Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (21)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

རྗེ་རས་པ་ཆེན་པོ་དེས་སློབ་མ་རྣམས་ལ། བཀའ་བརྒྱུད་འདིའི་བརྒྱུད་པ་ཟུང་། གོང་མ་བཞིན་གྱིས་ངས་ཉམས་སུ་བླང་བ་བཞིན་ཉམས་སུ་ལོང་། གཞན་གྱི་ཁ་གཤོམ་ལ་མ་རྒྱུག་གསུང་ནས་མགུར་འདི་གསུངས་སོ། །
འཇིག་རྟེན་བྱ་བ་སྤངས་ནས་ནི། །རྩེ་གཅིག་དགེ་སྦྱོར་བྱེད་པ་དཀའ། །འཁོར་བའི་ཆོས་ལ་ཡིད་བྱུང་ནས། །མྱ་ངན་འདས་པ་ཐོབ་པ་དཀའ། །ན་དང་ཚ་བ་ཀུན་སྤངས་ནས། །བཀོལ་དུ་ཐུབ་པའི་ལུས་པོ་དཀའ། །ལྟ་བ་སྤྱོད་པ་མཐུན་པ་ཡི། །བསམ་པ་གཅིག་པའི་གྲོགས་པོ་དཀའ། །ལུང་རིགས་མན་ངག་ལྡན་པ་ཡི། །ཐུགས་རྗེ་ཆེ་བའི་བླ་མ་དཀའ། །རི་དགོན་དབེན་དགུར་བསྒོམ་པ་ཡི། །ཉམས་སུ་ལེན་པའི་སློབ་མ་དཀའ། །འཇིགས་དང་རྣམ་རྟོག་ཀུན་སྤངས་ནས། །ཕུན་སུམ་ཚོགས་པའི་དགོན་པ་དཀའ། །དེ་དག་མ་ལུས་ཀུན་ཚང་ཞིང་། །རྩེ་གཅིག་བསྒོམ་པའི་བསམ་གཏན་དཀའ། །འདི་ནི་དཀའ་བའི་ཆོས་བརྒྱད་དེ། །དཀའ་ཡང་དཀའ་སྟེ་སྤྱད་ཀྱང་འཚལ། །ཅེས་གསུངས་སོ། །
ཡང་དཀའ་བ་བཅུའི་མགུར་འདི་གསུངས་སོ། །
རྒྱུད་སྡེ་མི་ཤེས་ཚོགས་འཁོར་དཀའ། །གྲུབ་མཐའ་མི་ཤེས་ལྟ་བ་དཀའ། །ནུས་པ་མ་ཐོན་སྤྱོད་པ་དཀའ། །བརྒྱུད་པ་མི་ལྡན་གདམས་ངག་དཀའ། །སྒོམ་བསྒྲུབ་མ་བྱས་དངོས་གྲུབ་དཀའ། །ཕྱོགས་ཆ་མ་སྤངས་རྣལ་འབྱོར་དཀའ། །ཉོན་མོངས་མ་སྤངས་ཆོས་པ་དཀའ། །རྒྱུ་ལ་མ་བརྟེན་འབྲས་བུ་དཀའ། །རླན་ལ་མ་བརྟེན་མེ་ཏོག་དཀའ། །གནད་ལ་མ་ཕོག་སེམས་འཛིན་དཀའ། །འདི་ནི་དཀའ་བའི་མདོ་བཅུ་ལགས། །ཅེས་གསུངས་སོ། །
རྗེ་རས་པ་ཆེན་པོ་དེས་ཉམས་ལ་ཤར་ནས་ཞལ་ཕོད་མགུར་འདི་གསུངས་སོ། །
བརྒྱུད་ལྡན་གྱི་བླ་མ་རྙེད་ལགས་པས། །ཐེ་ཚོམ་ཟ་བའི་དྭོགས་མ་མཆིས། །བཀའ་རྩོད་མེད་མ་རྒྱུད་བསྒོམ་ལགས་པས། །ཆོས་ལུགས་ཉམས་ཀྱི་དྭོགས་མ་མཆིས། །གདམས་ངག་ཉམས་ལ་ཤར་ལགས་པས། །སེམས་ལ་མ་ཕན་དྭོགས་མ་མཆིས། །གཞི་དྲན་མེད་རང་བཞིན་ངོ་ཤེས་པས། །མ་རིག་བསྒྲིབ་པའི་དྭོགས་མ་མཆིས། །རྟོག་པ་གློ་བུར་དུ་ངོ་ཤེས་པས། །དངོས་པོར་འཛིན་པའི་དྭོགས་མ་མཆིས། །དྲན་པ་འཕྲལ་བྱུང་ངོ་ཤེས་པས། །ཞེན་པ་སྐྱེ་བའི་དྭོགས་མ་མཆིས། །སྐྱེ་མེད་རྒྱུན་མི་འཆད་ལགས་པས། །ཞི་གནས་བསྒོམ་པའི་དྭོགས་མ་མཆིས། །བློ་འདས་དབྱིངས་དང་མ་བྲལ་བས། །བསྒོམ་པ་ཐུན་གཅོད་དྭོགས་མ་མཆིས། །རྗེ་བཙུན་ཞལ་གྱི་བཀའ་དྲིན་གྱིས། །བར་དོའི་གདམས་ངག་གོམས་ལགས་པས། །འཆི་བས་འཇིགས་པའི་དྭོགས་མ་མཆིས། །སྐུ་ལྔ་རྒྱུན་མི་འཆད་ལགས་པས། །འཁོར་བར་འཁྱམ་པའི་དྭོགས་མ་མཆིས། །འཁོར་འདས་དགག་སྒྲུབ་མ་མཆིས་པས། །བླང་དོར་བྱེད་ཀྱི་དྭོགས་མ་མཆིས། །བདག་སྒྱུ་ལུས་རྒས་ཀྱི་འོག་རོལ་དུ། །ནགས་ཚལ་དབེན་པ་བསྙག་བསྙག་ནས། །འདུ་འཛི་སྐྱིད་ཀྱི་དྭོགས་མ་མཆིས། །དྭོགས་མེད་བཅུ་གཉིས་བགྱིས་པ་ལགས། །ཅེས་གསུངས་སོ། །
རྗེ་རས་པ་ཆེན་པོ་དེས་ནགས་ཚལ་དགོན་པར་འོད་གསལ་སྒོམ་ཞིང་གཟིམ་པའི་ཉམས་ལ། ལྟ་སྒོམ་སྤྱོད་པ་འབྲས་བུ་དཔེ་དོན་དང་བཅས་པ་ཐུགས་ལ་ཤར་ནས་མགུར་འདི་གསུངས་སོ། །
གསོན་དང་དགོངས་དང་བཞུགས་པ་རྣམས། །དྲན་མེད་སྟོང་པའི་རང་བཞིན་འདི། །ཕྱི་ནང་སྣང་སྲིད་ཀུན་ལ་ཁྱབ། །དཔེ་ནི་ས་གཞི་ལྟ་བུའོ། །སྐྱེ་མེད་རྟོགས་པའི་ཤེས་རབ་འདི། །མུན་ལ་སྒྲོན་མེ་བཏེག་པ་འདྲ། །དཔེ་ནི་ཁྲི་གདུགས་ལྟ་བུའོ། །དུས་གསུམ་ཡིད་ལ་མ་བྱས་པར། །བློ་འདས་ལྟ་བ་འགྱུར་མེད་འདི། །དཔེ་ནི་ནམ་མཁའ་ལྟ་བུའོ། །འདི་གསུམ་ལྟ་བའི་དཔེ་རུ་གོ །དྲན་མེད་གཉིས་ཀྱི་སོ་མཚམས་ན། །སྐྱེ་བ་མེད་པའི་སྒོམ་ཆེན་བཞུགས། །དཔེ་ནི་བར་སྣང་ལྟ་བུའོ། །སེམས་ཉིད་རྒྱ་མཚོ་འདྲ་བ་ལ། །ཚོགས་དྲུག་ཤེས་པ་ཧད་པོར་ཐལ། །དཔེ་ནི་བུ་ཆུང་ལྟ་བུའོ། །སྣང་བ་བཀག་དང་མ་བཀག་མེད། །ཅིར་ཡང་ཆོས་ཀྱི་དབྱིངས་སུ་ཡལ། །དཔེ་ནི་ནམ་མཁའ་ལྟ་བུའོ། །འདི་གསུམ་སྒོམ་པའི་དཔེ་རུ་གོ །ནགས་ལ་མེ་ལྕེ་མཆེད་པ་བཞིན། །ཅིར་ཡང་སྟོང་པ་ཉིད་ཀྱི་གྲོགས། །དཔེ་ནི་འཇའ་ཚོན་ལྟ་བུའོ། །ཞིང་ལ་ཆུ་ལུད་བསྟན་པ་བཞིན། །འདོད་ཡོན་ཞེན་མེད་རྒྱན་དུ་ཆེ། །དཔེ་ནི་འདམ་སྐྱེས་མེ་ཏོག་བཞིན། །མཐའ་དབུས་བྲལ་བའི་ནམ་མཁའ་ལ། །ཚོགས་དྲུག་ཐུགས་འཕྲད་ངོ་ཤེས་པས། །སྣ་ཚོགས་སྣང་ཡང་གཅོད་རྒྱུ་མེད། །དཔེ་ནི་རྐུན་མ་ངོ་ཤེས་འདྲ། །འདི་གསུམ་སྤྱོད་པའི་དཔེ་རུ་གོ །དྲན་མེད་དབྱིངས་སུ་གནས་པའི་སེམས། །ཡིད་བཞིན་ནོར་འདྲ་སྤྲུལ་པའི་སྐུ། །སྐྱེ་མེད་དབྱིངས་སུ་གནས་པའི་ཚེ། །སེམས་ནི་ནམ་མཁའ་འདྲ་བ་ལོངས་སྤྱོད་རྫོགས། །བསམ་དུ་མེད་ཅིང་བློ་ལས་འདས། །དཔེ་དང་བྲལ་བ་ཆོས་ཀྱི་སྐུ། །འདི་གསུམ་འབྲས་བུའི་དཔེ་རུ་གོ །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ཀུན་ལ་ཡོད་དེ་ངོ་མ་ཤེས། །དེ་ཕྱིར་དུས་གསུམ་སངས་རྒྱས་ཀྱིས། །སེམས་ཀྱི་དྲན་པ་མི་ཁོག་པས། །མོས་པ་སྣ་ཚོགས་གཟིགས་ནས་སུ། །སྤྲུལ་པ་སྣ་ཚོགས་བསྟན་པ་ལགས། །ནགས་ཚལ་དགོན་པའི་རི་ཁྲོད་དུ། །རད་ན་ལོག་པའི་རྨི་ལམ་དུ། །ཉམས་ལ་རྟོགས་པ་ཤར་ནས་བླངས། །བདེན་ནམ་རྫུན་ནམ་མ་འཚལ་ཏེ། །རེ་སྟེ་ལགས་ཏེ་མི་འཆིའམ། །ཅེས་གསུངས་སོ། །
རྗེ་རས་པ་ཆེན་པོ་དེ་བྱར་པོ་ལུང་གི་དགོན་པ་ན་བཞུགས་པའི་དུས་སུ། སེམས་ཀྱི་བདེ་བ་བཅུ་གཉིས་འདི་མགུར་དུ་གསུངས་སོ། །
སྔོན་སྡུག་གིས་དྭོགས་ནས་འཚོ་བ་བསགས། །ད་ལྟ་འཚོ་བ་འཕྲལ་འཚོལ་དེ། །སྔོན་རྒྱལ་ཁམས་ཡོངས་སུ་འཁྱམ་འཁྱམ་ནས། །ད་ལྟ་གར་བསྡད་གནས་སུ་བདེ། །སྔོན་སེམས་འཛིན་སྣ་ཚོགས་བྱས་བྱས་ནས། །ད་ལྟ་ཤེས་པ་ཀློད་པས་བདེ། །སྔོན་བསམ་གཏན་ཐུན་དུ་གཅོད་གཅོད་ནས། །ད་ལྟ་སྐུ་གསུམ་འབྲལ་མེད་བདེ། །སྔོན་ཕ་ཡུལ་ཁོ་ན་བསྙགས་བསྙགས་ནས། །ད་ལྟ་གཉུག་མའི་གཏན་ཡུལ་བདེ། །སྔོན་ཉེ་དུ་ཁོང་ལ་ཆགས་ཆགས་ནས། ད་ལྟ་སུ་འཁྱམ་གྲོགས་སུ་བདེ། །སྔོན་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །ད་ལྟ་སྐྱེ་འཆི་མེད་པས་བདེ། །སྔོན་འཁོར་བར་འཁྱམ་གྱིས་དྭོགས་དྭོགས་ནས། །ད་ལྟ་འཁོར་བའི་གཞི་ལ་བྲལ་བས་བདེ། །སྔོན་གྲུབ་མཐའ་སྣ་ཚོགས་ཉན་ཉན་ནས། །ད་ལྟ་སྒྲོ་འདོགས་ཆོད་པས་བདེ། །སྔོན་ཐ་སྙད་ཚིག་ལ་དགའ་དགའ་ནས། །ད་ལྟ་ཚིག་བྲལ་དོན་ལ་བདེ། །སྔོན་སྣང་སྟོང་ལྟ་བ་བྱས་བྱས་ནས། །ད་ལྟ་བློ་ལས་འདས་པས་བདེ། །སྔོན་སངས་རྒྱས་ཐོབ་ཏུ་རེ་རེ་ནས། །ད་ལྟ་རེ་དྭོགས་མེད་པས་བདེ། །སེམས་ཀྱི་བདེ་བ་བཅུ་གཉིས་འདི། །བྱར་ལོ་ནགས་ཀྱི་དགོན་པ་རུ། །ཉམས་དང་རྟོགས་པ་དེ་ལྟར་ཤར། །ཅེས་གསུངས་སོ། །
རྗེ་རས་པ་ཆེན་པོའི་དྲུང་དུ་སློབ་མ་རྣམས་འཚོགས་ནས། གདམས་ངག་ཟབ་པའི་མགུར་ཅིག་ཞུ་ཞུས་པས་མགུར་འདི་གསུངས་སོ། །
བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །ཉམས་མྱོང་གླུ་རུ་བླང་བར་མི་རིགས་ཏེ། །སློབ་མ་དད་ལྡན་རྣམས་ཀྱི་ངོ་མ་ཆོག །མགུར་ལུགས་གླུ་ལ་ཚིག་ཚོགས་ཆོས། །བློ་ལ་ཟུང་ལ་ཉམས་སུ་ལོང་། །གདམས་ངག་ལོགས་ན་བཙལ་དུ་མེད། །བདུད་བཞི་དགྲ་ཡི་སོ་འཚམས་སུ། །ཚད་མེད་བཞི་ཡི་འབྲམ་བཏིང་ནས། །རིམ་པ་གཉིས་པའི་སྐས་ཀྱང་བཙུག །ཐབས་དང་ཤེས་རབ་འཇིམ་པས་སྦྱར། །གཉིས་སུ་མེད་པའི་གྱང་བཏང་ནས། །བདེ་བ་ཆེན་པོའི་བ་གམ་བཏག །དམ་ཚིག་ཆེན་པོའི་འོབ་ཀྱིས་བཀོར། །སྒོ་ནི་ནམ་མཁའི་ངོས་སུ་གཏོད། །ནགས་ཚལ་དགོན་པའི་ས་ཕྱོགས་སུ། །རྟེན་ནམ་སྒྱུ་མའི་ལུས་ལ་བརྟེན། །དྲིན་ནི་བླ་མ་དམ་པའི་དྲིན། །བརྩིག་ནི་སྟོང་ཉིད་རྒྱལ་པོས་བརྩིག །གནས་ནི་རང་རིག་ཡེ་ཤེས་གནས། །མཁར་ནི་སྲུང་འདུས་རྡོ་རྗེ་འཛིན། །དུས་གསུམ་སངས་རྒྱས་ཀུན་གྱི་མཁར། །ད་ལྟར་རྣལ་འབྱོར་རྗེས་སུ་སློབ། །འདི་འདྲའི་སྐུ་མཁར་རྩིག་སྤྱོད་ནས། །སྔར་དགྲ་རྣམས་ནི་ཁྲོད་དུ་གཏོད། །ཕྱི་དགྲ་རྣམས་ནི་ལྡོག་པར་ངེས། །འཕྲལ་དགྲ་རྣམས་ནི་ཞི་ནས་འགྲོ། །འདི་འདྲའི་མཁར་ལ་བརྟེན་ནས་སུ། །ས་མཁར་སྐྱ་མོས་བསླུ་བར་ངེས། །བླ་མ་མཁས་ལ་མ་བརྟེན་ན། །ལོག་ཆོས་མཁས་པོས་བསླུ་བར་ངེས། །ཤེས་རབ་གྲོགས་ལ་མ་བརྟེན་ན། །ཀུན་རྫོབ་གྲོགས་ཀྱིས་བསླུ་བར་ངེས། །བརྩིག་པ་བྲག་ཕུག་དགོན་པར་བརྩིགས། །རྩིས་ནི་སྣ་གོང་དབེན་པར་སྡེབ། །ཚིག་དེ་དོན་དམ་མ་ཡིན་ཀྱང་། །ཚིག་གིས་དོན་མཚོན་ཤིན་ཏུ་གཅེས། །སླད་ནས་ཉམས་སུ་ལེན་པ་རྣམས། །ཉམས་སུ་ལེན་ན་ང་བཞིན་ལོང་། །གྲོང་ན་འཁྱམ་པའི་རྣལ་འབྱོར་རྣམས། །རྙེད་དང་གྲགས་པའི་དོན་གཉེར་བ། །སྤྱོད་པ་ཚུལ་ཆོས་ཐོ་ཅོར་ཤོར། །ཅེས་གསུངས་སོ། །
ཡང་རྗེ་རས་པ་ཆེན་པོས་སློབ་མ་རྣམས་ལ་འདི་གསུངས་སོ། །
གྲོང་ན་ཁྱམ་ཁྱམ་རྣལ་འབྱོར་ཀུན། །གཉེན་དང་གྲོགས་ཀྱི་དོན་གཉེར་ཞིང་། །སྤྱོད་པ་ཚུལ་འཆོས་ཐོ་ཅོ་བྱེད། །རིག་སྟོང་དབྱེར་མེད་རྒྱང་དུ་ལུས། །རྣམ་རྟོག་ཁྲོད་ན་ཉོན་རེ་མོངས། །འཆི་ཁ་འགྱོད་དེ་མི་མཆིའམ། །ཅེས་གསུངས་སོ། །
རྗེ་རས་པ་ཆེན་པོས་སློབ་མ་རྣམས་ལ་སྙིང་པོ་དོན་གྱི་ཞལ་ཏའི་མགུར་འདི་གསུངས་སོ། །
ཀྱེ་ཡུལ་གྱི་སྙིང་པོ་ཆོས་ཉིད་དབྱིངས་ལ་ཟུང་། །གྲོགས་ཀྱི་སྙིང་པོ་བདེ་གཤེགས་བཀའ་ལ་དྲིས། །བློ་ཕུག་སྙིང་གསུམ་དམ་པའི་ཆོས་ལ་གཏོད། །མགྲོན་གྱི་སྙིང་པོ་དཀོན་མཆོག་གསུམ་པོ་མཆོད། །སྨན་པའི་སྙིང་པོ་བླ་མ་དམ་པ་བསྟེན། །ནད་ཀྱི་སྙིང་པོ་དུག་ལྔ་ཁོང་ནས་ཕྱུང་། །སྨན་གྱི་སྙིང་པོ་ཤེས་རབ་རྣམ་གསུམ་ཆོང་། །བུ་ཡི་སྙིང་པོ་སེམས་ལ་དད་པ་སྐྱེས། །བློ་རོགས་སྙིང་པོ་ཡི་དམ་ལྷ་ལ་འབྱོར། །ནོར་གྱི་སྙིང་པོ་འཕགས་པའི་ནོར་བདུན་སྤེལ། །སོ་ནམ་སྙིང་པོ་དགེ་བཅུ་དང་དུ་ལོང་། །ཟས་ཀྱི་སྙིང་པོ་ཏིང་འཛིན་དམ་པ་གསོལ། །ལུས་ཀྱི་སྙིང་པོ་དལ་འབྱོར་དབེན་པར་འདུག །ངག་གི་སྙིང་པོ་ཁ་འདོན་བཟླས་བརྗོད་མཛོད། །སེམས་ཀྱི་སྙིང་པོ་མཉམ་བཞག་སེམས་ལ་ལྟོས། །ཅེས་པ་འདི་སྙིང་པོ་དོན་གྱི་མགུར་རོ། །
རྗེ་རས་པ་ཆེན་པོས་སློབ་མ་འགའ་ལ་མགུར་འདི་གསུངས་སོ། །
རྐྱེན་བྲལ་རྣམ་གསུམ་ལྟ་བ་ཡིན། །སྐྱེ་བ་མེད་པ་སྒོམ་པ་ཡིན། །ལྷན་སྐྱེས་རྣམ་གསུམ་སྤྱོད་པ་ཡིན། །སྐུ་ལྔ་ལྷུན་གྲུབ་འབྲས་བུ་ཡིན། །སྐུ་གསུམ་འབྲལ་མེད་ཡི་དམ་ཡིན། །རང་བཞིན་གཉུག་མ་གཏན་ཡུལ་ཡིན། །དྲན་པ་སྣ་ཚོགས་རྩེད་མོ་ཡིན། །དྲན་མེད་ཉམས་མྱོང་གྲོགས་པོ་ཡིན། །འཛིན་པ་མེད་པ་འཕྲལ་གྲོགས་ཡིན། །ངོས་བཟུང་མེད་པ་སྤྱོད་པ་ཡིན། །བརྒྱུད་ལྡན་བླ་མ་མཆོད་གནས་ཡིན། །བྱ་བ་ཐེངས་པས་མན་ངག་ཡིན། །གཞི་རྩ་མེད་པ་སེམས་ཉིད་ཡིན། །མངོན་ཤེས་མི་འདོད་རྟོགས་པ་ཡིན། །ཐ་དད་མེད་པ་ཉམས་མྱོང་ཡིན། །འགྲས་འདྲིས་མེད་པ་འཁྱམ་ལུགས་ཡིན། །འཆི་བས་མི་འཇིགས་གདེང་ཚད་ཡིན། །ཅེས་གསུངས་སོ། །
ལྟ་བ་སྟོང་པ་ཡེ་ཤེས་ཡིན། །སྒོམ་པ་རང་གསལ་འཛིན་མེད་ཡིན། །སྤྱོད་པ་ཆགས་སྡང་རྒྱུན་ཞིག་ཡིན། །འབྲས་བུ་དྲི་མེད་གཅེར་བུ་ཡིན། །ལྟ་བ་སྟོང་པའི་ཡེ་ཤེས་དེ། །ཁ་ལྟ་ཕུགས་སུ་ཤོར་ཉེན་གདའ། །ཁ་ལྟས་བདག་འཛིན་གྲོལ་བ་མེད། །དོན་ལ་ངེས་ཤེས་མ་སྐྱེས་ན། །ལྟ་བ་མཐོ་ཡང་ཕན་པ་ཆུང་། །དེ་ཕྱིར་རྣམ་པར་དག་པར་མཛོད། །སྒོམ་པ་རང་གསལ་འཛིན་མེད་དེ། །གཏི་མུག་ལ་ཡེ་ཤེས་སྐྱེས་པ་མེད། །ཤེས་བཞིན་གྱིས་དྲན་པས་མ་ཟིན་ན། །ཞི་གནས་འཐུག་ཡང་ཕན་པ་ཆུང་། །དེ་ཕྱིར་དྲན་པས་ཟིན་པར་མཛོད། །སྤྱོད་པ་ཆགས་སྡང་རྒྱུན་ཞིག་དེ། །ཐོ་ཅོའི་སྤྱོད་པར་ཤོར་ཉེན་གདའ། །ཐེ་ཚོམ་ལ་བློ་དེས་སྐྱེས་པ་མེད། །ལྟ་སྒོམ་གྲོགས་སུ་མ་ཤེས་ན། །བརྟུལ་ཞུགས་སྤྱོད་ཀྱང་ཕན་པ་ཆུང་། །དེ་ཕྱིར་རོ་སྙོམས་ཤེས་པར་མཛོད། །འབྲས་བུ་དྲི་མེད་གཅེར་བུ་དེ། །མཚན་མའི་གོས་ཀྱིས་མ་དཀྲིས་སམ། །མཚན་མས་འཁྲུལ་པ་བཤིག་པ་མེད། །ངེས་ཤེས་རྒྱུད་ལ་མ་སྐྱེས་ན། །རྩོལ་སྒྲུབ་བྱས་ཀྱང་ཕན་པ་ཆུང་། །དེ་ཕྱིར་ལྷུན་གྱིས་གྲུབ་པར་མཛོད། །ལྟ་བ་སེམས་ཀྱིས་གཅོད་པ་ཡིན། །སྒོམ་པ་སེམས་ཀྱི་བརྒྱབས་ཤིང་ཡིན། །སྤྱོད་པ་སེམས་ཀྱི་སྲོག་ཤིང་ཡིན། །དམ་ཚིག་སེམས་ཀྱི་གཡའ་ནོན་ཡིན། །མན་ངག་སེམས་ཀྱི་ལྡེ་མིག་ཡིན། །ཅེས་གསུངས་སོ། །
ལྟ་སྒོམ་གཅིག་ཏུ་ཤེས་ནས་རྩེ་གཅིག་གི་ངང་ལ་གནས་པའི་རྣལ་འབྱོར་པ་བདེ་སྟེ། །ལྟ་སྒོམ་ཐ་དད་དུ་བྱས་ནས་སེམས་ལ་ཡིད་ཆེས་མེད་པའི་ཆོས་པ་འདི་སྦྱོངས། །ཅིར་སྣང་ཆོས་ཉིད་དུ་ཤེས་ནས་བསྒོམ་པའི་རྣལ་འབྱོར་པ་བདེ་སྟེ། །སྐྱེ་མེད་ཐུན་དུ་བཅད་ནས་རྣམ་རྟོག་གར་དགར་གཏོང་བའི་ཆོས་པ་འདི་སྦྱོངས། །སྤྱོད་པ་བྱར་མེད་དུ་ཤེས་ནས་ཚོགས་དྲུག་རང་སར་གྲོལ་བའི་རྣལ་འབྱོར་པ་བདེ་སྟེ། །སྒོ་ལྔ་ཡུལ་ལ་ཤར་ནས་བདག་འཛིན་གྱི་སྤྱོད་པ་བྱེད་པ་ཆོས་པ་འདི་སྦྱོངས། །འབྲས་བུ་སྐྱེ་མེད་དུ་ཤེས་ནས་འཁོར་འདས་སྣང་བ་ལས་འདས་པའི་རྣལ་འབྱོར་པ་བདེ་སྟེ། །འབྲས་བུ་མ་རིག་པས་བསྒྲིབ་ནས་གཏན་དུ་འཁོར་བར་འཁྱམ་པའི་ཆོས་པ་འདི་སྦྱོངས། །རྟོགས་ཚད་ཁོང་དུ་ཆུད་ནས་རྒྱལ་ཁམས་ཕྱོགས་མེད་བསྐོར་བའི་རྣལ་འབྱོར་པ་བདེ་སྟེ། །རང་ཡུལ་ཡིད་ལ་བཏག་ནས་བག་ཆགས་སོགས་པའི་ཆོས་པ་འདི་སྦྱོངས། །བླ་མ་སྤྱི་བོར་བཀུར་ནས་འཁོར་འབངས་ཕྱོགས་མེད་དུ་བསྟེན་པའི་ཕྱག་རྒྱ་མོ་བདེ་སྟེ། །སྣང་ཚད་དགྲ་རུ་ལངས་ནས་བླ་མ་ཐ་མལ་དུ་ཁུར་བའི་ཕྱག་རྒྱ་མོ་དེ་སྦྱོངས། །ཅེས་གསུངས་སོ། །
ཡང་རྗེ་རས་པ་ཆེན་པོས་རྣལ་འབྱོར་བཞིའི་མགུར་འདི་གསུངས་སོ། །
སེམས་དངོས་པོར་འཛིན་པ་འཁོར་བའི་རྒྱུ། །གསལ་བ་འཛིན་མེད་རང་རིག་དེ། །ལྷུན་གྲུབ་ཡིན་པར་ངེས་ཤེས་ནས། །རྩེ་གཅིག་མཐའ་རུ་ཕྱིན་པ་ཡིན། །རིམ་འཇུག་ཟེར་ཞིང་མཚན་བཅས་སྒོམ། །རྒྱུ་འབྲས་ཟེར་ཞིང་ལོག་འཚོ་སྒྲུབ། །རྨོངས་པས་ཀུན་འབྱུང་བསྒོམ་པ་ལ། །རྩེ་གཅིག་རྣལ་འབྱོར་ཁོང་ལ་མེད། །གསལ་ལ་འཛིན་མེད་རང་སེམས་དེ། །སྤྲོས་བྲལ་བདེ་བའི་སྙིང་པོ་ཅན། །ངོ་བོ་མཁའ་ལྟར་གསལ་ཙམ་ན། །སྤྲོས་བྲལ་མཐའ་རུ་ཕྱིན་པ་ཡིན། །སྤྲོས་བྲལ་ཟེར་ཞིང་སྤྲོས་པ་མང་། །བརྗོད་མེད་ཟེར་ཞིང་ཐ་སྙད་མང་། །རྨོངས་པ་གཉིས་འཛིན་བསྒོམ་པ་ལ། །སྤྲོས་བྲལ་གྱི་རྣལ་འབྱོར་ཁོང་ལ་མེད། །སྣང་སེམས་གཉིས་མེད་ཆོས་སྐུ་ལ། །འཁོར་འདས་རོ་གཅིག་ཉམས་སུ་མྱོང་། །སངས་རྒྱས་སེམས་ཅན་འདྲེས་པ་ན། །རོ་གཅིག་མཐའ་རུ་ཕྱིན་པ་ཡིན། །རོ་གཅིག་ཟེར་ཞིང་དུ་མ་སྨྲ། །གཅིག་ཆར་ཟེར་ཞིང་ཐུན་དུ་གཅོད། །རྨོངས་པ་ཡང་ཡེངས་བསྒོམ་པ་ལ། །རོ་གཅིག་རྣལ་འབྱོར་ཁོང་ལ་མེད། །རྣམ་རྟོག་ཡེ་ཤེས་སྙིང་པོ་ཅན། །ལྷུན་གྲུབ་རྒྱུ་འབྲས་གཉིས་སུ་མེད། །སྐུ་གསུམ་རང་ལ་ཚང་ཙམ་ན། །སྒོམ་མེད་མཐའ་རུ་ཕྱིན་པ་ཡིན། །སྒོམ་མེད་ཟེར་ཞིང་ཡིད་ལ་བྱེད། །འོད་གསལ་ཟེར་ཞིང་གཏི་མུག་སྒོམ། །རྨོངས་པ་ཁ་ལྟ་སྨྲ་བ་ལ། །སྒོམ་མེད་ཀྱི་རྣལ་འབྱོར་ཁོང་ལ་མེད། །ཅེས་གསུངས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ངས་སྐྱེ་བ་མེད་པའི་གདེང་ཞིག་རྙེད། །སྔ་ཕྱི་གཉིས་ཀྱི་འཛིན་པ་དག །རིགས་དྲུག་གི་སྣང་བ་རྫུན་དུ་ཐལ། །སྐྱེ་ཤི་གཉིས་ཀྱི་སྒྲོ་འདོགས་ཆོད། །གཉིས་སུ་མེད་པའི་གདེང་ཞིག་རྙེད། །ལུས་སེམས་གཉིས་ཀྱི་འཛིན་པ་དག །ཚོགས་དྲུག་གི་སྣང་བ་རྫུན་དུ་ཐལ། །དངོས་པོར་འཛིན་པའི་སྒྲོ་འདོགས་ཆོད། །མཉམ་པ་ཉིད་ཀྱི་གདེང་ཞིག་རྙེད། །བདེ་སྡུག་གཉིས་ཀྱི་འཛིན་པ་དག །ཚོར་བའི་ཉམས་མྱོང་རྫུན་དུ་ཐལ། །སྤངས་བླང་གཉིས་ཀྱི་སྒྲོ་འདོགས་ཆོད། །དབྱེ་རུ་མེད་པའི་གདེང་ཞིག་རྙེད། །འཁོར་འདས་གཉིས་ཀྱི་འཛིན་པ་དག །ས་ལམ་སྦྱོངས་པ་རྫུན་དུ་ཐལ། །ཞེས་གདེང་བཞི་མའོ། །
རྟེན་གང་ཡང་མི་འཆའ། སྒོ་གར་ཡང་མི་འགག །ཕྱོགས་གར་ཡང་མི་འཛིན། ཕུགས་གར་ཡང་མི་གཏད། དཔེ་གང་གིས་མཚོན་པར་མི་ནུས། བརྗོད་པ་གང་གི་ཐོག་ཏུ་ཡང་མི་ཕེབ། མིང་ཅི་སྐད་བཏགས་ཀྱང་སྒོ་བྱུང་གི་ཤེས་གཅིག་ཏུ་ཆེ། ཞེས་གསུངས་སོ། །
རྗེ་བཙུན་ལ་སྔགས་པ་གཅིག་གིས་སྐྱེམས་དྲང་ནས། སེམས་ཀྱི་དཔེ་ཅིག་ཞུ་ཞུས་པ་ལ་མགུར་འདི་གསུངས་སོ། །
སེམས་ཉིད་འདི་ལ་དཔེ་མ་རྙེད། །སེམས་ཉིད་འདི་ལ་དཔེ་རྙེད་དུ། །ནམ་མཁའ་འདི་ལ་དཔེ་མ་བཏུབ། །ནམ་མཁའ་འདི་ལ་དཔེ་བཏུབ་རྒྱུས། །ནམ་མཁའ་རིག་མེད་སྟོང་པ་ཡིན། །སེམས་ཉིད་རིག་བཅས་སྟོང་པ་ཡིན། །སྟོང་པ་ཙམ་དུ་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །རི་བོ་འདི་ལ་དཔེ་མ་བཏུབ། །རི་བོ་འདི་ལ་དཔེ་བཏུབ་རྒྱུས། །རི་བོ་ས་རྡོའི་ཕུང་པོ་ཡིན། །སེམས་ཉིད་ས་རྡོའི་ཕུང་པོ་མིན། །འཕོ་འགྱུར་མེད་པར་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །གཙང་ཆབ་འདི་ལ་དཔེ་མ་བཏུབ། །གཙང་ཆབ་འདི་ལ་དཔེ་བཏུབ་རྒྱུས། །གཙང་ཆབ་ཆུ་ཕྲན་འདུས་པ་ཡིན། །སེམས་ཉིད་ཆུ་ཕྲན་འདུས་པ་མིན། །རྒྱུན་ཆད་མེད་པར་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །ཉི་ཟླ་འདི་ལ་དཔེ་མ་བཏུབ། །ཉི་ཟླ་འདི་ལ་དཔེ་བཏུབ་རྒྱུས། །ཉི་ཟླ་དངོས་པོར་གསལ་བ་ཡིན། །སེམས་ཉིད་དངོས་པོར་གསལ་བ་མིན། །གསལ་བ་ཙམ་དུ་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །སྐྱི་བསེར་འདི་ལ་དཔེ་མ་བཏུབ། །སྐྱི་བསེར་འདི་ལ་དཔེ་བཏུབ་རྒྱུས། །སྐྱི་བསེར་འབྱུང་བ་གཡོས་པ་ཡིན། །སེམས་ཉིད་འབྱུང་བ་གཡོས་པ་མིན། །ངོས་བཟུང་མེད་པར་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །ཁྱེད་འཚོགས་པའི་མི་ལ་དཔེ་མ་བཏུབ། །འཚོགས་པའི་མི་ལ་དཔེ་བཏུབ་རྒྱུས། །འཚོགས་པ་འདུ་འཛི་གཡེང་པ་ཡིན། །ང་རྣལ་འབྱོར་བྱ་བ་བཏང་བ་ཡིན། །མི་རུ་སྐྱེས་པ་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །ཅེས་གསུང་པས། གདེང་ཆུང་གི་སྔགས་པ་ཚོ་ཡི་མུག་ཅིང་རྗེ་བཙུན་ལ་ངོ་མཚར་སྐྱེས་སྐད་དོ། །
དེ་ནས་རྗེ་རས་པ་ཆེན་པོས་ཡང་གདེང་ཚད་དྲུག་གི་མགུར་འདི་གསུངས་སོ། །
འཁོར་བའི་ཆོས་ལ་ཡིད་བྱུང་ནས། །དད་པ་དྲག་པོས་མཚམས་སྦྱར་ནས། །ཡུལ་གྱི་ཞེན་པ་སྤངས་དཀའ་བས། །ཕ་ཡུལ་སྤངས་པས་ཞེ་སྡང་ཞི། །གཉེན་གྱི་ཞེན་པ་བཟློག་དཀའ་བས། །ཉེ་དུ་སྤངས་པས་གདུང་སེམས་བྲལ། །བདག་འཛིན་གྱི་ཁེ་གྲགས་སྤངས་དཀའ་བས། །དམན་ས་བཟུང་བས་ང་རྒྱལ་ཆགས། །ནོར་ལ་ཆོག་ཤེས་མ་མཆིས་པས། །རས་རྐྱང་གྱོན་པས་ཞེན་པ་ལོག །འཇིག་རྟེན་གྱི་གཡེང་བ་སྤང་དཀའ་བས། །རི་དྭགས་བཞིན་དུ་རི་ཁྲོད་འགྲིམ། །ཁྱེད་དད་ལྡན་རྣམས་ཀྱིས་ཚོགས་ཡང་བསགས། །འདི་ནི་སྙིང་རུས་ཀྱི་གདེང་ཚད་ལགས། །ཆོས་སྐུ་ནམ་མཁའ་ལྟ་བུ་དེས། །འགྲོ་བ་ཡོངས་ལ་ཁྱབ་ལགས་ཀྱང་། །སྔར་མ་རིག་པའི་འཁོར་བར་འཁྱམ། །ཚིག་ཙམ་ཐོས་ཀྱང་བརྟན་པར་དཀའ། །དེ་ཉིད་བརྟན་པར་མ་གྱུར་བར། །སྐབས་སུ་དུག་ལྔར་རང་རྒྱུད་ཤོར། །དེ་དོན་མེད་བྱིས་པའི་ནང་དུ་འཁྱམ། །དེ་ཉིད་བརྟན་པར་གྱུར་པ་ན། །ཚོགས་དྲུག་ཞེན་མེད་རྒྱུན་དུ་འཆར། །སྐུ་གསུམ་འབྲལ་མེད་རྒྱུན་དུ་གནས། །དེ་ནི་རྟོགས་པའི་གདེང་ཚད་ལགས། །མཉམ་བཞག་རྗེས་ཐོབ་རྣམ་གཉིས་ཀྱང་། །ལས་དང་པོ་པ་ལ་སྣང་བ་ལགས། །བརྟན་པའི་སེམས་ལ་གཉིས་སྣང་མེད། །ཡེངས་པ་མེད་པའི་རྣལ་འབྱོར་ལ། །ཚོགས་དྲུག་ཞེན་མེད་རྒྱུན་དུ་འཆར། །སྐུ་གསུམ་འབྲལ་མེད་རྒྱུན་དུ་གནས། །ཞེན་པ་མེད་པ་གྲོལ་བའི་ཀློང་། །ཡིད་འོང་ཡོན་ཏན་ཀུན་གྱི་གནས། །མཁས་པས་ནམ་མཁའ་ལྟ་བུར་སྒོམ། །འདི་ནི་སྒོམ་པའི་གདེང་ཚད་ལགས། །སྤྱོད་ལམ་རྣམ་བཞི་མ་ཞེན་པར། །མཛེས་པའི་གཟུགས་དང་ཆགས་པའི་ནོར། །ཅིར་སྣང་ན་བུན་ལྟར་ཤེས་པས། །འགྲོ་བ་འདོན་པའི་བསམ་པ་ཡང་། །ཐ་མལ་ལུས་རྣམས་སྒྱུ་མ་དང་། །ཆུ་ཟླ་ལྟ་བུར་འཛིན་མེད་ན། །ཡུལ་གྱི་འཆིང་བ་མི་གོས་ཏེ། །འདི་ནི་སྤྱོད་པའི་གདེང་ཚད་ཡིན། །སེམས་ཁྱབ་པ་ནམ་མཁའ་ལྟ་བུ་སྟེ། །ཅིར་སྣང་ཆོས་སྐུར་གསལ་ལ་དག །རྣམ་པ་ཀུན་མཁྱེན་སྟོང་པ་ཉིད། །ཤེལ་སྒོང་ལག་མཐིལ་བཞག་པ་འདྲ། །དང་པོ་གང་ནས་འོང་བ་མེད། །བར་དུ་གར་ཡང་གནས་པ་མེད། །ཐ་མ་གར་ཡང་སོང་བ་མེད། །དུས་གསུམ་མཉམ་པ་ཉིད་གནས་པས། །སེམས་ལ་སྐྱེ་ཤི་མ་མཆིས་པས། །གདོད་ནས་དག་པ་ནམ་མཁའ་ལ། །དཀར་དམར་སྤྲིན་ཚོགས་རང་ཡལ་བས། །འབྱུང་བ་བཞི་ཡི་རྗེས་མི་གཅོད། །སེམས་ཁྱབ་པ་ནམ་མཁའ་ལྟ་བུ་ལ། །སྐྱེ་མེད་ཀྱི་རྒྱུན་དང་མ་བྲལ་བས། །ཁམས་གསུམ་འཁོར་བའི་རྗེས་མི་གཅོད། །དེ་འཆི་བས་མི་འཇིགས་གདེང་ཚད་ཡིན། །དེ་ལྟར་རྟོགས་པའི་རྣལ་འབྱོར་དེ། །ནམ་ཞིག་སྒྱུ་ལུས་བོར་བའི་ཚེ། །ཡོན་ཏན་རྫོགས་ཀྱི་བར་དོ་དེར། །གདམས་ངག་ཟབ་མོ་ངོ་སྤྲད་པས། །སེམས་མ་དང་བུ་མཇལ་ཏེ་མཆིས། །གལ་ཏེ་དེ་རུ་མ་མཇལ་ན། །མ་དག་ཉེར་ལེན་གྱི་སྒྱུ་ལུས་དེ། །ལྷན་ཅིག་སྐྱེས་པའི་གདམས་ངག་གིས། །དག་པའི་སྒྱུ་ལུས་ལོངས་སྐུར་འཆར། །དཔེ་མེ་ལོང་གི་གཟུགས་བརྙན་ལྟར་ཤེས་པས། །ལམ་ལ་ནོར་གྱི་དྭོགས་མ་མཆིས། །འདི་བར་དོ་མི་འཁྲུལ་གདེང་ཚད་ལགས། །ཅེས་གསུངས་སོ། །
ཡང་ལྟ་བ་རང་ངོ་ཤེས་ཙ་ན། །གཞན་སྣང་མཚན་མ་རང་སར་གྲོལ། །བདག་གཞན་གཉིས་སུ་ཡོད་རེ་སྐེན། །ལྟ་བའི་ཕྱོགས་སུ་གཟའ་གཏད་བྲལ། །སྒོམ་པ་རང་ས་ཟིན་ཙམ་ན། །དགེ་སྡིག་མཚན་མ་རང་སར་གྲོལ། །བདེ་སྡུག་གཉིས་སུ་ཡོད་རེ་སྐེན། །སྒོམ་པའི་ཕྱོགས་སུ་ཉོན་མོངས་བྲལ། །སྤྱོད་པ་རང་རྒྱུད་ཟིན་ཙམ་ན། །དགྲ་ཟུན་མཚན་མ་རང་སར་གྲོལ། །ཆགས་སྡང་གཉིས་སུ་ཡོད་རེ་སྐེན། །སྤྱོད་པའི་ཕྱོགས་སུ་ཞེན་པ་བྲལ། །འབྲས་བུ་རང་སར་གྲོལ་ཙམ་ན། །འཁོར་འདས་མཚན་མ་རང་སར་གྲོལ། །བླང་དོར་གཉིས་སུ་ཡོད་རེ་སྐེན། །འབྲས་བུའི་ཕྱོགས་སུ་རེ་དྭོགས་བྲལ། །ཅེས་གསུངས་སོ། །
རྗེ་བཙུན་གུང་ཐང་གི་བྲག་དམར་སྤོ་མཐོན་དུ་བཞུགས་པ་ལ། བུ་སློབ་རྣམས་ཀྱིས་གྲུབ་མཐའ་སྣ་ཚོགས་གླེང་བའི་དུས་སུ་མགུར་འདི་གསུངས་སོ། །
ཆོས་ཀྱི་དབྱིངས་ནས་དབྱངས་ཤིག་ལེན། །བརྗོད་དུ་མེད་པའི་ཚིག་གཅིག་འཛུད། །དོན་ལ་བསམ་བརྗོད་མ་མཆིས་ཀྱང་། །ཉོན་མོངས་ཀྱི་རྟ་རྒོད་ཐུལ་ཐབས་མེད། །རྗེ་གོང་མ་རྣམས་ཀྱི་མ་བསྐྱོན་ཅིག །ཆོས་སྙིང་པོ་དོན་གྱི་བཤད་གཞུང་དང་། །རྡོ་རྗེ་འཆང་གི་རྟོགས་ཚད་དང་། །དངོས་པོ་གཤིས་ཀྱི་འདུག་ཚུལ་གསུམ། །མ་བཅོས་རྣལ་མའི་མཁའ་ལ་འཛོམ། །སེམས་ཁྱབ་གདལ་དུ་ཞོགས་དང་རྣལ་འབྱོར་བ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་ཕྱག་རྒྱ་ཆེན་པོའི་བཤད་གཞུང་དང་། །རྗེ་བྲམ་ཟེ་ཆེན་པོའི་རྟོགས་ཚད་དང་། །རང་བཞིན་གཉུག་མའི་འདུག་ཚུལ་གསུམ། །ཡིད་བྱེད་བྲལ་བའི་མཁའ་ལ་འཛོམ། །སེམས་ལྷུག་པར་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་རྫོགས་པ་ཆེན་པོའི་བཤད་གཞུང་དང་། །དཔལ་ཀུན་ཏུ་བཟང་པོའི་རྟོགས་ཚད་དང་། །རང་བྱུང་ཡེ་ཤེས་ཀྱི་འདུག་ཚུལ་གསུམ། །ལྷུན་གྲུབ་ཕྱོགས་མེད་ཀྱི་མཁའ་ལ་འཛོམ། །སེམས་རང་གྲོལ་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་རྒྱུད་སྡེ་བཞི་ཡི་བཤད་གཞུང་དང་། །དཔལ་རྡོ་རྗེ་སེམས་དཔའི་རྟོགས་ཚད་དང་། །ལམ་སྨིན་གྲོལ་གཉིས་ཀྱི་འདུག་ཚུལ་གསུམ། །ཐབས་ཤེས་དབྱེར་མེད་ཀྱི་མཁའ་ལ་འཛོམ། །སེམས་རང་སྣང་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་ཕ་རོལ་ཕྱིན་པའི་བཤད་གཞུང་དང་། །ཤཱཀྱ་ཐུབ་པའི་རྟོགས་ཚད་དང་། །རང་བཞིན་སྟོང་པའི་འདུག་ཚུལ་གསུམ། །རྣམ་དག་ཆེན་པོའི་མཁའ་ལ་འཛོམ། །སེམས་དམིགས་མེད་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་དབུ་མ་ཆེན་པོའི་བཤད་གཞུང་དང་། །འཕགས་པ་ཀླུ་སྒྲུབ་ཀྱི་རྟོགས་ཚད་དང་། །མཐའ་བྲལ་ཆེན་པོའི་འདུག་ཚུལ་གསུམ། །ཁས་ལེན་མེད་པའི་མཁའ་ལ་འཛོམ། །སེམས་ཡུལ་མེད་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་སྡུག་བསྔལ་ཞི་བྱེད་ཀྱི་བཤད་གཞུང་དང་། །རྗེ་དམ་པ་སངས་རྒྱས་ཀྱི་རྟོགས་ཚད་དང་། །རིག་པ་རྟེན་མེད་ཀྱི་འདུག་ཚུལ་གསུམ། །ལྷག་མཐོང་རྗེན་པའི་མཁའ་ལ་འཛོམ། །སེམས་རང་སར་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་ན་རོ་ཆོས་དྲུག་གི་བཤད་གཞུང་དང་། །རྗེ་ལྷོ་བྲག་མར་པའི་རྟོགས་ཚད་དང་། །རྩ་རླུང་ཐིག་ལེའི་འདུག་ཚུལ་གསུམ། །རྩ་གསུམ་འདུས་པའི་མཁའ་ལ་འཛོམ། །སེམས་བདེ་གསལ་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་བདུད་ཀྱི་གཅོད་ཡུལ་གྱི་བཤད་གཞུང་དང་། །མ་ཇོ་མོ་ལམ་སྒྲོན་གྱི་རྟོགས་ཚད་དང་། །ལུས་སེམས་འབྲལ་མེད་ཀྱི་འདུག་ཚུལ་གསུམ། །བདུད་བཞི་བཅོམ་པའི་མཁའ་ལ་འཛོམ། །སེམས་འཕྲིག་མེད་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །རྗེ་བླ་མ་རྣམས་ཀྱི་གསུང་སྒྲོས་དང་། །བཀའ་རྒྱུད་སྡེ་རྣམས་ཀྱི་དགོངས་པ་དང་། །རྣལ་འབྱོར་བདག་གི་རྟོགས་ཚད་གསུམ། །ཆོས་ཉིད་སོ་མའི་མཁའ་ལ་འཛོམ། །སེམས་ཐོག་བབ་ཏུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ལྟ་བ་འདི་ཞེ་འདོད་ཟད་པ་དང་། །སྒོམ་པ་འདི་གཟུང་འཛིན་གྲོལ་བ་དང་། །སྤྱོད་པ་བྱར་མེད་ལྷུག་པ་གསུམ། །ཉམས་མྱོང་འགྱུར་མེད་ཀྱི་མཁའ་ལ་འཛོམ། །སེམས་རྩོལ་མེད་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །འཇིག་རྟེན་གྱི་བྱ་བ་བཏང་བ་དང་། །ཐོས་བསམ་གྱི་སྒྲོ་འདོགས་བཅད་པ་དང་། །འདོད་ཡོན་ལ་ཞེན་པ་ལོག་པ་གསུམ། །དལ་འབྱོར་རྙེད་དཀའི་མཁའ་ལ་འཛོམ། །སེམས་བློ་བྲལ་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །སྣང་བ་འདི་དཔེ་ཆར་སྣང་བ་དང་། །གྲུབ་མཐའ་ལ་ཞེ་འདོད་མེད་པ་དང་། །གཅིག་པུར་ཉམས་སུ་བླངས་པ་གསུམ། །རི་ཁྲོད་དགོན་པའི་མཁའ་ལ་འཛོམ། །སེམས་ཉིད་དོན་ལ་ལྟོས་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །གོ་ལོག་བརྡ་ཡི་མཚོན་པ་དང་། །མི་ང་མེད་བརྡ་ཡི་ལྟ་སྟངས་དང་། །མིང་ཅན་བརྡ་ཡི་ཐ་སྙད་གསུམ། །སྐལ་ལྡན་བདག་གི་སེམས་ལ་འཛོམ། །དོན་བྱར་མེད་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །སྤྲང་པོ་བདག་གི་རི་ཁྲོད་འགྲིམ་པ་དང་། །སྐལ་ལྡན་ལས་འཕྲོ་སད་པ་དང་། །སྔོན་སྦྱངས་སྨོན་ལམ་བཏབ་པ་གསུམ། །བྲག་དམར་སྤོ་མཐོན་གྱི་མཁའ་ལ་འཛོམ། །སེམས་དགའ་བར་སོམ་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཞེས་འཛོམ་པ་བཅོ་ལྔའི་མགུར་མའོ། །
ཡང་རྗེ་བཙུན་གྱི་ཤོར་བཞིའི་མགུར་འདི་གསུངས་སོ། །
ལྟ་བ་ཁ་འཕང་ཚིག་ཏུ་ཤོར། །སེམས་དང་འདྲེས་སུ་མ་འཚལ་ན། །སྒོམ་པ་བཏང་སྙོམས་ས་རུ་ཤོར། །སྒོམ་ཉམས་སྐྱེ་རུ་མ་འཚལ་ན། །སྤྱོད་པ་ཚུལ་ཆོས་ཐོ་ཅོར་ཤོར། །ཞེན་པ་ལོག་ཏུ་མ་འཚལ་ན། །འབྲས་བུ་རེ་དྭོགས་གཉིས་སུ་ཤོར། །རྟོགས་པ་ཤར་དུ་མ་འཚལ་ན། །རྣལ་འབྱོར་པ་ཡི་ཤོར་བཞི་ལགས། །ཞེས་གསུངས་སོ། །
ཡང་རྗེ་མི་ལས་སྒོམ་ཆེན་ཁ་ལྟ་བ་རྣམས་ལ་མགུར་འདི་གསུངས་སོ། །
སྒོམ་ཆེན་མན་ངག་མེད་པ་དེ། །ཤུལ་རིང་གི་མགྲོན་པོ་ལམ་སྟོར་འདྲ། །སྒོམ་ཆེན་ཞེན་པ་མ་སྤངས་པ། །བྱ་ཆེན་ཐོད་ལ་འཁོར་བ་འདྲ། །སྒོམ་ཆེན་ཐོས་པ་ཆུང་བ་དེ། །བོང་ཕྲུག་བརྟོད་ལ་མནན་པ་འདྲ། །སྒོམ་ཆེན་སྤྱོད་པ་ཉེས་པ་དེ། །བྱིས་པ་གཅེས་ཕྲུག་བསླབ་ཉེས་འདྲ། །སྒོམ་ཆེན་འཚོ་བ་མ་འབྱོངས་པ། །ཁྱི་རྒན་གྲོང་རྒྱུག་བྱེད་པ་འདྲ། །ཅེས་གསུངས་སོ། །
ཡང་མགུར་འདི་གསུངས་སོ། །སྟོང་པ་ཉིད་ཀྱི་གཞུ་མོ་ལ། །མཉམ་པ་ཉིད་ཀྱི་རྒྱུད་ཀྱི་བརྒྱུད། །རང་རིག་གསལ་བའི་མདའ་བསྙུག་ལ། །ཚད་མེད་བཞི་ཡི་སྒྲོ་ཡིས་བསྒྲོན། །རྣམ་རྟོག་འབེན་དུ་བཙུག་བཙུག་ནས། །ཟུང་འཇུག་ཉིད་ཀྱིས་འཐེན་འཐེན་ནས། །རྣམ་རྟོག་ཏལ་གྱིས་མི་བཏང་རེ། །ཞེས་གསུངས་སོ། །
ཡང་རྗེ་བཙུན་གྱིས་འཕྱོ་ས་དྲུག་གི་མགུར་འདི་གསུངས་སོ། །ཤར་གྱི་རི་བོ་རྩེ་མཐོ་བ། །ཁུ་འཕང་འབབ་ཡུན་རིང་རིང་བས། །མཐོ་མཐོ་གངས་དཀར་གྱི་ལྟོངས་སུ་གྱུར། །དེ་སེང་ལྕམ་དཀར་མོའི་འཕྱོ་ས་མཛོད། །ནུབ་ཀྱི་རྫ་རི་སྨུག་པོ་ལ། །ཆར་ཟམ་ཟིམ་འབབ་ཡུན་རིང་རིང་བས། །ལུང་ཆུ་གཙང་པོའི་ཀློང་དུ་གྱུར། །དེ་ལྟོང་དཀར་ཉ་མོའི་འཕྱོ་ས་མཛོད། །ལྷོ་ཡི་རི་བོ་རྒྱུད་རིང་ལ། །ཤིང་ལྗོན་པ་སྐྱེ་ཡུན་རིང་རིང་བས། །མཐོ་མཐོ་ཙནྡན་གྱི་ལྟོངས་སུ་གྱུར། །དེ་རྒྱ་སྟག་ཁྲ་བོའི་འཕྱོ་ས་མཛོད། །བྱང་གི་བྲེ་གུ་ཟ་ཟོ་ལ། །གད་པ་ཆད་ཡུན་རིང་རིང་བས། །མཐོ་མཐོ་བྲག་དམར་ལྟོངས་སུ་གྱུར། །དེ་བྱ་རྒྱལ་རྒོད་པོའི་འཕྱོ་ས་མཛོད། །དབུས་ཀྱི་གོང་བུ་བདེ་བདེ་རུ། །སོ་ནམ་བྱེད་ཡུན་རིང་རིང་བས། །ས་གྲང་དྲོ་མེད་པའི་ལྟོངས་སུ་གྱུར། །དེ་དབུ་ནག་མི་ཡི་འཕྱོ་ས་མཛོད། །རྗེ་སྒྲ་བསྒྱུར་མར་པའི་ཞབས་དྲུང་དུ། །ང་མི་ལ་སྒོམ་ཡུན་རིང་རིང་བས། །རྣམ་རྟོག་ཆོས་སྐུའི་ངང་དུ་ཐིམ། །དེ་སྣོད་ལྡན་སློབ་མའི་འཕྱོ་ས་མཛོད། །ཅེས་གསུངས་སོ། །
དེ་ནས་རྗེ་བཙུན་ཆུ་བར་ན་བཞུགས་པའི་དུས་སུ་སློབ་མ་གཅིག་གིས་བླ་མའི་མཚན་ཉིད་ཞུས་པས། བླ་མའི་འདྲ་ལུགས་ལྔའི་མགུར་འདི་གསུངས་སོ། །
མི་འོ་སྐོལ་མ་རིག་པའི་མུན་པ་འདྲ་སྟེ། །ཕ་བླ་མ་འདི་སྣང་གསལ་སྒྲོན་མེ་འདྲ་བས། །མུན་པ་སངས་པར་འདོད་ན་བླ་མ་བསྟེན། །མི་འོ་སྐོལ་ཤུལ་རིང་མགྲོན་པོ་འདྲ་སྟེ། །ཕ་བླ་མ་འདི་ཁ་གྲགས་ཀྱི་སྐྱེལ་མ་འདྲ་བས། །འཇིགས་པ་ལ་ཐར་བར་འདོད་ན་བླ་མ་བསྟེན། །མི་འོ་སྐོལ་ནད་པ་ཉམ་ཐག་འདྲ་སྟེ། །ཕ་བླ་མ་འདི་འཚོ་བྱེད་ཀྱི་སྨན་པ་འདྲ་བས། །ནད་སོས་པར་འདོད་ན་བླ་མ་བསྟེན། །མི་འོ་སྐོལ་ཆབ་ཁའི་མགྲོན་པོ་འདྲ་སྟེ། །ཕ་བླ་མ་འདི་མཉན་པ་གྲུབ་ཐོབ་འདྲ་བས། །ཆབ་སྒྲོལ་བར་འདོད་ན་བླ་མ་བསྟེན། །མི་འོ་སྐོལ་ཚོང་འདུས་མགྲོན་པོ་འདྲ་སྟེ། །ཕ་བླ་མ་འདི་ཡིད་བཞིན་ནོར་བུ་འདྲ་བས། །ཚོང་ལེགས་པར་འདོད་ན་བླ་མ་བསྟེན། །མི་འོ་སྐོལ་རླན་བྲལ་མྱུ་གུ་འདྲ་སྟེ། །ཕ་བླ་མ་འདི་སྦྲང་ཆར་ཟིམ་བུ་འདྲ་བས། །འབྲས་ལེགས་པར་འདོད་ན་བླ་མ་བསྟེན། །ཅེས་གསུངས་སོ། །
ཡང་ཟུང་འཇུག་རྣམ་གསུམ་གྱི་མགུར་འདི་གསུངས་སོ། །
ནགས་ཚལ་དགོན་པའི་ས་ཕྱོགས་སུ། །ནང་གི་འབྱུང་བཞི་རོ་སྙོམས་འཚལ། །དགའ་བཞིའི་དོན་ནི་ཤུགས་ལ་འཆར། །བླ་མ་རྗེ་བཙུན་གྱིས་དེ་སྐད་གསུང་། །རྗེ་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །ལྟ་བའི་ཟུང་འཇུག་བློ་རེ་བདེ། །སྒོམ་པའི་ཟུང་འཇུག་ཉམས་རེ་དགའ། །སྤྱོད་པའི་ཟུང་འཇུག་དང་རེ་སྤྲོ། །ཟུང་འཇུག་གསུམ་པོ་ངོ་མཚར་ཆེ། །ལྟ་བའི་ཟུང་འཇུག་མ་ཤེས་ན། །སྣང་སྲིད་ཆོས་སྐུར་ག་ལ་ཤེས། །སྒོམ་པའི་ཟུང་འཇུག་མ་ཤེས་ན། །སྡུག་བསྔལ་བདེ་བ་ག་ལ་ཤེས། །སྤྱོད་པའི་ཟུང་འཇུག་མ་ཤེས་ན། །ཞེན་མེད་གང་གྲོལ་ག་ལ་འོང་། །འགྲོ་བ་གནས་པའི་སེམས་ཅན་དང་། །མྱ་ངན་འདས་པའི་ཡེ་ཤེས་གཉིས། །དབྱེར་མེད་ངང་དུ་ངོ་བོ་གཅིག །ལྟ་བའི་ཟུང་འཇུག་དེ་ལ་མཛོད། །སྣ་ཚོགས་སྣང་བའི་དཀར་དམར་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། །དབྱེར་མེད་ཆོས་སྐུར་ངོ་བོ་གཅིག །སྒོམ་པའི་ཟུང་འཇུག་དེ་ལ་མཛོད། །ཆུ་ཟླ་བཞིན་དུ་ཀུན་ལ་ཁྱབ། །འཇའ་ཚོན་བཞིན་དུ་ངོས་བཟུང་མེད། །མར་མེ་བཞིན་དུ་ཀུན་ལ་གསལ། །སྤྱོད་པའི་ཟུང་འཇུག་དེ་ལ་མཛོད། །དེ་ཕྱིར་སེམས་ཅན་ཡོངས་ལ་འདུད། །རྗེ་ཡི་ཟུང་འཇུག་དེ་ལ་མཛོད། །ཅེས་གསུངས་སོ། །
རྗེ་བཙུན་ལ་གྲྭ་པ་རྣམས་ཀྱིས་ངེད་རང་ལུང་པ་གཅིག་ཏུ་བཞུགས་པས་ཁང་པ་གཅིག་ཀྱང་བྱ། རྨོ་རྐོ་དུམ་པ་གཅིག་བྱེད་ན་འཐད་པར་སྣང་ཞུས་པས་མགུར་འདི་གསུངས་སོ། །
མི་ཆེ་མེད་ཆུང་མེད་ལུང་པ་བཟུང་། །རྣལ་འབྱོར་ངས་ཀྱང་ལུང་པ་བཟུང་། །ལུང་པ་བཟུང་ལུགས་བཤད་ཙམ་ན། །གཞི་སྟོང་ཉིད་ཀྱི་ལུང་པ་ཡངས་པ་དང་གཅིག །བཀའ་བརྒྱུད་ཀྱི་ལམ་འཕྲང་བདེ་དང་གཉིས། །ཉམས་མྱོང་གི་ཆུ་ཤིང་འཛོམ་དང་གསུམ། །དེ་གསུམ་འཛོམ་པའི་ལུང་པ་ལ། །དགྲ་འཇིག་རྟེན་གྱི་ས་གཡོས་མ་བྱུང་ན། །ཚེ་ཕྱི་མའི་ལུང་པ་འདི་ཅུང་བཟང་། །འོ་སྐོལ་ལུང་པ་འཛིན་ལུགས་མི་མཐུན་བཞིན། །ཕུགས་འགྲོ་ས་མཐུན་མཐུན་མི་འདྲའོ། །མི་ཆེ་མེད་ཆུང་མེད་མཁར་པོ་རྩིག །རྣལ་འབྱོར་ངས་ཀྱང་མཁར་པོ་རྩིག །མཁར་པོ་རྩིག་ལུགས་བཤད་ཙམ་ན། །གཞི་དད་པའི་མང་རྡོ་བརླིངས་དང་གཅིག །ཐབས་ཤེས་ཀྱི་སྒོ་མོ་མཁྲེགས་དང་གཉིས། །ལྟ་བའི་བ་གམ་མཐོང་དང་གསུམ། །འདི་གསུམ་འཛོམ་པའི་མཁར་པོ་ལ། །དགྲ་འཇིག་རྟེན་གྱིས་སྒྱོགས་རྡོ་མ་ཕོག་ན། །ཚེ་ཕྱི་མའི་མཁར་པོ་འདི་ཅུང་བཟང་། །འཇིག་རྟེན་གྱི་མཁར་པེའུ་བཟང་ཡང་འཇིག །མཁར་པོ་རྩིག་ལུགས་མི་མཐུན་བཞིན། །ཕུགས་འགྲོ་ས་མཐུན་མཐུན་མི་འདྲའོ། །མི་ཆེ་མེད་ཆུང་མེད་བག་མ་ལེན། །རྣལ་འབྱོར་ངས་ཀྱང་བག་མ་ལེན། །བག་མ་ལེན་ལུགས་བཤད་ཙམ་ན། །བཀའ་བརྒྱུད་ཀྱི་གདུང་རུས་བཙུན་དང་གཅིག །ཆོས་ཉིད་ཀྱི་སྐྱེ་འབྲས་བཟང་དང་གཉིས། །དམ་ཚིག་གི་བརྩེ་གདུང་ཆེ་དང་གསུམ། །དེ་གསུམ་འཛོམ་པའི་བག་མ་ལ། །དགྲ་འཇིག་རྟེན་གྱི་བོར་སོར་མ་བསྐུར་ན། །ཕྱི་མའི་བག་མ་འདི་ཅུང་བཟང་། །འཇིག་རྟེན་གྱི་བག་མ་བཟང་ཡང་འཇོག །བག་མ་ལེན་ལུགས་མི་མཐུན་བཞིན། །ཕུགས་འགྲོ་ས་མཐུན་མཐུན་མི་འདྲའོ། །མི་ཆེ་མེད་ཆུང་མེད་ཤོང་ཞིང་རྨོ། །རྣལ་འབྱོར་ངས་ཀྱང་ཤོང་ཞིང་རྨོ། །ཤོང་ཞིང་རྨོ་ལུགས་བཤད་ཙམ་ན། །དད་པའི་ཞིང་པ་བཟང་དང་གཅིག །ཉམས་མྱོང་གི་ཆུ་ལུད་འཛོམ་དང་གཉིས། །སངས་རྒྱས་སྟོན་ཐོག་སྨིན་དང་གསུམ། །འདི་གསུམ་འཛོམ་པའི་ཞིང་པ་ལ། །དགྲ་འཇིག་རྟེན་གྱི་སད་སེར་མ་བྱུང་ན། །ཚེ་ཕྱི་མའི་ཞིང་པ་འདི་ཅུང་བཟང་། །ཤོང་ཞིང་རྨོ་ལུགས་མི་མཐུན་བཞིན། །ཕུགས་འགྲོ་ས་མཐུན་མཐུན་མི་འདྲའོ། །དཔེ་བཞི་མའོ། །
རྗེ་བཙུན་ཆེན་པོ་ལ་ཡོན་བདག་མོ་ལེགས་སེས་ཉམས་སུ་ལེན་པའི་དུས་སུ་རང་གི་སེམས་ཅི་ལྟར་འདོད་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རང་བློ་བུ་ཆུང་ལྟ་བུར་འདོད། །དེ་ཡང་བཅོས་མའི་སེམས་ཀྱིས་མིན། །གཏི་མུག་མ་ཡིན་གླེན་པར་འདོད། །དེ་ཡང་རྨོངས་ཤིང་འཐིབ་པས་མིན། །གདོན་དབང་མ་ཡིན་སྨྱོན་པར་འདོད། །དེ་ཡང་དབང་པོའི་ལམ་པས་མིན། །ཐེར་ཟུག་མ་ཡིན་མི་རྟག་འདོད། །དེ་ཡང་རྗེས་སུ་འབྲང་པ་མིན། །སྣང་བ་མི་གསལ་ཆད་པར་འདོད། །དེ་ཡང་འབྲལ་བའི་སེམས་ཀྱིས་མིན། །གཞན་དུ་མ་ཡིན་གསལ་བར་འདོད། །དེ་ཡང་བརྟེན་བཞག་བློ་ཡིས་མིན། །སྡུག་བསྔལ་མ་སྤངས་བདེ་བར་འདོད། །དེ་ཡང་དུག་ལྔ་སྤངས་པས་མིན། །རང་སེམས་སངས་རྒྱས་ཉིད་དུ་འདོད། །དེ་ཡང་བསྙེན་པས་བརྟེན་པས་མིན། །ཐ་མལ་ཤེས་པ་སྒོམ་དུ་འདོད། །དེ་ཡང་བྱིས་པའི་བློ་ཡིས་མིན། །རྟོགས་ན་ཁྱི་ཕག་ལྟ་བུར་འདོད། །དེ་ཡང་ཐོ་ཅོའི་སྤྱོད་པས་མིན། །དྲན་མེད་རི་བོ་ལྟ་བུར་འདོད། །དེ་ཡང་འདུ་ཤེས་བཀག་པས་མིན། །ཕྱོགས་མེད་ནམ་མཁའ་ལྟ་བུར་འདོད། །དེ་ཡང་བློས་བྱས་སྟོང་པས་མིན། །ཞེས་དཔེ་དོན་བཅུ་གཉིས་ཀྱི་མགུར་གསུང་པས་ལེགས་སེ་ལ་སྒོམ་གཤའ་མ་གཅིག་སྐྱེས་སྐད་དོ། །
ཡང་མགུར་འདི་གསུངས་སོ། །འཁོར་བ་སྐྱིད་མེད་ཀྱི་བཙོན་ཁང་དུ། །སྐྱིད་དུ་རེ་ནས་སྡུག་བསྔལ་སྦྱངས། །ཡུན་རིང་གི་ནད་པ་གཅོང་ཅན་བཞིན། །སྦྱངས་ནས་འཆི་བ་ཡི་རེ་མུག །ཆོག་ཤེས་མེད་པའི་ནོར་རྫས་ལ། །འདོད་པའི་དབང་གིས་གསོག་འཇོག་བྱེད། །སྦྲང་མས་སྦྲང་རྩི་གསོག་པ་བཞིན། །གཞན་གྱིས་སྤྱོད་པས་ཡི་རེ་མུག །མགུ་མེད་བུ་ཙ་ཉེ་འབྲེལ་ལ། །ཕོངས་པ་མེད་པའི་ཟས་ནོར་སྦྱིན། །རྒྱ་མཚོ་ལ་ས་བོན་བཏབ་པ་བཞིན། །འབྲས་བུ་མེད་པས་ཡི་རེ་མུག །ཐུལ་བ་མེད་པའི་དགྲ་སྡང་ལ། །ཞེ་སྡང་བསྐྱེད་ཅིང་རང་རྒྱུད་བསྲེགས། །སེང་གེ་ཆུ་རུ་ཤི་བ་བཞིན། །དམྱལ་བར་ལྟུང་བས་ཡི་རེ་མུག །ལྟོས་པ་མེད་པའི་ལྷ་འདྲེ་ལ། །ཟས་ཕུད་གཏོར་ཞིང་གསོལ་བ་འདེབས། །དབྱར་ཁའི་ཆུ་མིག་རྡོལ་བ་བཞིན། །དགོས་རན་མེད་པས་ཡི་རེ་མུག །རྣམ་སྨིན་ཁུར་ཙ་ཁུར་དུས་སུ། །བར་དོའི་འཕྲང་ལ་འགྲོ་ཙམ་ན། །འཇིགས་པའི་སྐྱེལ་མས་ཤོར་བ་བཞིན། །མགོན་སྐྱབས་མེད་པས་ཡི་རེ་མུག །འཆི་བདག་བདུད་དང་འཕྲད་ཙམ་ན། །ལས་ཀྱི་གཤིན་རྗེའི་ཞགས་པས་ཐེབ། །ཡུས་ཅན་མཚོང་ཅན་ཕྲད་པ་བཞིན། །ཐར་ཐབས་མེད་པས་ཡི་རེ་མུག །ཞེས་གསུངས་སོ། །
དེ་ནས་རྗེ་བཙུན་ཆེན་པོ་དཔོན་སློབ་ལྔ་ཕྱི་རོ་སྙོམས་ཀྱི་ལྡོམ་བུ་ལ་སྙེ་ནམ་ཕྱོགས་སུ་བྱོན་ཙ་ན། གནས་གཞི་ཆེན་པོ་ཞིག་གི་ཕྱི་ལོག་ན། ཡོན་བདག་ཕོ་མོ་མང་པོ་འཚོགས་ནས་སྣང་བ་ལ། དེའི་ནང་ནས་ཨ་ཕྱི་རྒན་མོ་མགོ་སེ་མ་གཅིག་འདུག་པ་ན་རེ། རྣལ་འབྱོར་པ་ཟོག་པོ་འདི་ཀུན་ལ་སིངས་པོ་སྐྱེམ་བུ་གང་དང་། རྩམ་པ་སྡེར་མ་གང་འཆོར་བ་ཡིན། བུ་མོ་མནའ་མ་མདུན་དུ་བཞུགས་ལ་འདེང་ཟེར་ནས། ཁྱིམ་དུ་བྲོས་ནས་སོང་། དེའི་དུས་སུ་རྗེ་བཙུན་གྱིས་རླུང་ཐུན་གཉིས་བཟུང་ནས་བྱོན་ཙ་ན། ཨ་ཕྱི་རྒན་མོ་དེས་སྒོའི་ཐེམ་པའི་ནང་དུ་རྐང་ཡ་བཅུག །རྐང་ཡ་ཕྱི་རུ་ལུས་པ་དེ་ལ་རྗེ་བཙུན་གྱིས་མོའི་ཐུ་བ་ལ་བཟུང་ནས་མགུར་འདི་གསུངས་སོ། །
ཡར་མཐོ་རིས་ཐར་པའི་བདེ་བ་དང་གཅིག །མར་ངན་སོང་གསུམ་གྱི་སྡུག་བསྔལ་དང་གཉིས། །བར་གར་སྐྱེ་རང་དབང་མེད་པ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་ཆོས་དང་འཁོན་པའི་སྙིང་མེད་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོང་། །མེད་ཐབས་མེད་པའི་བཟའ་དཔོན་དང་གཅིག །མེད་མི་ཤེས་ཀྱི་བུ་ཚ་དང་གཉིས། །སྐྱོ་ངན་མེད་པའི་སེར་སྣ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་ཆོས་དང་འཁོན་པའི་སྙིང་མེད་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོང་། །མནའ་མ་བུ་མོའི་བརྒྱག་སྐད་དང་གཅིག །ཁྱིམ་མཚེས་ཀུན་གྱིས་འབུབ་ཤུབ་དང་གཉིས། །གཡས་གཡོན་ཀུན་གྱི་འཕྱ་ཀ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་བྱས་པ་དོན་མེད་གཉེར་མོ་ཆེ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོང་། །མ་ཚོར་རྐུ་བའི་རྐུན་མ་དང་གཅིག །ཚོར་བཞིན་འཕྲོག་པའི་ཇག་པ་དང་གཉིས། །ཤི་རྨས་བྱེད་པའི་འཁྲུག་པ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་དགྲ་ཕུག་ནས་ལངས་པའི་ཁས་ཉེན་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོང་། །མགུ་བ་མེད་པའི་ངོ་སྲུང་དང་གཅིག །ཟིན་པ་མེད་པའི་སོ་ནམ་དང་གཉིས། །གཞལ་བས་མི་འཁོར་གྱི་ཁྲལ་སྡུད་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་བཟོད་པ་བསྒོམ་པའི་ངང་རིང་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོང་། །དམྱལ་བའི་ཡུལ་གྱི་བཙོ་བསྲེགས་དང་གཅིག །ཡི་དྭགས་གནས་ཀྱི་བཀྲེས་སྐོམ་དང་གཉིས། །དུད་འགྲོའི་གནས་ཀྱི་གླེན་ལྐུགས་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་ཆོས་དང་འཁོན་པའི་སྙིང་མེད་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོང་། །ཕྱི་སྦར་བུར་ཆགས་པའི་མལ་གདན་དང་གཅིག །ནང་དག་དུག་བཙེམ་པའི་བཙེམ་བེར་དང་གཉིས། །མ་བཀྲུས་ཀྱི་ཁ་ཕོར་དབྲེ་མོ་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་ཟ་ཐང་བསྐྱུང་བའི་སྙིང་མེད་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོང་། །ཕྱི་ལྤགས་པ་སྐམ་པའི་གཉེར་མ་དང་གཅིག །ནང་ཤ་ཁྲག་སྐམ་པའི་རུས་འགོ་དང་གཉིས། །བར་གླེན་ལྐུགས་འོན་ལོང་ཐོ་ཡོར་དང་གསུམ། །གསུམ་དེ་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་ལུས་འབྱུང་བཞི་རྒུད་པའི་སྙིང་མེད་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོང་། །ཁྱོད་བསགས་པའི་ཟས་ནོར་ཤུལ་དུ་བཞག །རྣམ་སྨིན་གྱི་ཁུར་པོ་རྒྱབ་ཏུ་ཁུར། །བར་དོའི་འཕྲང་ལ་འགྲིམ་ཙ་ན། །ཐབས་དེ་འདྲ་ཤེས་པའི་ཐབས་མཁས་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོང་། །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་གུང་ཐང་གི་མི་ལ་རས་པ་ཡིན། །དཀོན་དཀོན་འདྲ་ལ་མོད་པར་གདའ། །མོད་མོད་འདྲ་ལ་དཀོན་པར་གདའ། །ཡང་ཡང་མཇལ་བ་དཀའ་མོར་གདའ། །དེ་ལ་སོམ་ལ་ལྷ་ཆོས་མཛོད། །
ཅེས་ཁོང་དཔོན་སློབ་ལྔ་པོས་མགུར་དེ་གསུང་པ་དང་། ཨ་ཕྱི་རྒན་མོ་དད་པ་ལྷག་པར་སྐྱེས་ནས། ཁྱོད་མི་ལ་རས་པ་ཡིན་པར་ངས་ངོ་མ་ཤེས་ཟེར་ཏེ། དཔོན་སློབ་རྣམས་ནང་དུ་གདན་དྲངས་བཟའ་བཏུང་ཕུན་སུམ་ཚོགས་པའི་བསྙེན་བཀུར་བྱས་ནས། མོ་རང་ཡང་ཆོས་སྒོར་ཞུགས་ཏེ། རྗེ་བཙུན་གྱིས་གདམས་ངག་གནང་ནས་བསྒོམ་པས། ཉ་མ་ལེགས་སེ་བྱ་བ་ཚོགས་པ་ལྔ་བརྒྱ་ཙམ་གྱི་ཚོགས་དཔོན་མ། གང་ཟག་ལས་སད་པའི་སྐྱེས་བུ་སྔོན་གྱི་སྦྱངས་པ་མཐར་ཕྱིན་པ། ནམ་མཁའ་ལ་ཌཱ་མ་རུ་ཁྲོལ་ལོ་མཁའ་སྤྱོད་དུ་བཞུད་པ་ཞིག་བྱུང་སྐད་དོ། །
དེ་ནས་ཡོན་བདག་བཀྲ་ཤིས་བརྩེགས་དང་ལེགས་སེ་བཟའ་མིས་ལོ་བདུན་གྱི་བཤོས་དྲོང་། །ཁོང་བཟའ་མི་གཉིས་གང་སྒོམ་སྐྱེས་པ་གཅིག་བླ་མའི་དྲུང་དུ་འདུག་པར་བྱས། གཅིག་གིས་ཕྱེ་སྐྱེལ་བར་བྱས་པས་གཉིས་ཀ་ལ་སྒོམ་བཟང་པོ་བྱུང་། དེར་ཡོན་བདག་མོ་ན་རེ། ང་འོང་བས་གཡོག་བྱ་ཟེར་བ་ལ། ཡོན་བདག་ན་རེ། ངས་ཕྱེ་སྐྱེལ་བ་དང་ཡར་འགྲོ་མར་འགྲོ་བྱས་པས་སླར་ལ་བསྒོམ་བཟང་པོ་བྱུང་བས། ང་རང་འགྲོ་ཟེར་སྐད།
ཡང་ལན་གཅིག་ཡོན་བདག་གིས་འཚོ་བ་སྐྱེལ་དུ་འོང་བས། ནགས་གསེབ་ནས་སྟག་བྱུང་བས་ཡོན་བདག་བྲེད་ནས་རེངས་པས། དེའི་དུས་སུ་བླ་མས་འཇམ་ཞིག་གསོལ་ཞིང་བཞུགས་བདོ་ལ། གློ་བུར་དུ་ཀག་གིས་བཞེངས་ནས། ལྟ་སྟངས་དང་སྡིག་མཛུབ་མཛད་ནས་ཞལ་འཛུམ་པ་ཞིག་མཛད་པ་དང་བཞུགས། སེ་བན་རས་པས་ཅི་ལགས་ཞུས་པས། རི་ཁྲོད་འགྲིམ་པའི་རྣལ་འབྱོར་གྱིས། །མཐུན་རྐྱེན་བསྒྲུབ་པའི་ཡོན་བདག་ལ། །སྟག་མོ་ལ་སོགས་བར་ཆོད་ཀྱི། །འཇིགས་པ་བླ་མ་མཁའ་འགྲོས་སེལ། །གསུང་། ཕྱིས་ཡོན་བདག་ན་རེ། རྗེ་བཙུན་གྱི་བྱིན་རླབས་མིན་ན། ད་རེས་སྟག་གིས་དེའུ་བསད་ཟེར་ནས་བྱུང་ངོ་། །
ཡང་བླ་མ་ཤིང་ལ་འཛེགས་པས་ཞབས་ལ་ཤིང་ཟུག་པས་འབྲས་བུ་སོང་བས་ལོ་གཉིས་སུ་བདེར་མ་ཉན་སྐད། དེར་རས་ཆུང་པ་བློ་མ་བདེ་བ་ལ། ཁྱོད་བློ་མ་བདེ་ན་བཅོས་ཀྱི་གསུང་ནས་ནང་པར་ཤུལ་ཀྱང་བདེ་ནས་འདུག །དེ་ལ་ཅི་མཛད་པས་བདེ་ཞུས་པས། གཟུང་འཛིན་ནད་ཀྱི་རང་བཞིན་ལ། །བདག་མེད་སྟོང་པའི་སྨན་སྦྱོར་བྱས། །རླུང་མཁྲིས་བད་ཀན་འཁྲུགས་པ་ལ། །འབྱུང་བ་རོ་སྙོམས་ཀྱི་སྨན་སྦྱོར་བྱས། །ནད་དུ་འཛིན་པའི་རྣམ་རྟོག་ལ། །གདོད་ནས་རྣམ་དག་གིས་སྨན་སྦྱོར་བྱས། །མི་བཟོད་འབྲས་ཀྱི་ཟུག་གཟེར་ལ། །རྣལ་འབྱོར་ནད་དང་བྲལ་ནས་གདའ། །གསུངས་སོ། །
ཡང་གཞན་ན་བའི་ཟུག་ལ་བྱིན་རླབས་མཛད་པ་ཙམ་གྱིས་བདེ་བ་ལ། ཅི་ལྟར་མཛད་པ་ལགས་ཞུས་པས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ། །བྱམས་དང་སྙིང་རྗེའི་སྨོན་ལམ་གྱིས། །མ་རུངས་གདོན་བསལ་ནད་པ་བསློང་། །ཞེས་གསུངས་སོ། །
ཡང་སྙེ་ནམ་ཚོང་དུས་ན་ནད་པ་གཅིག་བླ་མའི་མདུན་དུ་བཏེགས་ནས་བྱུང་བ་ལ། བྱིན་རླབས་མཛད་པས་དྲག་སྟེ། དེ་ལ་ཅི་མཛད་པ་ལགས་ཞུས་པས། བཞི་བརྒྱ་རྩ་བཞིའི་ནད་རྣམས་ལ། །འབྱུང་བཞི་རོ་སྙོམས་ཀྱི་སྨན་སྦྱོར་གྱིས། །རླུང་མཁྲིས་བད་ཀན་གྱི་ཟུག་རྔུ་བསལ། །མི་དགེ་རྣམ་སྨིན་གྱི་ནད་རྣམས་ལ། །དེ་ཉིད་གསུམ་གྱིས་སྨན་སྦྱོར་གྱིས། །ཟུར་རྔུ་མཁའ་ལ་ཡལ་དུ་བཅུག །འོན་ཀྱང་དེ་ཉིད་ཡིན་སྙམས་མེད། །གསུངས་སོ། །
རྗེ་བཙུན་གྱིས་སྐུའི་སྤྲུལ་པ་སྣ་ཚོགས་སུ་བསྟན་པ་ནི། དུས་ལན་གཅིག་གི་ཚེ་ན། ནགས་མཐོངས་ཞིག་ན་བཞུགས་ཙ་ན། མི་གཅིག་རྩར་བྱུང་ནས་ཁ་རོག་པར་བསྡད། དར་ཅིག་བསྡད་ནས་སོང་། དེར་ཁྱོད་ཅི་འདོད་གསུང་ནས་བོས་པས་བླ་མ་རྗེ་བཙུན་འདོད་དེ་ངས་མ་མཐོང་། མཆོད་རྟེན་དཀར་པོ་གཅིག་འདུག་བསམ་པ་གཅིག་བྱུང་ཟེར།
ཡང་རྗེ་བཙུན་རི་ཁྲོད་གཅིག་ཏུ་བཞུགས་པ་ལ། མི་གཅིག་བྱུང་ནས་བླ་མའི་རྩར་བསྡད་ནས། རྗེ་བཙུན་ག་ན་བཞུགས་ཟེར་ནས་མ་མཐོང་སྐད། ལན་གཅིག་ཙ་ན་འཁོར་མང་པོ་དང་འགྲོགས་ནས་བྱོན་པའི་དུས་སུ། བླ་མ་རྗེ་བཙུན་ནམ་མཁའ་ལ་ལྡིང་ཞིང་བཞུད་པས་འཁོར་རྣམས་ཀྱིས་རྗེས་མ་སླེབས་པ་ལ། བླ་མ་སྒམ་པོ་པས་དེ་ལྟར་ལགས་ཞུས་པས། ལྡིང་བ་ནི་མིན་ཏེ་རླུང་ཨེན་གཅིག་མནན་པས་བྱའི་རྗེས་ཙམ་ལས་མ་བྱུང་གསུངས་སོ། །
ཡང་ཡོན་བདག་གཅིག་གིས་རྗེ་བཙུན་ལགས། ཞག་བཅུ་གཉིས་རེ་ལ་འབྲས་ཕུལ་རེས་ཆོག་ཟེར་བ་དེ་བདེན་ནམ་ཞུས། རྗེ་བཙུན་གྱི་ཞལ་ནས། མི་མེད་པའི་དུས་སུ་ཌཱཀྐི་མས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་བཟའ་བཏུང་གི་རིགས་མང་པོ་འདྲེན་དུ་བྱུང་བས། དེ་ཉམས་སུ་མྱོང་བས་ཞག་བཅུ་ལས་ལྟོ་ཡེ་མ་དྲན་པ་བྱུང་གསུང་།
གཞན་ཡང་སྐུ་ལུས་ཀྱི་བཀོད་པའམ་མི་སྣང་བར་མཛད་པའམ། སེང་གེ་ལ་བཅིབས་ནས་བར་སྣང་ལ་གཤེགས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་མཛད་དེ་འདིར་ཟུར་ཙམ་ལས་མ་བྲིས་སོ། །དེ་ཐམས་ཅད་འཐོར་བུའི་སྐོར་རོ།། །།

དེ་ནས་བཅུ་བདུན་པ་ཕྱག་རྒྱ་ཆེན་པོ་ངོ་འཕྲོད་པའི་ཡོན་ཏན་ནི། ན་མོ་གུ་རུ། གངས་ཅན་ཁྲོད་དུ་སྐུ་འཁྲུངས་ཀྱང་། །འཇིག་རྟེན་སྐྱོན་གྱིས་མ་གོས་ཤིང་། །ན་རོའི་བརྒྱུད་པས་བྱིན་རླབས་པས། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །འགྲོ་བའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གསལ་ཕྱག་གི་གནས། །རྗེ་མི་ལ་ཞེས་བྱར་གྲགས་པ་ཡི། །ཕ་རས་པ་དེ་ལ་གུས་ཕྱག་འཚལ། །
ལྗོངས་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱུད། མི་སྐད་རིགས་མི་མཐུན་པ་བལ་བོད་གཉིས་ཀྱི་སོ་མཚམས། དཔལ་ཡུལ་ལ་གཡང་ཆགས་པའི་དེང་མ་བྲིན། ཟངས་འདོད་དགུ་འབྱུང་བའི་རིན་པོ་ཆེའི་ཚོང་འདུས། ཀླུའི་རྒྱལ་པོ་དུང་སྐྱོང་གནས་པའི་ཕོ་བྲང་། ནོར་ལོངས་སྤྱོད་རང་བཞིན་གྱིས་འཕེལ་བའི་ས་གཞི། བྲག་སྲིན་མོ་སེང་གེ་འགྱིང་འདྲའི་ཤར་ཕྱོགས། ཇོ་མོ་ལྷ་སྨན་བཀྲ་ཤིས་ཚེ་རིང་མའི་གཡོན་ཟུར། གངས་ལྷ་གཉེན་ཤེལ་གྱི་ར་བས་བསྐོར་བའི་དབུས། འབྲོག་རྨ་གཡང་བབ་པའི་སྨན་ལུང་། ཆུ་བོ་ལོ་ཧན་ཏའི་ཀླུང་འགྲམ། གནས་བྱིན་གྱིས་བརླབས་པའི་སྨན་ལུང་ཆུ་བར་གྱི་དབེན་གནས་ན། རྗེ་རས་པ་ཆེན་པོ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བསྒོམ་ཞིང་བཞུགས་པ་ལ། ཆུ་ཕོ་འབྲུག་གི་ལོ་དབྱར་ཟླ་ར་བའི་ཡར་ངོ་དགུང་ཚེས་བརྒྱད་ཀྱི་ནམ་གུང་ཡོལ་ཙམ་ན། གདོན་ཆེན་པོ་བཅོ་བརྒྱད་ཀྱི་གཙོ་བྱས་པའི་སྣང་སྲིད་ཀྱི་ལྷ་མ་སྲིན་མ་འཚོགས་པ་གཅིག་ཀྱང་མེད་དེ། གནམ་འགྱུར་བ་དང་ས་གཡོ་བ་ལ་སོགས་པའི་ལྟས་དང་ཆོ་འཕྲུལ་སྣ་ཚོགས་པ་སྟོན་དུ་བྱུང་། དེ་རྣམས་ཀྱི་ནང་ནས་ཤིན་ཏུ་འཇིགས་ཤིང་མི་བསྲུན་པའི་ཤ་ཟ་ཆེན་མོ་ལྔས་མི་སྡུག་པའི་གཟུགས་སྣ་ཚོགས་སྟོན་ཅིང་། བསམ་གཏན་ལ་ཐོག་རྫིས་བྱེད་དུ་བྱུང་བ་ལ། དེའི་དུས་སུ་རྗེ་བཙུན་གྱིས་ལྷ་དང་མཁའ་འགྲོ་ལ་གསོལ་བ་འདེབས་པའི་མགུར་འདི་གསུངས་སོ། །
རྗེ་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ། །མཚན་ཡོངས་སུ་གྲགས་པའི་ལྷོ་བྲག་པ། །ང་སྐལ་ལྡན་གདུང་བས་གསོལ་བ་འདེབས། །ཕ་མི་མངོན་དབྱིངས་ནས་ཐུགས་དགོངས་འཚལ། །ཡང་དབེན་པ་བྲིན་གྱི་ཆུ་བར་དུ། །ང་བོད་ཀྱི་རྣལ་འབྱོར་རས་པ་ཡིས། །རྩེ་གཅིག་བསམ་གཏན་བསྒོམ་དུ་འོང་། །ཁམས་འདུས་པ་ཉམས་ཀྱི་སྣང་བ་ལ། །ངོ་མཚར་ལྟད་མོ་ཅི་ཡང་མཐོང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །འདིར་མ་འཚོགས་པ་ནི་གང་ཡང་མེད། །ཁྱད་པར་སྤྲུལ་པའི་བུད་མེད་ལྔས། །མི་སྡུག་སྤྲུལ་པའི་གཟུགས་སྟོན་ཅིང་། །མི་བདག་ལ་ཐོ་འཚམས་གླག་ཚོལ་ཞིང་། །བར་ཆད་ཐོག་རྒྱུག་བྱེད་དུ་བྱུང་། །ཀེང་རུས་བཞད་པའི་བུད་མེད་གཅིག །རི་རབ་པང་དུ་འདེབས་པ་མཐོང་། །དམར་མོ་ཁྲག་འཛག་ཅེ་སྤྱང་གདོང་། །རྒྱ་མཚོ་ཧུབ་ཀྱིས་འདེབས་པ་མཐོང་། །རབ་འཇིགས་གཤིན་རྗེའི་གཟུགས་ཅན་མ། །ཉི་ཟླ་ཆ་ལང་རྡེབ་པ་མཐོང་། །སོལ་བའི་བུད་མེད་གད་རྒྱང་ཅན། །གཟའ་སྐར་ཐང་ལ་འབེབས་པ་མཐོང་། །ཤིན་ཏུ་སྒེག་པ་ལྷ་མོའི་གཟུགས། །ལྟ་བས་མི་ངོམ་བུད་མེད་གཅིག །འཛུམ་ཞིང་བསླུ་བྲིད་བྱེད་པ་མཐོང་། །གཞན་ཡང་སྤྲུལ་པའི་གནོད་སྦྱིན་རྣམས། །གཟུགས་མེད་ལག་པ་བརྐྱང་བ་མཐོང་། །རྩི་ཤིང་ནགས་ཚལ་འགུལ་བ་མཐོང་། །ས་རྡོ་རི་བྲག་རྒོད་པ་མཐོང་། །ཕྱོགས་བཞི་འོབས་ཀྱིས་བསྐོར་བ་མཐོང་། །མཚམས་བཞི་གྱད་ཀྱིས་བསྲུང་བ་མཐོང་། །ནམ་མཁའ་མེ་ཡིས་འཁྲིགས་པ་མཐོང་། །ས་གཞི་ཆུ་ཡིས་ཁེངས་པ་མཐོང་། །བར་སྣང་གང་བའི་མི་མ་ཡིན། །སྐད་ནི་མི་སྙན་འཛེར་བག་ཅན། །གདུག་པའི་ང་རོ་སྒྲོགས་པ་རྣམས། །ཁྱོད་འདི་རུ་མ་འདུག་སོང་ཅིག་སྐད། །ལུས་ལ་ནད་ཀྱི་ཆར་འབེབས་ཤིང་། །རིག་པ་རྟེན་དང་ཕྲལ་ལོ་སྐད། །དེ་འདྲའི་བར་ཆད་བྱུང་བའི་ཚེ། །ཁྱེད་བྱིན་རླབས་ཅན་གྱི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །རང་བཞིན་གྲུབ་པའི་དཔའ་བོ་དང་། །དབྱིངས་ནས་བཞུགས་པའི་མཁའ་འགྲོ་མ། །བར་ཆད་སྲུང་བའི་ཆོས་སྐྱོང་རྣམས། །མི་ཁོ་བོའི་རྒྱབ་རྟེན་དམག་ཏུ་སྦྲན། །ཁྱེད་མཐུ་དང་རྫུ་འཕྲུལ་དཔུང་བསྐྱེད་ལ། །ང་རྣལ་འབྱོར་ལུས་སེམས་བྱིན་གྱིས་རློབས། །དྲང་སྲོང་ཁྲོས་པའི་ཆ་བྱད་ཅན། །མཆེ་བ་གཙིགས་ཤིང་རྔམས་པའི་ཞལ། །གཏུམ་ཆེན་མི་འགྱུར་ཕོ་མོ་དག །ལ་ལ་གཤིན་རྗེའི་གཟུགས་ཅན་དེ། །ཤིན་ཏུ་དྲེགས་ཤིང་འགྱིངས་པའི་སྐུ། །ནམ་མཁའ་གང་བའི་ཁྲོ་ཚོགས་རྣམས། །ཞལ་ནས་མེ་ལྕེ་གློག་འགྱུ་ཞིང་། །འབྲུག་སྒྲ་སྔགས་ཀྱི་ང་རོ་ཅན། །ཧཱུྃ་དང་ཕཊ་ཀྱི་ཆར་འབེབས་པ། །བཞད་པའི་གད་རྒྱང་བཅུ་གཉིས་ཀྱིས། །བར་ཆད་བདུད་ཀྱི་གཡུལ་ངོ་ཟློག །ཕྱི་ལུས་ཀྱི་བར་ཆད་ཕྱི་རུ་ཟློག །ནང་སེམས་ཀྱི་བར་ཆད་ནང་དུ་ཟློག །རྐྱེན་ངན་བྱང་ཆུབ་ཀྱི་གྲོགས་སུ་སྒྱུར། །གདོན་ངན་ཆུ་བོའི་གཞུང་དུ་སྐྱུར། །དེ་གསན་ནམ་ཡི་དམ་མཁའ་འགྲོའི་ཚོགས། །ཁྱེད་གོང་མ་རྣམས་ལ་ཞུ་བ་ལགས། །
རྗེ་བཙུན་གྱིས་དེ་སྐད་གསུངས་ནས། བླ་མ་དང་ཌཱཀྐི་ལ་གསོལ་བ་དྲག་ཏུ་བཏབ་པས། ཡང་གདོན་ཆེན་པོ་དེ་རྣམས་ཀྱི་བསམ་པ་ལ། རྣལ་འབྱོར་པ་འདིའི་ཟེར་ལུགས་ཀྱི་ཁོའི་ཡིད་ལ་ཁུ་འཕྲིག་གི་རྟོག་པ་སྐྱེས་ནས་ཡོད་པར་འདུག་པས། ངེད་ཅག་རྣམས་ཀྱིས་གླགས་རྙེད་ནས་འོང་སྙམ་དུ་བསམ་ནས། ཅུང་ཟད་དགའ་ཞིང་འོན་ཀྱང་ད་རུང་ཁོ་ལ་བསྒོམ་པའི་ཉམས་སམ། ནང་གི་རྟོགས་པ་ཅི་ཡོད་མི་ཤེས་པས་འཇིགས་ཤིང་ཡ་ང་བ་མི་སྙན་པ་བརྗོད་ཅིང་། ཁོ་ཡི་སེམས་ཀྱི་དཔའ་བསྐོང་ལ། མི་འཇིགས་པ་ལྟ་བའི་གདེང་ཅི་འདུག་ལྟ་དགོས་སྙམ་དུ་བསམ་ནས། དེར་འཚོགས་པའི་ལྷ་འདྲེ་རྣམས་ཀྱིས་བར་ཆད་ལུང་བསྟན་གྱི་གླུ་འདི་རྗེ་བཙུན་གྱི་སྙན་དུ་གསོལ་བ།
ཁྱེད་དེ་ནས་ལྷང་ལྷང་གླུ་ལེན་པ། །རིག་བྱེད་གླུ་ཡིས་གསོལ་འདེབས་ཤིང་། །ལྷ་དང་མཁའ་འགྲོའི་དམག་སྦྲན་པ། །དེ་སྤྱོད་པའི་རྣལ་འབྱོར་རི་ཁྲོད་པ། །བརྟུལ་ཞུགས་རས་ཆེན་མ་ལགས་སམ། །ལུས་བེམ་རིག་རྟེན་དང་བྲལ་བའི་ཕྱིར། །ཡིད་འཇིགས་ཤིང་སྐྲག་པ་བདེན་ཡང་བདེན། །བློ་ཡ་ང་ཟ་བར་ཆ་མཆིས་ཀྱང་། །སྙན་ལེགས་པར་གཏོད་ལ་གླུ་འདི་ཉོན། །ཡང་གནམ་ལོ་རྒྱལ་པོར་མཚན་གསོལ་བ། །གཡུ་འབྲུག་གསེར་གྱི་གཤོག་པ་ཅན། །དགུང་མཁའ་ལ་ལྡིང་བའི་འོག་རོལ་ཏུ། །དོག་ས་བཀྲ་ཤིས་ནགས་མ་ལྗོངས། །ལྷ་སྨན་གངས་ཀྱི་འདབ་རོལ་ན། །འབྲོག་རྨ་གཡང་འབབ་པའི་སྨན་ལུང་ན། །ཟླ་མཚན་དབང་པོ་ཡར་གྱི་ངོ་། །དུས་ཁྱད་པར་ཅན་གྱི་ཚེས་བརྒྱད་ལ། །དགུང་སྨག་ཏུ་འཐིབ་པའི་གུང་ཡོལ་ལ། །སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས། །ངེད་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །འདི་རུ་མ་འཚོགས་གང་ཡང་མེད། །ནམ་མཁའི་ལྷ་བྲན་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆད་དུ། །མི་སྡུག་སྤྲུལ་པའི་གཟུགས་འཆང་རྣམས། །རྫུ་འཕྲུལ་སྟོབས་ཀྱིས་འདིར་ལྷགས་ཏེ། །ཞེ་སྡང་གདུག་པའི་སེམས་ལྡན་ཞིང་། །སྣ་ཚོགས་གཡོ་སྒྱུ་ངན་སྤྱོད་པའི། །གཙོ་བོ་གདོན་ཆེན་བཅོ་བརྒྱད་ཡོད། །ཕྱོགས་སྐྱོང་བཅུ་ཡི་འཁོར་གདོན་ཡོད། །བྱིས་པའི་གདོན་ཆེན་བཅོ་ལྔ་ཡོད། །ཁྱད་པར་ཤ་ཟ་ཆེན་མོ་ལྔས། །མི་ཤ་ཁྲག་གི་དྲི་ཚོར་ནས། །རྐན་རྡེབས་བཟོད་པའི་གླགས་མེད་མ། །འཇིག་རྟེན་ལས་ཀྱི་སྲིན་མོ་ཡོད། །ངེད་འདིར་འཚོགས་ལྷ་འདྲེ་བསྒྲོས་བསྒྲོས་ནས། །རྩི་ཤིང་གི་རྡེའུ་དཀར་ནག་སྤུངས། །བྱད་ཁྲམ་ཁ་བཏབ་པ་ཁྱེད་ལ་བབ། །མཐོ་རྒྱ་བཞི་བཏིང་བ་ཁྱོད་ལ་ཟིན། །སྐོས་ཁ་དམར་བཏིང་བས་འཆོར་མི་སྲིད། །མི་ཁྱོད་ལ་རང་དབང་མེད་པའི་ཕྱིར། །བླ་དང་ཚེ་སྲོག་འཕྲོག་ཏུ་འོང་། །དབུགས་རྒྱུ་བ་ཕྱི་ནང་གཅོད་དུ་འོང་། །ཡིད་རྣམ་ཤེས་རྟེན་དང་ཕྲལ་དུ་འོང་། །ལུས་ཤ་ཁྲག་གི་ཕུང་པོ་ཟ་རུ་འོང་། །ལར་མི་ཁྱོད་ཀྱི་ཚེ་དང་དབང་ཐང་ཟད། །འཆི་བདག་བདུད་ཀྱི་ཁ་རུ་ཆུད། །ལས་ཀྱི་ཞགས་པ་ནག་པོས་ཐེབ། །དོ་ནུབ་ནམ་གྱི་ཆ་སྨད་ལ། །འདི་ནས་ཕ་རོལ་འགྲོ་དགོས་པས། །ཁྱོད་སྔོན་ཆད་བྱས་པའི་ལས་རྣམས་ལ། །དུས་ད་ལྟ་འགྱོད་པ་ཡོད་དམ་མེད། །ཁྱོད་གཤིན་རྗེའི་ཕོ་ཉས་བཟུང་བ་ལ། །འཆི་བྲོད་ཀྱི་འགྲོ་ས་ཡོད་དམ་མེད། །ཁྱོད་ངན་སོང་གསུམ་གྱི་གཡང་ས་ལ། །མི་འཇིགས་གདེང་དང་ལྡན་མི་ལྡན། །དེ་རྣལ་འབྱོར་ཁྱེད་ལ་འདྲི་བ་ཡིན། །ལར་ད་རེས་ངེད་ཕྱིར་འབྲང་དགོས་ཏེ། །ལས་ཀྱི་གཤིན་རྗེའི་ལས་མཁན་ཡོད། །བར་དོ་སྣང་མུན་འཇིགས་པ་ཆེ། །མ་མཐོང་ཡུལ་དུ་འགྲོ་དགོས་པས། །ཁྱོད་སྐྱབས་གནས་ཀྱི་སྐྱེལ་མ་བཙལ་རེ་རན། །སྨོན་ལམ་གྱི་རྟ་ལ་ཞོན་རེ་རན། །ཡིད་གྲོང་ཁྱེར་གཞན་དུ་འཕོ་རེ་རན། །ཀྱེ་ཧུད་ཀྱི་ཧུད་རྣལ་འབྱོར་པ། །ཁྱེད་ལ་གཉེན་མེད་བཤེས་ཀྱང་མེད། །སྐྱི་བུན་ཡ་ང་བྱེད་པའི་ས། །དགོན་པའི་གནས་ནི་བགྲོད་དཀའ་བས། །གྲོགས་མེད་གཅིག་པུར་འགྲོ་དགོས་པས། །ཁྱོད་མ་འདུག་མ་འདུག་ལ་འུར་འདོང་། །
ཞེས་ལྷ་འདྲེ་རྣམས་ཀྱིས་གླུ་དེ་སྐད་བླངས་པས། རྗེ་བཙུན་གྱིས་ཐུགས་དགོངས་བཏང་བ་ལ། ཡང་འདྲེ་ཁྱེད་བས་གཞན་པ་སྤྱིར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཀྱང་རང་གི་སེམས་ཀྱི་རྣམ་འཕྲུལ་མ་གཏོགས་པ་དོན་ལོགས་ན་མེད་པར་བཀའ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་གསུང་། སེམས་ཀྱི་ངོ་བོ་རང་བཞིན་འོད་གསལ་ཞིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། བླ་མ་དམ་པའི་ཞལ་གྱི་བདུད་རྩིས་ངོ་སྤྲོད་པ་འདི་རང་ཡིན། སེམས་ཀྱི་རང་བཞིན་སྐྱེ་འགགས་མེད་པ་འདི་ལ། གཤིན་རྗེའི་སྐྱེས་བུ་བྱེ་བ་དུང་ཕྱུར་གྱི་དམག་གིས་བསྐོར་ནས། མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་ཀྱང་། བསད་ཅིང་བཅད་པ་དང་ངན་པར་བསྒྱུར་དུ་མེད་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་གྱི་ཕུང་པོ་བྱེ་བ་དུང་ཕྱུར་བསྡུས་ཤིང་ཡོན་ཏན་གྱི་མཐུ་སྡོམ་ཀྱང་། ཁ་དོག་དང་དངོས་པོར་གྲུབ་པ་མེད་པས། བཟང་པོར་བཅོས་སུ་མེད། དེས་ན་དངོས་པོའི་གཤིས་མ་བཅོས་པ་འདི་རང་ཡིན། ད་ལྟར་གྱི་ལུས་གཟུང་འཛིན་ལས་དང་ཞེན་པ་ལས་གྲུབ་པ། འབྱུང་བ་བཞིས་བསྡུས་པ་གདོས་བཅས་ཅན་གྱི་ཕུང་པོ་འདི་སྐྱེས་པའི་ཐ་མ་འཆི་བ་ལས་མ་འདས་པའང་ཁྱེད་ཅག་ལྷ་འདྲེ་རྣམས་ལ་དགོས་ན་སྦྱིན་པས་ཆོག །ལར་དངོས་པོ་ཐམས་ཅད་མི་རྟག་ཅིང་འགྱུར་བའི་ཆོས་ཅན་ལ། དུས་ད་ལྟ་རང་དབང་ཡོད་བཞིན་དུ་སེམས་ཀྱིས་བཏང་ན་དོན་ཆེན་པོ་ལུས་ཀྱི་སྦྱིན་པར་འགྱུར་ལ། ད་ལྟ་གཟུང་འཛིན་འཁྲུལ་པའི་རྟོག་པ་ལ། ལྷ་འདྲེའི་གཟུགས་བརྙན་མཐོང་ཞིང་། གནོད་བྱ་གནོད་བྱེད་དུ་མཐོང་བ་འདི་རྣམས་རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་འཛག་པ་མཐོང་བ་ལྟར། འཁོར་བ་ཐོག་མ་མེད་པ་ནས་རྒྱུ་མ་རིག་པའི་དབང་གིས། ལས་ངན་པའི་རྒྱུན་གོམས་པ་ལས་བྱུང་བའི་སྒྲིབ་གཡོག་གློ་བུར་གྱི་རྣམ་པར་རྟོག་པ་སྤྲིན་དང་ན་བུན་ལྟ་བུ་ཡིན་གྱིས། དེ་ལ་འཇིགས་ཤིང་སྐྲག་པའམ་ཡ་ང་བ་ཅི་ཡོད་སྙམ་དུ་དགོངས་ཏེ། གཞི་ངོ་བོ་གནས་ལུགས་ཀྱི་ངང་ལ་ཐུགས་མཉམ་པར་བཞག་ནས། མི་འཇིགས་པ་ཁོང་དུ་ཆུད་ནས་རྟོགས་པ་གདེང་དུ་གྱུར་པའི་མགུར་འདི་གསུངས་སོ། །
ཡང་ཡུལ་ལ་མཚན་གསོལ་དེང་མ་བྲིན། །ཁེ་ཚོང་འདུས་པའི་ཚོང་འདུས་འདིར། །མི་རྒྱ་བོད་གཉིས་ཀྱི་འདུ་ས་ཡིན། །གངས་མཐོ་ལ་གཉན་ནོ་ཚེ་རིང་མ། །བཀྲ་ཤིས་ཤེལ་གྱི་ཟུར་ཕུད་ཅན། །ལྷ་སྨན་རྒྱལ་མོའི་མཐུ་བ་ལ། །འབྲོག་དབྱར་ས་སྨན་ལུང་མི་ཟེར་རམ། །ས་ཁོལ་དུ་བྲིས་པའི་ཆུ་བར་ན། །ཁྱེད་སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས། །ལྷ་གནས་གཞན་འཕྲུལ་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆད་ལ། །ལྐུགས་པའི་ཀླུ་དང་ནམ་མཁའ་ལྡིང་། །དྲི་ཟ་སྲུལ་པོ་མིའམ་ཅི། །ལྟོ་འཕྱེ་གྲུལ་བུམ་སྲིན་པོའི་གདོན། །རོ་ལང་གནོད་སྦྱིན་འབྱུང་པོའི་ཚོགས། །རེ་རེའི་མིང་ནས་བརྗོད་མི་ལང་། །བསམ་གྱིས་མི་ཁྱབ་མང་པོ་འཚོགས། །ཁྱད་པར་འཇིགས་པའི་སྲིན་མོ་ལྔས། །མི་ང་ལ་མི་སྙན་ངག་ཏུ་བརྗོད། །ཚེ་འདི་ལས་ཕ་རོལ་འགྲོ་དགོས་ཟེར། །ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། །འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའི་དོན་ལ་ངོ་སྤྲོད་བྱས། །ནང་རིག་པ་རྟེན་མེད་གཅེར་བུ་དེ། །འགྱུ་བ་དྭངས་སང་ལྟ་བའི་གདེང་། །འོད་གསལ་སྟོང་པར་བློ་ཐག་ཆོད། །ད་སྐྱེ་འཆི་གཉིས་ལ་ཉམ་ང་མེད། །ང་མི་ཁོམ་བརྒྱད་ལ་འཇིགས་འཇིགས་ནས། །མི་རྟག་འཁོར་བའི་ཉེས་དམིགས་བསྒོམ། །སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུགས་གཏད། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བསྐྱེད། །ཐབས་བྱང་ཆུབ་སེམས་ཀྱི་རྒྱུད་སྦྱངས་པས། །བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད། །སྣང་བ་ཅིར་སྣང་སྒྱུ་མར་རྟོགས། །ད་ངན་སོང་གསུམ་ལ་ཉམ་ང་མེད། །ང་གློ་བུར་ཚེ་ལ་འཇིགས་འཇིགས་ནས། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས། །གནད་བསྲེ་བ་གསུམ་ལ་སྦྱངས་པའི་ཕྱིར། །ཚོགས་དྲུག་གི་སྣང་བ་འགགས་པའི་ཚེ། །ཆོས་སྐུ་ངོ་སྤྲོད་ཀྱི་གདེང་ཡོད་དེ། །ཤེས་རྒྱུད་ཚངས་པའི་ལམ་ནས་འདོན། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕོ། །དུས་ད་ལྟ་ཤི་ཡང་ཉམ་ང་མེད། །འདིར་འཚོགས་འཇིག་རྟེན་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་བ་རྣམས། །སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཏེ། །ཅིས་ཀྱང་མི་ཕན་འདོར་བ་ལ། །འདྲེ་ཁྱོད་ལ་དགོས་ན་སུ་དགོས་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་གླུད་དུ་གཏོང་། །སྒོས་དྲིན་ཅན་ཕ་མའི་དོན་དུ་བསྔོ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱེད་དགའ་མགུ་རངས་ཤིང་ཚིམས་གྱུར་ནས། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །ལན་ཆགས་ཤ་འཁོན་བྲལ་བར་མཛོད། །ཨེ་མ་འཇིག་རྟེན་ལྷ་འདྲེ་རྣམས། །སེམས་འགྱུ་བ་དངོས་མེད་སྟོང་པ་དེ། །འདྲེ་ཁྱེད་བས་ངས་ཀྱང་མཐོང་བ་མེད། །དུས་གསུམ་སངས་རྒྱས་ཀྱིས་གཟིགས་མ་མྱོང་། །དམྱལ་ཁམས་བཅོ་བརྒྱད་དགྲར་ལངས་ཀྱང་། །འཇིགས་སོ་སྙམ་ན་ང་ལ་སྡིག །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པས། །འཁྲུལ་པའི་དེ་ཉིད་ཤེས་པའི་ཕྱིར། །འདྲེ་ཁྱེད་ལ་ཉམ་ང་རྡུལ་ཙམ་མེད། །ལར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact