| / Buddhism / Milarepa |
Jetsun Milarepa's History by 3rd Karmapa (26)
རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།
དེ་ནས་རས་ཆུང་བ་ལྷ་ལྕམ་ལ་བྲོས་ནས་སོང་བ་བླ་མའི་དྲུང་དུ་སླེབས་པ་ལ། ཞག་བཅོ་ལྔ་ལ་མཇལ་ས་མ་བྱུང་། ཉིན་གཅིག་ཚོགས་དང་གཏོར་མའི་རྒྱུ་མང་པོ་ཁྱེར་ལ་ཤོག་གསུངས་ནས། རས་པ་རྣམས་འབྱོན་ཅིང་འདུག་པའི་ཟླ་ལ་རས་ཆུང་པ་ཡང་བྱོན་པ་ལ། བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་བཞེངས་འདུག་པ་རས་ཆུང་པ་ལ་དབང་བསྐུར་ཅིག་གནང་བ་ཡིན་གསུངས། དེ་ཙ་ན་སྔར་སྤྲང་པོ་ལ་བྱིན་པའི་གཡུ་དེ་མཎྜལ་ཞིག་གི་སྟེང་ན་ངོ་ཤེས་སེ་འདུག་པས། རས་ཆུང་པ་ལུས་སྦྲིད་ཆིལ་ལེ་སོང་བས་རྐྱེན་བྱས་ཏེ། འཁོར་བའི་ཞེན་པ་ལ་ནག་ལོག་གེ་ཐལ། དེ་ཕྱིན་ཆད་ནས་སྐྱིད་འདོད་ཀྱི་འདུན་པ་ཟད་དོ། །དེར་བླ་མ་རྗེ་བཙུན་གྱི་ཞལ་ནས། ཁྱོད་རས་ཆུང་པ་ངའི་འཁོར་གྱི་དང་པོ་ཡིན་པས་ཅུག་བྱས་ཀྱང་བློས་གློད་མ་ནུས། ཁྱེད་འགྲོ་འདུག་མང་བས་ང་ཡང་སེམས་སྤུན་བཅུག །ད་རེས་ཀྱང་ཁྱོད་ལ་སྙིང་རུས་དུམ་པ་ཅིག་དང་བླ་མ་ལ་དད་པ་གཅིག་དང་གཉིས་སྣང་ལ་ང་ཡང་བརྟེན་ས་བྱུང་། ཁྱོད་ཀྱང་བརྟེན་ས་བྱུང་ལར་ང་མིན་ན་ཁྱེད་བླ་ཆེན་པོ་འཚོང་རྩིས་བྱས་གསུང་ནས་མགུར་འདི་གསུངས་སོ། །
ཕ་མར་པའི་བྱིན་རླབས་ནུས་པ་ཆེ། །མི་ལའི་རྫུ་འཕྲུལ་གནད་འགག་ཆེ། །རས་ཆུང་གི་སྙིང་རྗེ་གཏོང་ཕོད་ཆེ། །གཡུ་སྤྲང་པོ་ལ་བྱིན་པ་མི་ལས་ལོན། །དོ་ནུབ་བདེ་མཆོག་དབང་ཡོན་མཛོད། །ལར་སྙིང་རྗེ་མ་ནུས་པ་ལ་བྱས་པ་དེ། །དུས་གསུམ་སངས་རྒྱས་མཆོད་དང་འདྲ། །སྙིང་རྗེས་སྤྲང་ལ་བྱིན་པ་ན། །མི་ལ་རས་པ་མཆོད་པ་ཡིན། །ཁམས་གསུམ་སེམས་ཅན་མ་ཡིན་པའི། །དེ་ལ་སེལ་འབྱེད་བྱེད་པ་རྣམས། །མི་ཤེས་བཙན་དུག་ཟ་བ་འདྲ། །མཁས་བཙུན་ཐམས་ཅད་ཐུགས་མཐུན་པས། །ཕོ་རུས་ཆགས་སྡང་བྱེད་པ་རྣམས། །བསླབ་ཚད་ཆུ་ལ་བཏབ་པ་ཡིན། །ཆོས་ལ་དཀར་ནག་མེད་པ་ལ། །གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །ཐར་པའི་འཇུ་ཐག་བཅད་པ་ཡིན། །རང་བདེ་ཐམས་ཅད་གཞན་ལས་བྱུང་། །གཞན་བདེ་ཐམས་ཅད་རང་བདེའི་རྒྱུ། །གནོད་པ་ཐམས་ཅད་རང་ལ་སྡིག །དེ་བས་ཕན་པའི་སེམས་བསྐྱེད་ལ། །དཀྱིལ་འཁོར་ལྷ་ཡི་དྲུང་དུ་བྱོན། །སྡིག་པ་ལྟུང་བ་ཐམས་ཅད་ཤོགས། །སྡོམ་པ་དམ་བཅའ་དྲག་ཏུ་གྱིས། །
ཞེས་གསུངས་པས། དེ་གོང་རས་ཆུང་པས་གནོང་བས་ཁ་འབུག་མ་ཕོད། བླ་མས་དེ་གསུང་པ་དང་བླ་མ་དང་མཆེད་གྲོགས་དཀྱིལ་འཁོར་རྣམས་ཀྱི་དྲུང་དུ་རས་ཆུང་པས་བཤགས་པ་འདི་ཕུལ་ལོ། །
ལུས་ཀྱི་སྐྱིད་འདོད་གཡེང་བའི་ལས། །སྣང་བ་བྲིད་མཁན་གྱི་ཕྱིར་འབྲང་ནས། །གཡོ་སྒྱུའི་ངན་སོང་ལས་བསགས་པས། །ཕ་བླ་མའི་སྐུ་ལ་མཐོལ་ལོ་བཤགས། །ངག་གི་བཤད་འདོད་ཁྲམ་པའི་དཔོན། །ཞལ་ལྕེ་ཕེར་ཕེར་དམྱལ་བའི་རྒྱུ། །ཤ་ཆང་མང་པོ་ཡི་དྭགས་ཀྱི་གནས། །ཁྲེལ་མེད་བརྗོད་པ་མ་དག་པ། །ཕ་བླ་མའི་གསུང་ལ་མཐོལ་ལོ་བཤགས། །སྐྱིད་འདོད་བསམ་པ་ངན་པའི་རྒྱུ། །གྲགས་འདོད་སྤྱོད་པ་མི་གཙང་གཞི། །ཁེ་འདོད་སྡིག་པའི་ལས་བསགས་པ། །ཕ་བླ་མའི་ཐུགས་ལ་མཐོལ་ལོ་བཤགས། །ཡུལ་ངན་གྲོང་དུ་འཁྱམས་པ་ལ། །དཀྱིལ་འཁོར་གཉེན་པོའི་སྒྲུབ་མཆོད་ཆགས། །འདྲེ་བརྡུང་མང་པོའི་ཕྲིན་ལས་ཀྱི། །ཟབ་མོ་སྔགས་ཀྱི་ནུས་པ་ཤོར། །བྱ་བ་མང་པོའི་བསམ་བཞག་གིས། །ཏིང་འཛིན་ཟབ་མོའི་སྒོམ་འཕྲོ་ཆག །དཀྱིལ་འཁོར་ལྷ་ཡི་དྲུང་དུ་མཐོལ་ལོ་བཤགས། །གནས་མལ་མང་པོའི་འདུག་ས་དེ། །བདག་དང་གཞན་ལས་ཁྱད་པར་ཆེ། །རང་ཕམ་ཁག་ཁུར་མ་ནུས་པས། །མཆེད་གྲོགས་སྤུན་ལ་མཐོལ་ལོ་བཤགས། །
ཞེས་ཞུས་པས། བླ་མ་མཉེས་ཏེ་མཁས་པའི་ལྟུང་བ་ལྗི་ལྗི་འདྲ་ཡང་ཡང་ཟེར་བ་དེ་ཁྱོད་ལྟ་བུ་ལ་ཟེར་བ་ཡིན་གསུང་ནས་དབང་བསྐུར་རས་པ་ལྔ་བཅུ་ཙམ་ལ་གནང་ནས་དོ་ནུབ་སྐྱིད་པ་ཡིན་གསུངས་སོ། །
དེར་རས་པ་ཞི་བ་འོད་ཀྱི་མིའི་རྣལ་འབྱོར་ཕོ་མོ་མང་པོ་ལྷན་ཅིག་ཏུ་སྡོད་ཅིང་འདུག་པ། རང་རེ་དཔོན་སློབ་ལ་བཤགས་པ་དང་འདི་ཙམ་དགོས་པ་ཅི་ལགས་ཞུས་པས། བླ་མའི་ཞལ་ནས། ཆོས་ལ་དུས་ཚོད་མེད་ན་ཐམས་ཅད་འཆལ་པ་ཡིན། ཆོས་ལ་དུས་ཚོད་དགོས་གསུང་ནས་ཞལ་ཏ་མགུར་འདི་གསུངས་སོ། །
བཀའ་དྲིན་མར་པའི་ཞབས་ལ་འདུད། །རང་རྒྱུད་མལ་དུ་ཕེབས་པར་བྱིན་གྱིས་རློབས། །སློབ་མའི་རྒྱུད་ཚོད་ཟིན་པར་ཐུགས་རྗེས་ཟུངས། །ཆོས་ལ་དུས་ཚོད་མེད་ན་རྣལ་འབྱོར་འཆལ་པ་ཡིན། །གཏམ་ལ་ཟློ་དུས་མེད་ན་མི་རྒན་འཆལ་པ་ཡིན། །དགྲ་དང་འཕྲད་དུས་མེད་ན་དཔའ་བོ་འཆལ་པ་ཡིན། །རྐྱེན་དང་འཕྲད་དུས་མེད་ན་བཙུན་པོ་འཆལ་པ་ཡིན། །སྡུག་བསྔལ་བྱུང་དུས་མེད་ན་ཕན་འདོགས་འཆལ་པ་ཡིན། །སྒོམ་ལ་སྙིང་རུས་མེད་ན་རི་ཕུག་འཆལ་པ་ཡིན། །གཅིག་ཕན་གཅིག་ལ་མེད་ན་གྲོགས་མཆེད་འཆལ་པ་ཡིན། །ཅི་གསུང་ཚད་མར་མི་འཛིན་དཔོན་སློབ་འཆལ་པ་ཡིན། །ལར་འཆལ་ལུགས་བཤད་ན་བསམ་མི་ཁྱབ། །ཅི་གསུང་ཉམས་སུ་ལོངས་ཤིག་བུ་སློབ་རྣམས། །
ཞེས་གསུངས་པས། བླ་མ་ལགས། རང་རེའི་བརྒྱུད་པ་འདི་ལ་ཚོད་ཤེས་པ་ཅིག་དགོས་ཟིན། ཚོད་མེད་རྣམས་ལ་ནི་བུ་དང་བུ་མོ་མང་པོ་འདུག་ཞུས་པས་ཡང་མགུར་འདི་གསུངས་སོ། །
བུ་དང་ཆུང་མ་ངོ་སྲུང་གསུམ། །འདི་གསུམ་རྣལ་འབྱོར་འཆིང་བ་ཡིན། །རྫས་དང་ཡོ་བྱད་ཁེ་གྲགས་གསུམ། །དེ་གསུམ་རྣལ་འབྱོར་གྱི་བར་ཆད་ཡིན། །གཉེན་དང་སློབ་མ་ཡོན་བདག་གསུམ། །དེ་གསུམ་རྣལ་འབྱོར་གྱི་ཤོལ་འདེབས་ཡིན། །ཆང་དང་གཉིད་དང་ངལ་དུབ་གསུམ། །དེ་གསུམ་རྣལ་འབྱོར་གྱི་ཆོམ་པོ་ཡིན། །གཏམ་དང་གད་མོ་ལྟད་མོ་གསུམ། །དེ་གསུམ་རྣལ་འབྱོར་གྱི་གཡེང་བ་ཡིན། །བླ་མ་དང་གདམས་ངག་དད་པ་གསུམ། །དེ་གསུམ་རྣལ་འབྱོར་གྱི་གཞི་མ་ཡིན། །དབེན་གནས་དང་གྲོགས་མཆོག་འཚོ་བ་གསུམ། །དེ་གསུམ་རྣལ་འབྱོར་གྱི་མཁར་པོ་ཡིན། །མ་ཡེངས་དང་མི་རྟོག་བདེ་བ་གསུམ། །དེ་གསུམ་རྣལ་འབྱོར་གྱི་གཏན་གྲོགས་ཡིན། །ལྷུག་པ་དང་རང་བྱུང་ཤུགས་འབྱུང་གསུམ། །དེ་གསུམ་རྣལ་འབྱོར་གྱི་འཁྱེར་ལུགས་ཡིན། །ཆགས་མེད་དང་ཞེན་མེད་མངོན་ཤེས་གསུམ། །དེ་གསུམ་རྣལ་འབྱོར་གྱི་ལམ་རྟགས་ཡིན། །
ཞེས་གསུངས་པས་རས་ཆུང་པ་ཡང་མཉེས། གཞན་རས་པ་རྣམས་ལ་ཕན་པའི་དབྱངས་དང་བྱིན་རླབས་མཛད་དོ། །དེ་ཐམས་ཅད་མཆོད་ཁང་ཞལ་མཇལ་གྱི་སྐོར་རོ།། །།
དེ་ནས་རྗེ་བཙུན་དང་རས་ཆུང་བ་དང་དཔོན་སློབ་དྲུག་བྲག་དཀར་རྟ་སོ་ལ་བྱོན་ནས་རྗེ་བཙུན་གྱིས་ང་ནི་ས་ཁད་མཐོ་བ་འཇིག་རྟེན་གྱི་བྱ་བས་དབེན་པ་གཅིག་ཁོ་ན་འདོད་པས། ད་དེ་འདིར་སྡོད་པ་ཡིན་གསུང་ནས། རྣལ་འབྱོར་པས་རྩ་རླུང་སྒོམ་པའི་དུས་སུ་བ་སྤུ་རེ་རེའི་རྩ་ན་ཡང་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་མདོ་རྒྱུད་ཀུན་ནས་གསུང་པས་གྲོ་བཟང་པོ་དྲོངས་ཅིག་གསུང་། རས་ཆུང་བས་ཞུས་པས། བླ་མ་ལྷོ་བྲག་པའི་དྲུང་ནས། རང་རེ་ལ་སྐུ་སྙན་པ་ཆེ་བའི་ཐུགས་རྩིས་མཛད་ཟིན་པས། ངེད་རང་གི་ཆོས་བརྒྱུད་འདི་ལ་ཁྲིད་དང་འཚོགས་པ་སྐྱོང་བ་ཨེ་འོང་། ང་ཡང་བླ་མ་དང་མཇལ་སྔ་ཤོས་ཡིན་པས་བཀའ་གནང་འདྲ་བ་ཨེ་ཡོད། འོ་ན་གཞན་ལ་མཆིས་སམ་ཞུས་པས། ཐུགས་ཆད་པ་ཞིག་བྱུང་ནས། རས་ཆུང་པ་དེ་སྐད་མ་ཟེར། ང་ལ་ལྷོ་བྲག་མར་པས་སྦ་བེར་སྙིང་གར་གཏད་ནས་ངའི་བརྒྱུད་པ་འདི་ཁྱོད་ལ་གཏད་པ་ཡིན་གསུང་ནས་གཞན་སློབ་མ་བཟང་པོ་མང་པོ་ཡོད་དེ། ང་ལ་ཐུགས་བརྩེ་བ་མ་ཡིན་ཏེ། བརྒྱུད་པ་འཛིན་པའི་རྟེན་འབྲེལ་ཞིག་ཤར་བ་རེད། ད་ངའི་བརྒྱུད་པ་འཛིན་མཁན་ཅིག་ཞག་མང་པོ་མི་འགོར་བར་འོང་པར་ཡོད་གསུང་ནས་སྐྱིད་པ་བརྒྱད་ཀྱི་མགུར་འདི་གསུངས་སོ། །
རྗེ་ཡིད་བཞིན་ནོར་བུ་སྤྲུལ་པའི་སྐུ། །འཁོར་ལོས་བསྒྱུར་རྒྱལ་རིན་པོ་ཆེ། །དུག་གསུམ་མུན་པ་སེལ་མཛད་པའི། །ཕུན་སུམ་ཚོགས་པའི་ལྷོ་བྲག་པ། །མུན་སེལ་སྒྲོན་མེ་ཁྱེད་ལ་བསྟོད། །གནས་བྲག་དཀར་རྟ་སོ་དབུ་མ་རྫོང་། །མཁའ་འགྲོ་སྡེ་བཞི་འདུ་བའི་གནས། །མི་རྒན་སྤྲོ་བ་སྐྱེས་པའི་ཉམས། །དགའ་སྤྲོ་གནས་ལུགས་ཀྱི་གླུ་ཞིག་ལེན། །བློ་གྲོས་ཤེས་རབ་སྒོམ་བསྲན་ཅན། །འདིར་བཞུགས་རས་པ་མཆེད་ལྔ་ཉོན། །གནས་ཕྱོགས་རིས་མེད་པའི་རི་ཁྲོད་འདི། །ཏིང་འཛིན་སྐྱེ་བའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ངེད་རང་ལུས་དགོན་པར་ཤེས་པའི་མི་རེ་སྐྱིད། །སེམས་ཉིད་མཁའ་ལྟར་དག་པ་འདི་ཨེ་མ་ཧོ། །འགྱུར་མེད་ཀྱི་དད་པ་བརྟན་པོ་འདི། །འཁོར་བ་སྤངས་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ངེད་འཁོར་འདས་རང་སར་གྲོལ་བའི་མི་རེ་སྐྱིད། །སོ་ནམ་ཕུགས་སུ་སྐྱོལ་བ་འདི་ཨེ་མ་ཧོ། །ཚོགས་དྲུག་སྣང་བ་ཐུག་འཕྲད་འདི། །རྣམ་རྟོག་གཅོད་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ངེད་འདོད་སྲེད་ཞེན་པ་མེད་པའི་མི་རེ་སྐྱིད། །རྣམ་ཤེས་ཡུལ་འབྲེལ་ཆོད་པ་འདི་ཨེ་མ་ཧོ། །བརྒྱུད་ལྡན་གྱི་བླ་མ་དམ་པ་འདི། །མ་རིག་སེལ་བའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ངེད་བླ་མ་སངས་རྒྱས་བསྟེན་པའི་མི་རེ་སྐྱིད། །སེམས་ཉིད་ཆོས་སྐུར་རྟོགས་པ་འདི་ཨེ་མ་ཧོ། །གྲང་དྲོ་མེད་པའི་རས་གོས་འདི། །གངས་ཁྲོད་བརྟེན་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ངེད་ཚ་གྲང་འཇིགས་པ་མེད་པའི་མི་རེ་སྐྱིད། །གངས་ལ་གཅེར་ཉལ་བྱེད་པ་འདི་ཨེ་མ་ཧོ། །བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་འདི། །བར་དོ་འཇོམས་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ངེད་ཚེ་འདི་ཕྱི་བདེ་བའི་མི་རེ་སྐྱིད། །ཆོས་ཉིད་དབྱིངས་སུ་སླེབས་པ་འདི་ཨེ་མ་ཧོ། །སྙན་བརྒྱུད་ཀྱི་ཐབས་ལམ་ཟབ་མོ་འདི། །སེམས་དྭངས་སྙིགས་འབྱེད་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ངེད་ལུས་སེམས་བདེ་བ་རྒྱས་པའི་མི་རེ་སྐྱིད། །སྲོག་རྩོལ་དབུ་མར་ཚུད་པ་འདི་ཨེ་མ་ཧོ། །སྟོང་ཉིད་སྙིང་རྗེ་འདྲེས་པའི་རྣལ་འབྱོར་པ། །རྩོད་ལྡན་སྤྲོས་པ་གཅོད་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ངེད་རྟོགས་ལྡན་འཁོར་གྱིས་བསྐོར་བའི་མི་རེ་སྐྱིད། །འཁོར་དུ་སྤྲུལ་སྐུ་འདུ་བ་འདི་ཨེ་མ་ཧོ། །སྤྱིར་མི་རྒན་གྱིས་གླུ་ལེན་མི་མཚར་ཡང་། །ཉམས་མྱོང་དབྱངས་ཆུང་སྐྱིད་པ་བརྒྱད། །དཔལ་དེ་རིང་ལེན་པའི་གནད་ཅིག་མཆིས། །ཁྱེད་འདི་ན་བཞུགས་པའི་གྲྭ་པ་དང་། །ཕྱོགས་ནས་བྱོན་པའི་བུ་སློབ་དང་། །ཁོ་བོས་དམར་ཁྲིད་བསྐྱངས་པ་རྣམས། །དོན་དམིགས་ནས་བསལ་ལོ་རས་ཆུང་པ། །ད་ཕྱིན་ཆད་ཨེ་བདེན་གཏན་ལ་ཕོབ། །དབྱངས་མཆོད་པར་བཞེས་ཤིག་སྐུ་དྲིན་ཅན། །སྒྲ་ཚོགས་སུ་འབུལ་ལོ་མཁའ་འགྲོ་མ། །རྐྱེན་བར་ཆད་སོལ་ཅིག་ཆོས་སྐྱོང་རྣམས། །རྗེ་དངོས་གྲུབ་ཅན་གྱི་བླ་མ་དང་། །ལམ་སྣ་ཁྲིད་པའི་ཡི་དམ་ལྷ། །བྱིན་གྱིས་རློབས་པའི་དཔའ་བོ་དང་། །བཀའ་སྲུང་མཛད་པའི་ཆོས་སྐྱོང་རྣམས། །མི་བདག་ལ་ཐུགས་ཀྱིས་མ་བཀྱོན་པར། །མཆོག་ཐུན་མོང་དངོས་གྲུབ་དཔུང་བསྐྱེད་ཅིག །ཅེས་གསུངས་སོ། །
ཡང་རྗེ་བཙུན་སྲོང་སྡེ་བཀྲ་ཤིས་སྒང་གི་ཕུག་པར་རས་པ་རྣམས་དང་དཔོན་སློབ་བཞུགས་པའི་དུས་སུ། ནུབ་ཅིག་རྨི་ལམ་དུ་ཉི་མ་ཤར་ཕྱོགས་ནས་སྟོན་པ་ཞིག་བྱུང་ནས་གདམས་ངག་ལྷག་མ་མ་ལུས་པ་ལེན་པ་ཅིག་རྨིས་པས། ཕྱིར་ནང་རྗེ་བཙུན་གྱིས་རས་པ་རྣམས་ལ་མ་འོངས་ལུང་བསྟན་གྱིས་མགུར་འདི་གསུངས་སོ། །
འདབ་ཆགས་ཁྱུང་གི་གཤོག་རྐྱང་དེ། །རང་གི་ངོ་སྐད་དེ་མཐོང་བ་དེ། །མ་མཐོང་རིང་བ་སུ་ཡིས་ཤེས། །ལྷ་ཡི་དབང་པོས་མཐོང་སྟེ་མཆི། །སེང་ལྕམ་དཀར་མོའི་འོ་མ་དེ། །མངར་བ་སྐད་དེ་འཐུང་བ་མེད། །མ་འཐུང་མངར་བ་སུ་ཡིས་ཤེས། །ཤར་ཙང་ཀའི་རྒྱལ་པོས་མཐོང་སྟེ་མཆི། །ཉ་ཆེན་ཉེར་མོའི་མཁྲིས་པ་དེ། །ཁ་བོ་སྐད་དེ་མྱོང་བ་མེད། །མ་མྱོང་ཁ་བ་སུ་ཡིས་ཤེས། །ཀླུ་ཡི་རྒྱལ་པོས་མྱོང་སྟེ་མཆི། །དེ་ནི་དཔེ་རུ་བཞག་པ་ལགས། །ནང་གི་དོན་ལ་ཐལ་ཙམ་ན། །བཅོམ་ལྡན་འདས་ཀྱི་དགོངས་པ་དེ། །ཟབ་མོ་སྐད་དེ་རྟོགས་པ་མེད། །མ་རྟོགས་ཟབ་པ་སུ་ཡིས་ཤེས། །རྒྱལ་བ་བྱམས་པས་རྟོགས་ཏེ་མཆི། །གསང་སྔགས་ནང་པའི་གདམས་ངག་དེ། །ཐབས་མང་དཀའ་བ་མེད་དོ་སྐད། །ཉམས་སུ་མ་བླངས་སུ་ཡིས་ཤེས། །གྲུབ་ཐོབ་རྣམས་ཀྱིས་བླང་ཏེ་མཆི། །རྣལ་འབྱོར་རས་པའི་ཉམས་མྱོང་འདི། །བཟང་པོ་སྐད་དེ་གོ་བ་མེད། །མ་གོ་བཟང་བ་སུ་ཡིས་ཤེས། །ལས་འཕྲོ་ཅན་ཅིག་འོང་སྟེ་མཆི། །དབུས་པ་སྟོན་པ་འོང་སྟེ་མཆི། །
ཅེས་གསུང་ནས་ཟླ་བ་ཕྱེད་རེད་པ་དང་། རྗེ་བཙུན་དྲུང་དུ་དྭགས་པོ་ལྷ་རྗེ་སླེབས་བྱུང་ངོ་།། །།
༈ ཡང་རྣམ་ཐར་ཁ་ཅིག་ལ། རྗེ་བཙུན་གྱི་སྲས་འགྲན་དུ་མེད་པ་སྤྲུལ་པའི་དྭགས་པོ་རིན་པོ་ཆེ་ཡིན་པ་ལ། དེ་ཡང་ཚོགས་འཁོར་གཅིག་གི་གྲལ་དུ། ལོ་རོ་རས་པས་ཁྱོད་ད་ལྟ་ཆེ་བདོ་སྟེ། ད་ལོ་གསུམ་ནས་ཡུལ་དབུས་ནས་དགེ་སློང་ཞིག་འབྱོན་པ་དེ་ངའི་སློབ་མ་རྣམས་ཀྱི་གཙོ་བོ་ཡིན་གསུངས་སོ། །ད་ལོ་གཉིས་ནས་འབྱོན། ད་ཤང་ཕོན་འབྱོན་ད་སང་འབྱོན་གསུང་། དེ་རིང་ཁྱེད་རྣམས་ཀྱིས་དབུས་པ་དགེ་སློང་འབྱོན་པ་ལ་བསུ་བ་གྱིས་གསུངས། དེར་རྣལ་འབྱོར་པ་ཕོ་མོ་རྣམས་ཀྱིས་སྤོས་དང་རོལ་མོའི་བྱེ་བྲག་སྣ་ཚོགས་བཟུང་ནས་བསྒུག་ཙ། བཙུན་པ་བོང་རིང་གཅིག་དང་དཔོན་སློབ་གཉིས་བྱུང་བ་ལ། དེར་གྲོང་པའི་མི་ཐམས་ཅད་ཀྱིས་ཕྱག་འཚལ་ཁོང་རྣམས་ཀྱིས་ཀྱང་བསུ་བ་བྱས་ནས། བླ་མ་རྗེ་བཙུན་གྱི་དྲུང་དུ་དྭགས་པོ་ལྷ་རྗེ་ཕེབས་པས་བླ་མ་ཡང་ཤིན་ཏུ་མཉེས། ལུང་བསྟན་པའི་རྗེ་སྒམ་པོ་པ་དེ་ཉིད་ནི་ཕྱི་བཀའ་གདམས་པའི་ཆ་ལུགས་ལ། ནང་བཀའ་གདམས་པ་དང་གསང་སྔགས་གཉིས་ཀ་ཉམས་སུ་ལེན་པའི་ཚུལ་གྱིས་བཞུགས་སོ། །དེ་ཐམས་ཅད་དྭགས་པོ་འབྱོན་པའི་མ་འོངས་ལུང་བསྟན་གྱི་སྐོར་རོ།། །།
དེ་ནས་སྒམ་པོ་པོ་ལ་དེ་ཉིད་འཁྲུངས་པའི་ཡུལ་ནི་དབུས་ས་ཆ་དམྱལ་གྱི་བོན་གཉི། གདུང་རུས་གཉི་བ། གཉི་བ་ལ་གཡུ་གཉི་རྒྱ་གཉི་བོད་གཉི་གསུམ་ཡོད་པ་ལ། གཡུ་གཉི་ཡབ་གཉི་བ་ལྷ་རྗེ་རྒྱལ་བ། ཡུམ་ཡ་ངལ་བཟའ་གཉིས་ལ་སྲས་གཉིས་ཡོད་པ་ལ། གཅེན་པོའི་མཚན་ཀུན་དགའ་འཇིག་རྟེན་མི་ཆོས་ཀྱི་ཡོན་ཏན་ཐམས་ཅད་ཚང་བ། སྔར་དང་པོ་སྨན་ལ་ཤིན་ཏུ་མཁས་པ། ལོ་ཉི་ཤུ་རྩ་གཉིས་ལ་ཁྱིམ་བྱས་ཏེ། སྲས་ཕོ་མོ་གཉིས་ཡོད། ལོ་སུམ་ཅུ་རྩ་གསུམ་གྱི་དུས་སུ། བུ་ཤི་བའི་རོ་བསྐྱལ་ནས་འོང་ཙ། བུ་མོ་ཡང་ཤི་ནས་འདུག །དེའི་རོ་བསྐྱལ་ནས་ཞག་འགའ་རེད་ཙ་བུད་མེད་ཀྱང་ནད་ཀྱིས་ཐེབ། དེར་བུད་མེད་ལྷ་རྗེ་ལ་ཆགས་ནས་ང་ནི་འཆི། དེ་ཙ་ཁྱེད་བུད་མེད་ཅིག་ལེན་ཨང་ངེ་ཟེར་ཞིང་མཆི་མ་ཕྲུམ་ཕྲུམ་བྱེད། ལྷ་རྗེས་ངས་བུད་མེད་མི་ལེན་ཆོས་ལ་འགྲོ་བ་ཡིན་བྱས་པས། འོ་ན་བུད་མེད་མ་ལེན་པར་ཆོས་གྱིས་ཤིག་ཟེར་ནས་ཤིའོ། །དེར་འཁོར་བ་ལ་སྐྱོ་བ་སྐྱེས་ཏེ་ཆོས་གཤའ་མ་ཞིག་བྱ་སྙམ་ནས། དང་པོར་དགེ་བཤེས་ཤྭ་བ་གླིང་པ་ལ་རབ་ཏུ་བྱུང་། མཚན་ཡང་དགེ་སློང་བསོད་ནམས་རིན་ཆེན་དུ་བཏགས། བྱ་འདུལ་བ་དང་གཉིས་ལ་གསན་པ་མང་པོ་མཛད། དགེ་བཤེས་མང་ཡུལ་བ་བློ་ལྡན་ཤེས་རབ་ལ་ཕ་རྒྱུད་མ་རྒྱུད་ལ་སོགས་པའི་གསང་སྔགས་མང་པོ་གསན་ཅིང་མཁྱེན་པར་མཛད། ཆོས་ཐམས་ཅད་ཀྱི་ནང་ནས་ཉམས་སུ་ལེན་པ་ཁོ་ན་གཙོ་ཆེ་བར་བཤད་ནས་འདུག་པས། དབུ་རུ་བྱང་ཕྱོགས་སུ་བཀའ་གདམས་ལ་བྱོན་ནས། དགེ་བཤེས་སྙུག་རུམ་པ་དང་། རྒྱ་ལྕགས་རི་གོང་ཁ་བ་དང་དགེ་བཤེས་བྱ་ཡུལ་བ་ལ་བསྟེན་ནས། ཇོ་བོའི་གདམས་ངག་མ་ལུས་པ་མཁྱེན་པར་མཛད། ད་ནི་སྒྲུབ་པ་ཞིག་བྱ་དགོས་དགོངས་ནས་ཕ་མྱེས་ཀྱིས་བརྩིགས་པའི་སེར་ཀ་བྱ་བའི་གཙུག་ལག་ཁང་ཞིག་ཡོད་པ་དེར་བྲང་ཁང་བདེ་མོ་གཅིག་བརྩིགས། ཕ་ཞིང་ལ་སྒྲུབ་རྒྱགས་བྱས་ནས་སྒྲུབ་པ་བྱས་པས། ཞག་བཅུ་གསུམ་ཙམ་ལ་མི་འཆོར་བའི་ཏིང་ངེ་འཛིན་བཟང་པོ་ཡང་བྱུང་། རྨི་ལམ་དུ་ཡང་མདོ་སྡེ་གསེར་འོད་དམ་པ་དང་། མདོ་སྡེ་ས་བཅུ་པ་ནས་བཤད་པའི་ས་བཅུ་ཐོབ་པའི་སྔ་ལྟས་ཀྱི་རྨི་ལམ་དེ་ཚོ་ཁོ་ན་རྨིས། ང་ལ་འདི་ཚོ་རྨིས་མ་ཐང་བ་ལ་སེམས་རྨིས་ཡིན་ནམ། འདྲེའི་ཆོ་འཕྲུལ་ཡིན་ནམ་ཅི་ཡིན་སྙམ་པ་བྱུང་གསུང་། ལུས་ལ་ཤིག་དང་སྲིན་བུ་ལ་སོགས་མེད། ཞག་ལྔ་ལྔ་ཙམ་དུ་ཟས་མ་གསོལ་ཡང་ལྟོགས་པའི་སྣང་བ་མེད། ལུས་བདེ་ཉམས་དང་ལྡན་པ་བྱུང་གསུངས་སོ། །
དེ་ནས་རྗེ་བཙུན་གྱི་སྙན་པ་རྒྱང་ནས་འཁྲུངས་པའི་ཚུལ་ནི། ནམ་ཟླ་དཔྱིད་ཀ་མཚམས་ཐོན་པ་དང་། ལྕགས་རིའི་ལྷོ་ཕྱོགས་སུ་སྐྱོ་བསང་ལ་བྱོན་ཙ། སྤྲང་རྒན་གསུམ་ཤིག་སྲག་ཅིང་གཏམ་མང་པོ་བྱེད་ཅིང་འདུག །ཁོ་བོའི་སེམས་རྒྱུད་ནི་ཏིང་ངེ་འཛིན་དུ་སོང་། ཕྱག་གིས་ཡི་དྭགས་ལ་ཆུ་སྦྱིན་ཞིང་ཡོད་ཙ། སྤྲང་པོ་ཅིག་ན་རེ། འོ་སྐོལ་གསུམ་འདྲ་བའི་བསོད་ནམས་ཆུང་བ་འདྲ་བ་འོང་བ། རྩོལ་བ་མི་དགོས་པར་ཟན་ཆེན་པོ་རེ་དང་། ལོ་ཚོད་ཕོར་པ་གསུམ་གསུམ་རེ་བཏུང་རྒྱུ་ཡོད་ན་ཅི་ལྟོ་ཟེར། གཅིག་ན་རེ་སྐྱིད་སྨོན་བྱེད་ན་དེ་འདྲ་ལ་མ་བྱེད། མངའ་བདག་རྩེ་ལྡེ་འདྲ་བ་རེ་ཡིན་ན་དགའ་མོད་ཟེར། གཅིག་ན་རེ་མངའ་བདག་རྩེ་ལྡེ་ལ་འཆི་བ་ཡོད་སྐྱིད་མེད། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་བྱ་བའི་གྲུབ་ཐོབ་ལུས་ལ་གོས་མི་དགོས་པ། བཟའ་མེད་ན་མཁའ་འགྲོ་མས་བདུད་རྩི་འདྲེན་པ། སེང་གེ་ལ་ཞོན་ནས་ནམ་མཁའ་ལ་འགྲོ་བ། སྐྱེ་འཆིའི་འཇིགས་པ་མེད་པ་དེ་འདྲ་བ་རེ་ཡིན་ན་དགའ་མོད་ཟེར་ཞིང་འདུག །དེར་བླ་མ་རིན་པོ་ཆེས་གསན་པས། ལུས་ཀྱི་བ་སྤུ་གཡོས་མིག་ནས་འཆི་མ་འཁྲུགས་པ་བྱུང་། དད་པས་ཀུན་ནས་བསློང་བའི་སེམས་ཤིག་སྐྱེས་འདུག །ཡུན་རིང་འགྲོ་ཡང་མ་ཤེས། དེར་བྲང་ཁང་དུ་ཕྱིན་ནས་དགེ་སྦྱོར་གྱི་གཙོ་བོ་ཡན་ལག་བདུན་པ་བྱས་ཙ། འཕྲོ་སྟོར་ཅིང་སྟོར་ཅིང་འདུག །ད་ཅི་བྱུང་བ་ཡིན་བསམ་ནས་མལ་དུ་བསྡད་ནས་བསྒོམ་ཙ། ཁང་པ་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་མེད་པར་སྟོང་ཕྱམ་གྱི་སོང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིད་ཡུལ་དུ་བྱུང་བའམ། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་སྙམས་བྱེད་པ་ཞིག་བྱུང་། ཁམས་དང་དབང་པོའི་བྱེ་བྲག་རྣམས་ཀྱང་ཤེས་པ་སྙམས་བྱེད། ང་ལ་འདི་འདྲ་བ་འོང་མ་ཐང་བ་ལ་འདྲེས་བརླམ་པ་ཡིན་ནམ་ཅི་ཡིན་སྙམ་པས། རྣལ་འབྱོར་པ་དེའི་མཚན་ཐོས་པའི་ཡོན་ཏན་ཡིན་པར་ཤེས་ཏེ། དེར་དགོང་ཐུན་ཐོན་པ་དང་། སྤྲང་པོ་རྣམས་གང་ན་འདུག་བལྟས་པས། མགྲོན་ཁང་ན་ཉལ་འདུག །གཅིག་ལ་ཁྱེད་ཀྱིས་གླེང་བའི་གྲུབ་ཐོབ་དེ་གང་ན་བཞུགས་བྱས་པས། དེ་ན་རེ། མང་ཡུལ་གུང་ཐང་བྱ་བ་ན་ཡོད། མི་ལ་རས་པ་བྱ་བ་ཡིན་ཟེར། དེའི་བླ་མ་གོང་མ་རྣམས་ཅི་སྐད་བྱ་བ་ཡིན་གསུངས་པས། དེའི་བླ་མ་མར་པར་ལོཙྪ་བྱ་བ་ཡིན། དེའི་བླ་མ་ན་རོ་པཎ་ཆེན་བྱ་བ་ཡིན་ཟེར། ཆོས་ཅི་གསུང་བྱས་པས། ཆོས་ནི་ན་རོའི་ཆོས་དྲུག་བྱ་བ་ཀྱཻ་རྡོར་གྱི་གདམས་པ་ཡིན་ཟེར། ངེད་ཀྱིས་ཞལ་མ་མཐོང་། མི་མང་པོ་དེའི་དྲུང་དུ་འགྲོ་ཞིང་འདུག །བླ་མ་དེ་ལ་ཡོན་ཏན་ཅི་ལྟ་བུ་ཡོད་བྱས་པས། མི་ཕལ་གྱིས་མི་རྙེད་ཀྱང་ལ་ལས་མཆོད་རྟེན་དཀར་པོ་གཅིག་ཏུ་མཐོང་། ལ་ལས་ཤཱཀྱ་ཐུབ་པར་མཐོང་། སྤྲུལ་པ་སྣ་ཚོགས་སྟོན་ནུས་པར་འདུག་ཟེར། གཞི་གང་ན་བཞུགས་བྱས་པས། བྲིན་དང་སྙེ་ནམ་གྱི་རི་ཁྲོད་བཞུགས་ཟེར། ང་དེར་འགྲོ་བ་ཁྱེད་ཀྱིས་གྲོགས་ཨེ་བྱེད་བྱས་པས། དེ་ཉན་ཏེ་ཁྱེད་གཞོན་ནུ་གཅིག་འདུག་པ་ངས་རྗེས་མི་སླེབས། ཁྱེད་རང་སོང་དང་ལ་སྟོད་ནས་ཤེས་འོང་། ཁོང་གྲགས་པ་ཆེ་བ་ཡིན་ཟེར། དེར་ནང་དུ་བྱོན་ནས་ཟན་ཆེན་པོ་བྱིན། ལོ་ཚོད་བསྐོལ་ནས་དེ་གསུམ་ལ་བྱིན། དེ་ནུབ་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་གསོལ་བ་བཏབ་ནས་ཉལ་བའི་རྨི་ལམ་ན། རག་དུང་རིང་པོ་གཅིག་བུས་ནས་སྐད་འཛམ་བུའི་གླིང་དུ་ཐོས་པ་རྨིས། དེ་ཡང་དབུས་གཙང་གཉིས་ན་འདི་བས་སྐད་ཆེ་བའི་རག་དུང་མེད་བྱས་པ་རྨིས། ཡང་ནམ་མཁའ་རྟེན་མེད་པ་ལ་རྔ་བོ་ཆེ་གཅིག་བཏགས་ནས་བརྡུང་བས་སྐད་ཆེན་པོ་འདུག །མི་མང་པོས་ཉན་ཅིང་འདུག །རི་དྭགས་དཔག་ཏུ་མེད་པ་ཡང་འདུག །མོན་མོ་འདྲ་བའི་བུད་མེད་ཞིག་ན་རེ། མི་འདི་ཚོ་ལ་རྔ་འདི་བརྡུང་། རི་དྭགས་འདི་ཚོ་ལ་འདི་བྱིན་ཅིག་ཟེར་ནས། འོ་མ་ཐོད་ཕོར་གང་བྱིན་པ་རྨིས། འདིས་རི་དྭགས་འདི་ཚོ་མི་ཁྱེད་བྱས་པས། ཁྱོད་རང་འཐུང་དང་རི་དྭགས་འདི་ལས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཡང་ཁྱེད་ནས་འོང་ཟེར་ནས། ང་ནི་ཉི་མ་ནུབ་ཕྱོགས་སུ་འགྲོ་བ་ཡིན་ཟེར་ནས་སོང་བ་རྨིས། ད་ལྟ་སྣོད་དང་མི་ལྡན་པ་རྣམས་ལམ་རིམ་གྱིས་སྦྱོང་སྟེ། རྔ་ལ་ཉན་པའི་མི་དེ་ཚོ་ཡིན་པར་འདུག །བཀའ་གདམས་ཀྱི་བླ་མ་དེ་ཚོ་དྲིན་རེ་ཆེ་གསུང་། རི་དྭགས་དེ་རྣམས་ནི་ངའི་རི་ཁྲོད་འགྲིམ་པ་འདི་རྣམས་ཡིན་པར་འདུག །བླ་མ་མི་ལའི་གདམས་ངག་ཐབས་ལམ་དང་། ཕྱག་རྒྱ་ཆེན་པོ་ཁོ་ན་སྦྱངས་པ་ལས་བྱུང་སྟེ། སྔོན་གྱི་རྨི་ལམ་གྱི་ལྟས་དེ་ཀར་སོང་གསུངས། དེར་ཞིང་བཟང་པོ་གཅིག་ཡོད་པ་གསེར་སྲང་དོ། ཇ་ཞོ་གང་ཉོས་ནས། དགེ་བཤེས་ལྕང་རི་བ་དང་། བྱ་ཡུལ་བ་གཉིས་ལ་ཕྱི་ཕྱག་ལ་བྱོན་པས། ཁྱོད་རྣལ་འབྱོར་པ་ཁྱི་ཐུལ་ཅན་གྱི་རྩར་མ་འགྲོ། སྤུས་ཀྱི་འགྲོ་ན་ངེད་ཀྱི་རྟགས་མ་དོར་བར་ཤོག །སེར་ཀ་ལ་ཕན་ན་ཁྱི་ཚིལ་འཚོལ་ན་ཡང་ཚོལ། ཟངས་ངས་བརྡུངས་ནས་ཟངས་སྐད་མི་གཞན་གྱིས་འདོན་པ་གཅིག་འོང་བར་འདུག་སྟེ་ཐབས་མེད་གསུང་། སྙུག་རུམ་པས་ཁྱེད་ཀྱིས་ང་རྒས་ཁ་མ་འབོར་གསུང་། དེ་ནས་བོང་འགྲོས་པའི་ཟླ་བ་ཕྱེད་གཉིས་ལ་བྱོན་ཏེ། ཉི་མ་ཕྱེད་དང་གཉིས་ཀྱིས་སླེབས་པའི་སར་མགོ་ཡམས་བྱ་བའི་ནད་དྲག་པོ་གཅིག་གིས་ཉིན་ཞག་བདུན་ལུས་པ་ལ། རྗེ་བཙུན་བཞུགས་པའི་གངས་ལ་དམིགས་པ་གཏད་ནས་གསོལ་བ་བཏབ་པས། བསྙུང་དེ་ལས་གྲོལ་བར་གྱུར་ཏོ། །
དེ་ནས་སྲོང་སྡེ་བཀྲ་ཤིས་སྒང་དུ་ཕྱིན་ཏེ། བུད་མེད་ཅིག་ཐག་འཐག་ཅིང་འདུག་པ་ལ། རྗེ་བཙུན་མི་ལ་རས་པ་བྱ་བ་གཞན་རྒྱུད་ཀྱི་བསམ་པ་མཁྱེན་ཅིང་། སྤྲུལ་པ་སྣ་ཚོགས་སྟོན་ནུས་པ་ཞིག་བཞུགས་ཟེར་བ་གང་ན་བཞུགས་གསུངས་པས། དེ་རྒྱུས་ཡོད་པའི་ཉ་མ་གཅིག་ཡོད་པ་སྟོན་ཟེར་ནས། བུད་མེད་རྒན་མོ་རས་ཀྱི་སྟེང་ན་རྒྱ་ལྷོད་བཅིང་པ་ཞིག་འདུག་པ་འདི་ལ་དྲིས་ཟེར། དེ་ལ་དྲིས་པས་རྒན་མོ་དེ་ན་རེ། དོ་ནུབ་སླེབས་ས་མེད་ངའི་ཁང་པའི་སྟེང་ན་བཞུགས་ཟེར་ནས་ཐོག་ཏུ་གདན་དྲངས་ནས། ཁར་སང་ང་རྗེ་བཙུན་གྱི་དྲུང་དུ་ཕྱིན་པ་ལ། དབུས་ནས་བཀའ་གདམས་པའི་སྟོན་པ་ཅིག་ང་ལ་འཕྲད་དུ་འོང་བ་དེ་དང་ང་གཉིས་ཀྱི་མཇལ་སྣ་སུས་བྱས་པ་དེ་ལ་འཁོར་བ་དང་ངན་སོང་གི་འཇིགས་པ་མེད་གསུངས་པས། ངའི་བུ་མོ་སྒོམ་མ་གཅིག་རྗེ་བཙུན་གྱི་དྲུང་དུ་ཡོད་པས། མོ་ལ་མཇལ་སྣ་འཚོལ་བ་ཡིན་ཟེར། ཕྱི་དེ་ནངས་པར་བླ་མའི་སྤྱན་སྔར་བྱོན་པ་ལ། རིན་པོ་ཆེའི་དགོངས་པ་ལ། ང་འོང་བ་མཁྱེན་ལུགས་ཀྱིས་སྣོད་ལྡན་གཅིག་ཡིན་པར་འདུག །གདམས་ངག་དཀའ་ཚེགས་མི་འོང་སྙམ་པའི་ང་རྒྱལ་གཅིག་སྐྱེས་པ་དེ་མཁྱེན་ནས། ཟླ་བ་ཕྱེད་དུ་མཇལ་ས་མ་བྱུང་། སེ་བན་རས་པས་ཕྲུ་བ་གཅིག་དང་། ཤིང་ཕོན་གཅིག་བྱིན་ནས། གད་འོག་ཅིག་ཏུ་བསྐྱལ་ལོ། །དབུས་པ་སྟོན་པ་ཁྱེད་འོང་པ་བླ་མས་མཁྱེན་པར་འདུག །གདམས་ངག་ཀྱང་གནང་བར་འདུག་གི །ད་ངང་མ་ཐུང་བར་སྡོད་ལ་གསོལ་བ་ཐོབ་ཅིག་ཟེར།
དེ་ནས་ཟླ་བ་ཕྱེད་སོང་ཙ་བཀྲ་ཤིས་སྒང་དུ། བླ་མ་དང་མཇལ་ན་ཤོག་ཟེར་ནས་བྱོན་སོང་བས། བླ་མ་རྗེ་བཙུན་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་དུ་བཞུགས། འཁོར་རྣམས་ཀྱིས་མཐའ་བསྐོར་ནས་འདུག་པ་དང་མཇལ་ཏེ་ཕྱག་འཚལ་ནས། གསེར་སྲང་གང་དང་ཇ་ཞོ་གང་ཕུལ་བ་ལ། སེ་བན་ན་རེ། དེ་ཀུན་མདུན་དུ་ཞོག །བླ་མ་ཆེན་པོ་ལ་ནོར་ཕུལ་བ་དང་། རི་དྭགས་ཀྱི་སྡུན་དུ་ནོར་སྤུངས་པ་ལ་ཁྱད་མེད། གང་ཡང་ཕྱག་ཏུ་མི་བཞེས་པ་ཡིན་ཟེར། རྗེ་བཙུན་གྱི་ཞལ་ནས། གསེར་དང་བན་རྒན་ལོ་མི་མཐུན། ཇ་བཟང་པོ་སྐོལ་བའི་ཐབ་ཆ་མེད། ཁྱོད་རང་སྒྲུབ་པ་བྱེད་པའི་རྒྱགས་གྱིས་གསུང་། ཁོ་བོ་ཐག་རིང་པོ་ནས་མཆིས་པས་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ཁྱོད་དེ་ཙམ་ཐག་རིང་རྒྱུ་མེད། ངའི་རྩར་ཁམས་དང་རྒྱ་གར་ནས་ཀྱང་འོང་མཁན་ཡོད། ཁྱོད་ཀྱི་མིང་ཅི་ཡིན་གསུངས། བསོད་ནམས་རིན་ཆེན་བྱ་བ་ལགས་ཞུས་པས། བསོད་ནམས། བསོད་ནམས། བསོད་ནམས་ཚོགས་ཆེན་བསགས་ལས་འཁྲུངས། །འགྲོ་བ་ཀུན་གྱི་རིན་པོ་ཆེ། །བྱ་བ་ལན་གསུམ་གསུང་ནས་ཆང་ཐོད་ཕོར་གང་གསོལ་འཕྲོ་འདུག་པ་གནང་ནས་འདི་འཐུང་གསུང་པ་ལ། རྟེན་དགེ་སློང་ཡིན་པ་དང་འཁོར་མང་བས་ལེན་མ་ནུས་པས། རྗེ་བཙུན་གྱི་ཞལ་ནས་རྣམ་རྟོག་མ་མང་འདི་འཐུང་གསུངས། བླ་མས་མཁྱེན་སྙམ་ནས། ལྷག་མ་ལུས་པ་གསོལ་བས། བརྒྱུད་པ་ཟིན་ཅིང་གདམས་ངག་མ་ལུས་པའི་སྣོད་དུ་རུང་བར་མཁྱེན་ནོ། །དེ་ནས་སེ་བན་དང་རས་ཆུང་པ་གཉིས་འདིར་ཤོག་དང་། འོ་སྐོལ་ཕ་སྤད་ཀྱིས་སྟོན་པ་ལ་གླུ་ཞིག་བྱའོ་གསུང་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཤར་སེང་གེ་དཀར་མོའི་འོ་མ་དེ། །བཅུད་དང་ལྡན་པར་ཆ་མཆིས་ཀྱང་། །ལྷ་དབང་བརྒྱ་བྱིན་གྱིས་གསོལ་ནས་སོང་། །ལྷོ་རྒྱ་སྟག་ཁྲ་བོའི་དཔའ་རྩལ་དེ། །ཡང་རྩལ་ཆེ་བར་ཆ་མཆིས་ཀྱང་། །ཌོམ་བྷི་ཧེ་རུ་ཀ་ཡིས་བཅིབས་ནས་སོང་། །བྱང་ལྟོང་དཀར་ཉ་མོའི་མཁྲིས་པ་དེ། །རོ་ཁ་བོ་སྐད་པར་ཆ་མཆིས་ཀྱང་། །ཀླུ་གཙུག་ན་རིན་ཆེན་གྱིས་གསོལ་ནས་སོང་། །ནུབ་དགའ་ལྡན་ལྷ་ཡི་ཕོ་བྲང་དེ། །གཟིགས་མོ་ཆེ་བར་ཆ་མཆིས་ཀྱང་། །འཕགས་པ་ཐོགས་མེད་ཁོང་གིས་གཟིགས་ནས་སོང་། །ནཱ་རོ་སྙན་བརྒྱུད་ཟབ་མོ་འདི། །ལམ་ཐག་ཉེ་བར་ཆ་མཆིས་ཀྱང་། །རྗེ་མར་པ་ལོཙྪ་གཤེགས་ནས་བླངས། །མར་པའི་སྙན་བརྒྱུད་ཟབ་མོ་འདི། །ཉམས་རྟོགས་སྐྱེ་བར་ཆ་མཆིས་ཀྱང་། །རྣལ་འབྱོར་མི་ལ་ང་ཡིས་རྟོགས་ནས་ཡོད། །ང་མི་ལའི་ཉམས་མྱོང་ཚིག་གསུམ་པོ། །དོན་གནད་དུ་ཟབ་པར་ཆ་མཆིས་ཀྱང་། །བུ་དབུས་པ་སྟོན་པ་ཁྱོད་ལ་འཆད་པ་ཡིན། །གསེར་དང་མི་རྒན་ལོ་མི་མཐུན། །ཇ་བཟང་པོ་བསྐོལ་བའི་ཐབ་ཆ་མེད། །ངས་ཟས་ནོར་སྤངས་ནས་རིང་ཞིག་འདས། །བུ་སྙིང་ནས་དམ་ཆོས་བྱ་སྙམས་ན། །ཚེ་འདི་ལ་མ་དགའ་ཕྱི་མ་སོམ། །ལམ་སྒྲུབ་པའི་དཀའ་བ་དང་དུ་ལོང་། །བཀའ་བརྒྱུད་ཀྱི་གདན་ས་འཛིན་འདོད་ན། །ཚིག་ལ་མ་དགའ་དོན་ལ་ལྟོས། །དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག །དེ་ལ་སྟོན་པ་ཁྱེད་ཀྱི་སྣ་ལེན་མཛོད། །
ཅེས་གསུངས་ནས་གསེར་དང་ཇ་མ་བཞེས་ནས། ཇ་དེ་སེ་བན་གྱིས་ཁྱེར་བ་ལ། རྗེ་བཙུན་གྱིས་ཁྱོད་ཀྱིས་དེ་ཅི་བྱེད་གསུང་པས། འོ་སྐོལ་ལ་མིས་ཕུལ། ཞིབ་པར་རྡུང་ལ་བསྐོལ་ནས་འདྲེན་པ་ཡིན་ཞུས་པས། ཕྱིས་རིན་པོ་ཆེས་སེ་བན་རས་པ་དེ་ཕོ་རྒོད་པོ་གསལ་པོ་རང་འདུག་གསུང་།
དེ་ནས་ཕ་བོང་འོག་དེར་འཁན་པ་དང་ཟ་ཤིང་དང་རི་ཤོ་ཁོག་མོ་བསྡུས་ནས་ཕྱེད་སྤྱིལ་ཅིག་བྱས་ཏེ། ཡོན་བདག་དཀོན་མཆོག་འབར་དང་འབར་སེང་གཉིས་ལ་གསེར་ཞོ་རེ་བཙོང་ནས་ཕྱེ་བྱས་ཏེ་ཁྲིད་ཞུས་པས། བླ་མའི་ཞལ་ནས། ཁྱོད་ལ་དབང་བསྐུར་གྱི་བཀའ་ཡོད་དམ་གསུངས། དགེ་བཤེས་བློ་ལྡན་ཤེས་རབ་ལ། གསང་འདུས་བདེ་དགྱེས་གཉིས། བདག་མེད་མ་ལོ་ཧི་པ་ཕག་མོ་རིན་ཆེན་རྒྱན་དྲུག་རྣམས་དང་། གཞན་ཡང་བླ་མ་མང་པོ་ལ་དབང་བསྐུར་མང་པོ་ཐོབ་ལགས། ང་ལ་ཞག་བཅུ་གསུམ་ཙམ་ལ་མི་འཆོར་བའི་ཏིང་ངེ་འཛིན་བཟང་པོ་ཡང་ཡོད་ཞུས་པས། ཧ་ཧ་གསུང་ནས་གད་མོ་ཆེན་པོ་ཞིག་མཛད་ནས། ལེགས་པོ་འདུག་སྟེ། ལེགས་པར་བསྐྱང་ཡང་འབྲས་བུ་གཟུགས་མེད་ལྷ་གསུང་། བྱེ་མ་བཙིར་བ་ལ་མར་ཁུ་མི་འོང་། ཡུངས་ཀར་ལ་མར་ཁུ་འོང་བ་ཡིན། དེ་འདྲ་བ་ལ་དགོས་པ་མེད། ང་ཡི་གཏུམ་མོའི་སྲོག་རྩོལ་བསྒོམ་དང་སང་ད་གཟོད་སེམས་ཀྱི་ངོ་བོ་མཐོང་ནས་འོང་གི་གསུང་།
ལར་བོད་ཀྱི་སྙིང་ལ་འདྲེ་ཞུགས་པས། ཨ་ཏི་ཤ་ལ་སྔགས་བཤད་མ་བཅུག་པས་མི་མང་པོ་ཕུང་གསུང་། བཀའ་གདམས་པ་ལ་གསང་སྔགས་ཀྱི་གདམས་ངག་མང་པོ་ཡོད་ཞུས་པས། དེ་ཚོ་གསང་སྔགས་ཡིན་ཏེ་མན་ངག་མིན། སྒྲུབ་ཐབས་རྐྱང་པ་རེ་རེ་རྫོགས་རིམ་སྣོད་བཅུད་བསྡུས་པ་རེ་རེ་བཤད་ནས་འདུག །རྟོག་དཔྱོད་ཀྱི་ཏིང་ངེ་འཛིན་བྱ་བ་ཡིན། ལམ་རིམ་གྱི་བདག་མེད་སྒོམ་པ་དེ་དོན་སྤྱི་རྐྱང་པ་ཡིན། སྨྲ་བ་མ་མང་ཁོ་བོའི་ཐབས་ལམ་སྒོམ་དང་གསུངས། དེའི་ཚེ་རྨི་ལམ་མཚན་ལྟས་ཀྱི་ཞུ་དོན་འདི་ཕུལ་ལོ། །
ཨེ་མ་རྗེ་བཙུན་སྙན་གསོན་དང་། །མདང་གསུམ་ནམ་གྱི་གུང་ཕྱེད་དུ། །ཡ་ཀི་སྤྱི་བོའི་གཙུག་རུམ་དུ། །གཡུ་འབྲུག་སྔོན་པོ་འཁྱིལ་བ་རྨིས། །གཡུ་ཡི་ན་བུན་འཐིབ་པ་རྨིས། །དུང་གི་ཁུ་འཕང་བབས་པ་རྨིས། །གཡས་སུ་ཁྱུང་ཅིག་ལྡིང་བ་རྨིས། །གཡོན་དུ་རྒོད་ཅིག་འཁོར་བ་རྨིས། །དཔྲལ་བར་ཉི་མ་ཤར་བ་རྨིས། །གལ་ལྟ་ཕྲག་ལ་བཀལ་བ་རྨིས། །གླང་དཀར་ལག་ཏུ་ཐོགས་པ་རྨིས། །རྒྱབ་ཏུ་དགྲ་ལྔ་བསད་པ་རྨིས། །མདུན་དུ་ཆུ་མིག་རྡོལ་བ་རྨིས། །འོག་ན་སེང་གེ་ཞོན་པ་རྨིས། །འདི་དོན་གང་ལགས་གསུང་བར་ཞུ། །
ཞེས་ཞུས་པའི་ལན་གསུང་པ་ནི།
ཨེ་མ་སྐལ་ལྡན་ལས་འཕྲོ་ཅན། །རྨི་ལམ་མི་ངན་རྨི་ལམ་བཟང་། །སྐྱེས་བུ་ལས་དང་སྐལ་པར་ལྡན། །ཡ་ཀི་སྤྱི་བོའི་གཙུག་རུམ་ན། །གཡུ་འབྲུག་སྔོན་པོ་འཁྱིལ་བ་དེ། །བླ་མ་རྗེ་བཙུན་བསྟེན་པ་ཡིན། །གཡུ་ཡི་ན་བུན་འཐིབ་པ་དེ། །སངས་རྒྱས་ཞིང་དུ་སླེབས་པ་ཡིན། །དུང་གི་ཁུ་འཕང་བབས་པ་དེ། །ཉོན་མོངས་ཐ་བ་སྤངས་པ་ཡིན། །གཡས་སུ་ཁྱུང་ཅིག་ལྡིང་བ་དེ། །དཔའ་བོ་མཁའ་འགྲོ་འཁོར་བ་ཡིན། །གཡོན་དུ་རྒོད་ཅིག་འཁོར་བ་དེ། །རིག་འཛིན་ཕོ་མོ་འཁོར་བ་ཡིན། །དཔྲལ་བར་ཉི་མ་ཤར་བ་དེ། །འཕགས་པའི་སྤྱན་གྱིས་གཟིགས་པ་ཡིན། །གལ་ལྟ་ཕྲག་ལ་བཀལ་བ་དེ། །ཐབས་ཤེས་ཟུང་དུ་འབྲེལ་བ་ཡིན། །གླང་དཀར་ལག་ཏུ་ཐོགས་པ་དེ། །བག་ཆགས་དབྱུག་པས་འདེད་པ་ཡིན། །རྒྱབ་ཏུ་དགྲ་ལྔ་བསད་པ་དེ། །དུག་ལྔ་ཉོན་མོངས་བསད་པ་ཡིན། །མདུན་དུ་ཆུ་མིག་རྡོལ་བ་དེ། །རྣལ་འབྱོར་བསོད་ནམས་འཕེལ་བ་ཡིན། །འོག་ཏུ་སེང་གེ་ཞོན་པ་དེ། །བདུད་བཞི་ཟིལ་གྱིས་གནོན་པ་ཡིན། །ཞེས་གསུངས་སོ། །
དུས་ཕྱིས་དྭགས་པོའི་ཞལ་ནས། བླ་མ་རྗེ་བཙུན་གྱིས་སྔོན་ལ་ཤེས་བྱའི་སྒྲིབ་པ་སྦྱངས་པས། ཉོན་མོངས་པ་རང་དག་ལ་འགྲོ་གསུང་། བཀའ་གདམས་ཀྱི་བླ་མ་རྣམས་ཀྱིས། ཉོན་མོངས་པ་མ་སྤངས་པར་འཚང་མི་རྒྱ་གསུངས་ཏེ། དེ་གཉིས་ཀ་གསུང་མེད་པར་འདུག་གསུང་།
དེ་ནས་བླ་མ་རྗེ་བཙུན་གྱིས་ངེད་རང་དཔོན་སློབ་བལ་ཡུལ་དུ་འགྲོ་གསུང་། དེའི་ཚེ་རས་ཆུང་པ་ལ་སོགས་པའི་རས་པ་བདུན་ཆགས་ཕྱིར་འདུག་པས་ཀྱང་བལ་ཚད་འོང་ཟེར་ནས་སྡུག་བསྔལ་བྱེད་ཅིང་འདུག་པའི་ཚེ། རིན་པོ་ཆེའི་ཐུགས་དགོངས་ལ་ད་ཀུན་ཚད་པས་ཤི་ནའང་འགྲོ་བ་ཡིན་དགོངས་ཙ། བྲིན་པས་བླ་མ་འབྱོན་པ་ཐོས་ནས། གསེར། མར། འབྲས་ལ་སོགས་པ་མང་དུ་ཕུལ་ནས་བཞུགས་ཞུ་བྱས་ཀྱང་མ་གནང་ནས་བྱོན་པའི་ལམ་དུ། ཌཱཀྐི་མ་གཅིག་གིས་ཁྱོད་འགྲོ་བ་གར་འགྲོ། གཏོང་མཁན་སུ་ཡིན་ཟེར། དེ་ནས་ཐུགས་འགྱུར་ཏེ་དེར་མ་བྱོན། སྨན་ལུང་ཆུ་བར་བྱོན་ནས་བཞུགས།
དེའི་ཚེ་བླ་མའི་ཞལ་ནས། སྟོན་པ་ཁྱེད་ལ་སྔར་གྱི་དབང་བསྐུར་གྱིས་གོ་མི་ཆོད་པ་མིན་ཏེ། འོན་ཀྱང་རྟེན་འབྲེལ་ཡིན་པས་ང་རང་གི་ལུགས་ཀྱིས་དབང་བསྐུར་ཅིག་བྱེད་དགོས་གསུངས་ནས། སིན་དྷུ་རའི་མཎྜལ་ལ་བརྟེན་ནས་སྙན་བརྒྱུད་ཀྱི་དབང་བསྐུར་མཛད། དེ་ནུབ་བླ་མ་རིན་པོ་ཆེའི་སྤྱན་སྔར་ཉལ་ལ་གསུང་གླེང་ཁོ་ཐག་ཆོད་པ་ཞིག་བྱ་དགོས་དགོངས་ནས། བླ་མ་རྗེ་བཙུན་རིན་པོ་ཆེ་ལགས། ཚོགས་གསོག་པའི་སྟོབས་གང་ཆེ་ལགས། བདག་གིས་དགེ་བའི་བཤེས་གཉེན་རྒྱ་ལ་ཞུས་པས། རྒྱའི་ཞལ་ནས། སྤུ་ཏོ་བས་ནི། དུས་གསུམ་སངས་རྒྱས་ཐམས་ཅད་མཆོད་པ་བས། བླ་མའི་བ་སྤུ་ཅིག་མཆོད་པ་བསོད་ནམས་ཆེ་གསུང་བ་དེ་ལགས་སམ་ཞུས་པས། དེ་དེ་ཀ་ལྟར་ཡིན། གསང་བ་འདུས་པ་དང་། རྡོ་རྗེ་གདན་བཞི་ལ་སོགས་པ་ནས། དུས་གསུམ་སངས་རྒྱས་ཀུན་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་ཞིག་མཆོད་པས་མཆོག །ཅེས་གསུངས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་སྤུངས་ཏེ་བསྐལ་པ་དཔག་ཏུ་མེད་པ་ཕུལ་བ་བས། བླ་མའི་བ་སྤུ་ཞིག་མཆོད་པ་བསོད་ནམས་ཆེ་གསུངས། འོ་ན་དེ་བས་ཟབ་པའི་ཚོགས་བསག་ཐབས་ཡོད་དམ་ཞུས་པས་གཅིག་ཡོད་གསུངས། དེ་བདག་ལ་ཞུ་ཞུས་པས། བླ་མས་བསྟན་པའི་གདམས་ངག་དེ་ཆུད་མ་ཟོས་པར་བསྒོམ་ན་དེ་རང་ཟབ་པར་གདའ་གསུངས། བདག་གིས་དགེ་བའི་བཤེས་གཉེན་སྙུག་རུམ་པ་ལ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པ་ཞིག་སྲིད་དམ་ཞུས་པས། ཚེ་འདི་ལ་ལྟོས་པ་ཅུང་ཟད་ཙམ་ཡང་མེད་ན་འགྲུབ་གསུང་། དགེ་བཤེས་ཡར་ལུང་པ་ལ་ཞུས་པས། གསུང་དེ་ངེས་པ་ཅན་དེ་མིན། དགོངས་པ་ཅན་ཡིན། སྨན་རི་ལུ་སྒྲུབ་པས་ཚེ་ཉི་ཟླ་དང་མཉམ་པ་སྐྱེ་བ་བདུན་པ་ཡིན་པ། ཡི་དམ་ལྷ་ཡི་ཞལ་མཐོང་བ། མཁའ་སྤྱོད་དུ་འགྲོ་ནུས་པ་སྟེ་དེ་རྣམས་ཚང་བ་ཞིག་དགོས་གསུང་པ་དེ་གང་ལགས་ཞུས་པས། དེ་སྔ་མ་བདེན་དགོངས་པ་ཅན་མིན། ངེས་པ་ཅན་ཡིན། ཚེ་འདི་ཀ་ལ་ལྟོས་པ་མེད་པ་ཞིག་གིས་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་སློབ་མ་སྣོད་དང་ལྡན་པ་ཞིག་གིས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་རྫོགས་པར་ཞུས་ནུས། བསྐྱེད་རྫོགས་བར་མ་ཆད་དུ་བསྒོམ་ནས། རབ་ཚེ་འདིར་སངས་རྒྱས། འབྲིང་འཆི་ཁའི་བར་དོ། ཐ་མ་ཤིན་ཏུ་ལེ་ལོ་ཆེ་ན་ཡང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་འགྲུབ། དེ་ལ་མ་གྲུབ་ན་དམ་ཚིག་ལ་སེལ་ཡོད་པ་ཡིན་ཏེ། རེ་ཞིག་ངན་སོང་ལ་འགྲོ་དྭོགས་ཡོད།
ལར་ལྷ་རྗེ་སྟོན་པ་ཁྱོད་ལྟ་བ་ཁ་ལྟ་ལ་སྐུར་བའི་མི་དང་བློ་མ་བསྟུན། དེའི་ངག་ལ་མ་ཉན་རྗེས་སུ་མ་འབྲང་། སྒོམ་པ་ཉམས་སུ་ལེན་པའི་མི་དང་བློ་བསྟུན། དེའི་ངག་ལ་ཉོན་རྗེས་སུ་འབྲང་དགོས་པ་ཡིན། བློ་ཕུགས་ཚེ་འདི་བློས་བཏང་བའི་སྐྱེས་བུ་རྣམས་ལ་བྱ་དགོས། ཚེ་འདིས་མིག་བྲིས་པའི་གང་ཟག་ཁ་ཅིག་གིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། ལར་སྟོང་ཉིད་ལ་ཤོར་ས་བཞི་ཡོད་དེ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་དང་། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་དང་། སྟོང་ཉིད་གཉེན་པོར་ཤོར་བ་དང་། སྟོང་ཉིད་ཆགས་པར་ཤོར་བ་དང་བཞི་ཡིན་ལ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བྱ་བ། འདི་ལྟར་གཟུང་བ་དང་འཛིན་པའི་བློ་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་སྟོང་པར་སྒོམ་པ་ཡིན་ཟེར་བ་ཡོད། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བྱ་བ། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཡིན་ཟེར་བ་ཡོད། སྟོང་ཉིད་གཉེན་པོར་ཤོར་བྱ་བ། ཉོན་མོངས་རྣམ་རྟོག་གང་སྐྱེས་ལ་བལྟས་པས་དེ་ཀ་སྟོང་པ་ཡིན་ཟེར་བ་ཡོད། སྟོང་ཉིད་ཆགས་པར་ཤོར་བྱ་བ། ང་ལ་བསྒོམ་རྒྱུ་མེད་ཅི་སྒོམ་ཐམས་ཅད་སྟོང་པ་ཡིན་ཟེར་བ་ཡོད། དེ་ཐམས་ཅད་ལམ་ཡང་དག་པ་མ་ཡིན། འོན་ཀྱང་བློ་ཡི་བདེན་ཞེན་ལྡོག་པ་ལ་ཕན་རྒྱུ་ཙམ་ཡིན།
ལར་སེམས་ཀྱི་གཞི་རྩ་མ་ཆོད་ན་བདེ་གསལ་མི་རྟོག་པའི་ཉམས་ཅི་ལྟར་བཟང་ཞིང་ཡུན་རིང་ཡང་ཁམས་གསུམ་ལས་མི་འདའ་སྟེ་རྩ་བ་མ་ཆོད་པའི་ཉམས་བྱ་བ་ཡིན། འོ་ན་ལམ་ཡང་དག་པ་གང་ཡིན་ཞེ་ན། མཚན་ཉིད་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ཁྲིད་དེ་གཉུག་མའི་ཤེས་པ་སེམས་ཅན་ཐམས་ཅད་ལ་གནས། སངས་རྒྱས་ལ་ཆོས་སྐུའི་སྣང་བར་གསལ། རྣལ་འབྱོར་པས་སྣ་ཚོགས་མཚོན་ཏེ་ངོ་སྤྲོད་ནས་བསྒོམ་པས་ལྟ་བ་ཤུགས་ལ་རྟོགས། ཉོན་མོངས་པ་ངང་གི་འགག །རྣམ་རྟོག་རང་སར་གྲོལ། ཡེ་ཤེས་མངོན་དུ་གྱུར། གནས་ལུགས་ཉམས་སུ་མྱོང་བ་དེ། ངག་ཏུ་སྨྲ་མི་བཏུབ། བརྗོད་ཀྱང་མཚོན་མ་ནུས། དཔེར་ན་གཞོན་ནུ་མའི་བདེ་བའམ། ལྐུགས་པའི་རྨི་ལམ་བཞིན་གཞི་དེ་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། དེས་ན་བརྒྱུད་ལྡན་གྱི་བླ་མ་བསྟེན་པ་གལ་ཆེ།
དེ་ཡང་གཉུག་མའི་ཤེས་པ་དེ་ཕུག་གར་ཡང་མ་གཏད། དཔེ་གང་གིས་མི་མཚོན། བརྗོད་པ་གང་གིས་ཀྱང་མི་རྟོགས། ཐ་སྙད་གང་གིས་ཀྱང་མི་རིག་དེས་ན་བཅས་བཅོས་མི་བྱ། རང་ཁ་མ་བཅོས་པའི་ངང་ལ་ལྷོད་དེ་ཞོག་མཛོད་གསུང་ནས་མགུར་འདི་གསུངས་སོ། །
ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། །ལྟ་བ་རང་གི་སེམས་ལས་གཞན་དུ་བཙལ་བ་ན། །གྱད་ཀྱིས་ནོར་བུ་ཚོལ་བ་འདྲའོ་ཨང་ངེ་སྟོན་པ་བ། །སྒོམ་པ་ཡིན་པར་ངེས་ཀྱི་བྱིང་རྒོད་སྐྱོན་མ་གསལ། །སྒོམ་པ་བྱིང་རྒོད་འཐོར་རྨུགས་ལ་སོགས་རྐྱེན་བསལ་ན། །ཉིན་པར་མར་མེ་འདེགས་པ་འདྲའོ་ཨང་ངེ་སྟོན་པ་བ། །སྤྱོད་པ་ཡིན་པར་ངེས་ཀྱི་བླང་དོར་རེས་མ་བྱེད། །སྤྱོད་པ་བླང་དོར་ལ་སོགས་རེས་བྱས་ན། །སྦྲང་མ་རྒྱར་ཚུད་འདྲའོ་ཨང་ངེ་སྟོན་པ་བ། །དམ་ཚིག་ཡིན་པར་ངེས་ཀྱི་ལྟ་བའི་གདེང་ལ་ཞོག །སྲུང་མེད་དམ་ཚིག་གཞན་ནས་རྟོགས་པས་བཙལ་བ་ན། །ཆུ་བོ་གྱེན་བཟློག་འདྲའོ་ཨང་ངེ་སྟོན་པ་བ། །འབྲས་བུ་ཡིན་པར་ངེས་ཀྱི་སེམས་ལ་ངེས་ཤེས་སྐྱེས། །ཐོབ་མེད་འབྲས་བུ་ཐོབ་འདོད་གཞན་ནས་བཙལ་བ་ན། །སྦལ་བུ་གནམ་མཆོང་འདྲའོ་ཨང་ངེ་སྟོན་པ་བ། །བླ་མ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་དྲིས། །སེམས་ལས་གཞན་པའི་བླ་མ་ལོགས་སུ་བཙལ་བ་ན། །དེ་ཡི་རང་སེམས་སྤངས་པ་འདྲའོ་ཨང་ངེ་སྟོན་པ་བ། །དེས་ན་འཁོར་འདས་སྣང་བ་སེམས་སུ་འདུས། །དེ་ལྟར་གདའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །
ཞེས་གསུངས། དེར་ཇེ་འཇིགས་ཇེ་འཇིགས་ལ་སོང་སྟེ། སྐུ་ཡི་གཟི་བརྗིད་མ་བཟོད་པས། བཞུགས་གདན་ཁྱེར་ནས་མ་ཟད་གཅིག་ཏུ་བྱོན་ཏེ། ཕྱག་མང་པོ་འཚལ་ནས་གཟིམ་མོ། །
དེ་ནས་ནུབ་གཅིག་ཐུགས་དགོངས་བཏང་བས། བླ་མ་རིན་པོ་ཆེ་འདི་ལྟ་བུ་དང་མཇལ་དུས་ཆགས་ཕྱིར་ཡུན་རིང་དུ་བསྡད་དེ་གདམས་ངག་ཐམས་ཅད་རྩད་ཆོད་ཆོད་པ་ཅིག་བྱས་ནས། ངེས་པར་སྒྲུབ་པ་མཐར་ཐོན་པ་ཅིག་བྱེད་དགོངས་པ་ལ། ངའི་རྒྱགས་འདི་ཉུང་འདུག་པས། ཡུལ་འདིའི་མི་ཆེ་བ་ཅིག་ན་ན་དེ་བཅོས་པའི་ཡོན་གྱིས་འཚོ་བ་བྱས་ལ་བསྡད་དགོས་སྙམ་པ་ཅིག་བྱུང་། དེའི་ནངས་པར་སེ་བན་བྱུང་སྟེ། སྟོན་པ་ཁྱོད་ལ་བླ་མ་རྗེ་བཙུན་གྱི་སྤྱན་སྔར་བྱོན་ཤོག་གསུང་ཟེར་བས། སྤྱན་སྔར་ཕྱིན་ནས་ཕྱག་འཚལ་བའི་ཚེ། བླ་མ་ཆེན་པོས་ཞལ་འཛུམ་པ་མཛད་ནས། དབུས་པ་སྟོན་པ་ཁྱོད་ཀྱི་ཆོས་གཤའ་མ་ཞིག་བྱེད་བསམ་ན། ཡོན་ཏན་འཚོང་བ་དང་དགེ་སྦྱོར་བྱེད་པ་རྒྱབ་བསྣོལ་ཡིན། སྟོན་བྲིན་དང་སྙེ་ནམ་གཉིས་ན་བསོད་སྙོམས་གྱིས། ནུབ་མོ་གྲོང་གསེབ་ཏུ་མ་སྡོད་པར་སྤྲོ་བདེ་ཕུག་ཏུ་དགེ་སྦྱོར་ལ་སྙོགས་གསུང་པས། ཇི་ལྟར་གསུང་བ་བཞིན་མཛད་དོ། །
གཏུམ་མོའི་ཁྲིད་ཞུས་ནས་བསྒོམ་པས། ནུབ་དང་པོ་ལུང་པའི་མདའ་ན་གཅེར་བུར་བསྒོམ་པས་བདེ་དྲོད་རང་འབར་ལ་སོང་། ནམ་ལངས་ནས་གཉིད་སད་ཙ་ལུས་རྡོ་ལྟར་སོང་ནས་འདུག །དེ་ནས་ཞག་བདུན་བསྒོམ་པས་བདེ་དྲོད་རང་འབར་ལ་སོང་ནས་ཞག་བདུན་གྱི་ནངས་པར་རྒྱལ་བ་རིགས་ལྔ་ཞལ་མཐོང་། བླ་མ་ལ་ཞུས་པས། མིག་བཙིར་ན་ཟླ་བ་གཉིས་སུ་མཐོང་བ་དང་ཁྱད་མེད། འབྱུང་བ་ལྔའི་རླུང་ཟིན་པ་ཡིན། སྐྱོན་ཡོན་གང་ཡང་མིན་སྒོམ་ཞིག་གསུངས། ཡོན་ཏན་མིན་གསུང་ཡང་བྲོད་པ་བསྐྱེད་ནས་བསྒོམས་པས། ཟླ་བ་གསུམ་སོང་བའི་ཐོ་རེངས་ཁ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་འཁོར་ལོ་བསྐོར་བ་ལྟར་འཁོར་ཞིང་འདུག་པ་མཐོང་། སྟོང་སྐྱུག་བྱས་ནས་འགྱེལ། ཡུན་རིང་གཅིག་བརྒྱལ་ཏེ་དྲན་པ་རྙེད་པ་དང་། བླ་མ་ལ་ཞུས་པས། རོ་རྐྱང་གི་རླུང་དྷུ་ཏིར་ཚུད་པ་ཡིན། སྐྱོན་ཡོན་གང་ཡང་མིན་སྒོམ་གསུངས། ཡང་ཉིན་གཅིག་ནམ་མཁའི་དབྱིངས་ཐམས་ཅད་ཐུགས་རྗེ་ཆེན་པོས་ཐམ་འགག་དང་ནམ་འགགས་སུ་འདུག །དེ་རེ་རེའི་དབུའི་སྟེང་ན་ཟླ་བའི་དཀྱིལ་འཁོར་རེ་རེ་འདུག་པ་མཐོང་། བླ་མ་ལ་ཞུས་པས། སྤྱི་གཙུག་བདེ་ཆེན་འཁོར་ལོའི་ཐིག་ལེ་འཕེལ་བ་ཡིན། སྐྱོན་ཡོན་གང་ཡང་མིན་སྒོམ་གསུངས། ཡང་དགོང་མོ་ནས་སྲོད་ཀྱི་བར་དམྱལ་ཁམས་ཐམས་ཅད་དང་། ཁྱད་པར་དུ་དམྱལ་བ་ཐིག་ནག་མཐོང་བས། དེས་རྐྱེན་བྱས་ནས་སྙིང་ཁར་འཚང་བ་བཞིན་བྱས་ཏེ་སྙིང་རླུང་དྲག་པོ་བྱུང་། བླ་མ་ལ་ཞུས་པས། སྒོམ་ཐག་ཐུང་བས་རྩ་བཅིངས་པ་ཡིན་ཅུང་རིང་བ་གྱིས། གྱེན་རྒྱུའི་རླུང་ཟིན་པ་ཡིན། སྐྱོན་ཡོན་གང་ཡང་མིན་སྒོམ་གསུངས། ཡང་ཉིན་གཅིག་འདོད་ལྷ་རིགས་དྲུག་གསལ་པོར་མཐོང་། གོང་མ་གོང་མས་འོག་མ་འོག་མ་ལ་བདུད་རྩིའི་ཆར་ཕབ་སྟེ། ཐམས་ཅད་ངོམ་ཞིང་ཚིམ་པར་འདུག་པ་ལ། བདག་གི་མ་སྐོམ་པས་ཉམ་ཐག་པ་ཅིག་མཐོང་། བླ་མ་ལ་ཞུས་པས། ལྷ་རྣམས་བདུད་རྩིའི་ཆར་ཕབ་པས་ཚིམ་པ་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རོ་རྐྱང་གཉིས་ཀྱི་ཐིག་ལེ་འཕེལ་བ་ཡིན། མ་སྐོམ་པ་དེ་དྷུ་ཏིའི་མར་སྣེ་ཁ་མ་བྱེ་བ་ཡིན་ཏེ། འཕྲུལ་འཁོར་འདི་རྣམས་གྱིས་གསུང་ནས་འཕྲུལ་འཁོར་བཙན་ཐབས་བདེ་སྦྱོར་གནང་ཏེ་བསྒོམ་པས། ལུས་འཕར་བ་དང་། འདར་བ་དང་། སྤྲུགས་པ་དང་། རྒོད་འདོད་པ་དང་། ཀུས་འདེབས་འདོད་པ་རང་དབང་མེད་པར་བྱུང་སྟེ། འདྲེ་གདོན་ཡིན་ནམ་སྙམ་ནས་ཞུས་པའི་ཚེ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ཐིག་ལེས་གང་བ་ཡིན། འཕྲུལ་འཁོར་འབད་ལ་སྒོམས། སྐྱོན་ཡོན་གང་ཡང་མིན་གསུངས། དེ་ནས་ཁ་ཟས་ཆེར་མི་དགོས་པ་བྱུང་གསུངས། ཡང་ཉིན་གཅིག་ནམ་མཁའ་ལ་ཉི་ཟླ་ཆེན་པོ་གཉིས་གཟས་ཟིན་ནས་འདུག །གཟའ་དེ་རྟ་རྔ་ཕྲ་མོ་ཙམ་གཉིས་འདུག །བླ་མ་ལ་ཞུས་པས། དྷུ་ཏིར་རོ་རྐྱང་གཉིས་ཀྱི་རླུང་ཞུགས་པ་ཡིན་ཏེ། སྐྱོན་ཡོན་གང་ཡང་མིན་གསུངས། ཕོ་རྒོད་རབ་འདུག །ད་ནི། ད་ནི། ད་ནི་བྱ་བ་ལན་གསུམ་གསུང་། དེ་ནས་དྲག་ཏུ་བསྒོམ་པས། ཟླ་བ་གཅིག་ནས་ཀྱེ་རྡོར་དམར་པོའི་དཀྱིལ་འཁོར་ཅིག་མཐོང་། བླ་མས་ད་ནི་གསུང་བས། ཡི་དམ་ཞལ་མཐོང་བ་ཡིན་སྙམ་ནས་ཞུས་པས་ལྟེ་བར་མ་ལ་ཐོབ་པའི་རཀྟ་འཕེལ་བ་ཡིན། སྐྱོན་ཡོན་གང་ཡང་མིན། ཤུགས་ཕྱུང་ལ་སྒོམ་གསུངས། ཡང་ཉིན་གཅིག་བདེ་མཆོག་ལོ་ཧི་པ་ཀེང་རུས་ཀྱི་དཀྱིལ་འཁོར་ཅིག་མཐོང་ཞུས་པས། ལྟེ་བ་སྤྲུལ་པའི་འཁོར་ལོ་ཐིག་ལེས་གང་བ་ཡིན། སྐྱོན་ཡོན་གང་ཡང་མིན་སྒོམ་གསུངས། དེ་ནས་འབད་དེ་བསྒོམས་པས། ཞག་བཅུ་བཞི་ནས་རང་ལུས་ནམ་མཁའི་ཁམས་ཁྱབ་པ་ཙམ་ལ་འགྲོ་བ་རིགས་དྲུག་ཐམས་ཅད་ཚང་བར་གང་བ་མཐོང་། ཕལ་ཆེར་འོ་མ་འགའ་ཞིག་འཐུང་ཞིང་འདུག །ལ་ལས་སྐར་མ་བཞོས་པའི་འོ་མ་ཡིན་ཟེར་བ་འཐུང་། འུར་ཏིང་གི་སྒྲ་ལྟ་བུ་ཞིག་གང་ནས་འོང་ཆ་མེད་པར་དུས་རྒྱུན་དུ་འོང་ཞིང་འདུག །ནམ་ལངས་ནས་སྒོམ་ཐག་བཀྲོལ་བས་ཐམས་ཅད་ཡལ། བླ་མ་ལ་ཞུས་པས། ལུས་ཀྱི་རྩ་བསམ་གྱིས་མི་ཁྱབ་པའི་ནང་དུ་ལས་ཀྱི་རླུང་གིས་ཐིག་ལེ་ཁྲིད་པ་ཡིན་ཏེ། རླུང་དེ་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་འཚལ་བར་གདའ་གསུང་ནས། མཆོག་གི་གཏུམ་མོ་གནང་ནས་བསྒོམ་ཙ། གུང་ཐང་གི་ལུང་པ་ཐམས་ཅད་དུད་པས་གང་། ཅི་ཞིག་ལྟར་ན་མུན་ནག་ཏུ་སོང་། དེར་ལམ་མ་རྙེད་ནས་ལོང་བ་འགྲོ་འགྲོ་བྱས་ནས། བླ་མའི་དྲུང་དུ་ཕྱིན་པས་ཅི་ཡང་མི་སྟོ་དེར་སྡོད་ལ་སྒོམ་གསུངས། སྟེང་གེགས་སེལ་བའི་གདམས་ངག་གནང་བས་ནམ་ལངས་པ་ལྟར་སོང་། ཡང་ནུབ་གཅིག་རང་ལུས་འདི་ཤ་ཅུང་ཟད་ཀྱང་མེད་པའི་ཀེང་རུས་རྩའི་དྲ་བས་སྦྲེལ་བ་མཐོང་ནས། བླ་མ་ལ་ཞུས་པས། རླུང་རྩུབ་ཐལ་བ་ཡིན་འཇམ་པར་གྱིས་གསུངས། དེ་ནས་སྲོད་ལ་བསྒོམ་ཞིང་བསྙེན་པ་བྱས། གུང་ལ་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་བཏབ། ཐོ་རེངས་སྲོག་རྩོལ་རླུང་བསྒོམ། སྐྱ་རེངས་ཐ་མ་ཤར་བའི་ཚེ། གཉིད་ཐུན་ཕྲན་གཅིག་གི་རྨི་ལམ་ན། སྔར་འདྲིས་བག་ཆགས་མེད་པའི་མཚན་ལྟས་ཉི་ཤུ་རྩ་བཞི་བྱུང་བ་ལ་མནལ་སད་པ་དང་། རྨི་ལམ་འདི་རྣམས་དགེའམ་མི་དགེ་སྙམ་དུ་རྟོག་པ་ཅུང་ཞིག་སྐྱེས་ཏེ། ཁོ་བོའི་བླ་མ་རྗེ་བཙུན་སངས་རྒྱས་དངོས་འདི་ལྟ་བུ་བཞུགས་པ་ལ་ཞུ་བས་ཆོག་སྙམ་ནས། དེ་ཀ་ལ་བྱོན་ཏེ། རྗེ་བཙུན་བྲག་རྩ་ན་གཟིམས་གདའ་བ་ལ་ཕྱག་འཚལ་མཎྜལ་ཕུལ། རྗེ་བཙུན་ལགས། ཁོ་བོ་དོ་གལ་ཆེ་བ་ཅིག་མཆིས་པས་བཞེངས་པར་ཞུ་འཚལ་ཞུས་པས། བླ་མའི་ཞལ་ནས། ཁྱོད་ལ་རྣམ་རྟོག་སྐྱེས་འདུག་པ་ད་ལྟ་ངའི་ཉམས་ལ་བྱུང་། དེ་བས་མ་བདེ་བའི་དོ་གལ་ཆེ་བ་ཅི་ཡོད་ཞུས་ཤིག་གསུང་པས། རྨི་ལམ་དུ་བྱུང་བའི་མཚན་ལྟས་དེ་རྣམས་སྙན་དུ་ཕུལ་བ།
རྗེ་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ། །ངོ་མཚར་རས་ཀྱི་ན་བཟའ་ཅན། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །ཀུན་གྱིས་ཐོད་བཞིན་བཀུར་བའི་གནས། །མཚན་མི་ལ་ཞེས་བྱར་ཡོངས་སུ་གྲགས། །མཚན་དེ་ཡི་སྙན་པས་ཕྱོགས་རྣམས་ཁྱབ། །དེ་ཐོས་ཁོ་བོ་སྤྲོ་བ་སྐྱེས། །ཤར་སྐར་མ་སྨིན་དྲུག་འོག་ནས་བསྙགས། །ལུས་ཚ་གྲང་ཡིད་ལ་མ་བགྱིས་ཏེ། །རྟག་ཏུ་ངུ་ཡི་རྣམ་ཐར་བཞིན། །རྗེ་རས་པ་དེ་དང་ནམ་མཇལ་སྙམ། །ལམ་རིང་དཀའ་བ་སྣ་ཚོགས་སྤྱད། །གདུགས་ཕྱེད་དང་གཉིས་ཀྱིས་ཕྱིན་པ་རུ། །ལུས་སྲོག་ཡལ་བར་དེལ་ཤོར་བྱས། །འོན་ཀྱང་མོས་གུས་དྲག་པོའི་མཐུས། །ཤར་ཕྱོགས་སྤོས་ལྡན་གྲོང་ཁྱེར་དུ། །ཆོས་འཕགས་མངོན་དུ་ཞལ་མཐོང་ལྟར། །བཀྲ་ཤིས་སྒང་གི་གདན་ས་རུ། །ཕ་རྗེ་བཙུན་རས་པ་ཁྱེད་དང་མཇལ། །ཁོ་བོའི་བསམ་པ་མཐར་ཕྱིན་སྙམ། །ཤིན་ཏུ་དགའ་སྤྲོ་བ་སྤུ་གཡོས། །ནོར་སྒྱུ་མའི་འབུལ་རྒྱུ་མ་མཆིས་ཀྱང་། །གཞི་འཁོར་བའི་ཆོས་ལ་ཞེན་པ་ལོག །ལམ་སྐྱེ་འཆི་གཉིས་ལ་འཇིགས་ཤིང་སྐྲག །འཇིག་རྟེན་བྱ་བ་བློ་ཡིས་བཏང་། །སྒྲུབ་བློ་གཏིང་ནས་སྐྱེས་པ་དེ། །ཕ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །དེ་མ་བརྗེད་ཁོ་བོའི་སེམས་ལ་བཞག །ད་ཞུ་དོན་མཆིའོ་གུ་རུ་རྗེ། །མདང་སྲོད་ལ་ཡི་དམ་བསྒོམ་བཟླས་བྱས། །ནམ་གུང་རྗེ་ལ་གསོལ་བ་བཏབ། །དེ་རྗེས་སྲོག་རྩོལ་རླུང་ལ་འབད། །དགུང་ད་ནང་སྐྱ་རེངས་ཐ་མ་ལ། །གཉིད་ཐུན་ཕྲན་ཙམ་ཞིག་ཐལ་བ་ལ། །སྔར་འདྲིས་བག་ཆགས་མ་མཆིས་ཏེ། །ཡ་མཚན་རྨི་ལམ་འདི་རྣམས་བྱུང་། །དབྱར་ཞྭ་དར་གྱི་ཆ་ག་ཅན། །མཚལ་དམར་འོབས་ཀྱི་བད་ཀྱིས་བརྒྱན། །དེ་ལ་རྒོད་ཀྱི་བྱ་རུ་བཙུགས། །ཁོ་བོས་མགོ་ལ་གྱོན་པ་རྨིས། །སུམ་ལྷམ་སྔོ་བཞི་འགྱིང་བག་ཅན། །ར་གན་འབུར་མགོ་ཆོ་ལོ་བཏགས། །སྒྲོག་དངུལ་གྱི་ཨ་ལོང་ཏ་མི་མཛེས། །ལྷམ་དེ་འདྲ་ཟུང་ཅིག་གྱོན་པ་རྨིས། །གུང་ལུང་དར་དཀར་རལ་ག་ལ། །གོང་སྐོར་གསེར་ཐག་ཨ་ལོང་རིས། །མཚལ་གྱིས་ཐིག་ཕྲན་འཛུམ་རིས་ཅན། །གོས་དེ་འདྲ་ལུས་ལ་གྱོན་པ་རྨིས། །མོན་པོ་རས་ཡུག་སྐེ་རགས་ལ། །མེ་ཏོག་ཚོན་ཚོགས་དཀར་པོས་བརྒྱན། །མུ་ཏིག་ཧར་གྱི་ཆུན་འཕྱང་ཅན། །དེ་འཁོར་གསུམ་རྐེད་ལ་བཅིང་བ་རྨིས། །ཆུ་རློན་རེལ་དཀར་ཕྱིང་པ་ལ། །བཟོ་གྲོས་སུ་མ་བྱས་ཉ་རྔ་མ། །གོང་མཆན་དངུལ་གྱི་ཕོ་ལོང་བཏགས། །དེ་ཡང་ཕྱམ་སྟེང་དུ་གྱོན་པ་རྨིས། །ཨ་སྨྲ་ཙནྡན་དབྱུག་པ་ལ། །རིན་ཆེན་སྣ་བདུན་ཕྲ་བཀོད་དེ། །ཆངས་ཟུང་གསེར་གྱི་དྲ་བ་ཅན། །དེ་ལག་པ་གཡས་སུ་ཐོགས་པ་རྨིས། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །གསེར་མདོག་བདུད་རྩི་བཅུད་ཀྱིས་བཀང་། །ཁོ་བོའི་ཁ་ཕོར་བྱ་སྙམ་པས། །དེ་ལག་པ་གཡོན་དུ་ཁྱེར་བ་རྨིས། །སུམ་གལ་ཁྲ་བོ་དོར་ཅིག་གིས། །ནང་དུ་འབྲས་དཀར་ས་ལུ་བླུགས། །ཁོ་བོའི་ཆོས་རྒྱགས་བྱ་སྙམ་པ། །དེ་ཕྲག་པ་གཡས་སུ་བཀལ་བ་རྨིས། །རི་དྭགས་ཁྲི་སྙན་ལྤགས་པ་ལ། །མགོ་དང་སྡེར་བཞི་མ་ཉམས་པ། །འདི་ཁོ་བོའི་གདན་དུ་བྱ་སྙམ་པ། །ཕྲག་པ་གཡོན་དུ་བཀལ་བ་རྨིས། །དེ་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་ལ། །བེལ་ལུག་སྣ་ཚོགས་ཟས་ལ་བཀྲམ། །ཁོ་བོས་ཕྱུགས་རྫི་བྱ་སྙམ་རྨིས། །དེ་རྗེས་གཡོན་དུ་ཚུར་བལྟས་པས། །གཡུ་ཡི་ནེལ་ཐང་སིལ་མ་ལ། །མེ་ཏོག་སྣམ་བུའི་ཚོན་ཚོགས་བཀྲ། །བུད་མེད་མང་པོས་ཕྱག་བྱས་རྨིས། །དབུས་མེ་ཏོག་སེར་པོའི་ཞིང་ཁམས་ནས། །ཤིན་ཏུ་འདབ་རྒྱས་གསེར་མདོག་ཅན། །པདྨ་སྤུངས་པའི་ཁྲི་སྟེང་དུ། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་རྨིས། །མདུན་དུ་ཆུ་མིག་རྡོལ་བ་རྨིས། །རྒྱབ་ཏུ་འོད་ཅིག་འཁྱིལ་བ་རྨིས། །ལུས་ལ་མེ་དཔུང་འབར་བ་རྨིས། །སྙིང་ལ་ཉི་ཟླ་ཤར་བ་རྨིས། །ཡ་མཚན་རྨི་ལམ་འདི་འདྲ་བྱུང་། །ལྟས་དགེའམ་མི་དགེ་འཆད་མ་ཤེས། །རྗེ་དུས་གསུམ་མཁྱེན་པའི་རྣལ་འབྱོར་པ། །འདི་དོན་གང་ལགས་གསུང་དུ་གསོལ། །
ཞེས་སྙན་དུ་གསོལ་བས། རྗེ་བཙུན་གྱི་ཞལ་ནས། བུ་ལྷ་རྗེ་སྟོན་པ་ཐུགས་མི་བདེ་མི་འཚལ་ཤེས་པ་ལྷོད་དེ་ཀློད་ལ་ཞོག་མཛོད། རྣམ་རྟོག་གི་དྲ་བར་བདག་འཛིན་གྱི་ནང་ཚང་མ་གཞུག །ཐེ་ཚོམ་གྱི་མདུད་པ་རང་གྲོལ་དུ་ཐོང་། གཉིས་འཛིན་གྱི་ཐག་པ་ཕྲ་སར་ཆོད། བག་ཆགས་ཀྱི་སྡུག་བསྔལ་སྟན་སྲབ་སར་རྡོལ། སེམས་འཕྲོ་འདུ་མ་མང་། མ་བཅོས་པའི་ངང་ལ་ཞོག །ང་སྒྱུ་ལུས་འབྱོངས་པའི་རྣལ་འབྱོར་པ་ཡིན་ཏེ། རྨི་ལམ་འཆད་ཀྱང་ཤེས། རྨི་ལམ་བསྒྱུར་ཡང་ཤེས། རྨི་ལམ་གྱི་དེ་ཁོ་ན་ཉིད་རྒྱས་འདེབས་པའི་གདམས་ངག་ཀྱང་ཡོད་དེ། ལར་རྨི་ལམ་གྱི་ཆོས་ཉིད་ཁོང་དུ་ཆུད་པའི་རྣལ་འབྱོར་པ་ཡིན་པས། བུ་ཁྱེད་ཀྱིས་རྨི་ལམ་རྨིས་པའི་མཚན་ལྟས་དེ་རྣམས། དུས་ད་རེས་ཕ་རྒན་ངས་ཞིབ་ཏུ་ཚིག་གོ་ངེས་སུ་བཤད་ཅིང་བརྡ་དོན་ངོ་སྤྲོད་ཀྱི་མ་ཡེངས་པར་གསོན་ཞིག་གསུངས་ནས་དྲིས་ལན་མགུར་འདི་གསུངས་སོ། །
གླུ་དྲི་ལན་འཚལ་ལོ་ལྷ་རྗེ་བ། །སྙན་ལྷན་ནེ་གསོན་ལ་ཐུགས་གཏད་འཚལ། །བུ་ཟངས་དཀར་ལུགས་ཀྱི་བདེ་མཆོག་གསན། །དབུ་རུ་སྟོད་ཀྱི་བཀའ་གདམས་སྐྱོང་། །གནས་པ་ཟབ་མོའི་ཆུ་རྒྱུན་མངའ། །དེ་ཀུན་ངོ་མཚར་ཆེ་སྙམ་པས། །རྨི་ལམ་བག་ཆགས་ཉིང་འཁྲུལ་ལ། །ལྟས་ཆེད་དུ་བཟུང་སྟེ་ཡིད་གཏོད་པ། །བུ་གསན་རྒྱ་ཆུང་ངམ་བརྫུ་བག་ལགས། །མདོ་རྒྱུད་བསྟན་བཅོས་མ་གཟིགས་སམ། །ངེས་དོན་ཕ་རོལ་ཕྱིན་པ་ན། །རྨི་ལམ་ཡང་དག་མ་ཡིན་ཏེ། །གསོག་དང་གསོབ་དང་ཡ་མ་བརླ། །སྙིང་པོ་མེད་ཅེས་ཐུབ་པས་གསུངས། །དེ་བཞིན་སྒྱུ་མའི་དཔེ་བརྒྱད་ལ། །གོང་དང་འདྲ་སྟེ་རྒྱས་པར་གསུངས། །དེ་དོན་ཐུགས་སུ་མ་བྱོན་ནམ། །འོན་ཀྱང་ད་རེས་མཚན་ལྟས་དེ། །མ་འོངས་ལུང་བསྟན་ངོ་མཚར་ཆེ། །ང་རྨི་ལམ་འབྱོངས་པའི་རྣལ་འབྱོར་པ། །སྒྱུ་མ་ངོ་སྤྲོད་འཆད་ཀྱང་ཤེས། །མགོ་ལ་ཞྭ་དཀར་གྱོན་པ་དེ། །ཐེག་པ་ཡས་ནས་འབུབས་པའི་རྟགས། །རྒྱ་མོའི་དར་འཐག་བཏགས་པ་དེ། །ཆོས་ཉིད་ཟབ་ཅིང་ཕྲ་བར་སྟོན། །སྤུ་སྡུག་འོད་ཀྱི་ཁ་དོག་ལྟར། །གྲུབ་མཐའ་མ་འདྲེས་སོ་སོར་གསལ། །རྒོད་ཀྱི་བྱ་ཕོད་ལྡེམ་པ་དེ། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སྐྱེ་མེད་ངོ་བོ་མཐོང་བའི་བརྡ། །སུམ་ལྷམ་ཟུང་ཞིག་གྱོན་པ་དེ། །སྤྱོད་པ་མས་ནས་འཛེག་པའི་བརྡ། །སྔོ་བཞི་འབུར་གྱིས་བརྒྱན་པ་དེ། །འབྲས་བུ་སྐུ་བཞི་ཐོབ་པའི་བརྡ། །ར་གན་འབུར་མགོ་བཏབ་པ་དེ། །ཚོགས་གཉིས་བསགས་པའི་བརྡ་རུ་བསྟན། །སྒྲོག་དངུལ་གྱི་ཨ་ལོང་གསལ་བ་དེ། །སྤྱོད་པའི་གོལ་ས་ཡིན་པའི་ཕྱིར། །རྟོག་མེད་རང་དགར་མི་སྤྱོད་ཅིང་། །རྒྱལ་སྲས་གཞོན་ནུའི་ཚུལ་བཞིན་དུ། །བག་ཡོད་མཛེས་པར་སྤྱོད་པའི་བརྡ། །དར་དཀར་རལ་ག་གྱོན་པ་དེ། །རང་རྒྱུད་སྐྱོན་གྱིས་མ་གོས་བརྡ། །གོང་སྐོར་གསེར་ཐག་བཙོ་མ་དེ། །མི་འགྱུར་བསམ་པ་བཟང་པོའི་བརྡ། །མཚལ་གྱི་ཐིག་ཕྲན་འཛུམ་སྐོར་ཅན། །བརྩེ་བས་འགྲོ་དོན་བྱེད་པའི་བརྡ། །མོན་པོ་རས་ཡུག་སྐ་རག་གིས། །འཁོར་གསུམ་རྐེད་ལ་བཅིང་བ་དེ། །རྒྱུད་སྡོམ་པ་གསུམ་དང་ལྡན་པའི་བརྡ། །མེ་ཏོག་དཀར་པོའི་རྒྱན་མཛེས་ཤིང་། །མུ་ཏིག་ཆུན་འཕྱངས་སྤྲས་པ་ཡང་། །བསླབ་པ་གསུམ་གྱིས་རབ་བརྒྱན་ཅིང་། །གདུལ་བྱའི་དང་བ་འདྲེན་པའི་བརྡ། །སྟེང་དུ་ཕྱིང་དཀར་གྱོན་པ་དེ། །ཆོས་སྐུ་དྲི་མེད་རྟོགས་པའི་བརྡ། །བཟོ་དང་དྲས་སུ་མ་བྱས་པ། །དེ་ལ་བཅས་བཅོས་མེད་པའི་བརྡ། །དངུལ་གྱི་ཨ་ལོང་བཏགས་པ་དེ། །དེ་དོན་འགྱུར་བ་མེད་པའི་བརྡ། །ཨ་མྲ་ཙནྡན་དབྱུག་པ་དེ། །རང་འདོད་བླ་མ་རྙེད་པའི་བརྡ། །རིན་ཆེན་སྣ་བདུན་ཕྲ་བཀོད་པས། །དེ་ནི་རྗེ་ཡི་ཡོན་ཏན་ལགས། །ཆང་ཟུང་གསེར་གྱི་དྲ་བ་དེ། །སྙན་བརྒྱུད་གནད་ཀྱི་གདམས་ངག་གིས། །སྐལ་ལྡན་རྗེས་སུ་འཛིན་པའི་བརྡ། །ལག་པ་གཡས་སུ་ཐོགས་པ་དེ། །བདེ་ནས་བདེ་བར་ལམ་བགྲོད་དེ། །སངས་རྒྱས་ཞིང་དུ་གཤེགས་པའི་བརྡ། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ངོ་བོ་སྟོང་པ་མཚོན་པའི་བརྡ། །བདུད་རྩིའི་བཅུད་ཀྱིས་བཀང་བ་དེ། །ཉམས་མྱོང་འབྲལ་བ་མེད་པའི་བརྡ། །སུམ་གལ་ཁྲ་བོ་མཛེས་པ་དེ། །ཅིར་སྣང་ལམ་དུ་འཁྱེར་བའི་བརྡ། །དོར་སྡེབ་ཕྲག་ལ་བཀལ་བ་དེ། །ཟུང་འཇུག་ཐབས་དང་ཤེས་རབ་ཀྱིས། །ཐེག་ཆེན་ལམ་ལ་བགྲོད་པའི་བརྡ། །ནང་དེར་འབྲས་དཀར་ས་ལུ་དེ། །སྐུ་ཚེ་ལ་བར་ཆད་མི་འབྱུང་བརྡ། །ཁོ་བོའི་ཆོས་རྒྱགས་བྱ་སྙམ་པ། །བསམ་གཏན་ཟས་ཀྱིས་འཚོ་བའི་བརྡ། །ཕྲག་གཡོན་ཁྲི་སྙན་ལྤགས་པ་དེ། །དྲན་པ་ཡེངས་མེད་མཚོན་པའི་བརྡ། །མགོ་དང་སྡེར་བཞི་མ་ཉམས་པ། །བྱང་ཆུབ་སེམས་ཀྱི་རྒྱུན་བསྒོམས་ཞིང་། །ཚད་མེད་བཞི་ལ་སྦྱངས་པའི་ཕྱིར། །འགྲོ་དྲུག་སྡུག་བསྔལ་སེལ་བའི་བརྡ། །ཁོ་བོའི་སྟན་བྱ་སྙམ་པ་ཡང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །རྟོགས་པ་རྒྱུད་ལ་སྐྱེ་བའི་བརྡ། །དེ་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་དེ། །ཕྱི་ནང་ཡོན་ཏན་རྒྱས་པའི་བརྡ། །བེལ་ལུག་གཟས་ལ་བཀྲམ་པ་དེ། །ཆོས་དང་ཟང་ཟིང་སྐྱབས་གནས་ཀྱིས། །འགྲོ་བའི་རེ་འདོད་སྐོང་བའི་བརྡ། །ཁོ་བོས་ཕྱུགས་རྫི་བྱ་སྙམ་པ། །སྡུག་བསྔལ་མགོན་མེད་གྱུར་པ་རྣམས། །ཐུགས་རྗེས་མི་གཏོང་སྐྱོང་བའི་བརྡ། །དེ་རྗེས་གཡོན་དུ་ཚུར་བལྟས་པས། །གཡུ་ཡི་ནེལ་ཐང་གསིང་མ་དེ། །ཟག་མེད་ཏིང་འཛིན་རྒྱུན་བསྒོམས་པས། །དགའ་བདེའི་ཡེ་ཤེས་མཐོང་བའི་བརྡ། །མེ་ཏོག་སྣ་ཚོགས་བརྒྱན་པ་དེ། །དྲོད་རྟགས་ཕྱོགས་མེད་རིམ་གྱིས་འཆར། །ཉམས་མྱོང་སྣ་ཚོགས་སྐྱེ་བའི་བརྡ། །བུད་མེད་མང་པོས་ཕྱག་འཚལ་བ། །རྩ་དང་ཐིག་ལེ་ལ་གནས་པས། །མཁའ་འགྲོ་དབང་དུ་འདུ་བའི་བརྡ། །དབུས་མེ་ཏོག་སེར་པོའི་ཞིང་ཁམས་དེ། །ཏིང་འཛིན་རྟོགས་པ་དང་ལྡན་ཞིང་། །ཚུལ་ཁྲིམས་གཙང་མས་རབ་བརྒྱན་པའི། །མཁས་པའི་སྤྲིན་ཚོགས་དགེ་བཤེས་རྣམས། །ཁྱེད་ཀྱི་འཁོར་དུ་འདུས་པའི་བརྡ། །ཤིན་ཏུ་འདབ་རྒྱས་གསེར་གྱི་མདོག །པདྨ་སྤུངས་པའི་གདན་དེ་ཡངས། །ཤེས་པས་སྲིད་ལ་མི་གནས་ཕྱིར། །པདྨ་འདམ་གྱིས་མ་གོས་ལྟར། །འཁོར་བའི་སྐྱོན་གྱིས་མ་གོས་བརྡ། །སེམས་དཔའི་དཀྱིལ་སྐྲུང་བཅས་པ་ཡང་། །སྙིང་རྗེས་ཞི་ལ་མི་གནས་ཕྱིར། །བྱང་ཆུབ་སེམས་དཔའ་གཞོན་ནུ་ལྟར། །འགྲོ་དྲུག་སེམས་ཅན་མར་གྱུར་ལ། །སྤྲུལ་སྐུས་འགྲོ་དོན་བྱེད་པའི་བརྡ། །མདུན་དུ་ཆུ་མིག་རྡོལ་བ་དེ། །ཆོས་ཀྱི་ཆབ་སྲིད་དར་བའི་བརྡ། །རྒྱབ་ཏུ་འོད་ཅིག་འཁྱིལ་བ་དེ། །བོད་ཁམས་དཀར་པོར་གཏོང་བའི་བརྡ། །ལུས་ལ་མེ་ཆེན་འབར་བ་དེ། །གཏུམ་མོ་དྲོད་ཀྱི་ཡེ་ཤེས་མེས། །རྣམ་རྟོག་ཆབ་རོམ་བཞུ་བའི་བརྡ། །སྙིང་ལ་ཉི་ཟླ་ཤར་བ་དེ། །འགྲོ་འོང་མེད་པའི་འོད་གསལ་གྱི། །ངང་ལ་རྟག་ཏུ་གནས་པའི་བརྡ། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། །དུས་ཕྱི་མར་འབྱུང་བར་ལུང་བསྟན་པ། །ལྟས་དགེ་བར་བསྟན་པ་ཆོས་ཀྱི་རྗེ། །རྨི་ལམ་མངོན་སུམ་གང་ལ་ཡང་། །མཚན་མར་བཟུང་ན་བར་ཆད་ཡིན། །སྒྱུ་མར་ཤེས་ན་ལམ་དུ་འགྱུར། །རྨི་ལམ་མི་ཤེས་འཆད་མི་ཤེས། །བཟང་ལྟས་ངན་ལྟས་སྡིག་པར་བཤད། །རྨི་ལམ་སྦྱངས་པ་ཀློང་གྱུར་ན། །ངན་རྨིས་བཟང་ལྟས་དགེ་བར་བཤད། །ལར་སྐྱོན་དང་ཡོན་ཏན་གང་ལ་ཡང་། །མཆོག་ཏུ་མ་འཛིན་རིགས་ཀྱི་བུ། །ཁྱེད་དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག །
བུ་ལྷ་རྗེ་སྟོན་པ་ཁྱེད་ལ་དུས་ད་རེས་བྱུང་བའི་མཚན་ལྟས་དེ་རྣམས། མ་འོངས་པ་ལུང་བསྟན་པའི་ཆོས་རྣམས་རྒྱུད་ལ་སྐྱེ་བའི་བརྡ་ཡིན་ཏེ། ཕ་རྒན་ང་ཡིས་འཆད་ཤེས་པས་ཞིབ་ཏུ་བཀྲོལ་ཏེ། བརྡ་དོན་ངོ་སྤྲད་པ་དེ་རྣམས་མ་བརྗེད་པར་གྱིས་ལ་དུས་ཕྱིས་བདེན་རྫུན་གཏན་ལ་ཕོབས་ཤིག །བདེན་པར་གྱུར་ཙམ་ན་བླ་མ་ང་ལ་ཡང་མོས་གུས་ཁྱད་པར་ཅན། ད་ལྟ་དང་འདྲ་བ་མིན་པ་ཞིག་དེ་དུས་སྐྱེ་བ་ཡིན། བུ་ཁྱོད་ལ་ཡང་སེམས་ཀྱི་ངོ་བོ་མ་བཅོས་པའི་རྟོགས་པ་ཁྱད་པར་ཅན་ཅིག་དེའི་དུས་སུ་འཆར་བ་ཡིན་ཏེ། ཚེ་འདི་རང་ལ་སྐྱེ་ཤི་གཉིས་ལ་ལྡོག་སྟེ་མཆི། ལར་བུ་ཁྱོད་སྒོམ་ཆེན་གཤའ་མ་ཅིག་བྱེད་ན། རྨི་ལམ་དང་མཚན་ལྟས་གང་ལ་ཡང་མངོན་ཞེན་མ་ཆེ་བདུད་འཇུག་པའི་རྒྱུ་ཡིན། བླ་མས་གསུངས་པ་དང་རང་གི་ཞེ་བཅད་མ་གཏོགས་པ་གཞན་གྱི་ངག་གི་རྗེས་སུ་མ་འབྲང་། སེམས་སོ་མི་ཟིན་པའི་རྒྱུ་ཡིན། གཡས་གཡོན་གྲོགས་ཀྱི་སྐྱོན་ལ་མ་ལྟ། ངན་རྟོག་མ་མང་། བཅས་བཅོས་མ་བྱེད། གཞན་རྒྱུད་ཀྱི་སེམས་མི་ཤེས་པས་རློམ་སེམས་ཀྱི་ལྟུང་བ་ཕོག་པའི་རྒྱུ་ཡིན། འོ་སྐོལ་ད་ལྟ་སྐྱེ་ཤི་བར་དོར་འཁྲུལ་སྣང་ལ་ལོངས་སྤྱོད་པ་འདི་རྨི་ལམ་ཆེན་པོ་རྨིས་བདོ་བ་ཡིན། ཉིན་པར་གང་བྱས་ཀྱི་བག་ཆགས་ནུབ་མོ་གཉིད་ལོག་ཙ་ན། རྣམ་ཤེས་ཡིད་ཀྱི་འཁྲུལ་པ་ལས་བྱུང་བ་དེ་རྨི་ལམ་བར་དོ་སྒྱུ་མ་ཉིང་འཁྲུལ་བྱ་བ་ཡིན། བག་ཆགས་དེ་གོམས་པ་མཐར་ཕྱིན་པའི་ཚེ། ལས་དགེ་སྡིག་རྗེས་སུ་འབྲང་སྟེ། སྲིད་པ་བར་དོར་བདེ་སྡུག་གི་ཚོར་བ་མྱོང་བ་དེ་རྨི་ལམ་ན་གཅིག་རྨི་ལམ་ཆེན་པོ། སྒྱུ་མ་ན་སྒྱུ་མ་ཆེན་པོ། བར་དོ་ན་བར་དོ་ཆེན་པོ་ཡིན་ཏེ། དེ་ལམ་དུ་བྱེད་པ་ལ་རྨི་ལམ་སྒྱུ་ལུས་སྦྱངས་པའི་རྩལ་མཐར་ཕྱིན་འཚལ་བས་ཤུགས་ཕྱུང་ལ་སྒོམས་མཛོད་གསུངས་སོ། །རྨི་ལམ་ལུང་བསྟན་གྱི་མགུར་དྲི་ལན་གྱི་ཚུལ་དུ་གསུངས་སོ། །དེ་ཐམས་ཅད་དྭགས་པོ་ཞལ་མཇལ་གྱི་སྐོར་རོ།། །།
