས། སྒོ་གཉིས་ཀྱི་ཐུགས་དམ་ཚིམ་པར་བྱས་སོ། །ལྷ་དང་ལྷ་མ་ཡིན་གྱི་བུ་མོས་མཉེས་བཞིན་དུ་ལས་ཀྱི་ཕྱག་རྒྱ་མཛད་དེ། སྤྱིར་བཀྲ་ཤིས་ཚེ་རིང་མ་དང་། ལ་ཕྱིའི་འབྲོག་སྨན་ཟུ་ལེ་མ་དང་། ས་ལ་མང་བའི་སྨན་བཙུན་མ་དང་། ལི་ཤི་བྲག་གི་སྨན་བཙུན་མ་དང་། ལམ་པོའི་མཚོ་སྨན་དང་ལྔ་ལས་ཀྱི་ཕྱག་རྒྱ་མཛད་དེ། ཁྱད་པར་དུ་འཕགས་པ་བཀྲ་ཤིས་ཚེ་རིང་མ་ཡིན་ནོ། །
མི་མ་ཡིན་གྱི་བུ་མོ་ལས་ཀྱི་ཕྱག་རྒྱར་འགུགས་ནུས་པའི་སྐྱེས་བུ་ཆེན་པོ་ནུས་པ་ཅན། དཔལ་བཞད་པ་རྡོ་རྗེ་དང་། ལྗོངས་ཀྱི་བདག་མོ་བཀྲ་ཤིས་ཚེ་རིང་མ་གཉིས་ཀྱི་ཕྱག་རྒྱའི་དྲིས་ལན་གྱི་མགུར་བདེ་སྟོང་ཡེ་ཤེས་སྤྲིན་གྱི་ཕྲེང་བ་ཞེས་བྱ་བ། རྗེ་རས་པ་ཆེན་པོ་དཔལ་བཞད་པ་རྡོ་རྗེ་དང་། ཇོ་མོ་བཀྲ་ཤིས་ཚེ་རིང་མ་གཉིས་ཀྱི་ཞུ་བ་ཞུས་ལན་གྱི་སྐོར་རྣམས། ངན་རྫོང་སྟོན་པ་བོ་དྷི་ར་ཙ་དང་། རས་པ་ཞི་བ་འོད་གཉིས་ཀྱིས་ཚོགས་དང་མཎྜལ་ཕུལ་ཏེ་གསོལ་བ་བཏབ་ནས་ཡི་གེར་བཀོད་པའོ། །དེ་ཐམས་ཅད་བཀྲ་ཤིས་ཚེ་རིང་མའི་སྐོར་ཏེ་སྐོར་ཆེ་བའོ།། །།
རྗེ་བཙུན་ཆེན་པོ་ཅོང་རོང་འབྲི་མཚམས་སུ་བྱོན་པས། མདོ་བཀྲ་སེལ་རྩ་བྱ་བ་ན་བུད་མེད་བུ་ཆུང་འཚོ་བ་ཅིག་འདུག་པས། མོས་བུ་འཚོས་ན་ལས་མ་ཟིན། ལས་བྱས་ཙ་བུ་ངུས་པས། མོ་ན་རེ། རྣལ་འབྱོར་པ་ཁྱོད་དལ་བུར་བསྡད་པས་ཚིལ་མི་སྐྱེ། ངའི་བུ་འདི་འཚོས་དང་དྲོ་བྱིན་ཟེར། རྗེ་བཙུན་གྱིས་ཨ་པ་ངས་ལྟོ་ཡང་ཟ་མི་ཁོམ་པ་ལ། འདི་ཀུན་གྱིས་དལ་པོར་མཐོང་འདུག །ཁྱོད་ཀྱིས་བལྟས་པས་ང་དལ་དལ་འདྲ་སྟེ། ང་ལ་དལ་བའི་ལོང་སྐབས་མེད་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །གངས་སྟོད་ཀྱི་སེང་ལྕམ་དཀར་མོ་ང་། །སེང་དལ་ཡང་དལ་སྟེ་བྲེལ་ཡང་བྲེལ། །ལུས་དལ་བས་གངས་སྟོད་ཕྱོགས་སུ་འཕྱོ། །སེམས་བྲེལ་བས་སྐད་ཅིག་ཡེངས་མི་ཁོམ། །དགྲ་བུ་ཡུག་འདི་ལ་ཟོན་ཅིག་འཚལ། །ནགས་སྟོད་ཀྱི་རྒྱ་སྟག་ཁྲ་ཆུང་ང་། །དལ་ཡང་དལ་སྟེ་བྲེལ་ཡང་བྲེལ། །ལུས་དལ་བས་ནགས་སྟོད་ཀུན་ཏུ་འཕྱོ། །སེམས་བྲེལ་བས་སྐད་ཅིག་ཡེངས་མ་ཁོམ། །དགྲ་ས་མདའ་འདི་ལ་ཟོན་ཅིག་འཚལ། །བྲག་སྟོད་ཀྱི་ཐང་དཀར་རྒོད་པོ་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །ལུས་དལ་བས་རི་གསུམ་གྱི་རྩེ་ལ་འཕྱོ། །སེམས་བྲེལ་བས་སྐད་ཅིག་ཡེངས་མི་ཁོམ། །དགྲ་ཐག་སྙི་འདི་ལ་ཟོན་ཅིག་འཚལ། །མཚོ་སྟོད་ཀྱི་ཉ་མོ་གསེར་མིག་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །ལུས་དལ་བས་མཚོ་མཐའ་ཀུན་ཏུ་འཕྱོ། །སེམས་བྲེལ་བས་སྐད་ཅིག་ཡེངས་མི་ཁོམ། །དགྲ་ལྕགས་ཀྱུ་འདི་ལ་ཟོན་ཅིག་འཚལ། །གུང་ཐང་གི་མི་ལ་རས་པ་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །ལུས་དལ་བས་ཕྱོགས་མེད་རྒྱལ་ཁམས་བསྐོར། །སེམས་བྲེལ་བས་སྐད་ཅིག་ཡེངས་མི་ཁོམ། །དགྲ་འཁོར་བ་འདི་ལ་ཟོན་ཅིག་འཚལ། །ཁྱོད་བུ་དང་པོ་ནོར་བུ་རིན་ཆེན་འདྲ། །མིག་ཏུ་བཅུག་ཀྱང་རྩུབ་པ་མེད། །བར་དུ་བུ་ལོན་དེད་དྲག་པོ། །ཅི་ཡོད་བྱིན་ཡང་མགུ་བ་མེད། །ཐ་མ་ཁྱིམ་མཚེར་སྙིང་རིང་པོ། །ལྟོགས་དྲིར་ཤི་ཡང་ཚོར་བ་མེད། །དེ་འདྲའི་བུ་འཚོ་ངས་མི་ཁོམ། །
ཞེས་དལ་བྲེལ་ལྔའི་མགུར་དེ་གསུངས་པས། ཡོན་བདག་མོ་དེ་ན་རེ། ཁྱོད་དལ་བྲེལ་གྱི་བཤད་པ་མང་པོ་འདུག་གི་ཟན་སློང་ཤོག་དང་ཁམ་གཅིག་ཀྱང་མི་སྟེར་ཟེར་ནས་མོ་ཁྲོས། དེ་ནས་ཁོང་རྣམས་དྲོ་ཟོས་པའི་དུས་སུ་མི་ཞིག་གིས་རྣལ་འབྱོར་པ་བཟང་པོ་ག་ན་ཡོད་མི་ཤེས་པས་དེ་བོས་དང་ཟེར། རྗེ་བཙུན་བྱོན་ཙ་མི་ཞིག་ན་རེ། རྣལ་འབྱོར་པ་ཁྱོད་ལས་བཅོལ་བ་དུམ་པ་བྱེད་ཐང་། ཉལ་བས་ཚིལ་མི་སྐྱེ་ཟེར་བས། རྗེ་བཙུན་གྱིས་ཡོན་བདག་ང་ཉལ་བས་ཚིལ་སོགས་མ་ལགས། ང་ལ་དལ་བའི་ལོང་སྐབས་མེད་གསུང་ནས་མགུར་འདི་གསུངས་སོ། །
བླ་མ་ཡི་དམ་རྣམས་ལ་གསོལ་བ་འདེབས། །དཔལ་རྡོ་རྗེ་འཆང་ཆེན་མན་ཆད་ནས། །རང་རྩ་བའི་བླ་མ་ཡན་ཆད་དུ། །སྐུ་ཡོན་ཏན་རྒྱ་མཚོ་ལྟ་བུར་བཞུགས། །སྤྱིར་བྱིན་རླབས་འོད་ཟེར་ཕྱོགས་བཅུར་འཕྲོ། །རྣལ་འབྱོར་ལས་མ་ནུས་ལ་བྱིན་གྱིས་རློབས། །སྤྱིར་འཛམ་གླིང་ཡོངས་ཀྱི་ལྷ་མི་གསོན། །སྒོས་འདིར་བཞུགས་ཡོན་བདག་ཕོ་མོ་གསོན། །སྤྱན་ཅེར་རེ་ལྟ་བའི་ཅེར་ལོང་ཚོ་གསོན། །སངས་རྒྱས་རང་ལ་ཡོད་པ་མཐོང་ལགས་སམ། །སྙན་ལྷན་ནེ་ཉན་པའི་འོན་པ་ཚོ་གསོན། །འཆི་བ་འདི་ཀུན་ལ་འོང་བ་ཚོར་ལགས་སམ། །སེམས་སྤྱད་དུ་རེ་བའི་ཅོལ་ཆུང་ཚོ་གསོན། །རྒས་པ་འདི་ཀུན་ལ་འོང་བ་དྲན་ལགས་སམ། །ཡོད་དུ་རེ་བའི་ཕྱུག་པོ་ཚོ་གསོན། །ཚེ་ཕྱི་མའི་རྒྱགས་ཕྱེ་ཐོགས་ལགས་སམ། །དཔའ་རྩལ་ཅན་གྱི་སྙིང་རུས་ཅན་ཚོ་གསོན། །དགྲ་འཁོར་བའི་གཡུལ་ངོ་བཟློགས་ལགས་སམ། །ཤོ་མེད་ཀྱང་བྲེ་མོ་བྱས་པ་ལགས། །ངེད་རྣལ་འབྱོར་པ་དལ་ཙམ་ན་བྲེལ་བ་ལགས། །བྲེལ་བའི་བྲེལ་ལུགས་བཤད་ཙམ་ན། །ཚེ་ངེས་མེད་ཡུར་བའི་ཉེའུ་ཆུང་འདྲ། །འཆི་བདག་བདུད་ནི་སོ་བྱས་ཉ་སྒུག་འདྲ། །ངེས་མེད་ཀྱི་ཉེའུ་ཆུང་བཟུང་དྭོགས་ནས། །སྐྱེ་མེད་ཀྱི་རྒྱ་མཚོར་བྲོས་བྲོས་ནས། །ངེད་དེས་ཀྱང་དལ་བའི་ལོང་མ་མཆིས། །ན་སོ་གཞོན་པ་འདི་སོས་ཀའི་མེ་ཏོག་འདྲ། །རྐྱེན་ངན་པ་འདི་དུས་ཀྱི་བ་མོ་འདྲ། །མེ་ཏོག་འདི་སད་ཀྱིས་འཁྱེར་དྭོགས་ནས། །ཚེ་ལོང་མེད་རྒྱུད་ལ་འགེལ་འགེལ་ནས། །ངེད་དེས་ཀྱང་དལ་བའི་ལོང་མ་མཆིས། །གནས་བར་དོའི་ས་འཕྲང་དོག་མོ་ལ། །དགྲ་དུག་ལྔའི་ཇག་པས་ཤང་སྒུག་བྱེད། །ཡིད་བཞིན་གྱི་ནོར་བུ་ཤོར་དྭོགས་ནས། །ཆོས་བསམ་གཏན་གྱི་སེའུ་བརྩིག་བརྩིག་ནས། །བདག་དེས་ཀྱང་དལ་བའི་ལོང་མ་མཆིས། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ན། །ཉོན་མོངས་ཀྱི་རྦ་རླབས་ཕྱོགས་བཅུར་འཕྲོ། །ཉོན་མོངས་ཀྱི་རྦ་ལ་གཡེང་དྭོགས་ནས། །མྱང་འདས་ཀྱི་སྐམ་ས་བསྙག་བསྙག་ནས། །བདག་དེས་ཀྱང་དལ་བའི་ལོང་མ་མཆིས། །ཁམས་གསུམ་འཁོར་བའི་ཕ་ཡུལ་ན། །གཏི་མུག་གི་མུན་པ་སྨག་ཏུ་འཐིབ། །གཏི་མུག་གི་མུན་པས་ནོན་དྭོགས་ནས། །འོད་གསལ་གྱི་མར་མེ་སྤར་སྤར་ནས། །བདག་དེས་ཀྱང་དལ་བའི་ལོང་མ་མཆིས། །སྤྱིར་འདུས་བྱས་འདི་ཆུ་ཡི་ལྦུ་བ་འདྲ། །སྐྱེ་རྒས་ན་འཆི་རྦ་རླབས་ཆེན་པོ་འདྲ། །འདུས་བྱས་ཀྱི་མཁར་སེའུ་ཞིག་དྭོགས་ནས། །འཆི་མེད་གཉུག་མའི་ངང་དུ་བློ་ཀློད་ནས། །བདག་དེས་ཀྱང་དལ་བའི་ལོང་མ་མཆིས། །འཁོར་བ་འདི་ཟོ་ཆུའི་ཁྱུད་མོ་འདྲ། །འཁོར་བའི་འདམ་དུ་བྱིང་དྭོགས་ནས། །བརྩོན་འགྲུས་ཀྱི་ཟམ་པ་འཛུགས་འཛུགས་ནས། །བདག་དེས་ཀྱང་དལ་བའི་ལོང་མ་མཆིས། །ད་མི་ཆོས་ཤུལ་ཀའི་མགྲོན་པོ་འདྲ། །གནས་ངན་སོང་གསུམ་འདི་གཡང་ས་ཆེ། །ངན་སོང་གི་གཡང་ལ་ལྷུང་དྭོགས་ནས། །ཐར་པའི་ཐེམ་སྐས་འཛེགས་འཛེགས་ནས། །བདག་དེས་ཀྱང་དལ་བའི་ལོང་མ་མཆིས། །
ཞེས་གསུང་པས་ཡུལ་དེའི་མི་ཐམས་ཅད་ཀྱིས་འདི་མི་ལ་རས་པ་ཟེར་བ་དེ་ཡིན་པ་འདྲ། ཞེས་གླེང་བ་གསན་ནས་དཔོན་སློབ་གཉིས་མཚོ་རྔ་དེལ་ཆུང་བྱ་བར་བྱོན། ཡུལ་དེའི་སྐྱེས་པ་དང་བུད་མེད་ཐམས་ཅད་ཀྱིས་ཤ་ཆང་ལ་སོགས་པ་ཡོ་བྱད་མང་པོ་ཁྱེར་ནས་ཞལ་ལྟར་ཕྱིན་པ་ལ། དེའི་ནང་ནས་གཞོན་པའི་བུ་མོ་ལྔས་མགྲིན་གཅིག་ཏུ་རས་པ་རྣམ་གཉིས་ལ་རྟོགས་པ་ཅི་འདུག་ཉམས་ཚད་པའི་ཕྱིར་ཞུ་དོན་འདི་ཕུལ་ལོ། །
ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། །ཁྱེད་ཡར་བྱོན་གྱི་རས་པ་རྣམ་གཉིས་པོ། །སྐུ་སྙན་པ་ཆེ་བ་ཕྲད་པས་ཁུམས། །འདིར་ཚོགས་ཀྱི་དད་ལྡན་ཕོ་མོ་ཀུན། །གླེང་བརྗོད་མ་མང་དར་ཙམ་གསོན། །ངེད་རང་གཞོན་རིགས་ཀྱི་བུ་མོ་རྣམས། །གླུ་གྲེ་མཐུན་རོལ་མོ་མཆོད་པར་འབུལ། །ཚིག་སྡེབ་སྦྱོར་དེ་ཡིས་མཚོན་པ་ཡིན། །དོན་དགོས་ཆད་ཅི་འདུག་སེམས་ལ་ཞོག །ཁྱེད་རས་པ་གཉིས་ལ་ཞུ་བ་ལགས། །གངས་དཀར་ཏི་ཚི་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གངས་ཤེལ་གྱི་མཆོད་རྟེན་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙ་ན། །རི་མགོ་ཁ་བས་གཏུམས་པ་གཅིག །དེ་མཐའ་གཡའ་རིས་བསྐོར་བ་གཅིག །དེ་མཐའ་སྤང་རིས་བསྐོར་བ་གཅིག །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་སྟེ་ཆེ། །མ་ཕང་གཡུ་མཚོ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །མཚོ་གཡུ་ཡི་མཎྜལ་འདྲའོ་སྐད། །མཐོང་ནས་དྲུང་ནས་གཏུགས་ཙམ་ན། །ཀོ་མོག་ཆབ་ཀྱིས་གང་བ་གཅིག །དེ་ལ་ཆུ་ཐིགས་བཏབ་པ་གཅིག །དེ་ལ་སྤང་དང་བྲག་གིས་བསྐོར་བ་གཅིག །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་སྟེ་ཆེ། །བྲག་དམར་སྤོ་མཐོན་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །བྲག་རིན་ཆེན་སྤུངས་པ་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །སྤང་ལ་བྲག་རི་འབུར་བ་གཅིག །དེ་ལ་ནགས་ཚལ་སྐྱེས་པ་གཅིག །དེ་མཐའ་ཆུ་ཡིས་བསྐོར་བ་གཅིག །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་སྟེ་ཆེ། །ཁྱེད་རས་ཆེན་རས་ཆུང་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གྲུབ་ཐོབ་རྣལ་འབྱོར་ལགས་སོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །མི་ཆེན་ངོ་ཚ་མེད་པ་གཉིས། །མི་རྒན་གཅེར་ཉལ་བྱེད་པ་གཉིས། །ཁ་ནས་གླུ་ཆུང་ལེན་པ་གཉིས། །ལུས་ལ་རས་གོས་གྱོན་པ་གཉིས། །འཚོ་བ་སྤྲང་ཟས་ཟ་བ་གཉིས། །སྤྱོད་པ་ཅི་དགའ་བྱེད་པ་གཉིས། །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་སྟེ་མཆི། །ཡུལ་མ་བསྐོར་བ་གཅིག་མེད་པ་ལ། །ད་ནང་བསྐོར་བ་དོན་རེ་ཆུང་། །ཡུལ་མ་ཕྱིན་པ་ཞིག་མེད་པ་ལ། །ད་ནང་འོང་བ་རྐང་ཚག་ཆེ། །ཡུལ་མ་མཐོང་བ་ཞིག་མེད་པ་ལ། །དེ་རིང་མཐོང་བའི་རྒན་བྱིས་གཉིས། །ཡུལ་མ་ཐོས་པ་ཞིག་མེད་པ་ལ། །དེ་རིང་ཐོས་པ་ཅལ་ཅིལ་གཏམ། །ཁྱེད་ཡང་ན་རྒྱལ་བའི་གདུང་འཚོབ་གཉིས། །ཡང་ན་བདུད་ཀྱི་བར་ཆད་བྱུང་། །ལམ་འདི་གཉིས་ཤིག་ལ་འགྲོ་ས་མེད། །དེ་ཡང་བདུད་ཀྱི་བར་ཆད་བྱུང་། །གླུ་དེ་ལ་ཤེས་ན་ལན་ཅིག་ཐོབ། །མི་ཤེས་རྣལ་འབྱོར་ཡུལ་དུ་བཞུད། །
ཞེས་ཞུས་པས། རྗེ་བཙུན་གྱིས་བུ་མོ་རྣམས་ཀྱི་གླུ་ལན་མགུར་འདི་གསུངས་སོ། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact