Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (22)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

རྗེ་བཙུན་གྱིས་མི་འཇིགས་པའི་གདེང་ཁོང་དུ་ཆུད་ཅིང་རྟོགས་པ་གདེང་དུ་གྱུར་པའི་མགུར་དེ་སྐད་བཞེངས་ནས་གསུང་ངག་བདེན་པའི་ཚིག་གིས་བཀྲོལ་བ།
ཡང་སྔོན་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆད་དུ། གྲངས་བརྗོད་ཀྱིས་མི་ལངས་ཤིང་མི་རྫོགས་པས། རྡུལ་ཕྲ་རབ་ཀྱི་མཐའ་ལས་འདས་པའི་ལུས་ཅི་ཙམ་པ་ཞིག་བླངས་ཀྱང་། སྡུག་བསྔལ་འདུ་བྱེད་ཀྱི་ཕུང་པོ་འབའ་ཞིག་བསགས་ཤིང་དོན་མེད་པ་ཁོ་ན་ལ་ཡལ་བར་དོར་བ་ལ་སངས་རྒྱས་ཀྱི་རྒྱུའམ། དོན་དུ་གྱུར་པ་སྐད་ཅིག་ཙམ་ཡང་མེད་དེ། དུས་ད་རེས་ལུས་འབྱུང་བཞི་འདུས་པའི་ཟག་བཅས་ཀྱི་ཕུང་པོ་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལ་གྲུབ་པ་འདི། ཁྱེད་འདིར་ཚོགས་པའི་ལྷ་འདྲེ་རྣམས་ལ་དགོས་ན་ཅིའི་ཕྱིར་མི་སྟེར་ཏེ། ནང་འགྲོ་དྲུག་བཅུད་ཀྱིས་བསྡུས་པའི་་སེམས་ཅན་ལ། མི་ངའི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་དེ་རྣམས་ལ་ལན་ཆགས་ལེན་ཅིང་ཤ་འཁོན་གཉེར་བ་རྣམས་ཀྱི་གླུད་དུ་ད་ལྟ་ཁོ་བོའི་ལུས་འདི་གཏོང་བས། ཡ་ཀི་སྤྱི་བོའི་གཙུག་ནས་མ་ཀི་རྐང་པའི་མཐིལ་ཡན་ཆད་ལ་ལྷུ་བཅུ་གཉིས་མགོ་དང་བཅུ་གསུམ་དབང་པོ་རྣམ་པ་ལྔ། དོན་སྙིང་རྣམ་པ་ལྔ། ནང་གྲོལ་རྣམ་པ་ལྔ། ཤ་དང་རུས་པ། རྐང་དང་ཚིལ་བུ། ཀླད་པ་དང་ཀླད་རྒྱ། ཞག་དང་ཁོང་ཁྲག །སྐྲ་དང་སེན་མོ། ལྤགས་པ་དང་དྲི་མ། དབུགས་དང་ཚེ་སྲོག །མདངས་དང་བཀྲག་ལ་སོགས་པ་རང་རང་སོ་སོ་ཡིད་ལ་གང་འདོད་པ་རྣམས། ད་ལྟ་ཉིད་དུ་ཁྱེར་ལ་ཚིམས་ཤིང་དགྱེས་པ་ཁོ་ནར་གྱུར་ཅིག །གཞན་ཡང་ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་འདི་ལ་བརྟེན་ནས། ད་ཕྱིན་ཆད་གནོད་སྦྱིན་སྲིན་པོའི་ཚོགས་ཁྱེད་རྣམས་ཀྱི་ཞེ་སྡང་གདུག་རྩུབ་ཀྱི་བསམ་ངན་ཐམས་ཅད་སླར་ཞི་ནས། ཟག་པ་མེད་པའི་སྙིང་རྗེ་ཆེན་པོས་རྒྱུད་ཡོངས་སུ་གང་བ་ཁོ་ནར་གྱུར་ཅིག །སྙིང་རྗེ་དེས་ཀྱང་ཉེ་བར་ལེན་པའི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་བྱས་ཏེ། དེ་ཕྱིན་ཆད་སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་རྣམས་ལ་གནོད་ཅིང་འཚེ་བ་མི་བྱེད་དེ། གནོད་ཅིང་འཚེ་བ་ལས་སླར་ལོག་ནས་ཤིན་ཏུ་བརྩེ་བའི་སེམས་དང་ལྡན་ཏེ། བྱམས་པ་དང་དགའ་བའི་བསམ་པ་དུ་མས་ཕན་འདོགས་ཤིང་ཐམས་ཅད་ཀྱང་བདེ་སྐྱིད་ཕུན་སུམ་ཚོགས་པའི་འབྱོར་པ་དང་ལྡན་པར་གྱུར་ཅིག །
ཅེས་རྗེ་བཙུན་གྱིས་གསུང་ངག་བདེན་པའི་སྟོབས་བརྗོད་དེ། སྨོན་ལམ་དེ་སྐད་བཏབ་པ་ལ། དེར་འཚོགས་པའི་ལྷ་འདྲེ་རྣམས་སླར་མོས་ཤིང་འདུན་པར་གྱུར་ཏེ། ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་སླར་དུལ་ནས་ཞི་བ་ཆེན་པོའི་ངང་ལ་གནས་པར་གྱུར་ཏོ། །
དེ་རྣམས་ཀྱི་ནང་ནས་མི་སྲུན་ཅིང་ཤིན་ཏུ་འཇིགས་པའི་ཆ་བྱད་སྟོན་པའི་ཤ་ཟའི་མཁའ་འགྲོ་མ་ལྔ་པོ་ན་རེ། རྣལ་འབྱོར་པ་ཁྱེད་ལུས་ཞེན་ཆགས་དང་འཕང་སེམས་མེད་པར་ཤ་ཁྲག་མཆོད་སྦྱིན་དུ་གཏོང་བ་ཤིན་ཏུ་ངོ་མཚར་ཆེ་ནའང་། ངེད་སྙིང་ཐག་པ་ནས་ཁྱེད་ལ་གནོད་ཅིང་འཚེ་བར་མི་བྱེད་དེ། བསྒོམ་པའི་ཉམས་སམ་མི་འཇིགས་པའི་གདེང་ཅི་ཡོད་ལྟ་འོང་བ་ཡིན། སྤྱིར་ཡང་ཕྱི་འཁྲུལ་སྣང་གདོན་གྱི་བར་ཆད་ཐམས་ཅད་ནང་རྣམ་པར་རྟོག་པའི་ཉེར་ལེན་ལས་བྱུང་བ་ཡིན་ཏེ། ད་ཅི་ངེད་ཅག་འོང་མ་ཐག་ཁྱེད་སྐྱི་བུན་བྱེད་ཅིང་། ལྷ་དང་མཁའ་འགྲོའི་དམག་སྦྲན་པ་དེ་ལ་རྗེས་སུ་དཔག་ནས་ཁྱེད་ཀྱི་ཡིད་ལ་ཁུ་འཕྲིག་གམ་ཡ་ང་བ་ཡོད་པར་ཤེས་ནས་མི་སྙན་པ་སྣ་ཚོགས་ངག་ཏུ་བརྗོད་ཅིང་ཐོ་འཚམས་པ་ཡིན་གྱི། ད་ལྟ་ངག་བདེན་པའི་ཚིག་བཤད་པ་ལྟར་ན། ཁོ་མོ་ཅག་འདིར་ལྷགས་པ་རྣམས་ཀྱང་ཤིན་ཏུ་གནོང་ཞིང་འགྱོད་པར་གྱུར་ཏོ། །ད་ཡང་རྣལ་འབྱོར་པ་ཁྱོད་རང་ཡིད་འགྱུ་བ་ཕྱི་ནང་གི་འཕྲང་ཆོད་ལ། སེམས་ཉིད་མ་བཅོས་པའི་ངང་ལ་མཉམ་པར་ཞོག་དང་། བར་ཆད་ངེད་ལས་ཆེ་བ་གཞན་ཚངས་པའི་འཇིག་རྟེན་མན་ཆད་གཡོ་འགུལ་བྱུང་ཡང་། ཁྱེད་སྤ་བསྐོང་ཞིང་རྫི་བར་མི་ནུས་སོ། །ཞེས་སྙིང་གཏམ་གྲོས་སུ་བསྙད་པའི་རྗེས་ལ། འཇིག་རྟེན་གྱི་ཁམས་ན་མི་སྲུན་པའི་སྲིན་མོ་ལྔ་པོ་དེ་རྣམས་མགྲིན་གཅིག་ཏུ་བསྡེབ་ནས་རྗེ་བཙུན་གྱི་སྙན་དུ་གླུ་འདི་ཕུལ་ལོ། །
ཀྱེ་གསོན་དང་ལས་ཅན་རྣལ་འབྱོར་པ། །ཁྱེད་བསོད་ནམས་བསགས་པས་མི་ཡི་ལུས། །དལ་འབྱོར་འཛོམ་པའི་སྐལ་པ་ཅན། །སྨོན་ལམ་མཐར་ཕྱིན་ཆོས་དང་མཇལ། །སྦྱངས་པའི་ལས་འཕྲོ་བསམ་གཏན་མཛད། །དེ་ཕྱིར་སྐྱེས་མཆོག་རིགས་ཀྱི་བུ། །ངེད་སྐལ་པ་དམན་པའི་འཇིག་རྟེན་པ། །བློ་གྲོས་དམན་པའི་རབ་རིབ་ཅན། །སྐྱེ་བ་དམན་པ་བུད་མེད་ལུས། །ཚོགས་མ་བསགས་པའི་གནོད་སེམས་ཅན། །ལས་ངན་བསགས་པས་མཁའ་ལ་རྒྱུ། །དོན་བདེན་པ་མ་མཐོང་འཁོར་བར་འཁྱམས། །དེ་འདྲ་རྨོངས་པའི་ལས་དབང་གིས། །ཁྱེད་གཞན་རྒྱུད་ཀྱི་རྟོགས་པ་མི་ཤེས་པས། །ངག་བརྗོད་པའི་ཚིག་གི་དཔེས་མཚོན་ནས། །དོན་རྗེས་དཔག་གཏན་ལ་འབེབས་ཀྱང་འཚལ། །བློ་ཡ་ང་ཟ་བར་ཆ་མཆིས་ཀྱང་། །སྐུ་ཕྱག་རྒྱ་བརྟེན་པར་གླུ་ལ་གསོན། །ཤར་རྒྱ་ཡི་ཏི་ཤིའི་ཁྲི་སྒོ་ན། །རྒྱ་མོས་དར་འཐག་རླབས་ཀྱིས་འཐག །སྤུན་ནང་ལེན་གྱི་སྐར་མདའ་མ་ལོག་ན། །ཕྱི་དུས་ཀྱི་རླུང་གིས་མི་གཡོ་ཡི། །ཡིད་གཞུང་པར་ཐོག་ཅིག་འགུ་ལིང་དར། །བྱང་གྱིམ་ཤང་ཧོར་གྱི་རྒྱལ་ཁམས་ན། །གྱད་དམ་ལེན་གཡུལ་དུ་འཇུག་པ་ན། །ནང་སྲིད་ལོག་ཀུ་ཡིས་མ་བཏབ་ན། །ཁྲོམ་གེ་སར་དམག་གིས་མི་འཇིགས་ཀྱིས། །སྲིད་ཞི་བར་སྐྱོང་ཞིག་མཛངས་ཀྱི་འཕྲུལ། །ནུབ་སྟག་གཟིག་རྒྱལ་པོའི་འཕྲང་སྒོ་ན། །དཔའ་སྟག་ཤ་དུང་གི་སྒོ་མོ་ལ། །ནང་ཁྲོ་ཆུའི་གཟེར་འགོ་མ་ལོག་ན། །ཕྱི་འཁྲུལ་འཁོར་སྒྱོགས་ཀྱིས་མི་འཇིགས་ཀྱིས། །ནང་ཁོང་གཟེར་སྡོམ་ཞིག་འཕྲུལ་གྱི་སྒོ། །ལྷོ་བལ་པོ་རྡོ་འབིག་གི་ཡུལ་ཁམས་ན། །ཙནྡན་སྨན་གྱི་སྡོང་པོ་ལ། །ཤིང་སྟ་ཡུ་ནང་ནས་མ་ཤོར་ན། །ཕྱི་མོན་པ་སྟ་ཐོགས་མི་འོང་གིས། །ཤིང་ནང་སྲིད་སྡོམ་ཞིག་ནགས་མ་ལྗོངས། །གནས་དབེན་པ་བྲིན་གྱི་ཆུ་བར་ན། །ཁྱེད་མི་ལ་རས་པ་སྒོམ་བཟང་བ། །རྣམ་རྟོག་འདྲེ་རུ་མ་ལང་ན། །ཕྱི་བར་ཆད་གདོན་བགེགས་ཀྱིས་མི་འཇིགས་ཀྱིས། །ནང་སེམས་རྒྱུད་སྦྱོངས་ཤིག་རྣལ་འབྱོར་པ། །སྟོང་ཉིད་སྒོམ་ཞིག་རིགས་ཀྱི་བུ། །ཡིད་ཁུ་འཕྲིག་མ་བྱེད་བརྟུལ་ཞུགས་ཅན། །ཁྱེད་ཆོས་ཉིད་སྟོང་པའི་བྲག་རི་ལ། །ཏིང་འཛིན་མི་གཡོའི་རྫོང་བཟུང་ནས། །ཐབས་བྱང་ཆུབ་སེམས་ཀྱི་གོ་གྱོན་ཅིང་། །ཤེས་རབ་སྙིང་རྗེའི་མཚོན་བདར་ནས། །བདུད་བཞིའི་དམག་གིས་མཐའ་བསྐོར་ཡང་། །གཟུང་འཛིན་གྱི་གྲོང་དུ་མི་ཕེབས་ཤིང་། །གཤིན་རྗེའི་འཇིག་རྟེན་དགྲར་ལངས་ཀྱང་། །ཁྱེད་གཡུལ་ངོ་མི་ཕམ་རྒྱལ་བར་ངེས། །ལར་ཕྱི་འདོད་ཡོན་གྱི་ལྟ་བ་ལྟད་མོ་ཆེ། །ནང་ཞི་གནས་ཀྱི་བསམ་གཏན་བྱིང་རྒོད་མང་། །ཡུལ་དགའ་གདུང་གི་ཞེན་པ་འགྲོགས་ཡུན་རིང་། །ལྷག་མཐོང་གི་ཡེ་ཤེས་རྒྱུན་བྱ་ཙམ། །རྣམ་རྟོག་གི་ལྷ་འདྲེ་དགྲ་ཐབས་མཁས། །རེ་དྭོགས་ཀྱི་འཕྲང་ལ་བསྒུགས་བསྒུགས་ནས། །ང་བདག་གི་ཞགས་པས་བཅིངས་ཉེན་ཡོད། །ཁྱེད་དྲན་དང་ཤེས་བཞིན་མེལ་ཚེ་གྱིས། །རྫོང་ལེགས་པར་ཟུང་ཞིག་རྣལ་འབྱོར་པ། །སེམས་རྒྱུད་སྦྱོངས་ཤིག་སྐལ་བ་ཅན། །གླུ་མཚོན་པའི་དཔེ་བཞི་དོན་དང་ལྔ། །ཚིག་སྙན་ངག་མུ་ཏིག་ཙར་ལ་བརྒྱུས། །དོན་གསལ་བྱེད་མེ་ལོང་ཐུགས་ལ་བཀྲ། །ཚིག་སྒྲ་ཕྱིར་མ་འབྲངས་དོན་རྗེས་ཆོད། །དེ་མཁྱེན་པར་མཛོད་ཅིག་སྐལ་པ་ཅན། །
ཞེས་མཚོན་པའི་དཔེ་དོན་དང་བཅས་པ་རྣམས་རྗེ་བཙུན་གྱི་སྙན་དུ་ཕུལ་བ་ལ།
ཡང་རྗེ་བཙུན་གྱིས་ལན་གསུངས། སྤྱིར་ཕྱི་རོལ་བདུད་རིགས་ཀྱི་ལྷ་འདྲེའི་བར་དུ་གཅོད་པ་དེ་ཐམས་ཅད་རྣམ་པར་མི་རྟོག་པའི་ཉེར་ལེན་ལས་བྱུང་བས་ན། ཁྱེད་ཅག་ཟེར་བ་ལྟར་བདེན་ནའང་། རྣལ་འབྱོར་པའི་ལུགས་ཀྱི་བར་ཆད་ཅི་བྱུང་ཡང་སྐྱོན་དུ་མི་ལྟ་ཞིང་། ལྟས་ངན་དང་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང་སྐྱོན་དུ་མི་ལྟ་སྟེ། དེ་ཉིད་སྐུ་དྲིན་ཅན་ནས་འདོད་ཐོག་ཏུ་ཁྱེར་ཏེ། ལྟས་ངན་གཡང་དུ་ལེན་པའི་གདམས་ངག་གིས། ལས་དང་པོ་པའི་གང་ཟག་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་ལྕག་འདེབས་ཤིང་གཉེན་པོ་གློ་བུར་དུ་སྐྱེ་བར་བྱེད་ཅིང་རིག་པའི་ངར་འདོན། དེ་ཉིད་ཀྱི་ལུས་ངག་དགེ་སྦྱོར་ལ་བསྐུལ་ནས་བསམ་གཏན་མྱུར་དུ་རྒྱུད་ལ་སྐྱེ་བའི་རྒྱུ་ཡིན་ལ། ལམ་ཅུང་ཞིག་གོམས་ཤིང་བརྟན་པ་ཐོབ་པ་རྣམས་ལ་ནི། དྲན་པ་ཡེ་ཤེས་ཀྱི་གསལ་འདེབས་པར་བྱེད་པས། རིག་པ་འོད་གསལ་གྱི་མདངས་འདོན་ཅིང་ཏིང་ངེ་འཛིན་གྱི་རྩལ་སྦྱངས། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་། ལམ་གྱི་བོགས་གོང་ནས་གོང་དུ་འབྱིན་པར་བྱེད་དོ། །དུས་དེའི་གནས་སྐབས་ནས་བདུད་རིགས་ཆོས་སྐྱོང་དུ་ཞལ་འགྱུར་ཞིང་། ཆོས་སྐྱོང་སྤྲུལ་སྐུར་ཞལ་མཐོང་བས་རྐྱེན་དངོས་གྲུབ་ཏུ་འཁྱེར། བར་ཆད་ཐམས་ཅད་ལམ་དུ་སློང་། ལྟས་ངན་གཡང་དུ་ལེན། རྣམ་རྟོག་ཆོས་སྐུར་ཤར། གོལ་ས་ལམ་དུ་ཆོད། སྐྱོན་ཡོན་ཏན་དུ་གྲོལ་ཏེ། ཐུན་མོང་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཁྱེད་ཅག་གིས་སྒྲུབ་པར་བྱེད་དོ། །མཐར་ཐུག་ཤེས་བྱའི་གཤིས་ལ་ལྷ་འདྲེ་གཉིས་ཀ་མ་གྲུབ་སྟེ། རེ་དྭོགས་སྤངས་བླང་གི་མཚན་མ་རང་སར་གྲོལ་བས་འཁྲུལ་པ་གཞི་མེད་དུ་རྟོགས་ཤིང་། འཁོར་བ་མ་ཧཱ་མུ་དྲར་ཤེས་པ་དེ། གློ་བུར་གྱི་རྣམ་རྟོག་དབྱིངས་སུ་ཐིམ། ཆོས་སྐུ་འདུ་འབྲལ་མེད་པ་ཞེས་མིང་དུ་བཏགས་པ་ཡིན་གསུང་ནས་ཚིགས་སུ་བཅད་དེ་མགུར་དུ་གསུངས་སོ། །
རྒྱལ་བའི་ཞིང་ཁམས་བྱང་ཕྱོགས་འདིར། །སངས་རྒྱས་གཉིས་པ་ལྟར་གྲགས་ཤིང་། །མི་ནུབ་བསྟན་པའི་རྒྱལ་མཚན་འཛིན། །ཅོད་པན་གཙུག་གི་ནོར་བུ་ལྟར། །ཀུན་གྱིས་བཀུར་ཞིང་མཆོད་པའི་གནས། །སྙན་པའི་བ་དན་སྒྲ་དབྱངས་ཀྱིས། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་དེ། །རྗེ་མངའ་བདག་མཱཻ་ཏྲི་མ་ལགས་སམ། །དེ་ཉིད་ཞབས་ཀྱི་པདྨོ་ལ། །གུས་པས་བཏུད་ཅིང་བཅུད་འཐུང་བ། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །མཐའ་བྲལ་གཉུག་མའི་དོན་རྟོགས་ཤིང་། །ཡོན་ཏན་ཐམས་ཅད་རབ་རྫོགས་ཏེ། །སྐྱོན་རྣམས་ཀུན་གྱིས་མ་གོས་པ། །བདེ་གཤེགས་སྤྲུལ་པ་མི་གཟུགས་ཅན། །སྐྱེས་མཆོག་མར་པས་འདི་སྐད་གསུངས། །ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་སྣང་སྟེ། །ཕྱི་ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་བ་སེམས་ཀྱི་གྲོགས་སུ་ཤར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུར་དག་གོ་གསུངས། །ནང་འགྱུ་བ་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་ཀུན་གྱི་རྩ་བ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འགྱུར། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུང་། །ཉེར་ལེན་གཟུགས་ཀྱི་ཕུང་པོ་འདི། །མ་རྟོགས་དུས་ན་འབྱུང་བཞིའི་ལུས། །ན་ཚ་སྡུག་བསྔལ་དེ་ལས་བྱུང་། །རྟོགས་ན་ལྷ་སྐུ་ཟུང་འཇུག་སྟེ། །ཐ་མལ་ཞེན་པ་ལྡོག་པར་བྱེད། །མཐར་ཐུག་དོན་ལ་ལུས་མེད་དེ། །སྤྲིན་བྲལ་མཁའ་ལྟར་དག་གོ་གསུང་། །གདོན་གནོད་སྦྱིན་ཕོ་མོའི་སྣང་བ་འདི། །མ་རྟོགས་དུས་ན་བདུད་ཡིན་ཏེ། །ཐོ་མཚམས་བར་དུ་གཅོད་པར་བྱེད། །རྟོགས་ནས་བགེགས་རྣམས་ཆོས་སྐྱོང་སྟེ། །སྣ་ཚོགས་དངོས་གྲུབ་དེ་ལས་འབྱུང་། །མཐར་ཐུག་དོན་ལ་ལྷ་འདྲེ་མེད། །རྣམ་རྟོག་ཟད་སར་ཕྱིན་ནོ་གསུང་། །སྤྱིར་ཐེག་པའི་མཐར་ཐུག་གསང་སྔགས་ཀྱི། །རྣལ་འབྱོར་བླ་མེད་རྒྱུད་ལས་ཀྱང་། །ཁམས་འདུས་པ་ཡི་གེའི་རྟེན་འབྲེལ་གྱིས། །ཕྱི་རོལ་འདྲེ་གཟུགས་མཐོང་བར་གསུང་། །དེ་རང་སྣང་རྫུན་དུ་མ་ཤེས་པར། །བདེན་ནོ་སྙམས་ན་ཤིན་ཏུ་རྨོངས། །ང་སྔོན་ཆད་རྨོངས་པས་མགོ་བོ་འཁོར། །མ་རིག་འཁྲུལ་པའི་ནང་དུ་ཞུགས། །ཕན་གནོད་ཀྱི་ལྷ་འདྲེ་བདེན་པར་བཟུང་། །ད་གྲུབ་ཐོབ་རྗེ་ཡི་བཀའ་དྲིན་གྱིས། །འཁོར་འདས་དགག་སྒྲུབ་མེད་པར་གོ །ཅིར་སྣང་ཕྱག་རྒྱ་ཆེན་པོར་ཤར། །འཁྲུལ་པ་གཞི་མེད་དུ་རྟོགས་པ་དེས། །རིག་པ་ཆུ་ཟླ་རྙོག་མ་དྭངས། །འོད་གསལ་ཉི་མ་སྤྲིན་དང་བྲལ། །མ་རིག་མུན་པ་མཐའ་ནས་སང་། །རྨོངས་པའི་མགོ་འཁོར་ཡལ་ནས་ཐལ། །ཡིན་ལུགས་གཅིག་ནང་ནས་འཆར་ཞིང་གདའ། །ལར་འདྲེར་འཛིན་གྱི་རྣམ་རྟོག་དྲིན་པོ་ཆེ། །གཞི་སྐྱེ་མེད་ཀྱི་གསལ་འདེབས་ངོ་མཚར་ཆེ། །
ཞེས་བླ་མའི་གསུང་ཚད་མར་འཛིན་ཅིང་། ངེས་ཤེས་སྐྱེས་པའི་མགུར་དེ་རྣམས་རྗེ་བཙུན་གྱིས་བཞེངས་པ་ལ། ཡང་གདོན་ཆེན་པོ་བཅོ་བརྒྱད་ཀྱིས་གཙོ་བྱས་པའི་དེར་འཚོགས་པའི་ལྷ་འདྲེ་རྣམས་ན་རེ། ཁྱེད་ལྟ་བའི་གདེང་ཡོད་པའི་རྣལ་འབྱོར་པར་འདུག་པ་ལ། ངེད་ཀྱིས་དེ་ལྟར་མ་ཤེས་པས་སྔོན་ཆད་ཐོ་འཚམས་ཤིང་བར་ཆད་བྱས་པ་རྣམས་གནོང་ཞིང་འགྱོད་པས་བཟོད་པར་བཞེས་ལ། སླན་ཆད་ཁྱེད་ཀྱིས་བཀའ་ཅི་གསུང་པ་བཞིན་ཉན་ཅིང་འབངས་སུ་མཆི་བས། བཀའ་བསྒོ་བའི་ལས་དང་བྱ་བ་གང་དང་ཅི་ཡོད་པ་དེ་དག་ཐམས་ཅད་ངེད་ཅག་ལྷ་འདྲེ་རྣམས་ཀྱིས་བསྒྲུབ་པར་བགྱིའོ། །ཞེས་ཁས་བླངས་ནས་དེར་འཚོགས་པའི་ལྷ་འདྲེ་རྣམས་ཀྱིས་ཕྱག་མང་དུ་འཚལ་ཏེ། སོ་སོ་རང་རང་གི་གནས་སུ་སོང་སྐད་དོ། །
རྗེ་རས་པ་ཆེན་པོ་མཚན་བརྗོད་པར་དཀའི་དཔལ་བཞད་པ་རྡོ་རྗེ་དང་། འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་ལྔའི་ཞུས་ལན་སྙན་ངག་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ། ངན་རྫོང་སྟོན་པོ་བོ་དྷི་ར་ཙ་དང་། རས་པ་ཞི་བ་འོད་གཉིས་ཀྱིས་ཡི་གེར་བཀོད་པ་རྫོགས་སོ།། །།

༄། །ན་མོ་གྷུ་རུ། བཀྲ་ཤིས་ལེགས་པའི་ཡོན་ཏན་གྱིས། །འགྲོ་བ་ཀུན་ལ་ཁྱབ་གྱུར་ཅིང་། །བདེ་གཤེགས་སྤྲུལ་པ་གཙུག་གི་རྒྱན། །སྐྱེས་མཆོག་མར་པ་ལོཙྪ་ཡི། །ཞལ་ནས་བབ་པའི་བདུད་རྩི་དང་། །སྙན་བརྒྱུད་ལྷན་ཅིག་སྐྱེས་པ་ཡིས། །ཐུགས་ལས་བབ་པའི་ཡེ་ཤེས་ཀྱིས། །བྱིན་གྱིས་བརླབས་པའི་རྣལ་འབྱོར་པ། །མཚན་རས་པ་ཞེས་བྱར་གྲགས་པ་ཡི། །རྗེ་རས་པ་དེ་ལ་གུས་ཕྱག་འཚལ། །
ཡུལ་ཡ་མཚན་ཆེ་བ་བལ་བོད་གཉིས་ཀྱི་མཚམས། གངས་མཐོ་ལྡིང་ན་བུན་འཐིབ་པའི་གཡས་མགུལ། སྤྲིན་ཨ་ཝ་གསེར་མདོག་ལྡིང་བའི་འོག །སྟེང་མདོ་ཤོད་ཤེལ་གྱི་ར་བས་བསྐོར་བའི་དབུས། དངོས་གྲུབ་ཀྱི་ཆུ་བོ་ལོ་ཧན་ཏའི་ཀླུང་འགྲམ། གནས་བྱིན་རླབས་པའི་སྨན་ལུང་ཆུ་བར་གྱི་ཕོ་བྲང་ན། རྗེ་རས་པ་ཆེན་པོ་མཚན་ཡོངས་སུ་གྲགས་པའི་མི་ལ་རྣལ་འབྱོར་པ་ཞེས་བྱ་བ། བཀའ་གསང་བ་བླ་ན་མེད་པ་ཐེག་པ་མཆོག་གི་དོན་ལ་ཐུགས་ཀྱི་སྣང་བ་ཕྱོགས་མེད་དུ་ཤར་བ། ཚད་མེད་པའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ནང་གི་རྒྱུད་ཡོངས་སུ་སྦྱངས་པའི་སྐྱེས་བུ། མས་བརྟན་གྱི་དགའ་བཞི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཕྱིན་པས། རྡོ་རྗེའི་གླུ་མཛོད་རང་ཤུགས་སུ་རྡོལ་བ། སྒྲུབ་བརྒྱུད་ཀྱི་བྱིན་རླབས་རྒྱུན་མ་ཆད་པས་ཐ་མལ་གྱི་སྣང་བ་ཡེ་ཤེས་སུ་བསྒྱུར་ཞིང་། བརྟུལ་ཞུགས་སྨྱོན་པའི་སྤྱོད་པས་བསྟན་པ་ལ་མ་དད་པའི་བདུད་ལོག་པར་འདྲེན་པ་ཐམས་ཅད་ཚར་གཅོད་པར་བྱེད་པའི་དཔའ་བོ་ཆེན་པོ་དེས། ཐུགས་ཆོས་ཉིད་གཉུག་མའི་ངང་ལས་མ་གཡོས་བཞིན་དུ་བརྩེ་བ་ཆེན་པོས་གཞན་དོན་དུ་གཟིགས་ནས་ཟད་པར་འབྱུང་བའི་སྐྱེ་མཆེད་སྣང་བ་དང་མི་སྣང་བ་ཟིལ་གྱིས་གནོན་པ་དང་། བཀོད་པ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་པ་བསྟན་ནས་དཀར་པོའི་ཕྱོགས་ལ་དད་པའི་མི་དང་མི་མ་ཡིན་པ་འགའ་ཞིག་གི་དོན་མཛད་ཅིང་བཞུགས་པ་ལ། ཡང་དབྱར་ཟླ་ར་བའི་ཚེས་བཅུ་བཞིའི་ནུབ་མོ་མཚར་སྡུག་འོད་དུ་ཆགས་པའི་བུད་མེད་ལྔ་རྗེ་རས་པ་ཆེན་པོའི་མདུན་དུ་འོང་ནས་བསྐོར་བ་མང་དུ་བྱས་ཕྱག་ཟུང་དུ་བསྡེབས་པ་ཐེབ་བརྒྱད་འཚལ་བ་མེན་གྱི་ཞོ་ཡིན་ཟེར་བ་མུ་མེན་གྱི་སྐྱོགས་གང་ཕྱག་ཏུ་དྲངས་ནས། གཡོན་ངོས་སུ་གྲལ་ལ་འཁོད་དེ། ངེད་ཅག་བུད་མེད་ལྔ་པོ་འདི་རྗེ་བཙུན་ལ་སེམས་བསྐྱེད་ཞུ་རུ་མཆིས་པས། ཐུགས་ལ་བཏགས་པར་ཞུ་འཚལ་ཟེར་ནས་ཞུ་བ་འབུལ་དུ་བྱུང་བ་ལ། རྗེ་བཙུན་གྱིས་དགོངས་པ་བཏང་བས། འདི་ལྟ་བུའི་རིན་པོ་ཆེའི་སྣོད་ཁྱད་པར་ཅན་དང་། བཅུད་ཡ་མཚན་ཅན་ཆེ་བ། སྔོན་ཆད་མཐོང་མ་མྱོང་བའི་ཁ་ཟས་འདི་འདྲ་བ་ཡང་མིས་མི་རྙེད་ལ། ཕྱག་དང་བསྐོར་བ་གོ་ཟློག་བྱེད་ལུགས་ཀྱིས་འདི་ཀུན་ལྷ་འདྲེ་ཡིན་པར་འདུག་དགོངས་ནས། ཐུགས་ཀྱིས་མཁྱེན་ཡང་ཅུང་ཞིག་སྤྱོད་ལམ་གྱི་རྣམ་འགྱུར་ལྟ་བ་དང་། ངག་དྲང་པོར་ཟློའམ་མི་ཟློ་བརྟགས་པའི་ཕྱིར། མི་མཁྱེན་པའི་ཚུལ་བྱས་ནས། ཁྱེད་ཅག་སུ་ཡིན་གང་ནས་འོང་ཞེས་སྙན་ངག་མགུར་དུ་བཞེས་ནས་དྲིས་པ།
རྗེ་སྐུ་བཞིའི་ངོ་བོ་རྡོ་རྗེ་འཆང་། །རྩོད་ལྡན་བསྟན་པའི་སྙིགས་མ་ལ། །སྐལ་ལྡན་འགའ་ཡི་དོན་གཟིགས་ནས། །འཛམ་གླིང་བྱང་ཕྱོགས་པར་ཏ་ནིར། །རི་བོ་གངས་ཅན་རྒྱུད་འདི་རུ། །སྒྲ་སྒྱུར་ལོཙྪར་སྐུ་འཁྲུངས་པ། །མི་མཆོག་སེང་གེའི་ང་རོ་ཅན། །བླ་མེད་ཐེག་ཆེན་སྒྲ་སྒྲོགས་ཤིང་། །སྒྲ་དེ་ཐོས་པ་ཙམ་གྱིས་ཀྱང་། །ངན་འགྲོ་ལོག་པར་མི་ལྟུང་སྐད། །དེ་ཡི་ཕྱིར་ན་ཞུ་བའི་དོན། །མི་ང་ལ་ལྟོས་པའི་འགྲོ་རྒྱུད་རྣམས། །བྱིན་རླབས་དངོས་གྲུབ་རྗེ་ལ་རེ། །ཕ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །རང་དབང་མེད་པར་སེམས་གཡོ་ཞིང་། །རྟོགས་པའི་མྱུ་གུ་བསྐྱེད་དུ་གསོལ། །དེ་རྗེས་སྙན་དུ་གསོལ་བ་ཡང་། །དག་པ་མངོན་དགའི་ཞིང་ཁམས་ན། །རྒྱལ་བ་སྲས་བཅས་བཞུགས་པ་རྣམས། །ང་ཐེག་ཆེན་ནམ་མཁའི་རྣལ་འབྱོར་པ། །གདུལ་བྱ་པདྨོ་ཁ་འབྱེད་ནས། །ལྷ་ཁྱེད་ཀྱི་ཐུགས་རྗེའི་ཉི་མ་ཡི། །འཆར་ཀ་འོད་ཀྱི་དྲ་བ་ཡིས། །བློ་གྲོས་པདྨོའི་འདབ་རྒྱས་ཤིང་། །ཚད་མེད་བཞི་ལྡན་ཟེའུ་འབྲུའི་ཚོགས། །དེ་རིང་ཉིད་དུ་འཁྲུངས་པར་མཛོད། །གྲལ་གཡོན་ན་འཁོད་པའི་བཞིན་བཟང་མ། །སྲིང་མོ་ཁྱོད་ལ་འདྲི་རྒྱུ་ཡོད། །དྲི་བ་གཞན་དོན་མ་ལགས་ཏེ། །ཁྱེད་མིའམ་ལྷ་འདྲེ་ངོ་མ་ཤེས། །བུད་མེད་ལུས་ལ་ཡ་མཚན་ཅན། །སྔར་མ་མཐོང་བ་ཡི་ནེ་བཙུན་ལྔ། །མཚར་སྡུག་འོད་དུ་ཆགས་པ་ལྔ། །འོད་འཕྲོ་ལྷ་ཡི་བུ་མོ་ལྔ། །ཁྱོད་དང་པོ་རྒྱང་ནས་མཐོང་ཙམ་ན། །བུད་མེད་སྡེ་ཚོགས་ཁྲོམ་དུ་འཚོགས། །སྨག་རུམ་འཐིབ་པའི་ན་བུན་བཞིན། །བརྟགས་ན་མི་བརྟན་ཡལ་ཡོལ་བྱེད། །འདི་ལ་ཧ་ཅང་ཡིད་མ་ཆེས། །དེ་ནས་ལམ་དུ་ཞུགས་ཙམ་ན། །མུ་ཏིག་ཙར་ལ་བརྒྱུས་པ་བཞིན། །ཁྲིག་གེ་ན་རེ་འོང་བ་མཐོང་། །ཁྲིམས་ལ་གནས་པའི་ནེ་བཙུན་ལྔ། །འཇོལ་སྒེག་བཞད་འགྲོས་ལྟད་མོ་ཆེ། །ད་ལྟ་དྲུང་དུ་ལྷག་ཙམ་ན། །ནམ་ཐོ་རངས་ཤར་བའི་སྐར་ཆེན་བཞིན། །རིམ་གྱིས་ཇེ་ཉུང་ཇེ་ཉུང་ཐལ། །དུ་མར་འགྱེད་ཅིང་སྡུད་ལུགས་ཀྱི། །སྲིད་པའི་ལྷ་འདྲེ་ཡིན་ནམ་སྙམས། །བརྟགས་ན་མི་བཟོད་ཤིན་ཏུ་འཛུམ། །ཕན་ཚུན་ལྟ་ཞིང་མིག་བསྒྱུར་མ། །ཕྲ་མེན་མཁའ་འགྲོ་ཡིན་ནམ་སྙམས། །ཆོས་སྐོར་གཡས་ནས་བྱེད་རྒྱུ་ལ། །བསྐོར་བ་གོ་ལྡོག་གཡོན་ནས་བྱས། །འདིས་ཀྱང་ལྷ་འདྲེ་ཡིན་ནམ་སྙམས། །སྤྱན་ཕྱག་གཡས་ན་སྟོབས་རྒྱུ་ལ། །སྤྱན་ཕྱག་གོ་ལྡོག་གཡོན་ནས་བྱས། །དེས་ཀྱང་ཡ་མཚན་ལྷ་འདྲེར་ཤེས། །མདུན་ནས་བདར་ཞིང་ཕྱག་འཚལ་བས། །དགུ་ཕྲུག་ཕྱག་ལ་བསྙུན་དྲི་གསུམ། །ནེམ་ནེམ་ཞོམ་ཞོམ་སྤྱན་ཕྱག་གསུམ། །དེ་ནེ་བཙུན་ཁྱེད་ཀྱི་ཕྱག་བབ་ཡིན། །འདྲ་ལ་མི་མཐུན་ཁྱེད་ཀྱི་ལུགས། །ཕྱག་བརྒྱད་བར་དུ་བསྙུན་དྲི་གཉིས། །པུས་མོའི་ལྷ་ང་ས་ལ་བཙུགས། །ཕྱག་བབ་སྐྱེས་པའི་ལུགས་སུ་བྱས། །གཞན་ཡང་མི་མཐུན་ལྷ་འདྲེའི་ཕྱག །མི་ང་ལ་དྲང་བའི་ཕྱག་རྟེན་འདི། །མུ་མེན་ཡོལ་སྒོ་ཞལ་སྐྱོགས་ལ། །རིན་ཆེན་སྣ་ཚོགས་ཕྲ་བཀོད་པ། །འདི་མི་ཡིས་མི་རྙེད་ལྷ་འདྲེའི་ནོར། །ང་མི་རྒན་རྗེས་ཐག་རིང་བ་འདིས། །རྒྱལ་ཁམས་ཕྱོགས་མེད་བལྟས་བལྟས་ནས། །ངོ་མཚར་ཅན་གྱི་མཐོང་རྒྱ་དང་། །ཐོས་པའི་གཏམ་རྒྱ་བཤད་མི་ལོང་། །ལྕེ་ལེབ་རྒན་ཟས་ཀྱི་རོ་མྱོང་བ། །མི་གཞན་ལས་མི་ཉུང་ལྷག་ནས་ཀྱང་། །སྤྱན་གཟིགས་བ་མེན་རྒོད་ཀྱི་ཞོ། །འདི་འདྲ་སྔོན་ཆད་མཐོང་མ་མྱོང་། །ཡ་མཚན་ཆེ་བའི་ཁ་ཟས་མྱོང་། །འདི་མི་ལ་མ་མཆིས་ལྷ་འདྲེའི་ཟས། །གཏམ་མི་ལ་བཟླས་ན་ངོ་མཚར་ཆེ། །ཁྱད་པར་སེམས་བསྐྱེད་ཞུའོ་སྐད། །ཁྱོད་དཀར་པོའི་ཕྱོགས་ཀྱི་མི་མ་ཡིན། །བསྟན་ལ་རབ་དགའ་དད་པ་ཅན། །སྔོན་སྦྱངས་བག་ཆགས་ཡོད་པར་ངེས། །མི་ང་ཡང་དགའ་ཞིང་སྤྲོ་བ་སྐྱེས། །ཁྱོད་ད་རུང་ཉོན་དང་བཞིན་ལེགས་མ། །མི་ངས་ཀྱང་མི་ཤེས་འདྲི་བ་ཡོད། །གཏམ་རྫུན་གྱིས་མ་བསླད་དྲང་པོར་སྨྲོས། །ཁྱོད་ད་ནང་འོང་བ་གང་ནས་འོང་། །དོ་ནུབ་འགྲོ་བ་གང་དུ་འགྲོ། །ཕོ་བྲང་བརྟེན་པ་གང་ན་ཡོད། །རིགས་ཀྱི་སྡེ་ཚན་གང་དུ་གཏོགས། །དབང་བསྒྱུར་ལས་ནི་ཅི་དང་ཅི། །དངོས་གྲུབ་ཇི་ལྟར་སྟེར་བར་ནུས། །མི་ང་དང་སྔོན་ཆད་གང་དུ་འཕྲད། །གཏམ་སུ་ལས་ཐོས་སམ་ཅི་ལྟར་ཤེས། །བཀའ་མཆིད་མ་འཁྱོག་དྲང་དུ་སྨྲོས། །
ཞེས་པའི་མགུར་བཞེངས་ཏེ་འདྲི་བ་མཛད་པས། ཡང་རྫུ་འཕྲུལ་ཅན་གྱི་བུད་མེད་དེ་དག་གིས་ཆེད་དུ་བསྐྱར་ཞིང་སླར་ཞུས་པ།
རྗེ་བཙུན་སྐྱེས་བུ་དམ་པ་ལགས། ཁྱེད་སྐྱེ་བ་སྔ་མ་ལ་བསོད་ནམས་བསགས་པའི་སྟོབས་ཀྱིས་ཚེ་འདིར་གྲུབ་པ་ཐོབ། བརྒྱུད་པའི་བླ་མ་ཁྱད་པར་ཅན་དང་མཇལ། བདུད་རྩིའི་གསུང་གི་འོད་ཟེར་ཐུགས་ལ་བབ་པས། འཇིག་རྟེན་གྱི་ཆོས་བརྒྱད་དང་འདོད་ཡོན་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་ཤིང་། བརྩེ་བ་ཆེན་པོས་གཞན་དོན་ཁོང་དུ་ཆུད་ཅིང་། སྲིད་པའི་ཆུ་ཀླུང་རྦ་རླབ་ཏུ་འཁྲུགས་པ་འདི་ལ་མྱུར་དུ་བརྒལ་བར་བཞེད་དེ། དཀའ་བ་དྲག་པོ་སྣ་ཚོགས་ཀྱི་སྒོ་ནས་སྒྲུབ་པ་ལ་ནན་ཏན་མཛད་པའི་ཕྱིར། ནང་རིག་པའི་ཏིང་ངེ་འཛིན་གྱི་རྩལ་འབྱོངས་ཏེ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པས། ལྐོག་ཏུ་གྱུར་པ་གཞན་རྒྱུད་ཀྱི་རྟོག་པ་མེ་ལོང་ལྟ་བུར་གཟིགས་ཏེ། ངེད་ཅག་རྣམས་ཀྱི་རིགས་དང་རུས་དང་། ཆོ་འབྲང་ལ་སོགས་པ་ཅི་ལྟ་བ་མཁྱེན་ན་ཡང་། མི་མཁྱེན་པའི་ཚུལ་དུ་དྲི་ཞིང་རྨེད་པ་མཛད་པ་ལ། ཁོ་མོ་ཅག་གི་ཅིའི་ཕྱིར་མི་སྨྲ་སྟེ། ཚུལ་ཇི་ལྟ་བ་བཞིན་བརྗོད་པར་བྱ་ཡི། རྗེ་བཙུན་ཆེན་པོ་སྙན་ཅུང་ཟད་གསན་འཚལ། ཞེས་ངག་ཚིག་ཏུ་བཀྲོལ་ཏེ་བརྡ་སྦྱར་བའི་རྗེས་ལ། རྫུ་འཕྲུལ་ཅན་གྱི་བུད་མེད་ལྔ་པོ་དེ་དག་གིས་མགྲིན་གཅིག་ཏུ་བསྡེབས་ནས། སྙན་ངག་གླུ་རུ་བླངས་ཏེ་ལན་ཞུས་པ་ནི།
གདོང་དམར་སྲིན་པོ་བོད་ཀྱི་ཡུལ། །ཁ་བ་ཅན་ལྗོངས་པག་ཤུའི་གླིང་། །གནོད་སྦྱིན་གངས་ཀྱི་ར་བ་འདིར། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །འཁྲུངས་དཀའི་སྐྱེས་བུ་བྱོན་པ་དེ། །རྗེ་མི་ལ་རྣལ་འབྱོར་མ་ལགས་སམ། །ཁྱེད་སྔོན་ཡང་བསོད་ནམས་བསགས་པའི་ཕྱིར། །དུས་འདིར་བླ་མ་དགེ་བའི་བཤེས། །གྲུབ་ཐོབ་བརྒྱུད་པས་ཡོངས་སུ་བཟུང་། །བྱིན་རླབས་བདུད་རྩིའི་རྒྱུན་བབས་པས། །ཁྱོད་ཀྱི་རྣམ་ཤེས་གཡོས་གྱུར་ཏེ། །སྣང་གྲགས་སྒྱུ་མ་ཐུགས་ལ་ཤར། །སྤོང་དཀའི་འཇིག་རྟེན་བློ་ཡིས་བཏང་། །དཀའ་སྤྱད་སྙིང་རུས་དྲག་པོ་ཡི། །སྐད་ཅིག་མ་ཡེངས་བསྒོམས་པའི་ཕྱིར། །ད་ལྟ་ནམ་མཁའི་རྣལ་འབྱོར་པ། །དོན་དམ་ཆོས་སྐུའི་ངོ་བོར་བཞུགས། །སྤྲོས་བྲལ་ངང་ལས་མ་གཡོས་པས། །ཟད་པར་འབྱུང་བའི་སྐྱེ་མཆེད་རྣམས། །མི་སྣང་ཟིལ་གྱིས་གནོན་པ་དང་། །སྤྲུལ་པ་དུ་མར་འགྱེད་ལ་སོགས། །སྣ་ཚོགས་རྫུ་འཕྲུལ་བསྟན་ནས་ཀྱང་། །ཁྱེད་ལ་དད་པའི་སྐྱེས་བུ་རྣམས། །རབ་ཏུ་དགའ་ཞིང་ངོ་མཚར་བས། །བ་སྤུ་གཡོ་ཞིང་མཆི་མ་འཁྲུགས། །དེ་ཕྱིར་རྗེ་བཙུན་གཙུག་གི་ནོར། །ཀུན་གྱིས་བཀུར་ཞིང་མཆོད་པར་འོས། །དཔལ་ལྡན་རྗེ་བཙུན་འགྲོ་བའི་མགོན། །རྒྱལ་སྲས་བཞད་པ་ཁྱེད་ཉིད་ལ། །ཞུ་བ་གཞན་དོན་མ་མཆིས་ཏེ། །ངེད་ཅག་བསོད་ནམས་དམན་པའི་རིགས། །མཁའ་ལ་རྒྱུ་བའི་མི་མ་ཡིན། །ད་ལྟ་སྤྱན་སྔར་འཁོད་པ་ཡི། །བུད་མེད་ལྔ་པོ་འདི་རྣམས་ལ། །བརྩེ་བ་ཆེན་པོ་ཁྱེད་ཉིད་ཀྱིས། །ཐུགས་རྗེས་བསིལ་བའི་སྤྲིན་དཔུང་ལས། །བྱིན་རླབས་བདུད་རྩིའི་ཆར་བབས་པས། །གདུལ་དཀའ་ཉོན་མོངས་ཐ་བའི་རྒྱུ། །རབ་ཏུ་ཞི་ཞིང་བརླན་གྱུར་པས། །བླ་མེད་ཐེག་པ་མཆོག་གི་སེམས། །རིན་ཆེན་མྱུ་གུ་བསྐྱེད་དུ་གསོལ། །རྗེ་བརྟུལ་ཞུགས་སྤྱོད་པའི་གཟི་མདངས་ཅན། །རྣལ་འབྱོར་དབང་ཕྱུག་ཁྱེད་ཉིད་ཀྱིས། །ཏིང་འཛིན་རིག་པའི་རྩལ་སྦྱངས་པས། །གཞན་རྒྱུད་ཁམས་དང་དབང་པོ་དང་། །རིགས་དང་རུས་དང་ཆོ་འབྲང་རྣམས། །མ་འདྲེས་གསལ་བར་གཟིགས་ན་ཡང་། །མི་མཁྱེན་ཚུལ་དུ་འདྲི་ཞིང་རྨེད། །ཁྱེད་ཅག་སུ་ཡིན་མ་ཤེས་གསུངས། །ངེད་ཅག་འཇིག་རྟེན་གནོད་སྦྱིན་མོ། །རིགས་ནི་ཨ་ཛི་དྷ་ར་སྟེ། །དུར་ཁྲོད་ཉུལ་བའི་སྨེ་ཤ་ཅན། །འཇིག་རྟེན་མིག་བསྒྱུར་མཁའ་འགྲོ་ཡིན། །དབང་བསྒྱུར་ལས་ནི་སྣ་ཚོགས་བྱེད། །འཇིག་རྟེན་དངོས་གྲུབ་ཅི་ཡང་སྟེར། །ངེད་ད་ནང་ནམ་མཁའི་མཐོངས་ནས་འོང་། །སྤྲིན་གྱི་གོང་བར་ཕྱེས་ནས་འོངས། །ཟླ་ཟེར་མདངས་ལ་ཞོན་ནས་འོང་། །དོ་ནུབ་རྒྱ་གར་ཡུལ་དུ་འགྲོ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་དུ་འགྲོ། །ངེད་ཀྱི་ཕོ་བྲང་བརྟེན་པ་ཡང་། །སྟེང་མདོ་ཤོད་འདི་ཡི་གཡས་ལོགས་ན། །གངས་ཟུར་གསུམ་གུང་དུ་རྩེ་མཐོ་བ། །ཅོད་པན་ཤེལ་གྱི་ཟུར་ཕུད་ལ། །འོད་གསལ་ཉི་ཟླ་ཏ་ལེར་འཆར། །འགུར་ཆུ་བུམ་པ་ཡན་ཆད་ལ། །སྤྲིན་དཀར་ལྡིང་བའི་གོ་ཅོག་མཛེས། །རྐེད་པ་མན་ཆད་རྨང་གཞི་ལ། །ན་བུན་སྐྱི་བུན་འཐིབ་པ་དེ། །གངས་མཐོ་ལྡིང་རྒྱལ་མོ་ཞེས་སུ་གྲགས། །དེ་བུད་མེད་ངེད་ཀྱི་ཕོ་བྲང་ཡིན། །རྗེ་བཙུན་ཁྱེད་དང་མཇལ་བ་ཡང་། །ན་ནིང་དབྱར་ཟླ་ར་བ་ལ། །ཐོ་མཚམས་བར་ཆད་རྩོམ་དུ་འོང་། །ཉོན་མོངས་ཁོང་ཁྲོ་ཁྱེད་ལ་མེད། །སྤྱིར་ཡང་དཀར་པོའི་ཆོས་ཆར་ཕབ། །ཀུན་ཀྱང་འགྱོད་ཅིང་བཟོད་གསོལ་ཕུལ། །དེ་རིང་དྲུང་དུ་ལྷགས་པ་ཡང་། །མི་མཆོག་སྐྱོབ་པ་ཁྱོད་ཉིད་ཀྱིས། །ཞལ་ནས་བབ་པའི་བདུད་རྩིའི་ཆར། །བཏུང་བ་སྐོམ་གྱིས་གདུང་ལགས་པས། །དག་པ་བདུད་རྩིའི་ཆར་རྒྱུན་གྱིས། །བཏུང་བ་སྩོལ་ཅིག་སྐྱེས་བུ་མཆོག །ཅེས་པའི་དོན་དེ་རྣམས་སྙན་ངག་གླུ་རུ་བླངས་ཏེ་ལན་བཏབ་པ་ལ།
ཡང་རྗེ་བཙུན་གྱིས་ལན་གསུངས་པ། བཞིན་བཟང་མ་རྣམས་སྔོན་ཆད་མི་བསྲུན་ཅིང་ཐོད་རྒལ་ཆེ་བས། རྣལ་འབྱོར་པ་ང་ལ་ཡང་མི་སྡུག་པའི་གཟུགས་སྣ་ཚོགས་ཀྱི་སྒོ་ནས་གནོད་ཅིང་འཚེ་བ་དང་ཐོ་མཚམས་པ་ཡང་དང་ཡང་དུ་བྱས་ཏེ། ངས་སྣང་བ་སེམས་ཀྱི་ཆོ་འཕྲུལ་དུ་ངོ་ཤེས་ཤིང་། སེམས་ཉིད་འོད་གསལ་སྟོང་པར་བློ་ཐག་ཆོད་པས། འཁྲུལ་སྣང་གདོན་གྱི་བར་ཆད་ལ་ཡ་ང་བ་དང་བག་ཚ་བ་རྡུལ་ཙམ་ཡང་མེད་དེ། དོན་འདི་ལ་རྗེས་སུ་དཔག་ནས་གང་ཟག་གཞན་སྒྲུབ་པ་ལྷུར་ལེན་པའི་སྐྱེས་བུ་དམ་པ་འགའ་ཞིག་དང་། འགྲོ་ཤེ་ཕལ་པ་དུ་མ་ལ་གནོད་ཅིང་འཚེ་བ་བྱས་པར་ཤེས་པས། སྔོན་ཆད་བྱས་པའི་ལས་ཀྱི་རྣམ་གྲངས་ལ་གནོང་ཞིང་འགྱོད་པའི་བསམ་པས་མཐོལ་ཞིང་བཤགས་པར་བྱ་བ་དང་། ད་ཕྱིན་ཆད་སྲོག་གི་ཕྱིར་ཡང་གནོད་ཅིང་འཚེ་བ་མི་བྱེད་པར་ཁས་ལེན་ཅིང་དམ་བཅའ་ན་སྐྱབས་འགྲོ་དང་སེམས་བསྐྱེད་སྦྱིན་པར་རུང་གི་དེ་ལྟ་མ་ཡིན་ན་ནི་ཕུང་སྣ་གྱོད་ཀྱིས་འདྲེན། མཛོ་སྦྲེལ་གཡང་ལ་ལྷུང་བས། ཐེག་པ་མཆོག་གི་སེམས་བསྐྱེད་ཀྱི་སྡོམ་པ་སྦྱིན་པ་དང་། ཟབ་མོ་བཤད་པའི་སྣོད་དུ་མི་རུང་གིས། མི་རྒན་ང་ཡི་གླུ་འདིའི་དོན་གོ་བར་གྱིས་ལ། ཡིད་མ་ཡེངས་པར་རྣ་བ་ཅུང་ཟད་གཏོད་ལ་ཉོན་ཅིག །ཅེས་གསུང་ལྷུག་པར་བཀྲོལ་ནས་དྲིས་ལན་གླུ་ཡི་སྙན་ངག་གདམས་པ་མགུར་དུ་གསུངས་སོ། །
དཔལ་དོ་ནུབ་སྲོད་ཀྱི་དགོང་མོ་ལ། །ཕྱོགས་ཤར་ནས་འོད་ཅིག་མདངས་གསལ་བ། །སྨག་ཁྲི་མུན་མཐའ་ནས་སངས་པ་དེ། །ཆུ་ཤེལ་ཟླ་བ་མ་ལགས་སམ། །ཟླ་ཟེར་མདངས་ཀྱི་རྟ་བཞོན་ནས། །ལུས་འོད་དུ་འཁྱིལ་ཞིང་འོང་བ་དེ། །འཇིག་རྟེན་མཁའ་འགྲོ་མ་ལགས་སམ། །ཆུ་བོ་ལོ་ཧན་གྱི་ཀླུང་འགྲམ་དུ། །རང་བྱུང་དབེན་གནས་ཉམས་དགའ་བ། །ཆུ་བར་དཔལ་གྱི་ཕོ་བྲང་ན། །མི་ཡ་མཚན་ཅན་གཅིག་བཞུགས་པ་དེ། །བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་བ། །འབྱུང་བའི་ལུས་ལ་ཚ་གྲང་མེད། །ངོ་ཚ་མི་ཤེས་གཅེར་ཉལ་མཁན། །ཡིད་ལ་མི་བྱེད་སྙིང་པོའི་དོན། །སྐད་ཅིག་མ་ཡེངས་བསྒོམ་དུ་མེད། །ནམ་མཁའི་མཚན་ཉིད་ལྟ་བ་དེ། །མི་ལ་སྒོམ་ཆེན་མ་ལགས་སམ། །ང་སྤྱོད་པའི་རྣལ་འབྱོར་རས་པ་དང་། །ཁྱེད་རྫུ་འཕྲུལ་ཅན་གྱི་བུད་མེད་ལྔ། །གླུ་ཕར་ལེན་ཚུར་ལེན་བྱེད་པ་དེ། །སྔོན་ཆད་སྨོན་ལམ་བཏབ་པར་ངེས། །ཁྱེད་ད་ལྟ་ཕན་ཆད་ངོ་མ་ཤེས། །ད་ནི་ངོ་ཤེས་གློ་བར་འཚལ། །ན་ནིང་སོས་ཀྱི་དུས་ཙམ་ན། །སྲིད་པའི་བུད་མེད་དབང་མོ་ཆེ། །གཙོ་མོ་ཁྱོད་ཀྱིས་གཡས་གཡོན་ནས། །འཇིག་རྟེན་སྲིད་པའི་ལྷ་འདྲེ་ཚོགས། །དཔུང་བཞིའི་དམག་གི་རུ་དར་འཕྱར། །འཐབ་རྩོད་གཡུལ་ངོ་བྲེས་ནས་ཀྱང་། །གདུག་རྩུབ་མཚོན་གྱི་ཆར་འབེབས་ཤིང་། །མི་ང་ལ་བར་ཆད་ཅི་མ་བྱས། །ངས་སྣང་བ་སེམས་སུ་ཐག་ཆོད་ཅིང་། །སེམས་ཉིད་སྟོང་པར་ཤེས་པའི་ཕྱིར། །འཁྲུལ་སྣང་བགེགས་ཀྱི་ཆོ་འཕྲུལ་ལ། །ཡ་ང་བག་ཚ་བྱེད་མ་མྱོང་། །སྤྱིར་ཡང་ཁྱེད་མཐོང་ཙམ་གྱིས་ནི། །ཁོ་བོ་ཤིན་ཏུ་མ་བཟོད་པར། །རང་དབང་མེད་པའི་སྙིང་རྗེ་སྐྱེས། །དཀར་པོའི་ཆོས་ཀྱི་འཇམ་ཆར་ཕབ། །ཁྱེད་སླར་ཡང་མོས་ཤིང་དད་པར་གྱུར། །དོ་ཅིག་དུས་ཀྱི་ད་ཙམ་ན། །མཚར་སྡུག་ལྡན་པའི་བུད་མེད་ལྔ། །བསྐོར་ཞིང་བསྐོར་ཞིང་ཕྱག་འཚལ་ནས། །ཡ་མཚན་ཆེ་བའི་སྤྱན་གཟིགས་དྲངས། །རྩེ་གཅིག་གུས་པས་ཕྱག་འཚལ་ནས། །ངག་སྙན་པའི་ཚིག་གིས་ཞུ་ཕུལ་བ། །བྱང་ཆུབ་སེམས་ཀྱི་སྤྲིན་དཔུང་ལ། །བདུད་རྩིའི་ཆོས་ཆར་ཕོབས་ཤིག་སྐད། །ཁྱོད་དེ་ཙམ་གུས་པའི་སེམས་ཡོད་ན། །མི་ང་ཡི་ཅོད་པན་ནོར་བུ་ལ། །རྩ་གསུམ་པདྨའི་གདན་སྟེང་ན། །རྗེ་འགྲན་གྱི་དོ་མེད་སྐུ་དྲིན་ཅན། །སྒྲ་བསྒྱུར་མར་པ་ལོཙྪ་དེ། །དག་པ་ལོངས་སྐུའི་ཚུལ་དུ་བཞུགས། །ཁོང་ཐུགས་རྗེ་སྤྲིན་བྲལ་ཟླ་བ་ལ། །དྲི་མེད་དཀར་པོའི་འོད་འཕྲོས་པས། །གདུལ་བྱའི་སྙིང་གི་ཀུ་མུ་ཏ། །མཛེས་པའི་མེ་ཏོག་ཁ་ཕྱེས་ནས། །རྟོགས་པའི་ཟེའུ་འབྲུ་གཡོ་བར་བྱེད། །དེ་མཐོང་ངམ་འཇིག་རྟེན་མིག་བསྒྱུར་མ། །མ་མཐོང་སྒྲིབ་པ་ཆེ་བའི་ཕྱིར། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །ཁ་ན་མ་ཐོ་ལྗི་བ་རྣམས། །མཐོལ་ཞིང་བཤགས་པ་མ་བྱས་ན། །ཟབ་མོ་བཤད་པའི་སྣོད་མི་རུང་། །ཁྱོད་སྔོན་ཆད་མི་སྲུན་ཐོད་རྒལ་ཆེ། །ངན་སྤྱོད་གཡོ་སྒྱུ་གོམས་པའི་ཕྱིར། །ཕྱིན་ཆད་གཙིགས་ལ་དབབ་པ་ཡོད། །ཁས་བླངས་དམ་བཅའ་ལན་སྤྱོད་དམ། །བསྟན་པ་གཞན་དོན་མ་ལགས་ཏེ། །དགེ་དང་མི་དགེའི་ལས་རྣམས་ལ། །རྒྱུ་འབྲས་དག་པར་མ་བསམ་ན། །ངན་སོང་སྡུག་བསྔལ་མི་བཟོད་པས། །ཕྲ་ཞིང་ཕྲ་བའི་རྣམ་སྨིན་ལ། །བག་ཡོད་དྲན་པས་འཛིན་ཀྱང་འཚལ། །འདོད་ཡོན་སྐྱོན་དུ་མ་བལྟས་ཤིང་། །ཞེན་པ་ནང་ནས་མ་ལོག་ན། །འཁོར་བའི་བཙོན་རར་མི་གྲོལ་བས། །ཐམས་ཅད་སྒྱུ་མར་ཤེས་པའི་བློས། །ཀུན་འབྱུང་གཉེན་པོ་བརྟེན་ཡང་འཚལ། །འགྲོ་དྲུག་སེམས་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་གཟོ་ན། །ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་བསླབ་ཀྱང་འཚལ། །ལེགས་བཤད་དེ་ཚོ་ཉན་སྤྱོད་ན། །ཐེག་ཆེན་ལམ་གྱི་རྣལ་འབྱོར་པ། །འོ་སྐོལ་མིང་སྲིང་ལྟ་སྤྱོད་མཐུན། །གནས་སྐབས་བགྲོད་པའི་ལམ་ཡང་གཅིག །ཡོན་ཏན་ཕྲིན་ལས་མཐར་ཕྱིན་ནས། །དག་པ་མངོན་དགའི་ཞིང་ཁམས་དེར། །ལྷན་ཅིག་སྐྱེ་བར་གདོན་མི་ཟ། །
ཞེས་པའི་དོན་དེ་རྣམས་རྗེ་བཙུན་གྱིས་མགུར་དུ་བཞེས་ཏེ་བཀའ་སྩལ་པ། བཞིན་བཟང་མ་རྣམས་དུས་སྙིགས་མའི་སེམས་ཅན་ཉོན་མོངས་པའི་རྟོག་པ་ཤིན་ཏུ་རགས་པ་ཡིན་པས། གཅིག་ཆར་དུ་ཡང་གཉེན་པོ་སྐྱེ་བ་ཡང་ཤིན་ཏུ་དཀའ་བ་ཡིན་པས། རང་རང་གི་རིགས་སོ་སོའི་རྟོགས་པའི་རྒྱུད་ཚོད་དང་སྦྱོར་ལ། ཅི་རིགས་པའི་དམ་བཅའ་ཁས་ལོངས་ཤིག །ཅེས་གསུངས་པས། བཞིན་བཟང་མ་རྣམས་ཀྱིས་སླར་གསོལ་པ། རྗེ་བཙུན་ལགས། ཁྱེད་ཐུགས་བརྩེ་བ་ཆེན་པོས་མི་བཟོད་པའི་ཕྱིར། ལས་རྒྱུ་འབྲས་ཀྱི་ཆོས་ལ་ཆེད་དུ་བསྐྱར་ཞིང་ནན་ཏན་དུ་གསུངས་པས་ངོ་མཚར་ཆེ་ནའང་། ངེད་ཅག་རྣམས་ཀྱང་སྔོན་དུར་ཁྲོད་ཆེན་པོ་ཧ་ལ་སེང་ཧ་ཞེས་བྱ་བ་དེར་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དང་། ཏ་མ་ལ་རི་ཁྲོད་མ་དང་། གཏུམ་མོ་དང་སྔོ་སངས་མ་ལ་སོགས་པའི་ཞིང་སྐྱོང་གི་མཁའ་འགྲོ་མ་གྲུབ་པ་མོ་རྣམས་དང་། རྣལ་འབྱོར་མ་བྷི་ན་མོ་བཛྲ་ལ་སོགས་གྲུབ་པ་བརྙེས་པའི་རྗེ་བཙུན་མ་འགའ་ཞིག་ལས། བྱང་ཆུབ་སེམས་ཀྱི་ཕན་ཡོན་བརྗོད་པ་དང་། ལས་རྒྱུ་འབྲས་རྣམ་པར་དཀར་བ་དང་། གནག་པའི་དོན་བཤད་པ་མང་དུ་ཐོས་པས་དེ་ཙམ་གསུང་མི་འཚལ་གྱི། ད་ལྟ་ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་མི་སྡུག་པའི་ཚུལ་སྟོན་པ་ལྟར་སྣང་ནའང་། ཁྱེད་རི་ཁྲོད་འགྲིམ་པའི་བསམ་གཏན་པ་རྣམས་ལ། ཉམས་ཀྱི་གདེང་ཅི་འདུག་ལྟ་ཞིང་རྟོགས་པའི་བོགས་དབྱུང་བའི་ཕྱིར་དང་། བཀའ་ཡི་བསྟན་པ་སྤྱིའི་བྱ་ར་བགྱི་བའི་ཕྱིར་བསྟན་པ་ཙམ་མ་ལགས་པ། ཞེ་ཐག་པ་ནས་གནོད་འགྱུར་གྱི་ལས་ཅུང་ཟད་ཀྱང་མི་བགྱིད་པར་འཚལ་བས། ཅི་ནས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གནང་འཚལ། ཞེས་ཞུ་བ་འབུལ་དུ་བྱུང་བས། རྗེ་བཙུན་གྱིས་གནང་བ་མཛད་དེ། བཀའ་སྩལ་པ། བཞིན་བཟང་མ་རྣམས་ཁྱེད་འདི་ཙམ་དུ་བསྐྱར་ཞིང་ནན་ཏན་དུ་ཞུ་བ་འབུལ་བ་ལ། ཅིའི་ཕྱིར་མི་གནང་སྟེ། ད་ཅི་འབྱོར་བའི་མཆོད་པ་དང་མཎྜལ་ཤོམ་ལ་ཕྱག་དང་བསྐོར་བ་གྱིས་ཤིག་ཁོ་བོ་ལ་ཡང་སེམས་བསྐྱེད་པའི་ཡོན་དུ་ཟང་ཟིང་གི་དངོས་པོ་གཞན་མི་འདོད་པས། འཇིག་རྟེན་པའི་དངོས་གྲུབ་རེ་རེ་ཕུལ་ལ་སོ་སོ་རང་རང་གི་མིང་ནས་བརྗོད་ཅིག །ཅེས་གསུངས་པས། ཁོང་རྣམས་ཤིན་ཏུ་སྤྲོ་བཞིན་དུ་བཀའ་བསྒོ་བ་ལྟར་བསྒྲུབས་ཏེ། གྲལ་དུ་འཁོད་ནས་རབ་ཏུ་གུས་པ་དང་བཅས་པས་ཐལ་མོ་སྤྱི་གཙུག་ཏུ་སྦྱར་ཏེ་མདོངས་གསོལ་པ། ལྔ་ཚིགས་ཀྱི་དབུས་མ་གཙོ་མོར་འོས་པ་ཅིག་ན་རེ། བདག་འདི་རྣམས་ཀྱི་གཙོ་མོ་ལགས་ཏེ། བདག་གི་མིང་ནི་བཀྲ་ཤིས་ཚེ་རིང་མ་ཞེས་བགྱི། སྲིད་སྲུང་རིགས་རྒྱུད་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། གཙོ་མོའི་གཡས་ངོས་ཀྱི་བུད་མེད་གཅིག་ན་རེ། བདག་གི་མིང་ནི་མཐིང་གི་ཞལ་བཟང་མ་ཞེས་བགྱི། སྣང་གསལ་པྲ་ཡི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། དེའི་ཡང་གཡོན་ལོགས་ན་འཁོད་པའི་བུད་མེད་ཅིག་ན་རེ། བདག་གི་མིང་ནི་ཅོད་པན་མགྲིན་བཟང་མ་ཞེས་བགྱི། བང་མཛོད་འབྲུ་ནོར་གྱི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། གཙོ་མོའི་གཡོན་ངོས་ཀྱི་བུད་མེད་ཅིག་ན་རེ། བདག་གི་མིང་ནི་མི་གཡོ་བློ་བཟང་མ་ཞེས་བགྱི། རྨ་གཡང་ཟས་ཀྱི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། དེའི་ཡང་གཡོན་ན་ལོགས་ན་འཁོད་པའི་བུད་མེད་ཅིག་ན་རེ། བདག་གི་མིང་ནི་གཏད་དཀར་འགྲོ་བཟང་མ་ཞེས་བགྱི། རྐང་བཞི་ནོར་ཕྱུགས་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། དེར་རྗེ་བཙུན་གྱིས་ཁོང་ཅག་རྣམས་ལ་གོ་རིམ་བཞིན་སྐྱབས་འགྲོའི་སྡོམ་པ་དང་། སོ་སོར་ཐར་པའི་བསྙེན་གནས་དང་ཐེག་པ་ཆེན་པོའི་སྨོན་འཇུག་གི་སེམས་བསྐྱེད་ཚུལ་བཞིན་དུ་ཕོག་ནས། སྡོམ་པ་སྤྱིའི་ཆོ་ག་དང་བསླབ་བྱ་རྣམས་ལེགས་པར་བཤད་པ་ལས། འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་དེ་རྣམས་རབ་ཏུ་དགའ་ཞིང་ངོ་མཚར་བ་ལས་ཁོང་ཅག་རྣམས་ན་རེ། རྗེ་བཙུན་ཆེན་པོའི་ཞལ་ནས་གསུངས་པ་ལྟར་རྔོ་མ་ཐོགས་ཀྱང་རྗེས་སུ་མཐུན་པར་སློབ་ཅིང་། བཀའ་ལས་མི་འདའ་བར་བགྱིད་པ་དང་། སྐུ་དྲིན་ནམ་ཡང་མི་བརྗེད་པར་འཚལ་ལོ། །ཞེས་བྱས་པ་དྲིན་དུ་བཟོ་བའི་ཚིག་གི་གཏང་རག་བཏང་ནས། རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས་ཕྱག་དང་སྐོར་བ་མང་དུ་བྱས་ནས། ཅུང་ཞིག་མཐོང་གི་བར་དུ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར། དེ་ནས་རྒྱང་རིང་དུ་སོང་བ་དང་འོད་དུ་ཡལ་ནས་སོང་སྐད་དོ།། །།
དེ་ནས་ཡང་ཟླ་བ་དེའི་ཕྱི་མར་སོང་བའི་ཚེས་བཅུ་གཅིག་གི་ནུབ་མོ། སྔོན་ཆད་ཐོ་འཚམས་པ་ལ་བྱུང་བའི་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན་གྱི་སྡེ་དཔོན་དེ་རྣམས། སོ་སོ་རང་རང་གི་རིགས་དང་མཐུན་པའི་འཁོར་དཔུང་བུ་ཆུང་གི་ཚོགས་དང་བཅས་པ་དང་། འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་དེ་རྣམས་སྒེག་ཅིང་མཛེས་པ་མི་མོ་གཞོན་ནུའི་ཆ་བྱད་དུ་བསྒྱུར་ནས། ལྷབ་ལྷུབ་དར་གོས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་སྤུད་པ་དང་ཨུད་པ་ལའི་དོ་ཤལ་དང་། ཕྲེང་བ་སལ་སིལ་དང་། སེ་མོ་དོ་ལ་སོགས་པའི་ཆས་ཀྱིས་རབ་ཏུ་བརྒྱན་ཏེ་བྲན་དང་འཁོར་གཡོག་དུ་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁའ་ལ་ལྷག་ནས། ལྷ་མ་སྲིན་དེ་རྣམས་ཀྱིས་རྗེ་བཙུན་ལ་མེ་ཏོག་སྣ་ཚོགས་ཀྱི་ཆར་ཕབ། སྤོས་དང་རོལ་མོ་སྣ་ཚོགས་ཀྱི་མཆོད་པ་ཕུལ། བཟའ་བ་དང་བཅའ་བ་གྱ་ནོམ་པ་སྣ་ཚོགས་ཀྱི་སྤྱན་གཟིགས་དྲངས་ནས། རྗེ་བཙུན་ཁྱེད་རང་གི་ཐུགས་ཉམས་སུ་མྱོང་བའི་རྟོགས་ཚད་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་ལམ་གྱི་སྐྱེལ་ས་འདི་ལས་མེད་ཅེས་པའི་ངེས་དོན་གྱི་ཆོས་ཤིག་ངེད་འདིར་ཚོགས་པའི་ལྷ་མ་སྲིན་རྣམས་ལ་གསུང་འཚལ་ཞེས་ཞུས་པས། དེའི་དུས་སུ་རྗེ་བཙུན་གྱིས་རྟོགས་ཚད་ལྟ་བའི་མགུར། གནས་ལུགས་ངེས་དོན་འབའ་ཞིག་གི་གདམས་པ་འདི་གསུངས་སོ། །
ཡང་བལ་བོད་གཉིས་ཀྱི་སོ་མཚམས་ན། །ཡུལ་ཡ་མཚན་ཅན་གྱི་དིང་མ་བྲིན། །ཟོང་འདོད་དགུ་འབྱུང་བའི་ཚོང་འདུས་ན། །ལྷ་སྨན་བཙུན་མོ་དཔལ་མགོ་མ། །དཔའ་བརྗིད་གངས་ཀྱི་རྒྱལ་མོ་ལ། །ཚེ་གཡུང་དྲུང་བརྟན་པའི་ཟུར་ཕུད་ཅན། །དེ་མཚན་སྙན་བཀྲ་ཤིས་ཚེ་རིང་མ། །རི་ན་བུན་འཐིབས་པའི་གཡོན་ཟུར་ན། །འབྲོག་རྨ་གཡང་གངས་ཀྱི་བསྐོར་བ་དེ། །སྨན་ལུང་ཆུ་བར་མ་ལགས་སམ། །གནས་དེ་ན་རྩེ་གཅིག་ཉམས་ལེན་པ། །ང་མི་ལ་རྣལ་འབྱོར་མ་ལགས་སམ། །མི་ང་ལ་སྔོན་ཆད་ཐོ་འཚམས་པ། །ཅོ་འདྲི་བཞད་གད་བྱེད་པ་དེ། །ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །ཤིན་ཏུ་དྲེགས་ཤིང་མི་སྲུན་པ། །རྣལ་འབྱོར་ཡོངས་ཀྱི་དྲོད་ཉུལ་བ། །དེ་རིང་འདིར་ཚོགས་མ་ལགས་སམ། །དེ་བར་དགུན་ཟླ་སྔ་མ་ལ། །ཡིད་འཕྲོག་བུ་མོ་མཛེས་མ་ལྔ། །བླ་མེད་མཆོག་ཏུ་སེམས་བསྐྱེད་དེ། །ཅི་འདོད་དངོས་གྲུབ་ཁས་བླངས་ནས། །མི་སྣང་མཁའ་ལ་འཕུར་ནས་ཐལ། །དེ་ཡང་ངོ་མཚར་ཁྱེད་ཅག་ལྔ། །དགུང་དོ་ནུབ་དཀར་གསལ་ཟླ་མདངས་ལ། །སྤྲུལ་པའི་བུད་མེད་བཞིན་བཟང་མ། །གར་བསྒྱུར་སྒེག་པའི་ཆ་བྱད་ཅན། །ལྷབ་ལྷུབ་དར་གྱི་ན་བཟའ་ཅན། །དོ་ཤལ་རྒྱན་གྱིས་མཛེས་པ་ཅན། །གཙོ་མོ་ཁྱོད་ཀྱིས་མདངས་གསོལ་ནས། །སྡེ་བརྒྱད་དྲེགས་པའི་ལྷ་མ་སྲིན། །སྡེ་དང་དཔུང་དང་དམག་མི་དང་། །རིགས་མཐུན་འཁོར་དང་བཅས་པ་རྣམས། །ནམ་མཁའ་ཁེངས་པའི་མཆོད་སྤྲིན་དང་། །རོ་བརྒྱ་ལྡན་པའི་ཞལ་ཟས་དང་། །སྣ་ཚོགས་རོལ་མོ་ཕུལ་ནས་ཀྱང་། །ངེས་དོན་དགོངས་པ་ཞུ་བ་དེ། །ཁྱེད་སྣང་སྲིད་ལྷ་འདྲེ་མ་ལགས་སམ། །ཚིག་དེ་སྐད་ཟློ་ན་རྣ་བར་སྙན། །ངག་བདེན་པར་བཀྲོལ་ན་ཀུན་ཀྱང་ཉན། །ད་ཅ་ཅོ་མ་ཟེར་གླུ་འདི་ཉོན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །འདོད་པའི་བྱེ་བྲག་སྣ་ཚོགས་ཡོད། །ངར་འཛིན་ལྟ་བ་ཐ་དད་ཡོད། །རེ་དྭོགས་ཡོད་པ་སྣ་ཚོགས་ཡོད། །གཞི་བདག་ཏུ་ལྟ་བ་ཤིན་ཏུ་མང་། །ཁྱེད་བློ་དམན་རྣམས་ཀྱི་བསམ་ངོས་ལ། །བསྟུན་ནས་སངས་རྒྱས་ཀུན་མཁྱེན་གྱིས། །ཐམས་ཅད་ཡོད་པར་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་དུ་ནི། །བགེགས་ལས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱ་ས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལ་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚུལ་ཡིན། །ཁྱེད་འདིར་འཚོགས་ལྷ་འདྲེའི་རྣ་ལམ་དུ། །ཆོས་བདེན་པ་བས་ཀྱང་བོན་སྒྲ་ཉན། །ཨ་བི་ར་ཡི་རྒྱལ་ཁམས་སུ། །མཁས་པ་བས་ཀྱང་སྨྱོ་བ་འབྲིམ། །དུར་ཁྲོད་ཉུལ་བའི་ཝ་སྤྱང་རྣམས། །སེང་གེའི་ང་རོས་འཇིགས་ཤིང་སྐྲག །འགའ་ཞིག་སྐལ་ལྡན་ཡོད་སྲིད་ན། །འདི་ཐོས་པས་ནི་གྲོལ་འགྱུར་ཤོག །ལར་མི་ང་ལ་དགའ་བའི་ཉམས་ཤིག་ཤར། །བསཱོ་རེ་དགའ་རེ་སྐྱིད་ཐོལ་ལེ་རྒྱལ། །
ཞེས་པའི་མགུར་བཞེས་ཏེ། དེ་དག་གི་དོན་སོ་ནི། སྤྱིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅིག་གསུངས་པ་དེ་དག་ཐམས་ཅད་གདུལ་བྱ་གང་ཟག་གི་བསམ་དངོས་དང་བསྟུན་ནས་ཐེག་པ་སྣ་ཚོགས་སུ་བསྟན་པ་ཡིན་གྱི། མཐར་ཐུག་གི་སྐྱེལ་ས་གཅིག་ལས་མེད་དེ། གཅིག་པོ་དེ་གཞི་ཆོས་ཉིད་མ་བཅོས་པ་ཡིན། དེའི་ཡིན་ལུགས་ཤེས་པ་ཙམ་གྱིས་མི་གྲོལ་ཏེ། ལམ་སྦྱངས་པ་མངོན་དུ་འགྱུར་དགོས་ལ། དེ་ལ་ལམ་གྱི་ངོ་བོ་སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཡིན། ལམ་གྱི་བགྲོད་ཚུལ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་ཡོད་ཀྱང་། མདོ་ཧྲིལ་གྱིས་དྲིལ་བ་ལ། ཐབས་ཤེས་ཟུང་འཇུག་གམ་བདེན་གཉིས་དབྱེར་མེད་དུ་འཁྱེར་འཚལ་ལོ་ཞེས་གསུངས་པས། ལྷ་མ་སྲིན་དེ་རྣམས་ཀྱི་ནང་ནས་སྔར་སེམས་བསྐྱེད་པའི་མཁའ་འགྲོ་མ་ལྔ་པོ་དེ་སྟན་ལས་ལངས་ནས་གཡོན་ཕྱོགས་སུ་འཁོད་དེ་མགྲིན་གཅིག་བསྡེབས་ནས། ཡོན་ཏན་མཐོང་ཚུལ་གྱིས་བསྟོད་པའི་གླུ་འདི་ཕུལ་ལོ། །
དགུང་མཁའ་ལ་འོད་གསལ་ཤར་གྱི་འོག །རི་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱུད། །དྭོགས་ཁྲ་བོ་རང་བཞིན་གསེར་གྱི་གདན། །འབྲོག་རྨ་གཡང་འབབ་པའི་སྨན་ལུང་ན། །ས་བྱིན་གྱིས་བརླབས་པའི་ཆུ་བར་ན། །ད་དུས་བསྟན་པའི་སྙིགས་མ་ལ། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །རྟོག་མེད་བདུད་རྩིའི་ཟས་ཟ་ཞིང་། །རང་བྱུང་དྲི་ཆུ་སྐོམ་དུ་འཐུང་། །སྨེ་གཙང་ངོ་ཚ་མེད་པ་གཅིག །སྨྱོན་པ་ལྟ་བུའི་སྤྱོད་པ་བྱེད། །མི་ཁྱོད་ལ་ཉམས་ཚད་བྱེད་པའི་ཕྱིར། །ལོ་གཞེ་ཉིང་དབྱར་གྱི་ཟླ་བ་ལ། །ལ་ཕྱི་སྣ་ཡོན་ཆུ་མདོར་ཕྱིན། །ཁྱོད་སེང་ལྡེང་ཚེར་མའི་ནགས་འདབ་ན། །བག་མེད་གཅེར་བུའི་ཆ་བྱད་ཀྱིས། །རིགས་ངན་བུ་མོ་ལོངས་སྤྱོད་ཅིང་། །དངུལ་དཀར་མེ་ལོང་ལྟ་བ་མཐོང་། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །ཟད་པར་སྐྱེ་མཆེད་བསྟན་ནས་ཀྱང་། །ལུས་མེད་ནམ་མཁར་ཐིམ་པ་མཐོང་། །དེ་ལ་ངོ་མཚར་ལོག་ནས་ཕྱིན། །དེ་རྗེས་སྟོན་ཟླ་འབྲིང་པོ་ལ། །ཁྱོད་མཆོང་ལུང་བྲག་ལ་བསྒོམས་པའི་ཚེ། །མཉམ་བཞག་བསམ་གཏན་ཉུལ་དུ་ཕྱིན། །ཁྱེད་ཉི་མ་ཟླ་བའི་གོས་གྱོན་ཅིང་། །མགོ་ལ་མེ་ཏོག་ཕྲེང་བས་བརྒྱན། །ལུས་ལ་ཐལ་ཆེན་རཀྟས་བྱུག །ལག་ན་གདུགས་དང་རྒྱལ་མཚན་ཐོགས། །གཅན་གཟན་རྒྱལ་པོ་ཞོན་ནས་ཀྱང་། །ནམ་མཁའི་དབྱིངས་སུ་འགྲོ་བ་མཐོང་། །དེ་ནས་མི་སྣང་ཡལ་བ་མཐོང་། །དེ་ལ་བར་ཆད་སྐབས་མ་རྙེད། །དུས་ན་ནིང་དབྱར་ཟླ་འབྲིང་པོ་ལ། །ཁྱོད་རྣལ་འབྱོར་སེམས་ཀྱི་དཔའ་བསྐོངས་ཤིང་། །ཏིང་འཛིན་བར་ཆད་བྱ་སྙམས་པས། །ཁྱོད་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ན། །མེ་དཔུང་འབར་བའི་གོས་གྱོན་ཅིང་། །མགོ་ལ་དུག་སྦྲུལ་ཐོད་དུ་བཅིངས། །རལ་གྲིའི་སོ་ལ་རྒྱབ་གཏད་དེ། །མདུང་རྩེའི་ཁ་ལ་སྐྱིལ་ཀྲུང་བཅས། །ཡིད་བཞིན་ནོར་བུ་སྒང་དུ་རྩེ། །རི་བོ་གྱུར་མིད་བྱེད་པ་མཐོང་། །འདི་ལ་ཡ་མཚན་ངོ་མཚར་སྐྱེས། །ཁྱེད་རིག་པ་སེམས་ཀྱི་དབང་བསྒྱུར་བས། །སྣང་ཞིང་མི་སྣང་སྤྲུལ་པའི་གཟུགས། །སྣ་ཚོགས་རྫུ་འཕྲུལ་སྟོན་པའི་ཕྱིར། །བརྒྱ་བྱིན་ལྟ་བུའི་རྣལ་འབྱོར་པ། །བློ་ཡ་ང་མེད་པའི་སྙེམས་དང་བྲལ། །སེམས་ཉིད་རེ་དྭོགས་བྲལ་བའི་ཕྱིར། །སེང་གེ་ལྟ་བུའི་རྣལ་འབྱོར་པ། །མི་སྐྲག་མི་དངངས་ཞུམ་པ་མེད། །བར་ཆད་རྒོལ་བས་མི་འཇིགས་པས། །གླང་ཆེན་ལྟ་བུའི་རྣལ་འབྱོར་པ། །ཞལ་མཐོང་ནས་དགའ་ཞིང་བ་སྤུ་གཡོ། །བལྟས་ཤིང་རིག་པ་ཙམ་གྱིས་ཀྱང་། །གཞན་དོན་བར་ཆད་སེལ་བའི་ཕྱིར། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །རྗེ་ནམ་མཁའི་མཚོན་པའི་རྣལ་འབྱོར་པ། །མཚན་མའི་གཡེང་བས་མི་བསྐྱོད་ཅིང་། །ཡི་གེ་མེད་པས་དོན་རྟོགས་པས། །བར་ཆད་བདུད་ཀྱི་སྐབས་མ་རྙེད། །ངེད་སྔོན་ཆད་མ་ཤེས་ཐོ་འཚམས་པས། །གནོད་སེམས་བར་ཆོད་བཟློག་པའི་ཕྱིར། །རྟགས་དང་ཆོ་འཕྲུལ་སྣ་ཚོགས་པས། །ངོ་མཚར་དུ་མ་བསྟན་ནས་ཀྱང་། །གསུང་ངག་བདེན་པས་ཆོས་བཤད་དེ། །ཐམས་ཅད་ཞི་བའི་ལམ་ལ་བཀོད། །བཀྲ་ཤིས་དགུན་ཟླ་སྔ་མ་ལ། །ཐམས་ཅད་མཁྱེན་པའི་རྒྱུ་ཡི་གཞི། །རིན་ཆེན་མྱུ་གུ་བསྐྱེད་པ་གནང་། །མ་ནོར་ལམ་སྟོན་དགེ་བའི་བཤེས། །འགྲོ་བའི་དཔལ་མགོན་རྗེ་བཙུན་ཁྱེད། །ཕྱི་མའི་དུས་ནས་ཤར་ཕྱོགས་ཀྱི། །མངོན་དགའ་ཞེས་བྱའི་ཞིང་ཁམས་དེར། །ཕོ་བྲང་གཙོ་བོ་མི་བསྐྱོད་པའི། །ཐུགས་ཀྱི་སྲས་སུ་སྤྱན་འདྲེན་ཚེ། །ས་བླ་ས་འོག་ས་སྟེང་གི །དཔའ་བོ་མཁའ་འགྲོ་མ་རྣམས་དང་། །གཙང་མ་རིས་ཀྱི་ལྷ་རྣམས་ཀྱིས། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ། །མཆོད་སྤྲིན་མཛེས་པའི་ཚོགས་རྣམས་ཀྱིས། །སྔོན་ནས་བསུ་ཞིང་ཤུལ་མཚོན་ཏེ། །མཁའ་སྤྱོད་གནས་སུ་གཤེགས་པའི་ཚེ། །ཁྱེད་ཀྱི་ཞལ་མཐོང་གསུང་ཐོས་པའི། །སྣང་བ་མི་དང་མི་མ་ཡིན། །ངེད་ཅག་འཁོར་དུ་གཏོགས་པ་རྣམས། །ཕྱི་བཞིན་ཞབས་འབྲིང་བྱེད་པར་ཤོག །
ཅེས་ཁྱད་པར་གྱི་ཡོན་ཏན་མཐོང་ཚུལ་རྣམས་དང་། དག་པ་སྨོན་ལམ་གྱིས་མཇུག་བསྡུ་བའི་གླུ་དེ་དག་རྗེ་བཙུན་ལ་ཕུལ་བ་དང་། རྗེ་བཙུན་གྱིས་དགོངས་པ་བཏང་བ་ལ། འཇིག་རྟེན་གྱི་མཁའ་འགྲོ་མ་འདི་རྣམས་ཤིན་ཏུ་མི་སྲུན་ཅིང་གདུལ་དཀའ་བས། ད་རུང་དམ་ལ་བཏགས་ཤིང་གཙིགས་ལ་དབབ་དགོས་སྙམས་ནས། བཀའ་སྩལ་པ། བཞིན་བཟང་མ་ཁྱེད་ང་ལ་འདི་ཙམ་དད་ཅིང་གུས་པ་དང་། དུས་ཕྱི་མ་ལ་སྨོན་ལམ་འདེབས་པ་ཚུན་ཆད་ཀྱི་གདུང་སེམས་ཡོད་པ་ངོ་མཚར་ཆེ་བས། ད་ཅི་གོང་དུ་བསྟན་པ་ཡན་ཆོད་རིག་པ་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་ཀྱི་སྡོམ་པས་ཐམས་ཅད་མཁྱེན་པའི་ལམ་བགྲོད་པར་བསྟན་པ་ཡིན་ལ། ད་ཁྱད་པར་དུ་ལམ་མྱུར་ཞིང་ཐབས་མང་དཀའ་བ་མེད་པར་སྟོན་པ། རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་གིས་ལུང་སྦྱིན་པར་བྱ་ཡི། ཁྱེད་རང་རྣམས་ཀྱི་སྲོག་གི་སྙིང་པོ་རེ་རེ་ང་ལ་ཕུལ་ལ། ཅི་འབྱོར་པའི་མཆོད་པ་དང་གཏོར་མ་ཤོམས་ཤིག །ཅེས་གསུངས་པ་ལ། ཁོང་རྣམས་རབ་ཏུ་དགའ་ཞིང་སྤྲོ་བར་གྱུར་ཏེ། མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས། ཕྱག་དང་སྐོར་བ་མང་དུ་བྱས་ཏེ་རང་རང་གི་སྲོག་གི་སྙིང་པོ་རེ་རེ་མདངས་གསོལ་དུ་ཕུལ་ནས། རྗེ་བཙུན་གྱི་སྤྱན་ལམ་དུ་རིམ་གྱི་འཁོད་པ་ལ། རྗེ་བཙུན་གྱིས་ཁོང་ཅག་རྣམས་ལ་ཇོ་མོ་སྒྲོལ་མའི་རིག་པ་གཏད་པའི་ཆོ་ག་མཛད། ལྷ་མོ་ཀུ་རུ་ཀུ་ལེ་ཡི་དམ་དུ་ཕོག །སྙིང་པོ་བཟླས་པའི་ལུང་རྗེས་སུ་གནང་ནས། ཡང་ནན་ཏན་དུ་གདམས་ཏེ། བཀའ་སྩལ་པ། བཞིན་བཟང་མ་རྣམས་ད་ཕྱིན་ཆད་འོ་སྐོལ་འདིར་འཚོགས་པ་རྣམས། དམ་ཚིག་གཅིག་གིས་བསྡུས་པའི་སློབ་འབངས་ཡིན་པས། སྤྱོད་ལམ་རྣམ་བཞི་ལས་དང་བྱ་བ་ཅི་དང་ཅི་བྱེད་ཀྱང་། དུས་རྟག་ཏུ་བླ་མ་སྤྱི་བོར་བསྒོམ། ལེགས་ཉེས་ཅི་བྱུང་ཡང་སྐྱབས་དཀོན་མཆོག་གསུམ་མ་གཏོགས་པ་ཇོ་བོ་གཞན་ནས་མ་འཚོལ་ཅིག །ཕྱི་སྣོད་རང་བཞིན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡིན་ལ། ནང་བཅུད་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷ་ཡིན་པས། འགྲོ་བ་གང་དང་གང་མཐོང་ཡང་མོས་ཤིང་གུས་པར་བྱེད་དགོས་ཀྱི། གནོད་ཅིང་འཚེ་བ་དང་གཤེ་ཞིང་སྨད་པ་སྐད་ཅིག་ཀྱང་མི་རུང་བས། དུས་དང་རྣམ་པ་ཐམས་ཅད་དུ་ལྷ་ཡི་ང་རྒྱལ་དང་མ་བྲལ་བར་གྱིས་ཤིག་གསུངས་པས། མིག་བསྒྱུར་མ་རྣམས་ཀྱིས་སླར་གསོལ་པ། རྗེ་བཙུན་ལགས། ཐེག་པ་ཆེན་པོའི་རིག་པ་འཛིན་པ་སྔགས་ཀྱི་ལུགས་ཀྱིས། དུས་མྱུར་དུ་ལམ་བགྲོད་པར་སླ་ཞིང་ཐབས་མང་དཀའ་བ་མེད་པར་འགྲུབ་པ་དང་། ཁྱད་པར་གྱི་དམ་ཚིག་གནང་བ་སྐུ་དྲིན་ཤིན་ཏུ་ཆེ་ཡང་། ངེད་ཅག་མ་དག་པའི་འགྲོ་རྒྱུད་འཁོར་བ་ཐོག་མ་མེད་པ་ནས་བག་ཆགས་གོམས་པའི་རྒྱུན་འཐུག་པ་དང་། ཁྱད་པར་ཡང་བུད་མེད་སྐྱེ་བ་དམན་ཞིང་བློ་གྲོས་ཞན་པས། རྗེ་བཙུན་གྱིས་གསུངས་པའི་དོན་དེ་ལྟར་ཅུང་ཟད་རྒྱུད་ལ་མི་སྐྱེ་ཡང་། བགས་ཀྱིས་གཞོལ་ཞིང་བསླབ་པར་བགྱིའོ། །གཞན་འགྲོ་དྲུག་སེམས་ཅན་དུ་གྱུར་པ་ལ་ཡི་དམ་ལྷར་ལྟ་བ་མ་བྱུང་ཡང་གནོད་ཅིང་འཚེ་བ་ལས་ཟློག་པ་དང་། ཡུལ་ཉེ་བར་གྱུར་པ་རྣམས་ལ་ནི་ཕན་པ་དང་བདེ་བའི་དངོས་པོ་ཅི་རིགས་པའི་སྒོ་ནས་སྡོང་གྲོགས་བགྱིད་ཞིང་། ཁྱད་པར་དུ་རྗེ་བཙུན་གྱི་བཀའ་འཁོར་རིགས་རྒྱུད་དུ་གཏོགས་པ་ཐམས་ཅད་ལ་སྲུང་ཞིང་བསྐྱབ་པ་དང་ཡོངས་སུ་སྦ་བར་བགྱི་སྟེ། བསྒྲུབ་པའི་མཐུན་རྐྱེན་ཅི་དང་ཅི་དགོས་པ་ཐམས་ཅད་ཁོ་མོ་ཅག་འབངས་རྣམས་ཀྱིས་བསྒྲུབ་པར་བགྱིའོ། །ཞེས་ཁས་བླངས་ནས་ཞབས་ལ་ཕྱག་འཚལ། བསྐོར་བ་མང་དུ་བྱས་ནས་བར་སྣང་ལ་ཡང་འཕུར་ནས་སོང་སྐད་དོ། །
རྗེ་རས་པ་ཆེན་པོ་དཔལ་བཞད་པ་རྡོ་རྗེ་དང་། ཇོ་མོ་བཀྲ་ཤིས་ཚེ་རིང་མས་དབུ་མཛད་པའི་འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་ལྔ་ཡིས་ཐེག་པ་མཆོག་གི་སེམས་བསྐྱེད་པའི་དོན་དྲིས་ལན་མགུར་དུ་བཞེས་པ་བདུད་རྩི་འོད་ཀྱི་ཕྲེང་བ་ཞེས་བྱ་བ་འོམ་ཆུང་དཔལ་གྱི་ནགས་འདབས་སུ་ངན་རྫོང་སྟོན་པ་བོ་དྷི་ར་ཙ་དང་རས་པ་ཞི་བ་འོད་གཉིས་ཀྱིས་བཀའ་བསྒྲོ་བ་མཛད་དེ། གསུང་སྒྲོས་ལ་འཕྲི་བསྣན་ཆད་ལྷག་མེད་པར་ནན་ཏན་དུ་བྱས་ཏེ་ཡི་གེར་བཀོད་པའོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact