Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (20)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

དེ་ནས་རྗེ་བཙུན་དང་སེ་བན་དཔོན་སློབ་ལྕིམ་ལུང་གི་ཆུ་མཐའ་མཁར་བུར་ལྡོམ་བུ་ལ་བྱོན་པས། ཡོན་བདག་ངན་རྫོང་བྱང་ཆུབ་འབར་ཞིང་རྨོ་ཞིང་འདུག་པ་ལ། བླ་མས་ཡོན་བདག་ཕྱུག་པོ་གཅིག་ཡིན་ཟེར་བས་རྣལ་འབྱོར་པ་ལ་དེ་རིང་ཉིན་སྐོར་གྱི་འཚོ་བ་ཅིག་སློང་གསུང་བས། བཞེས་པ་དྲངས་མཆི་ཁྱེད་རྣལ་འབྱོར་པ་བཟང་པོ་སྣང་བ་དཔེར་འདྲེན་ཤེས་པ་ཟེར་བས། ངེད་ཀྱི་ཞིང་རྨོ་བ་འདི་ལ་བསྟུན་པའི་མགུར་གཅིག་གསུང་བར་ཞུ་ཟེར་བས་འདི་གསུངས་སོ། །
རྗེ་སྒྲ་བསྒྱུར་རྒྱལ་པོ་རིན་པོ་ཆེ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །འོ་ན་ཡོན་བདག་ཁེ་གྲགས་ཅན། །ངན་རྫོང་ཕྱུག་པོ་ཚུར་ཉོན་དང་། །ཡང་ས་ག་རིའི་ཟླ་བ་ལ། །བོད་མི་རེས་ཞིང་རེ་རྨོ་བ་ལ། །རྣལ་འབྱོར་ངས་ཀྱང་ཞིང་གཅིག་རྨོ། །ཉོན་མོངས་དག་པའི་ཞིང་ས་ལ། །སྔོན་འགྲོ་དད་པའི་ལུད་ཀྱིས་བྲན། །བདུད་རྩི་ལྔ་ཡི་རླན་གྱིས་བརླན། །བློ་དང་ལྡན་པའི་ཞིང་མཁན་གྱིས། །འཁྲུལ་རྟོག་མེད་པའི་ས་བོན་བཏབ། །གཉིས་མེད་གླང་པོའི་རྨོན་དོར་བསྡེབ། །ཤེས་རབ་རྣོན་པོའི་ཐོང་གཤོལ་བཏབ། །དམ་ཚིག་ལྡན་པས་སྣ་ཁྲིད་དེ། །ཡེངས་པ་མེད་པའི་ཐོང་བཟུང་ནས། །བརྩོན་འགྲུས་མྱུར་བའི་ལྕགས་ཀྱིས་བྲབ། །ཐ་བ་ས་ཡང་ཕེད་དེ་མཆི། །བྱང་ཆུབ་མྱུ་གུ་འཁྲུངས་ཏེ་མཆི། །འབྲས་བུ་བཟང་བར་སྨིན་ཏེ་མཆི། །ཁྱེད་འཇིག་རྟེན་པ་ཡི་སོ་ནམ་མཁན། །ང་སྐྱེ་བ་གཏན་གྱི་སོ་ནམ་མཁན། །སྟོན་ཐོག་སུ་མང་ལྟ་ཡང་ལྟ། །ནམ་ཕུགས་སུ་རྒྱགས་ལྟ་ཡང་ལྟ། །དེ་སྣང་བ་དཔེ་རུ་དྲངས་པ་ཡིན། །སོ་ནམ་དབྱངས་སུ་བླངས་པ་ཡིན། །ཐུགས་དགྱེས་པར་མཛོད་ཅིག་ཁེ་གྲགས་ཅན། །ཁྱེད་རང་དོན་ལགས་སོ་ཚོགས་སོགས་མཛོད། །
ཅེས་གསུང་པས། ཡོན་བདག་ན་རེ། ཁྱེད་ཀྱི་ཕྱག་ན་བསྣམས་པའི་སྦ་བེར་འདི་ཅིའི་རྟགས་ཡིན་ཟེར་བས་མགུར་འདི་གསུངས་སོ། །
འོ་ན་ཡོན་བདག་དྲི་རྟོག་མཁན། །ཁྱོད་སྦྱིན་ཤུགས་ཅན་དེ་ཚུར་ཉོན་དང་། །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ཁོ་བོ་མི་ལ་རས་པ་ཡིན། །དཀའ་བ་སྤྱད་པའི་གང་ཟག་ཡིན། །སྙིང་རུས་བྱས་པའི་སྒོམ་ཆེན་ཡིན། །ཕྱོགས་རིས་མེད་པའི་རྣལ་འབྱོར་ཡིན། །འཁྲུལ་རྟོག་མེད་པའི་རས་པ་ཡིན། །ངས་ལག་ན་བཟུང་བའི་སྦ་དཀར་འདི། །དང་པོ་རྒྱ་བྲག་ལོགས་ལ་སྐྱེས། །བར་དུ་རྒྱ་ཟོར་འགུགས་མོས་བརྔས། །ཐ་མ་ཤ་འབྲེང་མཉན་མོས་དྲོང་། །འོང་ནི་ལྷོ་ཁའི་མོན་ནས་འོང་། །བཀོལ་ནི་ཐེག་ཆེན་མཛོ་ལ་བཀལ། །འགྲིམ་ནི་ཚོང་དུས་རྣམས་སུ་འགྲིམ། །ཕུལ་ནི་དད་པ་ཅན་གྱིས་ཕུལ། །ད་ལྟ་ང་ཡི་ལག་ན་བདོག །སྦ་འདི་དོན་བཤད་ཀྱི་ལེགས་པར་ཉོན། །སྦ་མ་ཐོག་རྩ་བ་བཅད་པ་དེ། །འཁོར་བའི་གཞི་རྩ་བཅད་པའི་རྟགས། །སྦ་ཡ་ཐོག་རྩེ་མོ་བཅད་པ་དེ། །ཐེ་ཙོམ་གོལ་ས་བཅད་པའི་རྟགས། །སྦ་ཁྲུ་དོ་ཚད་ལ་བོར་བ་དེ། །ཆོས་པའི་ཚད་རྡོ་བོར་བའི་རྟགས། །སྦ་རྒྱུད་ནས་བཟང་ཞིང་མཉེན་པ་དེ། །གཞི་སེམས་བསྐྱེད་ཡེ་ནས་བཟང་བའི་རྟགས། །སྦ་འཇམ་ཞིང་ཁ་དོག་ལེགས་པ་དེ། །སེམས་གཉུག་མའི་དོན་ལ་སྦྱངས་པའི་རྟགས། །སྦ་དྲང་ཞིང་ལྡེམ་པར་འདུག་པ་དེ། །དོན་མ་ནོར་ཉམས་སུ་ལེན་པའི་རྟགས། །སྦ་ལུང་སུལ་མང་བར་དོད་པ་དེ། །བྱང་ཆུབ་ལམ་སྣ་བགྲོད་པའི་རྟགས། །སྦ་དུམ་བུ་བཞི་རུ་འདུག་པ་དེ། །ཆོས་ཚད་མེད་བཞི་དང་ལྡན་པའི་རྟགས། །སྦ་ཚིགས་པ་གསུམ་དུ་འདུག་པ་དེ། །གཞི་ལམ་འབྲས་གསུམ་ཚང་བའི་རྟགས། །སྦ་ཁ་དོག་བསྒྱུར་དུ་མེད་པ་དེ། །གཞི་ཆོས་ཉིད་བསྒྱུར་བ་མེད་པའི་རྟགས། །སྦ་སྣུམ་ལ་འདྲིལ་བར་འདུག་པ་དེ། །གཞི་ཆོས་ཉིད་སྤྲོས་དང་བྲལ་བའི་རྟགས། །སྦ་ཡེ་ནས་དཀར་ཞིང་འཚེར་བ་དེ། །ཆོས་སྐུ་འགྱུར་བ་མེད་པའི་རྟགས། །སྦ་སྦུ་གུ་སྟོང་པར་འདུག་པ་དེ། །ཆོས་རྣམས་ཐམས་ཅད་སྟོང་པའི་རྟགས། །སྦ་ལ་སྨེ་བ་འདུག་པ་དེ། །ཆོས་ཐིག་ལེ་ཉག་ཅིག་རྟོགས་པའི་རྟགས། །ནག་པོ་ཙག་ཙིག་འདུག་པ་དེ། །བོད་ཀྱི་རྣལ་འབྱོར་རས་པ་ལ། །རྣམ་རྟོག་ཕྲའུ་ཡོད་པའི་རྟགས། །སྦ་ཆོ་རིས་ཡེ་ནས་བཙུན་པ་དེ། །ཆོས་ཚུལ་བཞིན་ཉམས་སུ་ལེན་པའི་རྟགས། །སྦ་གཙང་ཞིང་ཡིད་དུ་འོང་བ་དེ། །འགྲོ་བ་དད་ཅིང་འདུན་པའི་རྟགས། །སྦ་ཞབས་ལྕགས་ཀྱིས་བསྐོར་བ་དེ། །རྣལ་འབྱོར་རི་ཁྲོད་འགྲིམ་པའི་རྟགས། །སྦ་འགོ་ཟངས་ཀྱིས་བསྐོར་བ་དེ། །མ་དང་མཁའ་འགྲོ་འདུ་བའི་རྟགས། །སྦ་ལ་ལྕགས་འཛེར་བཏབ་པ་དེ། །རྣལ་འབྱོར་སྙིང་རུས་ཆེ་བའི་རྟགས། །ར་གན་ཨ་ལོང་བཏགས་པ་དེ། །ནང་གི་ཡོན་ཏན་རྒྱས་པའི་རྟགས། །དེ་ལ་ཤ་འབྲིང་བཏགས་པ་དེ། །རྣལ་འབྱོར་ཤེས་པ་མཉེན་པའི་རྟགས། །ལྕགས་འབྲས་གཉིས་སུ་དྲིལ་བ་དེ། །ཟུང་འཇུག་ལམ་དུ་འཁྱེར་བའི་རྟགས། །རུས་པའི་ལོང་མེ་བཏགས་པ་དེ། །རྣལ་འབྱོར་རྒྱལ་ཁམས་འགྲིམ་པའི་རྟགས། །མེ་ལྕགས་ཁུག་མ་བཏགས་པ་དེ། །ཅིར་སྣང་གྲོགས་སུ་འཁྱེར་བའི་རྟགས། །དུང་ལོང་ཡ་ཀོད་བཏགས་པ་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས། །གཅན་གཟན་རས་མོ་བཏགས་པ་དེ། །ཡ་ང་བག་ཚ་མེད་པའི་རྟགས། །མེ་ལོང་སྤུ་གྲི་བཏགས་པ་དེ། །རྟོགས་ཚད་ནང་ནས་ཤར་བ་དང་། །ཉོན་མོངས་ཟུག་རྔུ་གཅོད་པའི་རྟགས། །ཤེལ་སྒོང་རྡོག་ཅིག་བཏགས་པ་དེ། །བག་ཆགས་དྲི་མ་སྤངས་པའི་རྟགས། །བ་སོའི་ཕྲེང་བ་བཏགས་པ་དེ། །བླ་མ་ཡིད་ལ་འཕྲེང་བའི་རྟགས། །དྲིལ་བུ་གཡེར་ཁ་བཏགས་པ་དེ། །སྙན་པ་ཕྱོགས་བཅུར་སྒྲོགས་པའི་རྟགས། །ལྕགས་འབྲས་མ་བུ་འཛོམ་པ་དེ། །སྐུ་གསུམ་མ་དང་མཇལ་བའི་རྟགས། །སྣམ་རས་དཀར་དམར་བཏགས་པ་དེ། །བུ་སློབ་མང་པོ་འཁོར་བའི་རྟགས། །རྣལ་འབྱོར་ལག་ཏུ་མཛེས་པ་དེ། །ཁྱེད་མི་ནག་ཐབས་ཀྱིས་འདུལ་བའི་རྟགས། །དེ་དོན་གང་ལགས་དྲི་བ་དེ། །མོས་གུས་བག་ཆགས་ཡོད་པའི་རྟགས། །ཁྱོད་དང་ང་གཉིས་འཕྲད་པ་དེ། །སྔོན་ཆད་སྨོན་ལམ་བཏབ་པའི་རྟགས། །དེ་སྦ་ལྕགས་དཀར་པོ་རྟགས་ཀྱི་གླུ། །བརྡ་གོ་བར་འདུག་གམ་ལྷ་མི་ཀུན། །དོན་ཆོས་སུ་འདུག་གོ་དད་གུས་གྱིས། །ཁྱེད་ཡུན་དུ་སྐྱིད་དོ་དམ་ཆོས་མཛོད། །
ཅེས་གསུང་པས། ཡོན་བདག་དད་པ་སྐྱེས་ཏེ། ང་མ་ཤི་བར་བླ་མཆོད་བྱེད་པར་ཞུ་འཚལ་ཞུས་པས། མ་གནང་སྟེ་ཞག་བདུན་བཞུགས་ནས་འབྱོན་ཁར། རྗེ་བཙུན་ཅིས་ཀྱང་འབྱོན་ན་ཁྱེད་རང་གི་ཉམས་ལ་འཁྲུངས་པའི་གདམས་ངག །ངའི་སེམས་ལ་ཕན་པ་ཞིག་ཐུགས་ལ་འདོག་པར་ཞུ་ཞུས་པས་མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཨེ་མ་ཡོན་བདག་དད་པ་ཅན། །ཁྱོད་ཕྱུག་པོ་དོན་མེད་ཚུར་ཉོན་དང་། །ཆོས་ཁ་ལ་སླ་སྟེ་དོན་ལ་དཀའ། །ཁྱེད་ཅག་འཁྲུལ་པའི་འཇིག་རྟེན་པ། །ཡོད་དུ་རེ་ལ་ནམ་ཟླ་འདས། །བྱེད་དོ་བསམ་ན་མི་ཚེ་ཟད། །ལར་ནི་དམ་ཆོས་མཛད་ན་ལེགས། །སྤང་གཡའ་ཡི་ཆུ་མིག་གསུམ་པ་དེས། །ནད་མཁྲིས་པ་སེལ་བར་ཆ་མཆིས་ཀྱང་། །ལྷ་བྱ་གོང་མོ་མ་ལགས་པ། །རི་དྭགས་དམན་པས་བཏུང་བ་མེད། །གནམ་ལྕགས་ཐོག་གི་རལ་གྲི་དེས། །གཡུལ་ངོ་བཟློག་པར་ཆ་མཆིས་ཀྱང་། །གླང་ཆེན་ས་སྲུང་མ་ལགས་པ། །གླང་ཕྲན་གཞན་ལ་བདོག་དབང་མེད། །འཆི་མེད་ལྷ་ཡི་བདུད་རྩི་འདིས། །ལུས་བཅུད་ལེན་གྲུབ་པར་ཆ་མཆིས་ཀྱང་། །སློབ་དཔོན་ཀླུ་གྲུབ་མ་ལགས་པའི། །ཆོས་མཛད་ཡོངས་ཀྱིས་མྱོང་འོས་མེད། །རེ་ལོང་གསེར་གྱི་སྒྲོམ་བུ་དེས། །དབུལ་བ་སེལ་བའི་ཆ་མཆིས་ཀྱང་། །རྒྱལ་བུ་ཟླ་འོད་མ་ལགས་པ། །འབངས་ཕལ་པ་རྣམས་ལ་སྤྱོད་དབང་མེད། །རྒྱ་མཚོའི་གཏིང་གི་རིན་པོ་ཆེ། །དགོས་འདོད་འབྱུང་བར་མ་མཆིས་ཀྱང་། །ཀླུ་དགའ་བོ་འཇོག་པོ་མ་ལགས་པ། །འཛམ་གླིང་མི་ལ་སྤྱོད་དབང་མེད། །དགའ་ལྡན་ལྷ་ཡི་ཕོ་བྲང་དེ། །གཟིགས་མོ་ཆེ་བར་ཆ་མཆིས་ཀྱང་། །སློབ་དཔོན་ཐོགས་མེད་མ་ལགས་པ། །གང་ཟག་གཞན་གྱིས་མཐོང་བ་མེད། །བཟང་དྲུག་སྨན་གྱི་ནུས་པ་དེ། །ནད་ཚ་གྲང་སེལ་བར་ཆ་མཆིས་ཀྱང་། །ཤིང་ཙནྡན་སྡོང་པོ་མ་ལགས་པ། །ཤིང་ཕལ་པ་རྣམས་ལ་ཡོངས་མི་སྨིན། །ལས་རྒྱུ་འབྲས་དཀར་པོའི་དགེ་བ་བཅུས། །མཐོ་རིས་ཐོབ་པར་ཆ་མཆིས་ཀྱང་། །མི་དད་པ་ཅན་ཅིག་མ་ལགས་པ། །སྡིག་པོ་ཆེ་ལ་སྤྱད་དབང་མེད། །བཀའ་བརྒྱུད་ལུང་དང་མན་ངག་འདི། །བྱང་ཆུབ་ཐོབ་པར་ཆ་མཆིས་ཀྱང་། །མི་ལས་འཕྲོ་ཅན་ཅིག་མ་ལགས་པ། །སྐལ་མེད་རྣམས་ལ་རང་དབང་མེད། །སྙན་བརྒྱུད་གདམས་ངག་རིན་པོ་ཆེས། །མངོན་སངས་རྒྱས་པར་ཆ་མཆིས་ཀྱང་། །མི་སྙིང་རུས་ཅན་ཅིག་མ་ལགས་པ། །ཁྱེད་གཡེང་བ་ཅན་ལ་སྒོམ་དབང་མེད། །བཟའ་བཏུང་ཟས་ཀྱི་ཚོགས་འཁོར་འདི། །བཀྲེས་སྐོམ་སེལ་བར་ཆ་མཆིས་ཀྱང་། །ཁྱོད་སྐྱོ་མོ་འདྲེན་ནེ་མ་ལགས་པ། །སྨན་སེར་སྣ་ཅན་ལ་སྤྱད་དབང་མེད། །ཟང་ཟིང་ནོར་གྱིས་གཏོང་ཕོད་དེ། །རང་རྒྱགས་ཕྱེ་ཡིན་པར་ཆ་མཆིས་ཀྱང་། །ཁྱོད་ངན་རྫོང་ཕྱུག་པོ་མ་ལགས་པ། །ནོར་ཡོད་ཚད་མི་ལ་སྤྱོད་ཡུལ་མིན། །ང་གུང་ཐང་མི་ལས་རས་པ་དང་། །ཉེ་གནས་སེ་བན་རས་པ་དང་། །ཁྱོད་ལྕིམ་ལུང་ངན་རྫོང་ཕྱུག་པོ་གསུམ། །ཞག་བདུན་གནས་མལ་གཅིག་པ་དེ། །སྨོན་ལམ་འབྲེལ་པ་བཞག་པ་ཡིན། །ད་ནི་རྣལ་འབྱོར་འཁྱམ་དུ་འགྲོ། །ཁྱེད་ཡོན་བདག་བཟའ་བྲན་འཁོར་བཅས་རྣམས། །ཚེ་རིང་ནད་མེད་སྨོན་ལམ་ཐོབ། །ང་རྣལ་འབྱོར་རི་ཁྲོད་འགྲིམ་པ་ལ། །ཕྱག་དང་སྐོར་བའི་རྫོང་པ་ཐོབ། །
ཅེས་གསུངས་ཏེ། ཁྱོད་ཀྱིས་ང་ལ་འཚོ་བ་དྲོང་། ངས་ཁྱོད་ལ་ཆོས་བཤད། གནས་མལ་གཅིག་པ་དང་གསུམ་གལ་ཆེ་བ་ཡིན། ལར་སྣང་བ་མཐུན་པ་དེ་ཕྱི་མ་ལྷན་ཅིག་ཏུ་སྐྱེ་བའི་འབྲེལ་པ་ཟབ་ཤོས་ཡིན། སྨོན་ལམ་གྱིས་འབྲེལ་པ་ལ་ཆོས་མང་མི་དགོས། འགྲོགས་ཡུན་རིང་མི་ཉན། བསོད་ནམས་མ་བསགས་པའི་མིས་ནང་གི་ཡོན་ཏན་མི་རིག་པར་ཕྱིའི་སྐྱོན་བག་རེ་ཡོད་པ་དེ་མཐོང་བ་ཡིན། དད་པ་བྱེད་པ་ལ་ང་དང་ཐག་ཉེ་རིང་མེད་ཐག་ཉེ་ཞིང་ཧ་ཅང་མཛའ་ཆེས་ན་མཇུག་ཏུ་འཁོན་འོང་བ་ཡིན་གསུངས་སོ། །
ཡོན་བདག་ན་རེ། ང་ཡང་ཆགས་ཕྱི་ལ་ཁྲིད་པར་ཞུ་ཟེར་བས། བླ་མའི་ཞལ་ནས། ཁྱོད་ཀྱིས་ཆོས་བྱེད་པ་མི་འོང་། བགས་ཀྱིས་སློབ་དགོས། ངས་ཀྱང་ཁྱེད་ལ་སྨོན་ལམ་བཏབ་ཁྱེད་རང་ང་ལ་གསོལ་བ་ཐོབ། མོས་གུས་སྐྱེས། དུས་ད་ལྟའི་དད་པའམ་སྤྱོད་ལམ་ལ་མ་འགྱུར་ན་ཚེ་ཕྱི་མ་ཡང་སྐྱེ་གནས་ཁྱད་པར་ཅན་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་གདོན་མི་ཟ། ཆོས་བྱེད་པ་ལ་རྒྱལ་ཁམས་མང་པོ་འགྲིམ་མི་དགོས། སླར་ངན་སྤྱོད་མང་པོ་མཐོང་ཙ་ན། ཤེས་པ་སྒྲིན་དུ་འགྲོ་བ་ཡིན། ཁྱེད་མི་ཆོས་པའི་ཆོས་པ་དེ་རང་ཡུལ་ན་བཟང་། ཡུལ་བདེ་བ་ཡང་དགེ་བའི་ཆེ་ཤོས་ཡིན། ཡུལ་མ་བདེ་ན་སྡིག་པ་ཆེན་པོ་བསམ་གྱིས་མི་ཁྱབ། ཡུལ་མི་ལ་བྱམས་ཤིང་ཚོགས་ཞོར་ལ་བསགས་པས་ཆོག །སེམས་བསྐྱེད་ཀྱིས་ཟིན་ན་སྤྲང་པོ་ལ་ཡོན་མྱུར་དུ་བྱིན་པ་དེ་གཅིག་པུས་ཆོག །ཆོས་འདི་ཡིན་ཟེར་བའི་བཟང་པོ་ཞིག་ལོག་ན་མེད། ངེད་ཅག་གི་ལད་མོ་ཁྱེད་ཀྱིས་མི་འོང་། སེང་གེ་མཆོང་སར་ཝ་མོ་མཆོང་ན་རྐེད་པ་འཆག །ཆོས་པ་ཕལ་ཆེར་གྱིས་མི་འོང་བར་གདའ། དེ་བས་ཁྱེད་རང་ཁྱིམ་པས་གྲག་གི །དེ་ལ་མ་འགྱུར་གསུང་ནས་བཞུད་ཁ་ངན་རྫོང་ཕྱུག་པོ་ལ་ག་ལ་ལོང་བཅུ་དྲུག་གི་མགུར་འདི་གསུངས་སོ། །
ངོ་སྲུང་གི་ཐག་པ་མ་བཅད་ན། །མི་སེམས་འཛིན་པས་ག་ལ་ལོང་། །ཞེན་མེད་ལྡོམ་བུ་མ་བྱས་ན། །བསྙེན་བཀུར་བསྒྲུབ་པས་ག་ལ་ལོང་། །ཆོག་ཤེས་འཕྲལ་ཕྱིད་མ་བྱས་ན། །ཟས་ནོར་བསོགས་པས་ག་ལ་ལོང་། །བརྗོད་མེད་དོན་གཅིག་མ་རྟོགས་ན། །ཐ་སྙད་བརྗོད་པས་ག་ལ་ལོང་། །སྐྱེ་མེད་དོན་གཅིག་མ་རྟོགས་ན། །ཡིག་ནག་བྲིས་པས་ག་ལ་ལོང་། །རྐྱེན་ངན་གྲོགས་སུ་མ་ཤར་ན། །སྡུག་བསྔལ་སྤངས་པས་ག་ལ་ལོང་། །དུག་ལྔ་ལམ་དུ་མ་བསློང་ན། །གཉེན་པོ་བསྟེན་པས་ག་ལ་ལོང་། །རྣམ་རྟོག་ཆོས་སྐུར་མ་ཤར་ན། །དྲན་སྣང་བ་བཀག་པས་ག་ལ་ལོང་། །ལས་བྱ་བསམ་རྒྱབ་ཏུ་མ་བསྐྱུར་ན། །དགོས་འདོད་བསྒྲུབ་པས་ག་ལ་ལོང་། །བྱར་མེད་ཞེན་ཐག་མ་ཆོད་ན། །སེམས་བྱས་བློ་བསྒྲུབ་པས་ག་ལ་ལོང་། །ད་ལྟ་རྦད་ཆོད་མ་བྱས་ན། །ལས་འཕྲོ་བསྒུག་པས་ག་ལ་ལོང་། །རང་ཉིད་དམ་ཆོས་མ་བསྒྲུབ་ན། །གཞན་གྱིས་བསྒྲུབ་པས་ག་ལ་ལོང་། །སེམས་ད་ལྟ་བཙན་གྲོལ་མ་བྱས་ན། །ཤུགས་གྲོལ་རེ་བས་ག་ལ་ལོང་། །ད་ལྟ་སེམས་རྩལ་མ་སྦྱངས་ན། །ཤུགས་འབྱུང་རེ་བས་ག་ལ་ལོང་། །ད་ལྟ་ཐག་ཆོད་མ་བྱས་ན། །ཕྱིས་བྱས་སེམས་པས་ག་ལ་ལོང་། །ད་ལྟ་བརྡར་ཤ་མ་ཆོད་ན། །ཕྱིས་ཆོད་དུ་རེ་བས་ག་ལ་ལོང་། །
ཞེས་གསུངས་ནས་བྱོན་ཏེ། ཡོན་བདག་འཁོར་དང་བཅས་པས་རི་སྣའི་ཉག་ཅིག་ཏུ་སྐྱེལ་ཐུང་བྱས་ནས། བླ་མ་རྗེ་བཙུན་ཁྱེད་རི་ཁྲོད་ཕྱོགས་མེད་དུ་བཞུད་འདུག་པ་ལ། དེ་ཨེ་མཇལ་ཡང་མི་ཤེས་པས། ངེད་རྣམས་ལ་གདམས་ངག་སྨོན་ལམ་དང་བཅས་པ་གཅིག་གནང་བར་ཞུ་ཞུས་པས། སྨོན་ལམ་ཞལ་གདམས་མན་ངག་དང་བཅས་པའི་མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱགས་འཚལ་ལོ། །བཀའ་དྲིན་ཅན་གྱིས་བསྐྱབ་ཏུ་གསོལ། །མཐོ་ལ་ཡངས་པའི་དགུང་སྔོན་དང་། །དེ་ལ་འཁོར་བའི་ཁྲི་གདུགས་གཉིས། །གནས་སྐབས་འབྲེལ་བ་ཡད་ཡུད་ཙམ། །ཉི་ཟླ་གླིང་བཞི་སྐོར་དུ་འགྲོ། །དགུང་སྔོན་སྐུ་ཁམས་ཅི་བདེར་བཞུགས། །ང་ཉི་ཟླ་གཟའ་ཡིས་མ་ཟིན་ཅིང་། །དགུང་སྔོན་སྤྲིན་གྱིས་མ་བསྒྲིབ་ན། །ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །སྤང་རིའི་ལོག་གི་སྤང་རྒྱན་དང་། །དེ་ལ་འཁོར་བའི་བུང་བ་གཉིས། །གནས་སྐབས་འབྲེལ་བ་ཡད་ཡུད་ཙམ། །བུང་བ་རྩི་ཐོགས་ལེན་དུ་འགྲོ། །མེ་ཏོག་སྐུ་ཁམས་ཅི་བདེར་བཞུགས། །ང་བུང་བ་སེར་བས་མ་བརྡུང་ཞིང་། །མེ་ཏོག་སད་ཀྱིས་མ་ཁྱེར་ན། །ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །ཕུ་རི་གསུམ་བྲག་རི་གཟར་པོ་དང་། །དེ་ལ་འཁོར་བའི་བྱ་རྒྱལ་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །བྱ་རྒྱལ་ནམ་འཕངས་གཅོད་དུ་འགྲོ། །བྲག་རི་སྐུ་ཁམས་ཅི་བདེར་བཞུགས། །ང་བྱ་རྒྱལ་སྙི་ལ་མ་ཟིན་ཅིང་། །བྲག་རི་ཐོག་གིས་མ་བཤིག་ན། །ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །རྒྱུན་དུ་འབབ་པའི་གཙང་ཆབ་དང་། །དེ་ལ་འཕྱོ་བའི་ཉ་མོ་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །ཉ་མོ་ཆུ་མཐའ་སྐོར་དུ་འགྲོ། །གཙང་ཆབ་སྐུ་ཁམས་ཅི་བདེར་བཞུགས། །གཙང་ཆབ་ཐན་པས་མ་བསྐམ་ཤིང་། །ང་ཉ་མོ་དོལ་གྱིས་མ་ཟིན་ན། །ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །ཁྱེད་གཞིར་བཞུགས་ཀྱི་ཡོན་བདག་ཕོ་མོ་དང་། །ང་རྒྱལ་ཁམས་འགྲིམ་པའི་མི་ལ་རས་པ་གཉིས། །གནས་སྐབས་འབྲེལ་བ་ཡད་ཡུད་ཙམ། །ང་རྣལ་འབྱོར་མི་སྡོད་འཁྱམ་དུ་འགྲོ། །ཡོན་བདག་སྐུ་ཁམས་ཅི་བདེར་བཞུགས། །ང་རྣལ་འབྱོར་ཁྱི་ཡིས་མ་ཕུག་ཅིང་། །ཡོན་བདག་ལ་གུམ་ཆད་མ་བྱུང་ན། །ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །ཅེས་གསུང་པས། ཁོང་རྣམས་སྣང་བ་ཆོས་ལ་ཕྱོགས་པས། ཚེ་འདིར་ཡུལ་མི་དང་བཅས་པ་སྐྱིད་ནུས་ཤིང་། ཕྱི་མ་ཐར་པའི་ལམ་སྣ་ཟིན་པ་བྱུང་ངོ་། །དེ་ཐམས་ཅད་སྦ་མགུར་གྱི་སྐོར་རོ།། །།

དེ་ནས་རྗེ་བཙུན་དཔོན་སློབ་ལྔ་མཛད་ནས། གཙང་གི་དིང་རི་མཁར་དམར་བྱ་བར་བསོད་སྙོམས་ལ་བྱོན་པ་ལ། ལ་ཁར་ལུག་རྫི་ཞིག་དང་ཕྲད་པས། ཡུལ་དང་མཁར་མ་ཀི་ལ་ཅི་ཟེར་གསུང་བས། མཁར་མ་ཀི་ལ་དེང་རི་མཁར་དམར་ཟེར། ཡོན་བདག་དད་པ་ཅན་ཅི་ཟེར་བ་ཡོད་གསུང་བས། ཡོན་བདག་ཕྱུག་པོ་ཡང་ངེ་བྱ་བ་ཡོད་ཟེར་བས། དེར་དཔོན་སློབ་བྱོན་པ་ལ་ཡོན་བདག་བཙུན་པོ་སྤྱང་ཀིའི་ཐུལ་པ་གྱོན་པ། རུས་པའི་གཙག་ཤུབ་གློ་ལ་བཏགས་པ། ལག་ན་ཕྲེང་བ་འདྲེན་པ་གཅིག་གིས་མགོ་བྱས་མི་མང་པོས་ཉི་མ་འདེས་འདུག་པ་ལ། ཡོན་བདག་དད་པ་ཅན་ལ་དྲོ་ཅིག་འདོད་གསུང་པས། ཁྱོད་རྣལ་འབྱོར་པ་ཡིན་ཚད་ལ་དྲོ་དྲངས་པས་མི་ལང་། ལ་འདིའི་ཡར་རྒྱབ་ན་མི་ལ་རས་པ་ཡོད། ཚུར་རྒྱབ་ན་དམ་པ་སངས་རྒྱས་ཡོད། འདི་གཉིས་ཀྱི་བར་ན་རས་པ་མང་པོ་ཕར་འགྲོ་ཚུར་འགྲོ་བྱེད་པ་ལ། རྒྱུ་ཡོད་ཀྱང་ལག་ལེན་གྱིས་མི་འཁྱོང་བར་འདུག །ཁྱེད་ཆོས་དང་ཡོད་ལོ་བ་རས་གོས་རྐྱང་པ་གཅིག་གྱོན་ནས། སྐུ་ཤ་སྨུག་འདིར་རེ་བྱས་ནས་ད་ནང་གང་ནས་བྱོན། དོ་ནུབ་གང་དུ་འགྲོ་བླ་མ་ཅི་སྐད་བྱ་བ་ཡིན། ཁྱེད་རང་ཅི་སྐད་བྱ་བ་ཡིན། ཆོས་ཉམས་ལེན་གང་ལ་བྱེད་ཟེར་བ་ལ་ང་གངས་སྟོད་ཀྱི་མི་ལ་རས་པ་བྱ་བ་ཡིན། བླ་མ་མར་རྔོག་རྣམ་གཉིས་ཡིན། སྙན་བརྒྱུད་ཞུས་པའི་བླ་མ་དེ་མར་སྟོན་ཆོས་ཀྱི་བློ་གྲོས་བྱ་བ་ཡིན་གསུང་པ་ལ། ཡོན་བདག་ན་རེ། ཐུགས་ལ་བཏགས་སོ་རྗེ་བཙུན་རིན་པོ་ཆེ། གངས་སྟོད་ན་མི་ལ་རས་པ་ཟེར་བ་བདེན་པ་རྣ་བ་ཅན་གྱིས་ཐོས་པ་ཡིན་ཏེ། མིག་བདེན་པ་ཅན་གྱིས་དེ་རིང་མིན་པ་མ་མཐོང་ཟེར་ནས། ཁོང་རང་གི་གོས་དེ་བརྒྱད་ལྟེབ་བྱས་ནས། ཕ་བོང་དེའི་སྟེང་དུ་བཞག་ནས། བླ་མ་རྗེ་བཙུན་འདིར་བཞུགས་སུ་གསོལ། ཁྱེད་ལ་ཚ་བ་འདྲེན་པས་ཡོན་བདག་མོ་ལ་དྲི་དགོས། མོ་ལ་གྲོས་མ་དྲིས་པར་གདན་དྲངས་ན་ཟ་མ་ནག་ཆག་གི་རིགས་འདི་སྒྱེད་པོ་སྤུན་གསུམ་གྱི་རྩ་བར་དབང་ཆེ་བ་ཡིན་པས། མོས་ང་ལ་ལྐོག་སྨྲས་དང་མཆུ་འབུག་བྱེད། ང་ལག་པ་ཡང་བས་ཡོག་པ་རྒྱབ། ངེད་བཟའ་འཐབ་འཆོར། དེ་ཙ་ན་རྗེ་ཐུགས་འཚེར་བ་ལས་མི་འོང་ཟེར་ནས་ནང་དུ་འོང་། བླ་རྫོང་གསུམ་ཐོག་གིས་རྩེ་ནས་དར་མ་མཚོས་བལ་འཁེལ་ཞིང་འདུག་པ་ལ། ལྷ་རྗེ་ཡོན་བདག་མོ་སྒོ་འདི་ན་གངས་སྟོད་ཀྱི་མི་ལ་རས་པ་འབྱོན་འདུག་པ་ལ། ཚ་བ་ཅིག་འདྲེན་དགོས་པས་ཁྱོད་ལ་མ་དྲིས་པར་གདན་མ་དྲངས་ཅུག་བྱེད་བྱས་པས། མོ་ན་རེ། ཅི་ཟེར་བ་ཡིན། མི་ལ་རས་པ་བྱོན་ན་ནང་དུ་གདན་ལོས་འདྲེན། འཆི་བ་ཁྱོད་མི་དགོས་ང་ལ་ཡང་འོང་། ལར་མི་ཁྱོད་ང་གཏམ་ངན་ལ་སྐུར་བ་ཅིག་སྣང་། མགྲོན་གློ་རྒྱག་མང་པོ་ཁྲིད་པ་ལ་ངས་མ་འཐབ་པ་ལ། རས་པ་མི་ལྔ་ལ་ཚ་བ་འདྲེན་པ་ལ་ང་ལ་ཅི་དྲི་དགོས་ཟེར་ནས། མོས་ཁང་པ་ཕྱགས་དར་ལེགས་པོ་གཅིག་བྱས། བླ་རེ་གོང་ལ་བྲེས། ཡོལ་བ་རྒྱབ་ཏུ་འཐེན། དེ་ནས་ལྷ་རྗེས། བླ་མ་རིན་པོ་ཆེ་ངེད་བཟའ་བ་གྲོས་པས་འཆམ། མོ་ཡང་དགའ་བར་སྣང་བས་ད་ཐོག་ཏུ་འབྱོན་པར་ཞུ་ཞུས་པས། ངས་ཕ་དམ་པ་རྒྱ་གར་གྱི་དྲུང་དུ་ཐེམ་སྤངས་ལོ་དགུའི་དམ་བཅའ་བྱས་པ་ལ་དེ་སྔ་ལོ་བརྒྱད་སོང་། ད་ལོ་དང་ལོ་དགུ་འགྲོ་བས་བཟའ་ཡོད་ན་སྒོ་འདིར་སྐྱོལ་གསུངས། ལྷ་རྗེ་ཡར་སོང་ནས་མོ་ལ་བླ་མ་རྗེ་བཙུན་གྱིས་ཕ་དམ་པའི་དྲུང་དུ་ལོ་དགུའི་བར་དུ་ཐེམ་པ་སྤངས་བྱས་པ་ཡིན་ཟེར། བཞེས་པ་ཅི་ཡོད་སྒོ་འདིར་འདྲེན་དགོས་འདྲ་བྱས་པས། མོ་ན་རེ། ཕ་ལྷ་རྗེ་ཡང་ངེ། སྐྱེས་པ་ཕོ་འདྲ་བ་ཐབས་ཤེས་ལ་མ་རྨོངས་པ་ཅིག་དགོས་པ་ཡིན། བླ་མ་རྗེ་བཙུན་གྱིས་སྒོའི་ཐེམ་པ་སྤངས་ཀྱང་སྟེང་གི་རྒྱ་མཐོང་མ་སྤངས་པ་ངས་ཁས་ལེན། སྐས་སོ་མ་སྐད་ཐེམ་བཞི་བཅུ་ཙམ་ཡོད་པ་མགོ་ནག་མིས་རྡོག་པ་མ་བཞག་པ་ཅིག་ཡོད་པ་དེ་བླ་རྫོང་གི་རྒྱབ་དུ་ཚུག་ལ་བླ་མ་ཐོག་ཏུ་གདན་དྲངས་ལ་ཤོག་ཟེར། དེར་ལྷ་རྗེས་རྗེ་བཙུན་ངེད་ཀྱི་ཡོན་བདག་མོ་འདི་ཐབས་ཤེས་གང་ལ་ཡང་མ་འགག་པ་ཅིག་འདུག །བླ་མས་སྒོའི་ཐེམ་པ་སྤངས་ཀྱང་རྒྱ་མཐོང་མ་སྤངས་ཟེར་ནས་མོ་མི་ཉན་པར་སྣང་། སྐས་འདི་ལ་ཐོག་ཏུ་འབྱོན་པར་ཞུ་བྱས་པས། བྱང་ཆུབ་ཀྱི་ཐེམ་སྐས་བྱ་བ་ཡིན་པས་འཛེག་པར་བྱའོ་གསུང་ནས་བྱོན་ཏེ། བླ་རྫོང་དུ་ཞག་བདུན་བཞུགས། ཆོས་གསུང་དབང་བསྐུར་ཁྲིད་བསྐྱོང་བ་ལ། ཡོན་བདག་ཕོ་མོ་གཉིས་ཀྱི་ཉེ་འབྲེལ་ཡུལ་མི་དང་བཅས་པས་ཤ་ཆང་ཁུར་ནས་ཆོས་ཞུ་བ་ལ་མང་དུ་བྱུང་། ཞག་བདུན་སོང་བའི་ནང་པར་ད་སྟེ་ང་འགྲོ་བར་བྱའོ། །མི་འདྲིས་ཁྱི་འདྲིས་ཙ་རྣལ་འབྱོར་པ་འགྲོ་དགོས་པ་ཡིན། མཛའ་ཆེ་ཡུན་རིང་ན་ནང་གི་ཡོན་ཏན་བརྒྱ་ཡོད་ཀྱང་དེ་མི་མཐོང་ཞིང་། ཕྱིའི་སྐྱོན་བག་རེ་ཡོད་པ་དེ་མཐོང་ནས་མཇུག་ཏུ་འཁོན་འོང་བ་ཡིན་གསུང་པས། དར་མ་མཚོས་ཞུས་པ། ཅིས་ཀྱང་མི་བཞུགས་འབྱོན་པ་ན། །ང་མི་ཚེ་གཡེང་བའི་དབང་དུ་སོང་། །ཆོས་ལ་དྲན་པའི་དུས་མ་བྱུང་། །ཚེ་ལ་ངེས་མེད་འཆི་བར་སྣང་། །འཆི་བ་ཕམ་པར་འགྲོ་བར་གདའ། །སངས་ཆུང་རྒྱས་པའི་ཆོས་ཤིག་ཞུ། །བྱང་ཆུབ་ཐོབ་པའི་ཆོས་ཤིག་ཞུ། །ཞུས་པས། མི་རྟག་འཆི་བ་མའི་མགུར་འདི་གསུངས་སོ། །
དོན་སྐྱེ་མེད་ཆེན་པོའི་ངང་ཤེད་ན། །ཚད་མེད་བཞི་ལྡན་བདུད་རྩིའི་ཆར། །འགྲོ་རྣམས་བདེ་ལ་འགོད་མཛད་པ། །རྗེ་ཡིད་བཞིན་ནོར་བུ་ཁྱེད་ལ་བསྟོད། །དོན་དེ་ལ་བླ་མའི་བསྟོད་པ་མཛོད། །ཚིག་འདི་ལ་འདིར་བཞུགས་གསན་པར་ཞུ། །ཁྱེད་གཞོན་པ་ཚོ་དབང་པོ་དར་ཙ་ན། །རྒས་པ་འོང་སྙམས་མི་གདའ་སྟེ། །རྒས་པ་འོག་བྲུའི་ཚུལ་དུ་འོང་ཞིང་གདའ། །འབྱུང་བ་རྣམ་ལྔ་དར་ཙ་ན། །ན་བ་འོང་སྙམས་མི་གདའ་སྟེ། །ནད་གློ་རྒྱག་ཚུལ་དུ་འོང་ཞིང་གདའ། །བཙན་ཐབས་བཙན་ཐབས་སུ་འོང་ཞིང་གདའ། །ཚེ་འདི་ལ་སྣང་བ་འཐས་ཙ་ན། །འཆི་བ་འོང་སྙམས་མི་གདའ་སྟེ། །འཆི་བ་ཐོག་བབ་ཚུལ་དུ་འོང་ཞིང་གདའ། །གློ་བུར་གློ་བུར་དུ་འོང་ཞིང་གདའ། །རྒས་དང་ན་དང་འཆི་དང་གསུམ། །ཁ་ལག་པ་བཞིན་དུ་ཐུག་ནས་གདའ། །བར་ཆད་གློ་རྒྱག་མདའ་བས་ཚ། །འཆི་བདག་ལམ་ཁའི་རྡོ་བཞིན་བསྒུག །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །བྱ་ལོང་བཞིན་དུ་གྲལ་ཁ་བསྒྲིགས། །ལར་འབྲལ་མེད་ཀྱི་མགྲོན་གསུམ་དེ་ན་གདའ། །ཁྱེད་སྡིག་པའི་ལས་ལ་མི་འཇིགས་སམ། །དམྱལ་བ་ཡིད་དྭགས་དུད་འགྲོ་གསུམ། །དཔག་ཆེན་མདའ་བཞིན་སྔོན་ལ་བསྒུག །ལམ་འཛུར་མེད་ཀྱི་འཕྲང་གསུམ་དེ་ན་གདའ། །ཁྱེད་སྔར་གྱི་སྡུག་བསྔལ་ལ་མ་བྲེད་དམ། །ད་ལྟའི་སྡུག་བསྔལ་ལ་མི་འཚེར་རམ། །སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ། །སྔ་མ་སོང་ཡང་ཕྱི་མ་འབྱུང་། །འདི་ལ་སངས་དུས་མི་གདའ་ན། །སྐྱིད་སྡུག་ལམ་ཁའི་མགྲོན་པོ་འདྲ། །ད་ལྟ་མེད་ཀྱང་ད་ལྟ་འབྱུང་། །འདི་ལ་འཆད་དུས་མི་གདའ་ན། །དལ་སྐྱིད་ཉི་མ་འདེ་བ་འདྲ། །མི་རྟག་ཁ་ཆར་བུ་ཡུག་འདྲ། །འཕྲལ་དུ་འོང་བ་མི་ཤེས་སམ། །དེ་ལ་སོམ་ལ་ལྷ་ཆོས་བྱེད། །
ཅེས་གསུང་པས། འཆི་བ་དང་རྒས་པ་དང་ན་བ་རྣམས་འོང་བ་ངེད་ཚོས་ཀྱང་ཤེས། དེ་ལ་ཕན་པའི་ལྷ་ཆོས་འདྲ་ཨེ་ཡོད་ཟེར་བས། བླ་མས། མི་རྟག་པ་དང་འཆི་བ་འོང་བ་གར་ཤེས། འཆི་བ་རབ་དྲན་ན་ཆོས་རབ་གཅིག་འོང་། འཆི་བ་འབྲིང་དྲན་ན་ཆོས་འབྲིང་ཞིག་འོང་། འཆི་བ་ཐ་མ་དྲན་ན་ཆོས་ཐ་མ་ཞིག་འོང་། འཆི་བ་མི་དྲན་པ་དེ་ལས་ཀྱི་རྣམ་སྨིན་ཆེ་བས་མནན་ནས། དྲན་མི་འཇུག་པ་ཡིན་གསུང་ནས་མི་རྟག་པ་ཆུའི་ལྦུ་བ་འདི་མགུར་དུ་གསུངས་སོ། །
བླ་མ་དུས་གསུམ་སངས་རྒྱས་ཞབས་ལ་འདུད། །ཁྲོམ་འདིར་ཚོགས་སྣང་བ་ཆོས་ལ་སྒྱུར། །ཚེ་མི་རྟག་ཆུ་ཡི་ལྦུ་བ་འདྲ། །ཡིད་བརྟོན་མེད་པ་བླ་མས་བཞེད། །ལེ་ལོ་ཅན་ཁང་སྟོང་རྐུན་མ་འདྲ། །སྟོང་ལོག་བྱེད་པ་མི་ཤེས་སམ། །གཞོན་པ་སོས་ཀའི་མེ་ཏོག་འདྲ། །ཡལ་ནས་འགྲོ་བ་ཆ་མེད་དམ། །རྒས་པ་སྤང་ལ་མེ་ཤོར་འདྲ། །གཏིང་ལ་ཐུག་པ་མ་གོའམ། །སྐྱེ་ཤི་ཉི་མ་ཤར་ནུབ་འདྲ། །ཡང་ཡང་འོང་བ་ཐུབ་པས་གསུང་། །ན་བ་བྱེལ་ཆུང་རྡོ་ཕོག་འདྲ། །གཉོམ་ནུས་ཟད་པ་མི་ཤེས་སམ། །འཆི་བ་སྣུམ་ཟད་མར་མེ་འདྲ། །རྟག་པ་མི་སྲིད་ངེས་པ་ཡིན། །གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ། །འཕྲལ་ནས་འགྲོ་བ་མི་ཤེས་སམ། །ལས་ངན་གཅོང་རོང་འབབ་ཆུ་འདྲ། །ཆུ་གྱེན་ལ་ལོག་པ་ངས་མ་མཐོང་། །སྡིག་པ་ཅན་དུག་གི་སྡོང་པོ་འདྲ། །གང་བརྟེན་པ་རྣམས་བརླག་པ་ཡིན། །དམ་ཉམས་པོ་མེ་ཏོག་སད་ཁྱེར་འདྲ། །གང་ཉམས་ཉམས་པ་ཚོ་ཕམ་པར་གདའ། །ཆོས་སྤྱོད་ཞིང་པའི་སོ་ནམ་འདྲ། །གང་རེམ་རེམ་པ་ཚོ་རྒྱལ་ནས་གདའ། །བླ་མ་སྨན་དང་བདུད་རྩི་འདྲ། །གང་བསྟེན་བསྟེན་པ་ཚོ་རྒྱལ་ནས་གདའ། །ལས་དགེ་སྡིག་སྲིད་པའི་འཁོར་ལོ་འདྲ། །སྡོམ་ཤོར་མཁན་རྣམས་ཕམ་ནས་གདའ། །འཁོར་བ་དུག་དང་ཚེར་མ་འདྲ། །གང་སྤེལ་སྤེལ་ཚོ་དེ་ཕམ་ནས་གདའ། །འཆི་བདག་ཉི་མའི་གྲིབ་སོ་འདྲ། །བཀག་པས་ཁོག་པ་ངས་མི་མཐོང་། །དམ་ཚིག་ས་མཚམས་ཀྱི་མཁར་དང་འདྲ། །གང་བསྲུང་བསྲུང་པ་རྣམས་རྒྱལ་ནས་གདའ། །དེ་འདྲའི་དུས་ཤིག་བྱུང་ཙ་ན། །དམ་པའི་ལྷ་ཆོས་གཅིག་མ་ལགས་པ། །མགོན་སྐྱབས་བྱེད་མཁན་ལོགས་ན་མེད། །ལར་སུ་ཐོབ་རྒྱལ་བ་དམ་པའི་ཆོས། །དམ་པའི་ཆོས་ལ་འདོད་མཁན་མེད། །འཁོར་བའི་ཁྱིམ་ཐབས་སྡུག་ལ་སྐྱེས། །སྡུག་ལ་སྐྱེས་པས་ཧབ་ཐོབ་བྱེད། །ཆོས་ཁ་ལ་ལབ་དུས་སྐྱིད་སྐྱིད་པོ། །དོན་ལ་ཐུག་ཙ་ཏུག་ཏུག་རྡུག །ཡོན་བདག་ཁ་སྦྱང་མ་ཆེ་ལྷ་ཆོས་མཛོད།།
ཅེས་གསུང་པས། ཡོན་བདག་ཕོ་མོ་ཐམས་ཅད་དད་པ་སྐྱེས་ཏེ། རྗེ་བཙུན་ལགས་ཅི་སྲིད་འཚོའི་བར་དུ་བཞུགས་པར་ཞུ་ཞུས་པས། མི་ནག་པའི་ཁྱིམ་དུ་ཞག་བདུན་ལས་མང་མི་འདུག་པ་བླ་མའི་མདུན་དུ་དམ་བཅའ་ཡོད་གསུང་ནས་ཞག་བདུན་བཞུགས་འབྱོན་ཁར། ལྷ་རྗེ་དང་ཡོན་བདག་ཕོ་མོ་རྣམས་ཀྱིས་ངེད་འདིར་འཚོགས་པ་རྣམས་ལ་གོ་སླ་བ་ཉམས་ལེན་བདེ་བའི་ཆོས་ཞིག་ཐུགས་ལ་ཐོགས་ཞུས་པས། ཆོས་སྤྱོད་བསླབ་པའི་མགུར་འདི་གསུངས་སོ། །
ཁྲོམ་ཀོ་རེ་འཚོགས་པ་ཀྱི་ལེ་ཉོན། །ཁྱེད་ངེས་པར་ལྷ་ཆོས་མཛད་མི་མཛད། །ངེས་པར་ལྷ་ཆོས་མཛད་དགོངས་ན། །གཟིམ་མལ་ནང་དུ་ཕྱིན་ཙ་ན། །གཉིད་གཏི་མུག་དབང་དུ་མ་བཏང་བར། །ནམ་སྲོད་ལ་ཡི་དམ་ལྷ་བསྙེན་མཛོད། །འཇིང་ལ་རྗེ་ལ་གསོལ་བ་ཐོབ། །གུང་ལ་རྣམ་པར་མི་རྟོག་སྒོམ། །ཐོ་རེང་སྲོག་རྩོལ་རླུང་ལ་འབོད། །ནམ་ལང་དུག་ལྔའི་བཤགས་པ་གྱིས། །ཉི་ཤར་སྣང་བ་རྒྱ་ཡིས་ཐོབ། །གཙོ་བོར་རང་གི་སེམས་ལ་ལྟོས། །གདམས་ངག་བླ་མ་རྗེ་ལ་ཞུས། །གསོལ་བ་ཡི་དམ་ལྷ་ལ་ཐོབ། །དམ་ཚིག་རྡོ་རྗེ་སྤུན་ལ་སྲུང་། །མཆོད་པ་དཀོན་མཆོག་གསུམ་ལ་ཕུལ། །སྤྱི་བོར་ཐུགས་རྗེ་ཆེན་པོ་སྒོམ། །སྙིང་པོ་མ་ཎི་པདྨེ་དྲོང་། །སྦྱིན་པ་དབུལ་འཕོང་མི་ལ་ཐོང་། །སྙིང་རྗེ་མ་ནུས་པ་ལ་གྱིས། །ཞབས་ཏོག་མཁས་བཙུན་རྣམས་ལ་གྱིས། །བཀུར་སྟི་ཕ་དང་མ་ལ་གྱིས། །ལར་མཁས་བཙུན་བླ་མ་བརྒྱ་འཚོགས་ཀྱང་། །དོན་འདི་ལས་ཉམས་སུ་ལེན་རྒྱུ་མེད། །གནས་སྐབས་ཀུན་ཏུ་བཀྲ་ཤིས་ཤིང་། །ཚེ་རིང་ནད་མེད་སྨོན་ལམ་འཚལ། །
ཞེས་གསུངས་པས། ཁྲོམ་བྱིན་པོས་ཕྱག་འཚལ་སྐོར་བ་བྱས་ནས་ཁྱིམ་དུ་ལོག་གོ །གཅེས་ཕྲུག་བདུན་གྱིས་ཐོག་པའི་ལ་ཁར་བསྐྱལ་ནས། ངེད་བདུན་ཡང་ཆོས་བྱེད་པས་རྗེ་བཙུན་གྱིས་ཆགས་ཕྱིར་འཁྲིད་པར་ཞུ་ཟེར་བ་ལ། ཁ་ད་བསླབ་ཡར་གྱི་མགུར་འདི་གསུངས་སོ།།
གསོན་ཅིག་ཉོན་དང་གཅེས་ཕྲུག་བདུན། །སྙིང་ནས་ལྷ་ཆོས་བྱེད་མི་བྱེད། །སྙིང་ནས་ལྷ་ཆོས་བྱེད་པ་ན། །སྐྲ་ཕུད་བླ་མའི་ཕྱག་ཏུ་ཕུལ། །སྡོམ་པ་མཁས་བཙུན་དྲུང་དུ་ལོང་། །སློབ་གཉེར་དབུས་གཙང་མཐིལ་དུ་གྱིས། །ག་དར་མཆེད་གྲོགས་རྩ་ན་གྱིས། །དག་སྣང་ཆོས་མཛད་ཡོངས་ལ་གྱིས། །བྱམས་པ་འགྲོ་དྲུག་ཡོངས་ལ་གྱིས། །སྙིང་རྗེ་མ་ནུས་པ་ལ་གྱིས། །དེ་ལྟར་བྱས་ན་ཆོས་དང་མཐུན། །
ཞེས་གསུངས་ནས་སང་གནང་རྒྱལ་གྱི་དུས་ན་ངེད་ལ་རས་ཆུང་བྱ་བའི་སློབ་མ་གཅིག་ཡོད་པས། ངེད་ཡབ་སྲས་ཀྱིས་བསུ་གཏོང་བས་དེ་དུས་ཆོས་ཀྱི་ཆས་ཀ་རེ་ཡང་ཚག་མཛོད་གསུངས་སོ། །ཡོན་བདག་ཕོ་མོ་རྣམས་ལ་ཆོས་དང་གདམས་ངག་མང་དུ་བཤད་པས་སྣང་བ་དཀར་པོའི་ཆོས་ལ་འགྱུར་ནུས་པ་མང་པོ་བྱུང་ངོ་། །ལྷ་རྗེ་ཡང་དཀོན་མཆོག་གི་ཞབས་ཏོག་དང་། དགེ་སྦྱོར་ལ་སྙིང་རུས་བྱས་ནས་ཐར་པའི་བྱང་ཆུབ་ཐོབ་བོ། །དེ་ཐམས་ཅད་ལྷ་རྗེ་ཡང་ངེའི་སྐོར་རོ།། །།
དེ་ནས་རྗེ་བཙུན་གཅོང་རོང་བྲིན་གྱི་གྲོང་དུ་དཔོན་སློབ་བཞི་བྱོན་པ་ལ། བུ་མོ་མང་པོ་འཚོགས་འདུག་པའི་ནང་ནས། བུ་མོ་གཅིག་གིས་རྗེ་བཙུན་དཔོན་སློབ་ལ་སྙིང་རེ་རྗེ། རྣལ་འབྱོར་པ་རྣམས་གར་འགྲོ་ཟེར་བས། སྙིང་རླུང་གཟེར་འདེབས་མའི་མགུར་འདི་གསུངས་སོ། །
རྗེ་གསོལ་བ་འདེབས་སོ་བཀའ་དྲིན་ཅན། །བྱིན་གྱིས་རློབས་ཤིག་མར་པའི་ཞབས། །སེམས་ཅན་ལས་ངན་ནད་ན་བས། །རང་མིན་གཞན་ལ་མཐོང་བ་ཆུང་། །ལུས་ངན་བུ་མོ་ཁྱིམ་ལ་དད། །སྟོང་ངན་རང་རྩིས་མེ་ལྟར་འབར། །སེམས་ཅན་བསམ་ངན་སྙིང་རེ་རྗེ། །དུས་ངན་བསྐལ་བའི་སྙིགས་མ་ལ། །ཁྲམ་པ་ཡི་དམ་ལྷ་བཞིན་ཁུར། །སྨྱོན་པ་རིན་ཆེན་གསེར་བས་བྲིམ། །མཁས་པ་ལ་ཁའི་རྡོ་བཞིན་སྐྱུར། །དུས་ངན་གྱི་སྒོམ་ཆེན་སྙིང་རེ་རྗེ། །ཁྱོད་གཅོང་རོང་གི་བུ་མོ་སྤུན་གསུམ་དང་། །ང་གུང་ཐང་གི་མི་ལ་རས་པ་གཉིས། །སྙིང་ཡང་ཕར་རྗེ་ཚུར་རྗེ་ཡིན། །སྙིང་རྗེའི་མདུད་ཁ་བྱས་པ་ལ། །ནང་ཕུག་སུ་རྒྱལ་ལྟ་ཡང་ལྟ། །བསམ་རླག་ཁ་འཐོམ་བསོ་བ་ལ། །མི་ལ་རས་པས་གདམས་ངག་བཤད། །དེ་ཆུ་ལན་ཆང་གིས་འཇལ་བ་ཡིན། །ངན་ལན་བཟང་གིས་བསྐོར་བ་ཡིན། །
ཞེས་གསུང་པས། དེ་རྣམས་ཀྱི་ནང་ནས་བུ་མོ་གཅིག་གིས་དེ་རིང་ཁྱོད་ཁ་འཐོམ་ངན་པས་ཟག་པ་བསགས། འདི་མི་ལ་རས་པ་རེད་ཟེར། བུ་མོ་དེ་ན་རེ། ངས་མ་ཤེས་པ་ཡིན་དོན་དམ་པ་མིན་ཟེར་བ་ལ། ཡང་བུ་མོ་གཅིག་དེས་དོན་དམ་པ་མིན་ནའང་བཤགས་པ་གྱིས་ཟེར་ཞིང་དད་པས། དུང་རྡོག་བདུན་ཕུལ་ནས་བཤགས་པ་བྱས་ཏེ། ད་རུང་དབྱངས་ཤིག་ལོང་ཟེར་བས་མགུར་འདི་གསུངས་སོ། །
རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །དབྱངས་ཆུང་དམ་པའི་དབྱངས་སུ་བཤད། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །བཀའ་ངེས་དོན་མི་འགྲིམ་དྲང་དོན་འགྲིམ། །འོག་མ་དྲོས་ཀླུ་ཡི་ཕོ་བྲང་ན། །ཆོས་ཟབ་མོ་མི་འགྲིམ་ཟང་ཟིང་འགྲིམ། །བར་མགོ་ནག་མི་ཡི་འཛམ་གླིང་ན། །ཆོས་མཁས་པ་མི་འགྲིམ་རྫུན་མ་འགྲིམ། །དབུས་གཙང་རུ་བཞིའི་ཞིང་ཁམས་ན། །ཆོས་སྒོམ་པ་མི་འགྲིམ་བཤད་པ་འགྲིམ། །དུས་ངན་སྙིགས་མའི་སྐལ་བ་ལ། །མི་བཟང་པོ་མི་འགྲིམ་ངན་པ་འགྲིམ། །གཅོང་རོང་བུ་མོའི་རྣ་བ་ན། །ཆོས་སིལ་མི་སྙན་དབྱངས་ཆུང་སྙན། །དེ་གདམས་ངག་དབྱངས་སུ་བླངས་པ་ཡིན། །དུང་རྡོག་བདུན་པོའི་གདབ་ལན་ཡིན། །བཤགས་པ་ཚར་བའི་དགའ་སྟོན་ཡིན། །བྱས་ཚད་ཆོས་སུ་འགྲོ་བའི་ལམ་རྟགས་ཡིན། །
ཞེས་གསུང་པ་ལ། བུ་མོ་དེ་དད་པས་སྨོན་ལམ་མང་པོ་བཏབ་པས། བུ་མོ་བཤགས་པ་བསྐུལ་མཁན་དེ་རང་དབང་མེད་པའི་དད་པ་སྐྱེས་པའི་ངང་ནས་རྟོགས་པ་སྐྱེས་ཏེ། བྲིང་གི་ཉ་མ་གཅིག་ཡིན་པ་ཆགས་ཕྱི་ལ་འབྲངས་ཏེ། གདམས་ངག་བསྟན་པས་བསྒོམ་པས་ཉམས་དང་རྟོགས་པ་སྐྱེས་སོ། །དེར་བུ་མོ་ཚོ་དང་ཡོན་བདག་ཕོ་མོ་མང་པོ་ལ་ཡང་དད་པ་སྐྱེས་ནས། དེར་འཚོགས་པ་རྣམས་ལ་ཞལ་ཏའི་མགུར་འདི་རས་ཆུང་པ་དང་དཔོན་སློབ་གཉིས་ཀས་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །འདིར་འཚོགས་འདུས་པའི་མཆེད་གྲོགས་ཀུན། །འཇིག་རྟེན་ཆོས་བརྒྱད་མ་སྤངས་པའི། །དད་པ་ཅན་ཡིན་མ་ཟེར་ཅིག །དད་པ་རྐྱེན་གྱིས་བསྒྱུར་བ་ཡིན། །མི་དགེ་བཅུ་ལ་མི་འཛེམ་པའི། །ཚུལ་ཁྲིམས་ཡོད་ཅེས་མ་སྨྲ་ཞིག །སླར་ཡང་ངན་སོང་དུ་འགྲོ་ཉེན་ཡོད། །རང་སེམས་གཡོ་སྒྱུ་མ་སྤངས་པའི། །དམ་ཚིག་བསྲུང་ཞེས་མ་བརྗོད་ཅིག །རྡོ་རྗེ་དམྱལ་བར་འགྲོ་ཉེན་ཡོད། །ཐོས་པ་ཕྱོགས་མེད་མ་བྱས་པའི། །ཐེག་པ་གཞན་ལ་མ་སྨད་ཅིག །ཆོས་སྤངས་རང་རྒྱུད་བསྲེགས་ཉེན་གདའ། །སྒྱུ་མར་ལྟ་བུར་མ་རྟོགས་པའི། །ལས་དགེ་སྡིག་ཁྱད་དུ་མ་གསོད་ཅིག །ངན་སོང་གསུམ་དུ་འགྲོ་ཉེན་གདའ། །ཕ་རོལ་སེམས་རྒྱུད་མི་ཤེས་པའི། །ཐེག་པ་གཞན་ལ་མ་སྨད་ཅིག །རློམ་སེམས་ལྟུང་བ་ཕོག་ཉེན་གདའ། །སེམས་དང་ཆོས་སུ་མ་འདྲེས་པའི། །ཉམས་མྱོང་བཟང་ཞེས་མ་སྨྲ་ཞིག །བདུད་ཀྱི་བར་ཆད་འོང་ཉེན་གདའ། །བརྗོད་མེད་དོན་ལ་མ་སླེབ་པར། །ལྟ་བ་མཐོ་ཞེས་མ་སྨྲ་ཞིག །འབྲས་བུ་ཡིད་སྨོན་དུ་ལུས་ཉེན་གདའ། །ཤུགས་འབྱུང་ནང་ནས་མ་རྟོགས་པའི། །ལྟ་སྟངས་གར་དགར་མ་སྟོན་ཅིག །རང་ཟོག་རང་གི་བྱུར་འདྲེ་ཡིན། །ཆོས་ཁ་ནས་བཤད་པ་སེམས་ལ་ཟུང་། །དོན་ཡིད་ལ་བསྐོར་ཅིང་ཉམས་ལེན་གྱིས། །
ཞེས་གསུང་པས། དེ་རྣམས་ཐམས་ཅད་ཀྱང་སྨོན་ལམ་བཟང་པོས་འབྲེལ་ཏེ། བུ་མོ་སྙིང་རྗེ་སྒོམ་མཁན་དང་བཅས་པས་ཐར་པའི་ལམ་ཐོབ་བོ། །དེ་རྣམས་ཀྱི་ནང་ནས་ཀྱང་ཉམས་རྟོགས་སྐྱེས་པ་དེ་ལ་རྟོགས་ལྡན་རས་ཆུང་མ་བྱ་བའི་རྗེ་བཙུན་གྱི་སྲིང་བཞིའི་ཡ་བར་གྱུར་པ་བྱུང་ངོ། །དེ་ཐམས་ཅད་ཅོང་རོང་བྲིན་གྱི་སྐོར་རོ།། །།

དེ་ནས་བཅུ་དྲུག་པ་ཏིང་ངེ་འཛིན་གྱི་རྩལ་རྫོགས་པའི་ཡོན་ཏན་ནི། ཉིན་མེད་མཚན་མེད་དུ་གཟིམ་རུང་ལ་བཞུགས་པས། བུ་སློབ་རྣམས་ཀྱིས་བླ་མ་ཉིན་མཚན་མེད་པར་གཟིམ་པ་ཨེའུ་བདེ། ཡར་བཞེངས་པར་ཞུ་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མའི་བྱིན་རླབས་ལུས་ལ་ཞུགས། །ལུས་ཉལ་བ་མིན་པ་བྱེད་རྒྱུ་མེད། །ལུས་བདེ་མོར་ཉལ་བས་དགེ་སྦྱོར་འཕེལ། །བླ་མའི་བྱིན་རླབས་ངག་ལ་ཞུགས། །ངག་བླ་བོ་ལབ་ཀྱང་གདམས་ངག་སྟོན། །ངག་བདེ་མོར་དབྱངས་ཆུང་ལེན་པས་བདེ། །བླ་མའི་བྱིན་རླབས་སེམས་ལ་ཞུགས། །སེམས་རྟོགས་པ་སྤྲོས་ཀྱང་ཆོས་སྐུའི་ངང་། །སེམས་བདེ་མོར་ཉལ་ཞིང་ཤིན་ཏུ་བདེ། །སྟེང་དྭངས་མ་ལྔ་ཡིས་གང་བས་བདེ། །འོག་མཛེས་མ་ལྔ་ཡི་འོད་ཀྱི་བདེ། །བར་འཁོར་ལོ་ལྔ་ཡི་རང་སྲོག་བདེ། །རྩ་ལྔ་རླུང་ལྔའི་སྒྱུ་ལུས་བདེ། །ཁམས་ལྔ་ལྷ་ཡི་དཀྱིལ་འཁོར་བདེ། །བྱང་ཆུབ་བླ་མའི་ཐུགས་དམ་བདེ། །མ་དང་སྲིང་མོའི་བརྩེ་གདུང་བདེ། །ཕ་དང་མེས་པོའི་ཕྱག་ལེན་བདེ། །སྨིན་གྲོལ་ལམ་གྱི་ཨ་མ་བདེ། །
ཅེས་གསུང་ཏེ་ཡང་གཟིམས་ནས་བཞུགས། ཡང་ཞུས་པས། ད་རེས་གསུང་པའི་མགུར་དེ་བཤིག་ནས་གསུང་བར་ཞུ་ཞུས་པས། ང་ཤི་ཙ་རང་ཞིག་ལ་འགྲོ་གསུང་ནས་གསུང་མ་འདོད་དོ། །དེ་ནས་སྤྱང་གོང་བྲིན་གྱི་བུ་སློབ་མང་པོ་མཇལ་བྱུང་བས་བཞེངས་བར་ཞུ་མཇལ་མི་མང་ཡོད་ཞུས་པས། བཞེངས་པ་དང་བུ་སློབ་རྣམས་ཀྱིས་བླ་མ་བཞེངས་ན་ངེད་ཚོ་སྣང་བ་སྐྱིད། ཁྱེད་རང་ཡང་བདེ་མོད་ཟེར་བས་མགུར་འདི་གསུངས་སོ། །
མི་བཙོན་ཅན་དོང་ནས་ཐར་བ་བཞིན། །ཕ་ཡུལ་སྤངས་པའི་རྣལ་འབྱོར་བདེ། །རྟ་བཟང་པོ་སྒྲོག་ལས་བཀྲོལ་བ་བཞིན། །གཟུང་འཛིན་གྲོལ་བའི་རྣལ་འབྱོར་བདེ། །རི་དྭགས་རྨས་མ་སྡོད་པ་བཞིན། །གཅིག་པུར་སྡོད་པའི་རྣལ་འབྱོར་བདེ། །བྱ་རྒོད་པོས་ནམ་འཕང་གཅོད་པ་བཞིན། །ལྟ་བ་ཐག་ཆོད་རྣལ་འབྱོར་བདེ། །མཁའ་ལ་རྒྱུ་བའི་སྐྱི་བསེར་བཞིན། །ཐོགས་རྡུག་མེད་པའི་རྣལ་འབྱོར་བདེ། །ལུག་གཡང་དཀར་འཚོ་བའི་རྫི་བོ་བཞིན། །ཉམས་སྟོང་གསལ་སྐྱོང་བའི་རྣལ་འབྱོར་བདེ། །དབུས་ཀྱི་རི་རྒྱལ་ལྷུན་པོ་བཞིན། །འཕོ་འགྱུར་མེད་པའི་རྣལ་འབྱོར་བདེ། །ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ། །ཉམས་རྒྱུན་ཆད་མེད་པའི་རྣལ་འབྱོར་བདེ། །དུར་ཁྲོད་ནང་གི་མི་རོ་བཞིན། །བྱ་བ་ཐེངས་པའི་རྣལ་འབྱོར་བདེ། །རྒྱ་མཚོ་ནང་དུ་རྡོ་བསྐྱུར་བཞིན། །ཕྱིར་ལྡོག་མེད་པའི་རྣལ་འབྱོར་བདེ། །མཁའ་ལ་ཉི་ཟླ་ཤར་བ་བཞིན། །འོད་ཀུན་ལ་གསལ་བའི་རྣལ་འབྱོར་བདེ། །ཤིང་ཏ་ལའི་ལོ་མ་བྲེག་པ་བཞིན། །སྐྱེ་བ་མེད་པའི་རྣལ་འབྱོར་བདེ། །དབྱངས་རྣལ་འབྱོར་བདེ་བ་བཅུ་གཉིས་འདི། །ཁྱེད་རྣལ་འབྱོར་ཡོངས་ཀྱིས་ལམ་ཁྱེར་མཛོད། །
ཅེས་གསུངས་ཏེ་གཟིམ་ནས་བཞུགས་པ་ལ། དེར་སློབ་མ་གཅིག་གིས་ད་ལོ་ནི་བླ་མ་གཟིམ་རུང་མཛད་ནས། དགེ་སྦྱོར་ཡང་མི་མཛད་པ་ཨེ་ལགས་ཞུས་པས། བླ་མ་བཞེངས་ནས་མགུར་འདི་གསུངས་སོ། །
རྗེ་བཀའ་དྲིན་འཁོར་མེད་མར་པའི་ཞབས། །སྐྱེས་མཆོག་རྗེ་ཡིས་བྱིན་གྱིས་རློབས། །གཏམ་ལྡབ་ལྡིབ་མང་བའི་བུ་སློབ་རྣམས། །ཁ་སྨྲ་འདོད་མང་བ་ཁ་མཆུ་ཡིན། །བདག་རྫར་ཉལ་བྱས་པས་ཆོས་སྤྱོད་ཟིན། །ཁྱེད་བྱེད་རྒྱུ་མང་བས་ཚུག་མི་ཐུབ། །ངས་མགོ་བོ་བཏུམས་པས་རྒྱང་མིག་གསལ། །ཁྱོད་འཇིག་རྟེན་རྒོད་མིག་ཧ་རེ་ལོང་། །བདག་སྨྲ་རྒྱུ་མེད་པས་འགག་ལ་འདེབས། །ཁྱེད་ཀུ་ཅོ་ཆེ་ཡང་ཉོན་མོངས་འཕེལ། །ངས་བྱ་བ་བཏང་བས་དོན་ཆེན་འགྲུབ། །ཁྱེད་བྱེད་རྒྱུ་མང་བས་ལག་སྟོང་ལྡབ། །ང་དགེ་སྦྱོར་མེད་པས་རྒྱུན་ཆད་མེད། །ཁྱེད་ཐུགས་དམ་འཕེལ་བས་གཏད་ར་མེད། །ང་ངང་གིས་སྐྱིད་པས་ལུས་སེམས་དལ། །ཁྱེད་རང་སྡུག་ལུས་ངག་རྒྱུན་ཏུ་བྲེལ། །བུ་ཁ་ད་རང་ལ་གྱིས་དང་འཐད། །མིག་ཁྲིད་གོང་དུ་ལྟོས་ཤིང་གྱིས། །བུ་རྩེ་གཅིག་ཏུ་ཉམས་སུ་མ་བླངས་ན། །དམ་ཙམ་བསྒོམ་པས་དོན་མི་འགྲུབ། །འབུང་ལ་རུས་པ་ནང་ནས་ཐོན། །ཅེས་གསུང་པས། དེ་ལ་བློ་བསྐྱེད་ནར་བ་ཅིག་བྱུང་ངོ་། །
ཡང་སློབ་མ་ཞིག་གིས་བླ་མ་འདི་ལྟར་དུ་གྲོལ་བས། ད་རི་ཁྲོད་འགྲིམ་དགོས་མོད་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མའི་བཀའ་དྲིན་མི་འཁོར་བས། །འགྲོ་བའི་སེམས་ཅན་མ་ཟད་པར། །རྗེ་ཡི་བཀའ་དྲིན་འཇལ་བ་དེ། །རྗེ་བཙུན་ཕོངས་པ་མ་ཡིན་ཏེ། །གྲུབ་ཐོབ་ཀུན་གྱི་གསང་ཚིག་ཡིན། །བྱང་ཁའི་རྐྱང་ཆུང་ཁ་དཀར་དེ། །ཤི་ཡང་མགོ་འཕང་མི་དམའ་བ། །ཐར་ལ་རེ་བ་མ་ཡིན་ཏེ། །རི་དང་རྗེ་ཡི་ཡ་ཚུལ་ཡིན། །ལྷོ་ཁའི་སྟག་མོ་ཤ་ཟན་དེ། །ལྟོག་ཀྱང་རང་ཤ་མི་ཟ་བ། །དགོས་ཆད་ཡོད་པ་མ་ཡིན་ཏེ། །གཅན་གཟན་ཆེན་པོའི་ཡ་ཚུལ་ཡིན། །ནུབ་ཀྱི་སེང་ལྕམ་དཀར་མོ་དེ། །གྲང་ཡང་གངས་དང་མི་འབྲལ་བ། །འགྲོ་ས་མེད་པ་མ་ཡིན་ཏེ། །བྱོལ་སོང་རྒྱལ་པོའི་ཡ་ཚུལ་ཡིན། །ཤར་གྱི་བྱ་རྒྱལ་རྒོད་པོ་དེ། །གཤོག་དྲུག་ཐེར་ཤ་གཅོད་པ་དེ། །ལྟུང་གི་དྭོགས་པ་མ་ཡིན་ཏེ། །ནམ་འཕང་གཅོད་པ་ཡ་ཚུལ་ཡིན། །མི་ལ་རས་པའི་སྒོམ་སྲན་ལ། །འཇིག་རྟེན་བྱ་བ་བཏང་བ་དེ། །ལོ་འདོད་དྲེགས་འདོད་མ་ཡིན་ཏེ། །ཞེན་པ་ལོག་པའི་རང་རྟགས་ཡིན། །ཐམས་ཅད་གྲོལ་བའི་རྣལ་འབྱོར་པ། །དབེན་གནས་རི་ཁྲོད་འགྲིམ་པ་དེ། །འཁྲུལ་གྱིས་དྭོགས་པ་མ་ཡིན་ཏེ། །གྲུབ་ཐོབ་སྤྱི་ཡི་རྣམ་ཐར་ཡིན། །འདིར་འཚོགས་གྲ་བ་བུ་སློབ་ལ། །བཀའ་ཁྲིམས་སྐུ་འཚམས་དམ་པ་དེ། །མི་དཔོན་འདོད་པ་མ་ཡིན་ཏེ། །ཐར་ལམ་བགྲོད་པ་ཡ་ཚུལ་ཡིན། །སྐལ་ལྡན་དད་པ་ཅན་རྣམས་ལ། །གདམས་ངག་གླུ་དབྱངས་ལེན་པ་དེ། །བྱེད་རྒྱུ་མེད་པ་མ་ཡིན་ཏེ། །བྱིན་རླབས་དངོས་གྲུབ་འཕེལ་བ་ཡིན། །
ཅེས་གསུང་པས། དེར་བཞུགས་པའི་བུ་སློབ་རྣམས་ལ། རང་དབང་མེད་པའི་དད་པ་དང་རྟོགས་པ་སྐྱེས་ཏེ། ཏིང་ངེ་འཛིན་སྒོམ་པ་བརྒྱ་རེ་ཙམ་བྱུང་། ཆོས་ལ་གནས་པ་སྟོང་རེ་བྱུང་ངོ་། །དེ་ཐམས་ཅད་སྙེ་ནམ་ལུང་ཆུང་གི་སྐོར་རོ།། །།
དེ་ནས་རྗེ་བཙུན་གྱིས་སློབ་མ་རྣམས་ལ་གོ་རྟོགས་ཅི་འདུག་ཉམས་ཚད་པའི་ཕྱིར། ཞག་འགའ་ཅུང་གསུང་མི་འབྱོན་པར་སྤྱན་ཕྱོགས་བཅུར་ཡོ་ཡོ་གཟིགས་ཤིང་མགུར་འདི་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་འདུས་ཀྱི་བུ་རྣམས་ལེགས་པར་ཉོན། །སྣང་བ་འདི་ཅི་ཡིན་གོ་ལགས་སམ། །སྣང་བ་འདི་ཅི་ཡིན་མ་གོ་ན། །སྣང་བ་འདི་ཅི་ཡང་སྣང་བ་གཅིག་ཡིན། །དེ་མ་རྟོགས་པ་ལ་འཁོར་བ་སྟེ། །རྟོགས་པ་རྣམས་ལ་ཆོས་སྐུར་སྣང་། །སྣང་བ་འདི་ཆོས་སྐུར་ཤར་ཙམ་ན། །ལྟ་བ་གཞན་ན་མ་ཚོལ་ཅིག །བློ་ཡི་བཞག་ཐབས་གོ་ལགས་སམ། །བློ་ཡི་བཞག་ཐབས་མ་གོ་ན། །ཡང་སེམས་ཉིད་ཆོས་སུ་མ་བཞུགས་པར། །རང་སེམས་བཅས་བཅོས་མ་བྱེད་ཅིག །རང་ལུགས་བུ་ཆུང་ལྟ་བུར་ཞོག །རླབས་མེད་རྒྱ་མཚོ་ལྟ་བུར་ཞོག །སྣང་གསལ་མར་མེ་ལྟ་བུར་ཞོག །སེམས་ཉིད་སྒྲོ་བཏགས་སུ་ཤེས་པ་གཅིག་ཡིན། །ཉམས་ཀྱི་འཆར་ལུགས་གོ་ལགས་སམ། །ཉམས་ཀྱི་འཆར་ལུགས་མ་གོ་ན། །ཡང་ཁྲི་གདུགས་ཙམ་གྱི་མུན་པ་སངས། །རྣམ་རྟོག་གཞན་དུ་སྤངས་པ་མེད། །དེ་གཞི་མེད་རྨི་ལམ་ལྟ་བུར་འཆར། །འཛིན་མེད་ཆུ་ཟླ་ལྟ་བུར་འཆར། །དངོས་མེད་འཇའ་ཚོན་ལྟ་བུར་འཆར། །ཕྱོགས་མེད་ནམ་མཁའ་ལྟ་བུར་འཆར། །ཉམས་ཀྱི་བཅོས་ཐབས་གོ་ལགས་སམ། །ཉམས་ཀྱི་བཅོས་ཐབས་མ་གོ་ན། །སྐྱི་བསེར་ཆེ་ཡང་ནམ་མཁའི་ངང་། །རྦ་རླབས་ཆེ་ཡང་རྒྱ་མཚོའི་ངང་། །ལྷོ་སྤྲིན་མཐུག་ཀྱང་ནམ་མཁའི་ངང་། །ཤེས་པ་འཐོར་ཡང་སྐྱེ་མེད་ངང་། །རིག་པ་སྲོངས་སུ་འཇུག་པ་ལ། །རྣམ་ཤེས་རླུང་ཞོན་གྱིས་གདམས་ངག་ཐོང་། །རྣམ་རྟོག་རྐུན་པོ་བྱུང་བ་ལ། །རྐུན་མ་ངོས་འཛིན་གྱི་གདམས་ངག་ཐོང་། །ཤེས་པ་ཡུལ་ལ་འཆོར་བ་ལ། །བྱ་རོག་གཟིང་འཕུར་གྱི་གདམས་ངག་ཐོང་། །སྤྱོད་པའི་སྤྱད་ཐབས་གོ་ལགས་སམ། །སྤྱོད་པའི་སྤྱད་ཐབས་མ་གོ་ན། །སེང་ཆེན་འགྱིང་བ་བཞིན་དུ་སྤྱོད། །འདམ་སྐྱེས་པདྨ་བཞིན་དུ་སྤྱོད། །གླང་ཆེན་སྨྱོན་པ་བཞིན་དུ་སྤྱོད། །ཤེལ་སྒོང་ཕྱིས་པ་ལྟ་བུར་སྤྱོད། །འབྲས་བུའི་འཆར་ལུགས་གོ་ལགས་སམ། །འབྲས་བུའི་འཆར་ལུགས་མ་གོ་ན། །མི་རྟོག་པ་ལ་ཆོས་སྐུ་འབྱུང་། །བདེ་བ་ཉིད་ལ་ལོངས་སྐུ་འབྱུང་། །གསལ་བ་ཉིད་ལ་སྤྲུལ་སྐུ་འབྱུང་། །གཉུག་མ་ངོ་བོ་ཉིད་ཀྱི་སྐུ། །མི་ལ་མཁས་པའི་སྐུ་གསུམ་ཡོད། །ཆོས་ཀྱི་སྐུ་ལ་དབྱེ་བ་མེད། །ལྟ་བ་སྒོམ་པ་ཉམས་མྱོང་གསུམ། །སྤྱོད་ཐབས་འབྲས་བུ་སྤྱོད་པ་དྲུག །རྣལ་འབྱོར་བློ་ལ་ཤར་ནས་བླངས། །བུ་རྣམས་དེ་བཞིན་ཉམས་སུ་ལོང་། །ཞེས་གསུངས་སོ། །དུས་དེ་ནས་གླུ་ཐམས་ཅད་ཀྱི་དོན་སྡུད་དམ་ཞལ་ཆེམས་སུ་བྱོན་པ་ཡིན་ནོ། །
དེ་ནས་ཡང་རྗེ་བཙུན་མི་ལ་རས་པ་ཆུ་བར་གྱི་དབེན་གནས་དེར་བཞུགས་དུས་སྔར་གྱི་འཁོར་དྲུང་དུ་ཡོད་པ་རྣམས་ཀྱང་རྟག་ཏུ་བཞུགས། གསར་དུ་འོང་བ་དང་། ཕྱོགས་སུ་རི་ཁྲོད་ལ་བྱོན་པ་རྣམས་ཀྱང་འདུས་པའི་དུས་གཅིག་ན། རས་པ་ཞི་བ་འོད་དང་། ངན་རྫོང་བོ་རྡི་ར་ཙས་དབུ་མཛད་པའི་གཞི་བ་རྣམས་དང་། སྣི་ཤང་རས་པ་ལ་སོགས་པ་ཕྱོགས་ནས་འཁོར་བའི་རས་པ་ཕལ་མོ་ཆེ་དང་། རེ་གོང་བ་བཀྲ་ཤིས་བརྩེགས་ལ་སོགས་པའི་བྲིན་པའི་ཡོན་བདག་ཐམས་ཅད་འཚོགས་པའི་དུས་སུ་ཚོགས་འཁོར་གཅིག་ཞུས་པའི་གྲལ་ལ་བྱས་ནས་ཕྱིན་པའི་རས་པ་རྣམས་ལ་ཞལ་ཏ་དྲི་རྨེད་ཀྱི་ཕྱིར་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་ཕྱོགས་སུ་བྱོན་པའི་ཇོ་བོ་རྣམས། །རོ་སྙོམས་སྤྱོད་པ་བླ་ན་མེད། །ཆོས་བརྒྱད་ཆུ་བོས་མ་ཁྱེར་རམ། །མཐའ་བྲལ་ལྟ་བ་ཟུང་འཇུག་དེ། །མུ་བཞིའི་གཡང་ལ་མ་ལྷུང་ངམ། །སྒོམ་པ་ཡིད་ལ་མི་བྱེད་པ། །མཚན་མའི་འཇུར་བུས་མ་བཅིངས་སམ། །བདེ་བ་ཆེན་པོའི་ཏིང་འཛིན་ནི། །འདོད་པའི་ཞེན་པས་མ་བསླུས་སམ། །ལུས་ངག་བྱིན་གྱིས་མི་རློབས་པར། །མཚན་མའི་ཆོས་སྤྱོད་མ་བོར་རམ། །སྣང་བ་བླ་མར་ཤར་ཤར་རམ། །རིག་པ་ཡན་པར་མ་ཤོར་རམ། །གསང་སྔགས་བརྡའ་ཡིས་སྟོན་པ་ལ། །བརྡའ་དོན་མེད་པར་མ་བཤད་དམ། །དམ་པའི་རིགས་བརྒྱུད་དག་པ་ལ། །རྫུན་དང་གཡོ་སྒྱུས་མ་བསླུད་དམ། །བླ་མ་དམ་པས་མ་གནང་བར། །སྤྱོད་པ་རང་གར་མ་སྤྱད་དམ། །ཡི་དམ་ལྷ་ཡི་གནང་མོད་ཀྱང་། །བདུད་ཀྱི་བར་ཆད་ཆོ་འཕྲུལ་རྣམས། །བྱེ་བྲག་བརྡ་ཡི་མ་སྤྱད་པར། །བདུད་ཀྱི་དཔུང་གིས་བསླུ་བར་མཆི། །ཞེས་གསུངས་སོ། །
དེ་ལྟར་ལྟ་བ་སྒོམ་པ་སྤྱོད་པ་དང་འབྲས་བུའི་གླུ་དམ་དུམ་གསུངས་པ་དང་། ཆོ་འཕྲུལ་རྣམ་པར་འཕྲུལ་པ་འདྲ་མཛད་དེ། གཞན་ཆོས་གསུངས་པ་ལ་སོགས་ནི་ད་ང་རྒས་ནས་ཁམས་ཀྱིས་མི་ཕོར་གསུངས་ནས་ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་གཏན་ལ་འབེབས་པའི་གླུ་འདི་གསུངས་སོ། །
ངས་ལྟ་བ་གཏན་ལ་འབེབས་པ་ནི། །ཐོས་པས་གཞན་རྒྱུད་མ་གྲོལ་བར། །གནས་ལུགས་རིག་པས་མ་རྟོགས་པར། །ལྟ་བ་ཚིག་ཏུ་མི་གཏོང་འཚལ། །ཅི་ལྟར་སྣང་བཞིན་གྲགས་པ་བཞིན། །ཕན་གནོད་འབྲས་བུ་གྲུབ་བཞིན་དུ། །ལས་འབྲས་འབྲེལ་པ་མི་དགག་འཚལ། །ཐེག་པའི་ཁྱད་པར་མ་རྟོགས་པར། །རང་སེམས་མིང་ལ་ཞེན་པ་ཡི། །ལྟ་བ་ང་ཡི་བཟུང་ནས་ནི། །གཞན་ལ་སྐུར་པ་མི་གདབ་འཚལ། །ལྟ་བའི་ཚོམ་མོ། །
སྒོམ་པ་ཉམས་སུ་ལེན་པ་ན། །རང་བཞིན་མངོན་དུ་མ་བྱས་པར། །སྒྲོ་འདོགས་ནང་ནས་མ་ཆོད་ཅིང་། །འོད་གསལ་སེམས་ལ་མ་ཤར་ལ། །ཉམས་ཀྱི་རྩི་ཡིས་མ་ཟིན་པར། །སྟོང་པའི་རྫོང་ལ་མི་ཞེན་འཚལ། །ཤེས་བྱ་སྣང་སྟོང་ཟུང་འཇུག་ལ། །འདོད་པ་རང་ཡན་མི་བཏང་འཚལ། །སྟོང་དང་སྟོང་པ་མ་ཡིན་ཞེས། །མཚན་མ་ཉིང་ཕུར་མི་བཏང་འཚལ། །ཟག་བཅས་བདེ་བའི་རྦ་ཀློང་དུ། །རྣམ་རྟོག་རག་པར་ལུས་པ་ཡིན། །བདེ་བའི་རོ་མྱོང་མེད་པར་བྱས། །རྟོག་མེད་ཞི་གནས་བརྟན་པ་ལ། །དམ་པ་ཉིད་དུ་མི་བཟུང་འཚལ། །སྒོམ་པའི་ཚོམ་མོ། །
སྤྱོད་པ་རོ་སྙོམས་བྱེད་པ་ན། །ཉམས་མྱོང་ཁོང་ནས་མ་ཤར་བར། །སྣང་བ་བྱིན་གྱིས་མི་རློབས་པར། །ཡུལ་ལྔ་བདེ་བ་མ་མྱོང་བར། །སྤྱོད་པ་ཐོ་ཅོར་མི་གཏོང་འཚལ། །དབང་པོ་རང་སྣང་མ་ཐོབ་པར། །རྟོགས་པ་ཀློང་དུ་མ་ཕེབས་པར། །རྣལ་འབྱོར་གྲོང་ཡུལ་མི་ལྡོམ་འཚལ། །མདོ་རྒྱུད་གཉིས་ཀྱི་དྲང་དོན་ལ། །དགོངས་པ་ཚུལ་བཞིན་མ་རྟོགས་ཤིང་། །སྤྲོས་པའི་རྟོག་པ་མ་ཟད་པར། །ལོག་པའི་བརྟུལ་ཞུགས་མི་བྱ་ཞིང་། །སྦྱོར་སྒྲོལ་ལམ་དུ་མི་འཁྱེར་འཚལ། །སྤྱོད་པའི་ཚོམ་མོ། །
འབྲས་བུ་མངོན་དུ་བྱེད་པ་ན། །རང་སེམས་ངོ་བོ་མ་མཐོང་བར། །གཞན་སྤྱོད་སངས་རྒྱས་ཚོལ་བ་ཡི། །རེ་དྭོགས་མཐའ་རུ་མི་གཏོང་འཚལ། །གཟུགས་སྐུ་གདུལ་བྱའི་སྣང་བ་ལ། །སངས་རྒྱས་སོ་སོར་མི་ཞེན་འཚལ། །རྣམ་རྟོག་ཆོས་སྐུར་ཐིམ་པ་ལ། །ཡོད་པར་དགག་པ་མི་གཟུང་འཚལ། །ཡོན་ཏན་ཕྲིན་ལས་ཞིང་ཁམས་རྣམས། །ཡེ་ཤེས་དག་པའི་སྣང་བ་ལ། །ཕྱི་རོལ་ངོ་བོ་མི་གཟུང་འཚལ། །འབྲས་བུའི་ཚོམ་མོ། །
ཡང་གསུང་པ། ཕྱག་ནི་གཉིས་མེད་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་སྐྱོན་མ་གོས། །ཆེན་པོ་ཟུང་དུ་འཇུག་པ་སྟེ། །དེ་རྟོགས་ཕྱག་རྒྱ་ཆེན་པོ་ཡིན། །ཅེས་གསུངས་སོ། །
དེ་ནས་རྗེ་བཙུན་གྱི་དྲུང་དུ་སློབ་མ་རབ་འབྲིང་ཐ་གསུམ་མང་དུ་འཚོགས་ཏེ། ངེད་རྣམས་ཀྱིས་དགོན་པ་ཅི་ཟུན་བཟུང་འཚལ་བས་སོ་སོའི་དུས་ཤིག་ལ་གདམས་ངག་གནང་འཚལ་ཞུས་པ་ལ། སོ་སོར་ཉམས་ལེན་གྱི་གདམས་ངག་ཀུན་ལྷན་ཅིག་ཏུ་བྱ་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དང་པོ་ཐོས་པའི་དུས་ཚོད་ན། །ཚུལ་ཁྲིམས་མ་འགྱུར་རྟོག་པ་འགྱུར། །དེ་ནས་བསྒོམ་པའི་དུས་ཚོད་ན། །སྣང་བ་མ་འགྱུར་ཆགས་སྡང་འགྱུར། །རྟོགས་པ་མཐའ་རུ་ཕྱིན་ཙ་ན། །ཆོས་ཉིད་མ་འགྱུར་སྡུག་བསྔལ་འགྱུར། །གནས་འགྱུར་གསུམ་དང་ལྡན་ཙ་ན། །སངས་རྒྱས་ས་རུ་ཕྱིན་ཙ་ན། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ། །བྱ་བྱེད་སྐྱུང་བའི་གདམས་ངག་དགོས། །དུ་མ་རོ་གཅིག་རྣལ་འབྱོར་ལ། །ལྟ་བ་ཐག་ཆོད་མན་ངག་དགོས། །གཉིས་མེད་ཐུག་འཕྲད་རྣལ་འབྱོར་ལ། །ཏིང་འཛིན་རྩེ་གཅིག་གདམས་ངག་དགོས། །ཚོགས་དྲུག་ཡེ་ཤེས་འབར་བ་ལ། །སྣ་རྩེ་གསུམ་གྱི་གདམས་ངག་དགོས། །བདེ་ཆེན་ཟུང་འཇུག་རྣལ་འབྱོར་ལ། །ཚོགས་དྲུག་ལྷུག་པའི་མན་ངག་དགོས། །གཉེན་པོ་ཆུང་བའི་གང་ཟག་ལ། །རྣམ་སྨིན་དྲན་པའི་མན་ངག་དགོས། །བདེ་བ་མ་ཞེན་གང་ཟག་ལ། །རང་བཞིན་ཤེས་པའི་མན་ངག་དགོས། །ཚེ་འདིས་གོས་པར་གྱུར་པ་ན། །ཚུལ་ཁྲིམས་རྣམ་དག་མན་ངག་དགོས། །ཚེ་འདིའི་ཆེད་དུ་བྱེད་པ་ལ། །འཆི་བ་རྗེས་དྲན་མན་ངག་དགོས། །གཉེན་དང་ནོར་ལ་ཞེན་པ་ལ། །འགྲོགས་དབང་མེད་ཀྱི་མན་ངག་དགོས། །འདོད་ཡོན་ལྔ་ལ་ཞེན་པ་ལ། །རུ་བཟློགས་ཆེན་པོའི་མན་ངག་དགོས། །རྒས་ཀྱང་སེམས་ནི་མ་ཞུམ་ན། །ལོ་གྲངས་རྩི་བའི་མན་ངག་དགོས། །དབང་དང་ཟབ་མོའི་ཆོས་ཞུས་ནས། །གུས་པ་དག་ནི་མ་སྐྱེས་ན། །ཕྱིས་ནས་མི་འཕྲད་མན་ངག་དགོས། །ཡོན་ཏན་ཞིང་དུ་གྱུར་པ་ལ། །ལྟོས་མེད་ཚོགས་ཀྱི་མན་ངག་དགོས། །སྟོང་པས་ང་རྒྱལ་གང་ཟག་ལ། །ཐབས་ཀྱིས་བསྐུལ་ནན་མན་ངག་དགོས། །ཉམས་མྱོང་དྲི་མ་མེད་པ་ལ། །བླ་མ་ལ་གུས་མན་ངག་དགོས། །གཞན་གྱི་སྐྱོན་རྣམས་མཐོང་བ་ལ། །གུས་པ་དག་ནི་མ་སྐྱེས་ན། །སེམས་ཅན་གནས་འགྱུར་མན་ངག་དགོས། །སྡུག་བསྔལ་སྣ་ཚོགས་བྱུང་གྱུར་ན། །གཉེན་དང་ཡུལ་ལ་ཡི་མུག་སྟེ། །གཞན་དུ་འགྲོ་བར་འདོད་པ་ན། །འཁོར་བ་ཡིན་པའི་མན་ངག་དགོས། །རྒྱུད་ལ་ཞེ་སྡང་སྐྱེས་པ་ལ། །སེམས་བསྐྱེད་དྲན་པའི་མན་ངག་དགོས། །རྫས་དང་སློབ་མ་འདུ་འཛི་ཡི། །རང་གི་དགེ་སྦྱོར་ཉམས་གྱུར་ན། །ཡག་རྗེས་མང་པོ་བྱེད་འདོད་ན། །དྲག་པོའི་དབང་དུ་སོང་བ་སྟེ། །བདུད་ཀྱི་ཞགས་པས་ཟིན་པ་ཡིན། །ཐོས་པ་མང་པོ་བྱེད་གྱུར་ན། །ཚིག་ཏུ་ཟིན་པས་མགུ་གྱུར་ཏེ། །ཆོས་སྤྱོད་ང་རྒྱལ་བྱེད་གྱུར་ན། །སྡིག་པའི་གྲོགས་པོར་སོང་བ་ཡིན། །རྒྱགས་ཕྱེ་ཁུར་ལ་སྐྱེལ་མ་ཁྲིད། །ཆོས་རྐུན་མུ་གེ་འོང་བ་ལགས། །སྔ་དྲོ་ས་གཅོད་བར་ཆད་འོང་། །རྐྱེན་ངན་དག་གིས་གོས་མི་འགྱུར། །ལེ་ལོ་ཅན་གྱི་གང་ཟག་ལ། །མན་ངག་སྤྱོད་ཀྱང་དངོས་གྲུབ་མེད། །ཉི་མ་རང་དྭངས་འོད་ཆས་ལ། །འཆར་དང་ནུབ་པའི་མིང་ཡང་མེད། །གླིང་སྐོར་ཐ་སྙད་བཏགས་པ་ལགས། །སེམས་ནི་སྟོང་ཉིད་རང་བཞིན་ལ། །འཕྲོ་དང་གཡེང་བའི་མིང་ཡང་མེད། །རྟོག་པའི་ཉམས་དང་བྲལ་ཙ་ན། །འཕྲོ་དང་གཡེང་བའི་ཐ་སྙད་བཏགས། །ཁྱིམ་དུ་ཉི་མ་མ་ཤར་ལ། །ཉི་མ་དག་གིས་ཉེས་པ་མེད། །ཉོན་མོངས་ཆེ་བའི་གང་ཟག་གིས། །ཆོས་ཉིད་དག་ནི་མ་རྟོགས་པས། །བླ་མ་དམ་པ་མཉེས་པ་མེད། །གཉེན་གྱི་ཕྱིར་ན་ཁ་འཛིན་བྱེད། །རྫས་ཀྱི་ཕྱིར་ན་ཁྲམ་ལ་ཞུགས། །ད་ལྟ་དུས་ཀྱི་གང་ཟག་ལ། །མན་ངག་ཟབ་མོ་བསྟན་ཡང་ནི། །ཡི་གེ་བྲིས་ནས་སྣོད་དུ་བཅུག །ཉམས་སུ་མི་ལེན་སྔས་ལ་སོགས། །འཆི་བའི་དུས་ཀྱི་ཚེ་ཙ་ན། །ནོར་བ་ཤེས་བོར་ནས་སྟོང་པར་འགྲོ། །ནོར་གྱི་ཕྱིར་དུ་ཆོས་བཤད་པས། །ཆོས་ཀྱི་སྦྱིན་པར་མི་འགྲོ་སྟེ། །རྫས་ཀྱི་ཕྱིར་དུ་ཡིག་སྣག་ཚོལ། །ཁ་ཤག་ཆེད་དུ་ཟབ་མོ་སྨྲས། །ཆ་ལ་ད་ལྟའི་གང་ཟག་ལ། །ཅི་ལྟར་བྱས་ཀྱང་ཉམས་ལེན་མེད། །ཐམས་ཅད་རང་དོན་ཆུང་སྟེ་འགྲོ། །དྲན་པ་སྦྱང་དགུ་ཆོས་དང་ཁྲེལ། །དགོན་པ་བསྒྲུབ་ཞེས་བྱ་བ་ཡི། །མན་ངག་འཐོར་བའི་ཡིག་ཆུང་འདི། །ཚིག་ལ་འབྲེལ་བ་མེད་པ་འདི། །དགེ་སྦྱོར་ཆགས་པས་དགོས་པ་ཆུང་། །རྣལ་འབྱོར་པ་ལ་བཟོད་པར་གསོལ། །སྐབས་སུ་ལྟོས་ལ་ཉམས་སུ་ལོང་། །ཆོས་ཀྱི་དགོན་པ་ཚར་བར་གྱིས། །ཅེས་གསུངས་སོ། །
དེ་ནས་རྗེ་བཙུན་གྱིས་སློབ་མ་རས་ཆུང་བ་ལ་སོགས་པ་ལ་ཉམས་མགུར་འདི་གསུངས་སོ། །
ཀྱེ་མ་གསོན་དང་དམ་པ་རྣམས། །ཚེ་འདི་བསླུ་བྱེད་ཡིན་པར་ཆ་མེད་དམ། །ལོངས་སྤྱོད་སྒྱུ་མ་ཡིན་པར་ཆ་མེད་དམ། །འཁོར་བ་ཞི་བ་ཡིན་པར་ཆ་མེད་དམ། །བདེ་བ་རྨི་ལམ་ཡིན་པར་ཆ་མེད་དམ། །བསྟོད་སྨད་བྲག་ཆ་ཡིན་པར་ཆ་མེད་དམ། །སྣང་བ་སེམས་ཉིད་ཡིན་པར་མ་རྟོགས་སམ། །རང་སེམས་སངས་རྒྱས་ཡིན་པར་མ་རྟོགས་སམ། །སངས་རྒྱས་ཆོས་སྐུ་ཡིན་པར་མ་རྟོགས་སམ། །རྟོགས་ན་ཅིར་སྣང་སེམས་སུ་འདུས། །སེམས་ལ་ཉིན་དང་མཚན་དུ་ལྟོས། །སེམས་ལ་བལྟས་པས་མཐོང་བ་མེད། །མཐོང་བ་མེད་པའི་ངང་ལ་ཞོག །དེ་ཉིད་ཕྱག་རྒྱ་ཆེན་པོ་ལ། །རང་བཞིན་ལྷུག་པ་བསམ་དུ་མེད། །ཤེས་པ་མ་བཟུང་ངང་ལ་ཞོག །མཉམ་བཞག་རྗེས་ཐོབ་བྱར་མེད་པས། །སྒོམ་པའི་རིམ་པ་བདག་ལ་མེད། །ཅི་ལྟར་སྣང་ཡང་རོ་མྱོང་བས། །དྲན་པས་བཟུང་དང་མི་བཟུང་མེད། །མ་སྐྱེས་པ་ཡི་རོ་ཚོར་བས། །དེ་བཞིན་བསྒོམ་པས་རྟོགས་པ་ཡིན། །ལས་ཀྱི་ཕྱག་རྒྱ་བསྒོམ་པ་དང་། །རྩ་རླུང་ཐིག་ལེ་བསྒོམ་པ་དང་། །སྔགས་ཀློག་པ་དང་ལྷ་སྒོམ་དང་། །ཚངས་པའི་གནས་བཞི་སྒོམ་པ་སོགས། །ཐེག་པ་ཆེན་པོར་འཇུག་ཐབས་ཙམ། །དེ་རྣམས་ཆེད་དུ་བསྒོམ་པས་ཀྱང་། །དེ་བས་ཆགས་སྡང་མ་སྤངས་པས། །སྣང་བའི་སེམས་སུ་ཤེས་པ་ལ། །སེམས་ཉིད་སྟོང་པར་ཤེས་པ་དང་། །རྟོགས་པ་ཉམས་དང་མ་བྲལ་ན། །ཚུལ་ཁྲིམས་ལ་སོགས་བསོད་ནམས་ཚོགས། །ཐམས་ཅད་མ་ལུས་དེ་ལ་ཚང་། །རྟོགས་པ་ཡོད་ན་དེའི་ངང་ལ་ཆོས་སྤྱོད་ཀུན་ཚང་བས་སྒོམ་ལ་འབོད་ཅིག་གསུངས་སོ། །
རྗེ་རས་པ་ཆེན་པོ་དེས་སློབ་མ་ནུས་པ་འགས་གྲོང་ཆོག་བྱས་པ་ལ་ཞལ་ཏའི་མགུར་འདི་གསུངས་སོ། །
ཀྱེ་རི་ཕུག་འགྲིམ་པའི་རྣལ་འབྱོར་པ། །རོ་སྙོམས་སྤྱོད་པ་བླ་ན་མེད། །ཆོས་བརྒྱད་ཆུ་བོས་མ་ཁྱེར་རམ། །མཐའ་བྲལ་ལྟ་བ་ཟུང་འཇུག་དེ། །མུ་བཞིའི་གཡང་སར་མ་ལྷུང་ངམ། །སྒོམ་པ་ཡིད་ལ་མི་བྱེད་པ། །མཚན་མའི་འཇུར་བུས་མ་བཅིངས་སམ། །བདེ་བ་ཆེན་པོའི་ཏིང་འཛིན་འདི། །འདོད་པའི་ཞེན་པས་མ་ཉམས་སམ། །སྣང་བ་སློབ་དཔོན་དུ་མ་ཤེས་པར། །ཤེས་པ་རང་ཡན་དུ་མ་ཤོར་རམ། །བླ་མ་དམ་པས་མ་གནང་བར། །སྤྱོད་པ་རང་ཡན་དུ་མ་བཏང་ངམ། །གསང་སྔགས་བརྡའ་ཡི་འཇུག་པ་ལ། །བརྡ་མི་ཤེས་པར་མ་སྤྱོད་དམ། །ཡི་དམ་ལྷ་ཡི་སྣང་བ་དང་། །བདུད་ཀྱི་བར་ཆད་ཆོ་འཕྲུལ་རྣམས། །བྱེ་བྲག་བརྡའ་ཡི་མ་ཕྱེད་ན། །བདུད་ཀྱི་དཔུང་གིས་བསླུ་བར་མཆི། །གཏན་གྱི་སོ་ནམ་དགེ་སྦྱོར་འདི། །ལས་དང་བྱ་བྱེད་མ་བཞག་གམ། །ཆོས་སྐུ་ངོ་སྤྲོད་ཀྱི་སློབ་དཔོན་དེ། །ལོ་ཟླ་དུས་གསུམ་མ་བརྗེད་དམ། །ཆོས་སྐུའི་རང་བཞིན་སེམས་ཅན་ལ། །ཚིག་རྩུབ་མཚོན་གྱིས་མ་བསྣུན་ནམ། །རྟག་ཆེན་ལུས་ལ་བརྟེན་ནས་སུ། །དམ་པའི་སྤྱོད་པ་མ་བསླད་དམ། །སྣང་བ་ཆོས་སྐུ་ཡིན་པ་ལ། །སྤྲོས་པའི་སྐྱོན་དུ་མ་གཟུང་ངམ། །སྐུ་གསུམ་རང་ཆས་ཀྱི་ཉོན་མོངས་འདི། །བླང་དོར་གཉིས་སུ་མ་བཟུང་ངམ། །ཉམས་མྱོང་ཉིད་དུ་མ་ཤེས་པར། །སྤང་བྱ་རྟོག་པར་མ་གཟུང་ངམ། །རོ་སྙོམས་སྤྱོད་པ་བླ་མེད་འདི། །དད་པའི་ཞེན་པས་མ་བཅིངས་སམ། །བརྒྱུད་པའི་གདམས་ངག་ཟབ་མོ་འདི། །ཁ་གཏམ་གཞན་ལ་མ་སྨྲས་སམ། །ནམ་མཁའ་ལྟ་བུའི་ཆོས་སྐུ་འདི། །གཟུགས་སྐུའི་ཞེན་པས་མ་བསླུས་སམ། །ཀུན་ཏུ་འཁྱམ་པའི་རྣལ་འབྱོར་འདི། །མཚན་བཅས་འཕྲང་ལ་མ་ཤོར་རམ། །དོན་དམ་ཆོས་སྤྱོད་སྤྲོས་བྲལ་འདི། །མཚན་མའི་ཆོས་ཀྱིས་མ་ཉམས་སམ། །མཉམ་པའི་སྟེང་དུ་མ་འགྱུར་རམ། །ཐབས་ཀྱི་སྤྱོད་པ་མ་སྦྱོང་ངམ། །ཐམས་ཅད་རང་སེམས་ཆོས་ཉིད་དུ། །རྣལ་འབྱོར་པ་ཡི་མ་རྟོགས་ན། །བྱང་ཆུབ་དམ་པ་གཞན་ན་མེད། །སྣང་བ་སེམས་སུ་མ་ཤེས་པར། །ནང་དུ་སེམས་འཛིན་མ་བྱས་སམ། །སྟོང་ཉིད་ཉམས་མྱོང་མ་སྐྱེས་པར། །ཟག་བཅས་ལ་ཡོན་ཏན་མ་བལྟས་སམ། །ཆགས་སྡང་ལས་ཀྱི་ཉེན་གྱུར་ཅིང་། །རྟོགས་པ་ཉམས་སུ་མ་བླངས་པར། །མང་དུ་གསུང་བས་ཅི་ལ་ཕན། །ཉམས་མྱོང་ཡ་མཚན་ཅི་སྐྱེས་ཀྱང་། །རང་ལ་རློམ་སེམས་མ་སྐྱེ་ཞིག །ཅེས་གསུངས་སོ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact