Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (25)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

ཞེས་ཞུས་པས། བླ་མའི་ཞལ་ནས་རས་ཆུང་པ་དབེན་གནས་རི་ཁྲོད་འཛིན་དུས་རྒྱལ་ཁམས་འགྲིམ་པས་ཕན་པ་ཆུང་། བླ་མ་སངས་རྒྱས་སུ་སྒོམ་དུས་ལྷ་སའི་ལྟད་མོས་ཕན་པ་ཆུང་། ལྟད་མོ་སེམས་ལ་ལྟ་ཚེ་བསམ་ཡས་གཟིགས་མོས་ཕན་པ་ཆུང་། སྒྲོ་འདོགས་ནང་ནས་གཅོད་དུས་གཡུ་རུའི་ཁྲ་འབྲུག་བསྐོར་བས་ཕན་པ་ཆུང་། ཞེས་གསུང་ནས་ཤ་ཚ་གྲོས་འདེབས་ཀྱི་མགུར་འདི་གསུངས་སོ། །
གངས་སྟོད་ཀྱི་སེང་གེ་དཀར་མོ་ཁོང་། །སེང་རོང་དུ་མ་འབབ་གངས་སྟོད་ཟུང་། །བརྒྱ་ལ་ཟུར་ཁ་འགྲིམ་པ་ན། །གཡུ་རལ་ལེགས་མོ་དང་འབྲལ་ཉེན་ཡོད། །གཡུ་རལ་ལེགས་པོ་ངོམ་ཞིང་གངས་སྟོད་ཟུང་། །བུ་ད་རེས་བླ་མའི་བཀའ་ལ་ཉོན། །ཕུ་རི་གསུམ་གྱི་བྱ་རྒྱལ་རྒོད་པོ་ཁོང་། །ཁྱེད་ཤོད་དུ་མ་འབབ་བྲག་དཀར་ཟུང་། །བརྒྱ་ལ་ཤོད་དུ་ལྟུང་བ་ན། །གཤོག་དྲུག་ལེགས་མོ་དང་འབྲལ་ཉེན་ཡོད། །གཤོག་དྲུག་ལེགས་པོ་ངོམ་ཞིང་བྲག་དཀར་ཟུང་། །བུ་ད་རེས་བླ་མའི་བཀའ་ལ་ཉོན། །ནགས་གསེབ་ཀྱི་སྟག་མོ་རི་བཀྲ་དེ། །ས་མཐའ་མ་སྐོར་ནགས་གསེབ་ཟུང་། །བརྒྱ་ལ་ས་འཕྲང་འགྲིམ་པ་ན། །འཛུམ་དྲུག་ལེགས་མོ་དང་འབྲལ་ཉེན་ཡོད། །འཛུམ་དྲུག་ལེགས་པོ་ངོམ་ཞིང་ནགས་གསེབ་ཟུང་། །བུ་ད་རེས་བླ་མའི་བཀའ་ལ་ཉོན། །མཚོ་སྟོད་ཀྱི་ཉ་མོ་གསེར་མིག་དེ། །མཚོ་མཐའ་མ་སྐོར་མཚོ་སྟོད་ཟུང་། །བརྒྱ་ལ་མཚོ་མཐའ་བསྐོར་བ་ན། །གསེར་མིག་ལེགས་མོ་དང་འབྲལ་ཉེན་ཡོད། །གསེར་མིག་ལེགས་མོ་ངོམ་ཞིང་མཚོ་སྟོད་ཟུང་། །བུ་ད་རེས་བླ་མའི་བཀའ་ལ་ཉོན། །གུང་ཐང་གི་རས་ཆུང་རྡོར་གྲགས་ཁྱོད། །རྒྱལ་ཁམས་མ་འགྲིམ་རི་ཁྲོད་ཟུང་། །བརྒྱ་ལ་རྒྱལ་ཁམས་འགྲིམ་པ་ན། །ཉམས་རྟོགས་ལེགས་མོ་དང་འབྲལ་ཉེན་ཡོད། །ཉམས་རྟོགས་ལེགས་མོ་སྐྱོང་ཞིང་རི་ཁྲོད་ཟུང་། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །
ཞེས་གསུངས་པ་ལ། ཡང་རས་ཆུང་པས་མགུར་འདི་ཕུལ་ལོ། །
རྗེ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །དུས་རྒྱུན་པར་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་འཁོར་བའི་བཙོན་རར་འཁྱམས་པ་ལ། །ཡང་ཡང་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །ད་ཕྱིར་མི་ལྡོག་པ་ཐར་པའི་ཡུལ། །སྐུ་གསུམ་འབྲས་བུའི་རྒྱལ་སར་ཕྱུང་། །བླ་མེད་མཆོད་པ་རྒྱུན་དུ་འབུལ། །ཐུགས་བདེ་ཆེན་ངང་དུ་བཞེས་སུ་གསོལ། །ད་སྣང་བ་ཨ་འཐས་མེད་པ་དང་། །རྣལ་འབྱོར་པ་ལ་འཛིན་ཆགས་མེད་པ་དང་། །སྡོད་པ་ངེས་པ་མེད་པའི་ཕྱིར། །ཕྱོགས་མེད་ལྡོམ་བུ་རི་ཁྲོད་ཞུ། །རས་ཆུང་མི་འདུག་དབུས་སུ་འགྲོ། །རས་པའི་བུ་ཆེན་རས་ཆུང་ང་། །བླ་མ་སྤྱི་བོར་ཁུར་ཞིང་འགྲོ། །སྤུན་བཞིའི་དོན་པོ་རས་ཆུང་ང་། །དམ་ཚིག་ཡེངས་མེད་བསྲུང་ཞིང་འགྲོ། །བརྒྱུད་པའི་ཐ་ཆུང་རས་ཆུང་ང་། །སྣོད་མེད་རྣམས་ལ་གསང་ཞིང་འགྲོ། །སྙན་བརྒྱུད་འཛིན་པའི་སྒྲོན་མེ་ང་། །མ་རིག་མུན་པ་སེལ་ཞིང་འགྲོ། །བསྟན་པའི་སྲོག་ཤིང་རས་ཆུང་ང་། །ཆོས་ཀྱི་རྒྱལ་མཚན་ཕྱར་ཞིང་འགྲོ། །ང་སོང་དུས་བླ་མ་རིན་པོ་ཆེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུར་གྱུར་བླ་མ་བདེ་བར་བཞུགས། །སྐུ་གསུམ་རང་བཞིན་རྡོ་རྗེ་འཆང་། །མཉམ་མེད་བླ་མ་བདེ་བར་བཞུགས། །ཆོས་ཀྱི་སྤྱན་ཅན་ཆོས་ཀྱི་སྐུ། །བྱང་ཆུབ་ལམ་མཁན་བདེ་བར་བཞུགས། །བདག་གི་བླ་མ་ཀུན་གྱི་བཤེས། །འགྲོ་བའི་སྐྱབས་གནས་བདེ་བར་བཞུགས། །
ཞེས་ཞུས་ནས། ང་བླ་མའི་དྲུང་དུ་ལོ་སུམ་ཅུ་རྩ་བཞི་རེད་པས། ལྟ་སྒོམ་སྤྱོད་པའི་གདེང་དུམ་པ་ཡོད། ད་ཅིས་ཀྱང་འགྲོ་ཞུས་ནས་ཡང་འགྲོ་ལུགས་བརྒྱད་ཀྱི་མགུར་འདི་ཕུལ་ལོ། །
ངས་དམ་ཆོས་ལྟ་བ་དཔེར་བཞག་ན། །སྣང་སྟོང་ཟུར་ཁ་འགྲིམ་ཞིང་འགྲོ། །རྟག་ཆད་འཆམ་ལ་ཕེབས་ཤིང་འགྲོ། །འགྱུར་མེད་ལམ་དུ་སློང་ཞིང་འགྲོ། །ལྟ་བ་ཞན་ཡང་ང་མི་འགྱོད། །དམ་ཆོས་སྒོམ་པ་དཔེར་བཞག་ན། །བདེ་གསལ་ཟུར་ཁ་འགྲིམ་ཞིང་འགྲོ། །བྱིང་རྒོད་འཆམ་ལ་འབེབས་ཤིང་འགྲོ། །འོད་གསལ་ལམ་དུ་སློང་ཞིང་འགྲོ། །སྒོམ་པ་ཞན་ཡང་ང་མི་འགྱོད། །དམ་ཆོས་སྤྱོད་པ་དཔེར་བཞག་ན། །བརྟུལ་ཞུགས་ཟུར་ཁ་འགྲིམ་ཞིང་འགྲོ། །ཐེ་ཙོམ་འཆམ་ལ་ཕབ་ཤིང་འགྲོ། །སྤྱོད་པ་ཞན་ཡང་ང་མི་འགྱོད། །དམ་ཆོས་དམ་ཚིག་དཔེར་བཞག་ན། །རྣམ་དག་ཟུར་ཁ་འགྲིམ་ཞིང་འགྲོ། །གཡོ་སྒྱུ་འཆམ་ལ་ཕབ་ཤིང་འགྲོ། །རང་སེམས་དཔང་པོར་འཇོག་ཅིང་འགྲོ། །དམ་ཚིག་ཞན་ཡང་ང་མི་འགྱོད། །དམ་ཆོས་འབྲས་བུ་དཔེར་བཞག་ན། །ལྷུན་གྲུབ་ཟུར་ཁ་འགྲིམ་ཞིང་འགྲོ། །རེ་དྭོགས་འཆམ་ལ་ཕབ་ཤིང་འགྲོ། །སྐུ་བཞི་ལམ་དུ་སློང་ཞིང་འགྲོ། །འབྲས་བུ་ཞན་ཡང་ང་མི་འགྱོད། །རྗེ་མར་པ་ཙམ་ཞིག་དཔེར་བཞག་ན། །སྙན་བརྒྱུད་ཟུར་ཁ་འགྲིམ་ཞིང་འགྲོ། །ཐ་སྙད་འཆམ་ལ་འབེབས་ཤིང་འགྲོ། །གདམས་ངག་ལམ་དུ་སློང་ཞིང་འགྲོ། །ཆོས་ལམ་ཁྱེར་ཞན་ཡང་ང་མི་འགྱོད། །བླ་མ་མི་ལ་ཙམ་ཞིག་དཔེར་བཞག་ན། །སྙིང་རུས་ཟུར་ཁ་འགྲིམ་ཞིང་འགྲོ། །ལེ་ལོ་འཆམ་ལ་འབེབས་ཤིང་འགྲོ། །བརྩོན་འགྲུས་ལམ་དུ་སློང་ཞིང་འགྲོ། །བརྩོན་འགྲུས་ཞན་ཡང་ང་མི་འགྱོད། །ང་རས་ཆུང་ཙམ་ཞིག་དཔེར་བཞག་ན། །སྐལ་ལྡན་ཟུར་ཁ་འགྲིམ་ཞིང་འགྲོ། །ལོག་རྟོག་འཆམ་ལ་ཕབ་ཤིང་འགྲོ། །མོས་གུས་ལམ་དུ་སློང་ཞིང་འགྲོ། །གསོལ་འདེབས་ཞན་ཡང་ང་མི་འགྱོད། །
ཅེས་ཞུས་པས། བླ་མའི་ཞལ་ནས། རས་ཆུང་པ་ཁ་ལྟ་མ་ཆེ། ཆོས་ཁ་ལ་རྒྱལ་ལེ་བྱེད་པའི་མི་མང་པོ་སྨ་འབབ་པ་ཐམས་ཅད་ཡིན། ལར་ཉམས་ལེན་མེད་པ་ཞིག་ཁ་ལྟ་མཐོ། སྡོམ་པ་མི་ཐུབ་པ་ཞིག་ཆོས་བཤད་མང་། མོས་གུས་མེད་པའི་མི་ཞིག་ཁས་ལེན་མང་། ཤེས་རབ་ཆུང་བ་ཞིག་དྲུང་དྲུང་ཆེ། ཕན་མི་ཐོགས་ངེས་པ་ཞིག་མངོན་མཚན་ཆེ། །སྡོད་མི་ཚུགས་པ་ཞིག་བྱེད་རྒྱུ་མང་། །ནང་ན་ཡོན་ཏན་མེད་པ་ཞིག་ཀུ་ཅོ་ཆེ། །རང་རྒྱུད་ངན་པ་ཞིག་རོགས་ལ་གཟན། །
ལར་ཆོས་དང་སྤྱོད་ལམ་འདྲེས་པ་ཅིག་ཤིན་ཏུ་དཀའ། ཁོ་བོས་འཇིག་རྟེན་གྱི་བྱ་བ་སྤངས་ནས་ཡུན་རིང་བས། ཆོས་དང་སྤྱོད་ལམ་འདྲེས་པ་ཡིན་གསུངས་ནས་སྤྱོད་ལམ་རྣམ་བཞིའི་མགུར་འདི་གསུངས་སོ། །
ཁོ་བོ་མི་ལ་རས་པ་ང་། །རེས་འགའ་ཉལ་ཞིང་ཉལ་ཞིང་བསྒོམ། །ཉལ་ཞིང་ཉལ་ཞིང་བསྒོམ་ཙམ་ན། །གཏི་མུག་འོད་གསལ་དུ་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་གྱིས་ང་ལྟར་ཤེས་ན་དགའ་བ་ལ། །སྒོས་རས་ཆུང་པས་ཤེས་ན་སྐྱིད་པ་ལ། །ཁོ་བོ་མི་ལ་རས་པ་ང་། །རེས་འགའ་འགྲོ་ཞིང་འགྲོ་ཞིང་བསྒོམ། །འགྲོ་ཞིང་འགྲོ་ཞིང་བསྒོམ་ཙ་ན། །འགྲོ་འདུག་བསྐོར་བར་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་གྱིས་ང་ལྟར་ཤེས་ན་དགའ་བ་ལ། །སྒོས་རས་ཆུང་པས་ཤེས་ན་སྐྱིད་པ་ལ། །ཁོ་བོ་མི་ལ་རས་པ་ང་། །རེས་འགའ་ཟ་ཞིང་ཟ་ཞིང་བསྒོམ། །ཟ་ཞིང་ཟ་ཞིང་བསྒོམ་ཙ་ན། །བཟའ་བཏུང་ཚོགས་འཁོར་དུ་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་གྱིས་ང་ལྟར་ཤེས་ན་དགའ་བ་ལ། །སྒོས་རས་ཆུང་པས་ཤེས་ན་སྐྱིད་པ་ལ། །ཁོ་བོ་མི་ལ་རས་པ་ང་། །རེས་འགའ་དཔྱད་ཅིང་དཔྱད་ཅིང་བསྒོམ། །དཔྱད་ཅིང་དཔྱད་ཅིང་བསྒོམ་ཙ་ན། །འཁོར་བ་མུ་དྲར་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་གྱིས་ང་ལྟར་ཤེས་ན་དགའ་བ་ལ། །སྒོས་རས་ཆུང་པས་ཤེས་ན་སྐྱིད་པ་ལ། །
ཞེས་གསུངས་ནས། རས་ཆུང་པ། རྐང་རྐྱང་དང་། ཐོ་ཅོ་དང་། བཞད་གད་དང་། ཀུ་རེ་དང་། ཤ་ཚ་དང་། གྲོས་འདེབས་དང་། ཕོ་རུས་དང་། ཨ་རྒུ་དང་། གཞུང་བཟང་། འཇིག་རྟེན་གྱི་ཆོས་བརྒྱད་ཐམས་ཅད་སྒྲུབ་པ་པོའི་བདུད་ཡིན། ཁ་མ་མང་སྒོམ་གསུངས་པ་ལ་རས་ཆུང་པས་བླ་མ་དང་མཆེད་གྲོགས་མ་མཉེས་ཀྱང་འགྱོད་པ་མེད་ཞུས་ནས། འགྱོད་མེད་དྲུག་གི་མགུར་འདི་ཕུལ་ལོ། །
ང་ཕྱོགས་མེད་རང་སར་མ་གྲོལ་ཡང་། །ཆོས་ལ་ཕྱོགས་ཆ་ཕྱོགས་རིས་ངས་མ་བྱས། །ལྟ་བའི་ཕྱོགས་ན་ང་མི་འགྱོད། །མངོན་ཤེས་དང་གྲུབ་རྟགས་མ་ཐོན་ཀྱང་། །ལེ་ལོ་དང་སྙོམས་ལས་ངས་མ་བྱས། །སྒོམ་པའི་ཕྱོགས་ན་ང་མི་འགྱོད། །ཤུགས་འབྱུང་རང་སར་མ་གྲོལ་ཡང་། །ཆོས་བརྒྱད་དང་ཚུལ་འཆོས་ངས་མ་བྱས། །སྤྱོད་པའི་ཕྱོགས་ན་ང་མི་འགྱོད། །བླ་མ་དང་མཆེད་གྲོགས་མ་མཉེས་ཀྱང་། །གཡོ་སྒྱུ་དང་ཟོལ་ཟོག་ངས་མ་བྱས། །དམ་ཚིག་གི་ཕྱོགས་ན་ང་མི་འགྱོད། །སྐུ་བཞིའི་སྟེང་དུ་མ་སླེབས་ཀྱང་། །ཐེ་ཙོམ་དང་ཡིད་སྨོན་ངས་མ་བྱས། །འབྲས་བུའི་ཕྱོགས་ན་ང་མི་འགྱོད། །བཀའ་སྡེ་སྣོད་ཀྱི་བཤད་རྒྱ་མི་ཤེས་ཀྱང་། །ཆོས་ལ་གཟུ་ལུམ་དང་རས་ཆོད་ངས་མ་བྱས། །སློབ་གཉེར་གྱི་ཕྱོགས་ན་ང་མི་འགྱོད། །
ཞེས་ཞུས་པས་བླ་མའི་ཞལ་ནས། རས་ཆུང་པ་སྐྱེ་བ་དང་སྲིད་པ་འདི་ཙམ་ཞིག་ལ་འཁོར་བར་བསྡད་བསྡད་ནས་འགྱོད་པ་མེད་པ་ཁོང་དུ་ཆུད་པ་ངོ་མཚར་ཆེ་སྟེ། འགྱོད་མེད་ཀྱི་ཡུས་དང་། རང་མཐོང་གི་ང་རྒྱལ་དང་། ང་བདེན་གྱི་ཨུ་ཚུགས་དང་གསུམ་འཛོམ་པའི་མི་དེ་ལད་པས་བཅོས་མེད་ཡིན། རྐྱེན་གྱིས་འཁྱེར་བ་ལ་ཡུད་ཙམ་ཞིག་ཡིན། ད་རུང་ལེགས་པོ་ཞིག་བྱེད་ན་ང་ཡི་ཁ་ཏ་འདི་ཚོ་ཡིད་ལ་ཟུངས་གསུང་ནས་ཞལ་ཏ་བཅུ་གསུམ་མགུར་དུ་གསུངས་སོ། །
རྗེ་ལ་ན་མོ། གསང་མཆོག་ཐེག་ཆེན་རིགས་ལས་བྱུང་། །ཆོས་བཀའ་བཞིའི་ངོ་བོ་སྐུ་བཞིའི་རྗེ། །སྦས་པའི་སངས་རྒྱས་མི་གཟུགས་ཅན། །མཚན་ལྡན་ལྷོ་བྲག་མར་པའི་ཞབས་ལ་འདུད། །དེ་རིང་བཀྲ་ཤིས་ཡར་གྱི་ཚེས་བརྒྱད་ལ། །གདུགས་མེ་ཤེལ་གྱི་ཉི་མ་འོད་རེ་འཇམ། །ང་མི་རྒན་གྱི་ཤེས་པ་བདེ་མོར་གདའ། །ཁྱོད་དམག་བརྒྱའི་ནང་ནས་དར་མདུང་ཅན། །བུ་བརྒྱའི་ནང་ནས་བཞིན་ལེགས་པོ། །ཚིག་ཡང་ཡང་བསྐྱར་ཞིང་ཞུ་བ་དེ། །སྔར་ནས་དྲན་ནམ་དེ་རིང་དྲན། །དོན་ཆུང་ཞུ་བ་མང་པོ་དེ། །བཀའ་ཚིག་དཀྲུགས་པའི་ཕུང་འདྲེ་ཡིན། །མ་ཡེངས་སྙན་གྱི་དབང་པོ་གཏོད། །ཐུགས་ཀྱི་མེ་ལོང་དྲི་ཕྱིས་ལ། །ང་མི་རྒན་གླུ་ལ་ལྷན་ནེ་གསོན། །གདན་གང་བཞུགས་པའི་ཐུགས་ལ་འཇོག་པར་ཞུ། །ཨེ་མ་ཕྱོགས་བཅུའི་ཆོས་མཛད་རྣམས། །ཐོས་བསམ་སྒོམ་ལ་མ་སྦྱངས་པའི། །མ་ཤེས་པ་ལ་ཤེས་སོ་མ་ཟེར་ཞིག །ཆོས་འདོད་ཀྱི་དད་པ་མ་སྐྱེས་པའི། །ཁ་ཟ་འདོད་ལྡོམ་བུ་མ་བྱེད་ཅིག །གནས་ལུགས་ཀྱི་འདུག་པ་མི་ཤེས་པའི། །ཁ་ཏ་ཁ་འཁྱོར་མ་སྨྲ་ཞིག །ནང་རིག་པའི་འཆར་ཚུལ་མི་ཤེས་པའི། །གཏི་མུག་ལ་བླུན་སྒོམ་མ་བྱེད་ཅིག །སྣང་བ་སྤྲུལ་བསྒྱུར་མི་ཤེས་པའི། །ཐོ་ཅོ་གཅེར་རྒྱུག་མ་བྱེད་ཅིག །ཉམས་ལེན་ཆིག་རྐྱ་མི་ཕེར་བའི། །བླ་མའི་དྲུང་ནས་མ་དཔག་ཤིག །ཟབ་མོའི་སྟོན་ལུགས་མ་ཤེས་པའི། །ཐོས་ཆུང་གི་མགོ་བོ་མ་བསྐོར་ཅིག །རང་རྡོ་རྗེ་འཆང་དང་མི་མཉམ་པའི། །ཁྲོམ་ལ་དབང་བསྐུར་མ་བྱེད་ཅིག །གདམས་ངག་གི་འཚོ་སྐྱོང་མི་ཤེས་པའི། །ཡིག་ནག་ལ་སྤར་ཆོད་མ་བྱེད་ཅིག །བསོད་ནམས་ཀྱི་སྤེལ་ལུགས་མི་ཤེས་པའི། །དད་ཟས་ཁྲེལ་མེད་དུ་མ་ཟ་ཞིག །ཞེན་པ་ནང་ནས་མ་ལོག་པའི། །མི་ནོར་ལ་ཧབ་ཤ་མ་བྱེད་ཅིག །བླ་མེད་མངོན་དུ་མ་གྱུར་པའི། །མི་ནག་གི་བླ་མཆོད་མ་བྱེད་ཅིག །བག་ཆགས་ཀྱི་སྣང་རྒྱ་མ་དག་པའི། །འོལ་ཚོད་ཀྱི་མངོན་ཤེས་མ་བྱེད་ཅིག །གཞན་རྒྱུད་ཀྱི་རྟོགས་པ་མི་ཤེས་པའི། །བཟང་ངན་གྱིས་སྐུར་པ་མ་འདེབས་ཤིག །ང་མི་རྒན་གྱི་ཁ་ནས་ལེགས་བཤད་འབབ། །ལམ་སྣ་དཀོན་མཆོག་གསུམ་གྱིས་དྲངས། །དངོས་གྲུབ་བླ་མ་མཁའ་འགྲོས་བྱིན། །བར་ཆད་ཆོས་སྐྱོང་སྲུང་མས་སེལ། །བསོ་རེ་དགའ་རེ་སྐྱིད་དགེ་སྦྱོར་མཛོད། །ཁྱོད་འབྲི་སྒོམ་མ་ཉལ་ཕྱི་སྐྱོ་སྐོལ། །
ཞེས་གསུངས་ནས། རས་ཆུང་བ་ཁ་ལ་མི་ཉན་པའི་ཁ་ཏ་ང་། དད་པ་མེད་པའི་ཆོས་བཤད་དེ། ཀོ་བ་སྐམ་པོ་མར་སྐུད་བཀུ་བ་དང་འདྲ། ཁ་ན་ལ་གྱོང་ཆེ། ལར་བུ་ཕའི་རྩར་བསྡད་ན་སྐྱིད་ཆེ། སྒོ་ང་མ་དྲོད་ལ་བླན་ན་རྡོལ་སླ། རས་ཆུང་རི་ཁྲོད་དུ་བསྒོམ་ན་བློ་ཐོན། ལར་སེང་གེ་མ་ཡི་ཁོག་པ་ན་རྩལ་རྫོགས། ཁྱུང་སྒོ་ངའི་ནང་དུ་གཤོག་དྲུག་རྒྱས། སྒོམ་ཆེན་བླ་མའི་དྲུང་ན་གོལ་ས་མེད། བླ་མས་ཅི་གསུང་བྱས་ན་བསམ་པའི་དོན་འགྲུབ། རས་ཆུང་ཁ་ལ་ཉན་ན་བླ་མའི་ཞབས་ཏོག་ཡིན། ཁྱོད་དབུས་སུ་མ་འགྲོ་དང་ཕ་བུ་གཉིས་གྲོས་འཆམ། །ཞེས་གསུངས་པ་ལ།
ཡང་རས་ཆུང་པས། བླ་མ་ལགས་ཁྱེད་ལ་ངས་དུས་གསུམ་སངས་རྒྱས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཡོད། ད་ཡང་ང་དབུས་སུ་འགྲོ་བའི་རེ་ས་སྐྱེལ་མ་མཛད་དགོས་ཞུས་ནས། སྐྱེལ་མ་རེ་ས་ལྔའི་མགུར་འདི་ཕུལ་ལོ། །
བླ་མ་སངས་རྒྱས་ཀྱི་དགོངས་པ་ཐུགས་རྗེ་ཆེ། །བདག་རས་ཆུང་པ་ལ་སྐྱེལ་མ་མཛོད། །ང་ལྟ་བའི་ལམ་ལ་འགྲོ་བསམ་སྟེ། །རྟག་ཆད་སྐུང་ས་མང་བ་དང་། །ཕྱོགས་རིས་ཇག་པ་རྒོད་པ་དང་། །གཟུང་འཛིན་ལ་ལྟོང་ཆེ་བ་ཡི། །ཡང་དག་རྫོགས་པའི་ལམ་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཅིག་སྤྲུལ་པའི་སྐུ། །བདག་སྒོམ་པའི་ཐང་ལ་འགྲོ་བསམ་སྟེ། །བྱིང་རྒོད་སྐུང་ས་མང་བ་དང་། །དམིགས་གཏད་ས་འཕྲང་དམ་པ་དང་། །རྣམ་རྟོག་མགོ་ལོ་རྒོད་པ་ཡི། །སྐྱེ་མེད་སྤྲོས་བྲལ་ཐང་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཅིག་སྤྲུལ་པའི་སྐུ། །ང་སྤྱོད་པའི་ཐང་ལ་འགྲོ་བསམ་སྟེ། །ཞེན་པ་འགྲོགས་ཡུན་རིང་བ་དང་། །ཚུལ་འཆོས་ས་འཕྲང་དོག་པ་དང་། །ཐོ་ཅོའི་ཇག་པ་རྒོད་པ་ཡི། །ཤུགས་འབྱུང་ཞེན་མེད་ཀྱི་ཐང་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཞིག་སྤྲུལ་པའི་སྐུ། །བདག་དམ་ཚིག་ས་མཁར་རྩིག་བསམ་སྟེ། །ཐོས་བསམ་གོ་རྒྱ་ཆུང་བ་དང་། །གཉེན་པོའི་ཞོལ་ཁྱིམ་དམའ་བ་དང་། །ངོ་ལྐོག་གི་ཁྲིམས་སྒོ་ཆེ་བ་སྟེ། །སྐྱེ་མེད་དག་པའི་འོབས་ཀྱིས་མ་འཁོར་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཅིག་སྤྲུལ་པའི་སྐུ། །བདག་འབྲས་བུའི་ཚོགས་ལ་ལེན་བསམ་སྟེ། །འཁོར་བ་འདི་ཤུལ་ཐག་རིང་བ་དང་། །མྱང་འདས་ཀྱི་ས་འཕྲང་དམ་པ་དང་། །རེ་དྭོགས་ཀྱི་ཇག་པ་རྒོད་པ་སྟེ། །སྐུ་བཞི་ཡོངས་རྫོགས་ཀྱི་ཁྱིམ་དུ་མ་སླེབས་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཅིག་སྤྲུལ་པའི་སྐུ། །ང་རས་ཆུང་རྒྱལ་ཁམས་འགྲིམ་བསམ་སྟེ། །སྒྱུ་ལུས་སྐྱིད་འདོད་ཆེ་བ་དང་། །དབུ་རུ་བོད་འདི་དད་གཞི་ཆུང་བ་དང་། །ཁྲམ་པ་རྣམས་ཇག་པ་རྒོད་པ་ཡི། །བུ་ཕ་ཡི་དྲུང་དུ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཅིག་སྤྲུལ་པའི་སྐུ། །
ཞེས་ཞུས་པས། བླ་མའི་ཞལ་ནས། ཁྱེད་རབ་ཀྱིས་མ་འགྲོ། སྤུས་ཀྱི་འགྲོ་ན་ཁྱོད་ལ་འགྲོ་ཆོས་འདི་རྫོང་གི་གསུང་ནས་མགུར་འདི་གསུངས་སོ། །
ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །གཟུགས་ཤ་ཁྲག་ཕུང་པོ་བྱུར་པོ་ཆེ། །ལྟོ་གོས་ཀྱི་ཞེན་པ་བསྒྲུབ་བསྒྲུབ་ནས། །འཇིག་རྟེན་གྱི་བྱ་བ་བཏང་དུས་མེད། །སེམས་གཟུང་འཛིན་སྤོངས་ཤིག་རྣལ་འབྱོར་པ། །སྒྱུ་མ་གཟུགས་ཀྱི་གྲོང་ཁྱེར་ན། །རིག་པ་དངོས་མེད་བྱུར་པོ་ཆེ། །ཤ་ཁྲག་གཟུགས་ལ་ཆགས་ཆགས་ནས། །སྐྱེ་ཤིའི་རྩ་བ་ཆོད་དུས་མེད། །སེམས་གཞི་རྩ་ཆོད་ཅིག་རྣལ་འབྱོར་པ། །ལུང་རིགས་གཉིས་ཀྱི་བར་དོ་ན། །སེམས་རང་རིག་ཡེ་ཤེས་བྱུར་པོ་ཆེ། །གློ་བུར་གྱི་རྐྱེན་ཁ་འགྲིམ་འགྲིམ་ནས། །སེམས་གནས་ལུགས་ཀྱི་སྟེང་ན་སྡོད་དུས་མེད། །སེམས་ཀློད་ལ་ཞོག་ཅིག་རྣལ་འབྱོར་པ། །རིགས་དྲུག་འཁྲུལ་པའི་གྲོང་ཁྱེར་ན། །སེམས་གཏི་མུག་རྣལ་རྟོག་བྱུར་པོ་ཆེ། །དོན་མེད་ཉེ་རིང་བྱེད་བྱེད་ནས། །བཏང་སྙོམས་ངང་ལ་གནས་དུས་མེད། །སེམས་ཆགས་སྡང་སྤོངས་ཤིག་རྣལ་འབྱོར་པ། །མི་མངོན་ནམ་མཁའི་དབྱིངས་རུམ་ན། །དུས་གསུམ་སངས་རྒྱས་དགོངས་པའི་ཚིག །དྲང་དོན་གྱིས་བསླུ་བྲིད་འཆད་འཆད་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །སེམས་སྤྲོས་པ་ཆོད་ཅིག་རྣལ་འབྱོར་པ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །བར་དོའི་ཤེས་པ་བྱུར་པོ་ཆེ། །ལུས་མེད་ལུས་དང་འགྲོགས་འགྲོགས་ནས། །ཆོས་ཉིད་ངང་ལ་གནས་དུས་མེད། །སེམས་རང་སོར་ཚུད་ཅིག་རྣལ་འབྱོར་པ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །མ་བྲལ་གཉུག་མའི་ངང་ལ་ཞོག །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་བསྲེས་ལ་འདྲེས་པར་སྒོམ། །བག་ཡོད་བརྩོན་ལ་གཅིག་པུར་སྡོད། །དོན་སེམས་ལ་ལྟོས་ཤིག་རྣལ་འབྱོར་པ། །སེམས་བསྒྲུབ་པས་མཆོད་དོ་འཕགས་པའི་ཚོགས། །ཚིག་ལ་མཉེས་སམ་རྣལ་འབྱོར་པ། །གདམས་ངག་ཡིན་ནོ་སེམས་ལ་ཞོག །དོན་སེམས་ལ་ལྟོས་ཤིག་རྣལ་འབྱོར་པ། །རས་ཆུང་ཁྱོད་དག་ཅི་བདེ་གྱིས། །ང་ཞེན་མེད་དགོན་པར་སྡོད་པ་ཡིན། །གཡས་ན་དཔའ་བོ་ངར་དང་ཆས། །མཚོན་རྣོན་པོ་ཀླད་ལ་བསྐོར་བ་འདྲ། །ཐོགས་པ་མེད་པས་བློ་རེ་བདེ། །གཡོན་ན་དཔའ་མོ་མདངས་དང་ལྡན། །མ་ཡི་བུ་གཅེས་འཚོ་བ་འདྲ། །སྐྱོ་ངལ་མེད་པས་བློ་རེ་བདེ། །མདུན་ནས་ཆོས་སྐྱོང་དམ་ལ་འདུ། །བྲན་ཁོལ་ལས་ལ་འགྱེད་པ་འདྲ། །ཅི་བསམ་འགྲུབ་པ་བློ་རེ་བདེ། །བུ་རས་ཆུང་ཁྱེད་རང་ཅི་བདེ་གྱིས། །ང་ཆོས་ཉིད་ཆེན་པོ་བསྒོམ་ཞིང་འདུག །
ཅེས་གསུང་ནས། རས་ཡུག་གཅིག །བུར་རྡོག་ཡ་ཟུང་ཞིག །ཆོས་ཁུག་གཅིག་དང་གསུམ་བརྫོང་བ་མཛད་ནས། ངའི་གླིང་ཆུང་འདི་ལ་ཕྱག་བརྒྱ། སྐོར་བ་བརྒྱ། མཎྜལ་བརྒྱ། གཏོར་མ་བརྒྱ། ཆུ་སྦྱིན་བརྒྱ། ཚ་ཚ་བརྒྱ། བཤགས་པ་བརྒྱ་དེ་རྣམས་མཛོད་ལ་བྱོན། ཞེས་གསུངས་པས། རས་ཆུང་པ་དགའ་བས་ཕྱིར་ནང་ཕྱག་ལ་སོགས་པ་བརྗེད་ནས་བྱོན་སོང་ངོ་། །དེ་ཐམས་ཅད་རས་ཆུང་དབུས་བཞུད་ཀྱི་སྐོར་རོ།། །།

དེ་ནས་རྗེ་བཙུན་གྱི་དགོངས་པ་ལ། ང་ཡི་བུ་དེས་བླ་མ་ལ་དད་པ་བརྟན་པོ་ཐོབ་བམ་མ་ཐོབ། བར་ཆད་ཀྱིས་ཚུགས་མི་ཚུགས། ལས་ངན་གྱི་དབང་དུ་འགྲོའམ་མི་འགྲོ་དགོངས་ནས། རས་ཆུང་པའི་ཕྱི་ཕྱི་ལ་བྱོན་ཏེ། རས་ཆུང་པ་སིལ་མ་ལའི་ལ་ཐོག་སླེབས་པ་དང། སྦྲུལ་གོག་ཤི་ལ་ཁད་ཅིག་ཏུ་སྤྲུལ་ནས་བཞུགས་ཙ། རས་ཆུང་པས་ཁོ་རང་གི་ཤ་ལ་བཅད་ཅིང་བྱིན་པས། ངའི་བུ་ལ་སྙིང་རྗེ་བཟང་པོ་འདུག་དགོངས་ཏེ། དེ་ནས་ཆུ་ཕོ་ལོང་གྲུ་ཁ་ན་སླེབས་པ་དང་། རྗེ་བཙུན་ཁྲམ་པ་མི་བདུན་དུ་སྤྲུལ་ནས། རས་ཆུང་པ་ལ་ཟོག་པོ་འདི་སོད་སོད་རྒྱོབ་རྒྱོབ་བྱས། གྲོ་ཕྱེ་གོས་སློག་ཕྲོགས་པ་ལས། རས་ཆུང་པས་ངས་ད་ནང་ཕྱག་དང་བསྐོར་བ་བརྗེད་པས་ལན་བསམ་ནས་མིག་ཟིམ་མེ་བླ་མ་ཡིད་ལ་བསམ་པ་དང་། ངོ་མི་ཤེས་པའི་རས་པ་བདུན་རེད་འདུག་པས། མགྲིན་གཅིག་ཏུ་བསྡེབས་ནས་མགུར་འདི་གསུངས་སོ། །
ཁྱོད་འདིར་འགྲོའི་བཙུན་ཆུང་གཞོན་ནུ་གཅིག །ད་ནང་གང་ནས་འོང་བ་ཡིན། །དོ་ནུབ་གང་དུ་འགྲོ་བ་ཡིན། །བརྒྱུད་པ་གང་ནས་བརྒྱུད་པ་ཡིན། །བླ་མ་སུ་ལ་གཏུགས་པ་ཡིན། །ཡི་དམ་གང་ལ་བྱེད་པ་ཡིན། །དམ་ཆོས་ཅི་སྐད་ཟེར་བ་ཡིན། །ཆོས་སྐྱོང་ཅི་འདྲ་བརྟེན་སྒྲུབ་བྱས། །ཉམས་ལེན་ཅི་འདྲ་སྒོམ་རྒྱུ་ཡོད། །རི་འདི་ལ་ཅི་སྐད་ཟེར་བ་ཡིན། །ཆུ་འདི་ལ་ཅི་སྐད་ཟེར་བ་ཡིན། །བྲག་འདི་ལ་ཅི་སྐད་ཟེར་བ་ཡིན། །བཀའ་མཆིད་མ་ཡོ་དྲང་དུ་སྨྲོས། །
ཞེས་གསུངས་པ་ལ། རས་ཆུང་པས་འདི་རྣམས་ངོ་ནི་མི་ཤེས། བླ་མའི་སྤྲུལ་པ་འདྲ་ཨེ་ཡིན་མ་ཡིན་བསམ་ནས་མགུར་འདི་གསུངས་སོ། །
ངེད་ད་ནང་སྙེ་ནམ་ལུང་ནས་འོང་། །དོ་ནུབ་གར་འགྲོ་ངེས་པ་མེད། །ང་ཡི་བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །བླ་མ་མི་ལ་རས་པ་ཡིན། །ཡི་དམ་འཁོར་ལོ་བདེ་མཆོག་ཡིན། །དམ་ཆོས་ཕྱག་རྒྱ་ཆེན་པོ་ཡིན། །ཆོས་སྐྱོང་མགོན་པོ་ནག་པོ་ཡིན། །ཉམས་ལེན་རྩ་རླུང་བསྒོམ་པ་ཡིན། །ང་རང་རས་ཆུང་རྡོར་གྲགས་ཡིན། །རི་འདི་སྙེ་ནམ་དྲོད་ཕུག་ཡིན། །ཆུ་འདི་ཕོ་ལོང་གྲུ་ཁ་ཟེར། །བྲག་འདི་སེང་གེ་འགྱིང་འདྲ་ཟེར། །འགྲོ་བ་རས་ཆུང་རྡོར་གྲགས་འགྲོ། །སོངས་ཤིག་བླ་མ་སངས་རྒྱས་གསུང་། །འགྲོ་བ་དབུས་ཀྱི་ཕྱོགས་སུ་འགྲོ། །སྤྱོད་ལམ་མངོན་ལྐོག་མེད་པར་འགྲོ། །དེ་ལྟར་འགྲོ་ཡི་བྱིན་གྱིས་རློབས། །རྗེ་སྦས་པའི་སངས་རྒྱས་རྣལ་འབྱོར་པ། །སྤྲང་འཇིགས་པ་བྲལ་བར་ཐུགས་རྗེས་ཟུངས། །
ཞེས་ཕུལ་བས། རྗེ་བཙུན་ཉིད་དུ་གྱུར་བྱུང་བས། བུ་ཁྱོད་ལ་བླ་མ་ལ་དད་པ་དུམ་པ་གཅིག་དང་། སྙིང་རྗེ་དུམ་པ་ཅིག་དང་གཉིས་འདུག་པས་ཅུང་ཨེ་དྲག །ལར་ཁྱེད་ལ་རྐྱེན་ངན་གྱིས་བར་ཆད་འཇིགས་འདུག་པས། ནང་འདོད་པའི་བློ་དང་མ་བྲལ་བར་དུ་རྐྱེན་གྱིས་གནོད་པ་ཡིན། ད་ཅིས་ཀྱང་འགྲོ་ན་ང་ཡི་རས་ཀྱི་སག་ལེ་འདིའི་སྟེང་དུ་སྡོད་དང་བཀྲ་ཤིས་ཤིག་བརྗོད་གསུང་པ་ལ། རས་ཆུང་པས་བླ་མའི་གྲིབ་མ་ཙམ་ཡང་འགོང་མི་རུང་བ་ལ། ན་བཟའི་སྟེང་དུ་སྡོད་པ་ཨེའུ་རུང་ཞུས་པས། བཀའ་གནང་བ་ལ་ཉེས་པ་མེད་རྟེན་འབྲེལ་གྱི་གནད་གཅིག་གིས་རས་གོས་འདིའི་སྟེང་དུ་སྡོད་ཅིག་གསུང་ནས། སག་ལེའི་སྟེང་དུ་བཞག་སྟེ་རྗེ་བཙུན་གྱི་སྐུ་དེ་ལ་སྐུ་བཅུ། བཅུ་ལ་བརྒྱ། བརྒྱ་ལས་སྟོང་། དེ་ལས་ནམ་མཁའ་དང་ས་གཞི་ཐམས་ཅད་རྗེ་བཙུན་གྱིས་ཁེངས་ཏེ། དབུས་ཀྱི་གཙོ་བོ་དེས་མགུར་དཔོན་མཛད། སྤྲུལ་པ་དེ་རྣམས་ཀྱིས་རམ་འདེབས་མཛད་ནས་བཀྲ་ཤིས་དགུ་བརྩེགས་ཀྱི་མགུར་འདི་གསུངས་སོ། །
ང་ཡི་བརྒྱུད་པ་གང་ཡིན་ཟེར་ཙམ་ན། །བརྒྱུད་པ་མི་ངན་བརྒྱུད་པ་བཟང་། །བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །བརྒྱུད་པ་བཟང་པོ་དེ་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །བླ་མ་གང་ཡིན་ཟེར་ཙ་ན། །བླ་མ་མི་ངན་བླ་མ་བཟང་། །བླ་མ་མར་རྔོག་རྣམ་གཉིས་ཡིན། །བླ་མ་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །དམ་ཆོས་གང་ཡིན་ཟེར་ཙ་ན། །དམ་ཆོས་མི་ངན་དམ་ཆོས་བཟང་། །དམ་ཆོས་ཕྱག་རྒྱ་ཆེན་པོ་ཡིན། །དམ་ཆོས་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །ངའི་ཡི་དམ་གང་ཡིན་ཟེར་ཙ་ན། །ཡི་དམ་མི་ངན་ཡི་དམ་བཟང་། །ཡི་དམ་ཕག་མོ་དམར་ཆུང་ཡིན། །ཡི་དམ་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །ང་ཡི་ཆོས་སྐྱོང་གང་ཡིན་ཟེར་ཙ་ན། །ཆོས་སྐྱོང་མི་ངན་ཆོས་སྐྱོང་བཟང་། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡིན། །ཆོས་སྐྱོང་བཟང་པོ་དེ་ཡི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །རྩ་དང་རླུང་དང་ཐིག་ལེ་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །བདེ་དང་གསལ་དང་མི་རྟོག་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །གཞི་དང་ལམ་དང་འབྲས་བུ་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །སངས་རྒྱས་བདེན་ལ་ཆོས་ཀྱང་བདེན། །དེ་བཞིན་དགེ་འདུན་བདེན་པ་ཡིན། །བཀྲ་ཤིས་མི་འགྱུར་བརྟན་པར་ཤོག །ང་རང་གང་ཡིན་ཟེར་ཙ་ན། །ང་རང་མི་ལ་རས་པ་ཡིན། །མི་ལ་རས་པའི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །
ཅེས་གསུངས་ནས། རས་ཆུང་པ་ཁྱོད་དབུས་སུ་འགྲོ་བ་ལ་འཇིག་རྟེན་པའི་ཁྱི་མོ་གཅིག་གིས་བར་ཆད་བྱེད་པར་འདུག་སྟེ། དེའི་དུས་སུ་བླ་མ་དང་ཉམས་ལེན་མ་བརྗེད་པར་གྱིས་ཤིག་གསུངས་སོ། །
ཡང་རས་ཆུང་པས་ཞུས་པ། ང་རྒྱ་གར་དུ་སོང་དུས་ཕྱག་རྒྱ་ཆེན་པོ་ལ་བླ་མ་བལ་པོ་མཁས་ཟེར་བས་ང་དེར་འགྲོ་ཞུས་པས། བླ་མའི་ཞལ་ནས། འོ་ན་ཞུས་དང་རང་གི་ཆོས་བས་ཟབ་པར་འདུག་ན་ཉམས་ལེན་གྱིས། མི་ཟབ་པར་འདུག་ན་རང་གི་ཆོས་ལ་ངེས་ཤེས་དང་སྙིང་རུས་ཆེར་འགྲོ་བ་ཡིན་གསུང་། དེ་ནས་རས་ཆུང་པ་དབུས་སུ་སོང་ངོ་། །དེ་ཐམས་ཅད་དབུས་གཏད་བར་མའི་སྐོར་རོ།། །།

དེ་ནས་རྗེ་བཙུན་ཆེན་པོ་ཡར་བྱོན་ཏེ་ཕུག་པའི་ནང་དུ་བཞུགས་ནས་ཡོད་ཙ། ཉ་མ་རྣམས་ཀྱིས་སྔར་དང་འདྲ་བའི་ཚོགས་གསོག་ཁྱེར་ནས་འོང་བ་ལ། རས་ཆུང་བ་མི་འདུག་པ་དང་། རས་ཆུང་པ་དབུས་སུ་བཞུད་པ་འདྲ་ན། རྗེ་བཙུན་དང་ནམ་མཇལ་ཡང་ཆོག་ལོག་ལ་འདོང་ཟེར་བས། རྒན་ཤོས་ཞིག་ན་རེ། ལོག་འགྲོ་བ་མི་འཐད། བསྙེན་བཀུར་སྔར་ལུགས་སུ་ཐོང་ཟེར་ནས་བསྙེན་བཀུར་གསུམ་གཉིས་རྫ་གསེབ་ཏུ་སྦས། སུམ་ཆ་ཁྱེར་ནས་རྗེ་བཙུན་གྱི་སྤྱན་སྔར་ཕྱིན། རྗེ་བཙུན་བཞུགས་ཁྲིའི་སྟེང་ན་བྱམས་པའི་བཞུགས་སྟངས་ཀྱིས་བཞུགས་འདུག་པ་ལ། བསྙེན་བཀུར་རྣམས་ཕྱག་ཏུ་བཏང་ནས་རས་ཆུང་པ་གར་བཞུད་ཟེར་བས་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
བུ་རས་ཆུང་མི་འདུག་དབུས་སུ་སོང་། །ང་ཡི་བུ་སེངྒེ་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་གངས་རི་དང་འདྲ་བ་དེ་ཤུལ་དུ་བསྐྱུར། །གཡུ་རལ་ལེགས་མོ་ངོམ་ཞིང་དབུས་སུ་སོང་། །ང་ཡི་བུ་སྟག་མོ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་ནགས་གསེབ་དང་འདྲ་བ་ཤུལ་དུ་བསྐྱུར། །འཛུམ་དྲུག་ལེགས་མོ་ངོམ་ཞིང་དབུས་སུ་སོང་། །ང་ཡི་བུ་རྒོད་པོ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་བྲག་རི་དང་འདྲ་བ་དེ་ཤུལ་དུ་བསྐྱུར། །གཤོག་དྲུག་ལེགས་མོ་ངོམ་ཞིང་དབུས་སུ་སོང་། །ང་ཡི་བུ་སྐྱ་བཀྲ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་གོ་རྒན་དང་འདྲ་བ་དེ་ཤུལ་དུ་བསྐྱུར། །སྤྱན་མིག་རྒྱ་སྐར་དང་འདྲ་བ་དེ་ངོམ་ཞིང་དབུས་སུ་སོང་། །ངག་རྒྱ་དར་ལས་འཇམ་པ་དེ་དབུས་སུ་སོང་། །གསུང་དྲིལ་བུ་ལྟར་སྙན་པ་དེ་དབུས་སུ་སོང་། །བཞིན་རྨ་བྱ་ལས་སྡུག་པ་དེ་དབུས་སུ་སོང་། །སྨྲ་ནེ་ཙོ་ལས་མཁས་པ་དེ་དབུས་སུ་སོང་། །ཤ་གངས་དཀར་ལས་དཀར་བ་དེ་དབུས་སུ་སོང་། །ལུས་སྦ་དཀར་ལས་ལྡེམ་པ་དེ་དབུས་སུ་སོང་། །ཞེས་གསུངས་སོ། །
ཡང་ང་ཡི་བུ་རས་ཆུང་འོད་གསལ་ཉི་མ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་མི་ལ་རས་པ་འཁར་རྔ་གོག་པོ་དང་འདྲ་བ་དེ་ཤུལ་དུ་ལུས། །ང་ཡི་བུ་རས་ཆུང་གསུང་སྙན་དྲིལ་བུ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་མི་ལ་རས་པ་ཟངས་རྔ་རྒོག་པོ་དང་འདྲ་བ་དེ་ཤུལ་དུ་བསྐྱུར། །བུ་སེངྒེ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་ཁྱི་རྒན་འདྲ་བ་དེ་ཤུལ་དུ་ལུས། །བུ་རྒྱ་སྟག་དང་འདྲ་བ་དེ་དབུས་སུ་སོང་། །ཕ་བྱི་རྒྱ་འདྲ་བ་དེ་ཤུལ་དུ་ལུས། །བུ་གྱི་ལིང་འདྲ་བ་དེ་དབུས་སུ་སོང་། །ཕ་བོང་རྒན་དང་འདྲ་བ་དེ་ཤུལ་དུ་ལུས། །བུ་བྱ་རྒྱལ་འདྲ་བ་དེ་དབུས་སུ་སོང་། །ཕ་ཁྱིམ་བྱ་འདྲ་བ་དེ་ཤུལ་དུ་ལུས། །ཁོང་རང་གི་ཆུས་ལ་མ་བབ་ན། །མི་རྒན་གྱི་ཁ་ལ་ཁོ་མི་ཉན། །ཁྱེད་ཉ་མ་ཚོ་ཡོད་ན་ཉན་ཚོད་གདའ་སྟེ། །གཅེས་པའི་རས་ཆུང་པ་དེ་དབུས་སུ་སོང་། །
ཞེས་གསུང་པ་དང་། ཉ་མ་ཚོ་ན་རེ། བླ་མ་རྗེ་བཙུན་སྟངས་ཞན། རས་ཆུང་པ་ངེད་ཀྱི་བླ་མཆོད་དུ་འཇོག་པར་ཞལ་གྱིས་བཞེས་ནས་ཅི་སྐད་ཟེར་ནས་བཞུད་ཞུས་པས། རྗེ་བཙུན་གྱི་ཞལ་ནས། གཞན་གྱི་དོན་དང་ཁོང་ལ་མེད། ཆོས་འཁོར་ལྷ་ས་སྐོར་དུ་འགྲོ། དཔལ་གྱི་བསམ་ཡས་ལྟ། མར་རྔོག་གི་གདན་ས་ལྟ། དབུས་གཙང་གི་རྒྱལ་ཁམས་ལྟ། རོ་སྙོམས་ལྡོམ་བུ་བྱེད་ཟེར་གསུངས་པས། ཉ་མ་རྣམས་ཀྱིས་ཁྱེད་ཀྱིས་བཤོལ་མ་བཏབ་བམ་ཞུས་པས། ངས་ཁོང་ལ་འདི་སྐད་བཟླས་གསུངས་ནས་མགུར་འདི་གསུངས་སོ། །
རྩ་བའི་བླ་མ་བཞུགས་དུས་སུ། །ཇོ་ཤཱཀ་བསྐོར་བས་ཅང་ཕན་ནམ། །ལྟ་རྟོགས་སེམས་ལ་གཏོང་དུས་སུ། །བསམ་ཡས་བསྐོར་བས་ཅང་ཕན་ནམ། །རི་ཁྲོད་དགོན་པ་འགྲིམ་དུས་སུ། །རྒྱལ་ཁམས་བསྐོར་བས་ཅང་ཕན་ནམ། །དྲི་མེད་སེམས་ལ་ལྟ་དུས་སུ། །མར་རྔོག་གདན་ས་བལྟས་པས་ཅང་ཕན་ནམ། །དཀའ་ཐུབ་ཆུ་འཐུང་བྱེད་དུས་སུ། །རོ་སྙོམས་ལྡོམ་བུ་བྱས་པས་ཅང་ཕན་ནམ། །བྱས་ནས་ངས་ཁོ་ལ་དེ་སྐད་བྱས་ཏེ། ལར་གདོང་པ་ཆུང་བའི་བུ་ཙ་དེ། །ཕ་མའི་ཁ་ལ་ཅང་མི་ཉན། །ཚིག་ཆུང་བྱེད་པའི་སློབ་མ་དེ། །བླ་མའི་ཁ་ལ་ཅང་མི་ཉན། །ཁོ་རང་གི་ཆེད་ལ་མ་བབ་ན། །མི་རྒན་གྱི་ཁ་ལ་ཁོ་མི་ཉན། །ཁྱེད་ཉ་མ་ཚོ་ཡོད་ན་ཤོལ་ཚོད་གདའ། །
ཞེས་གསུངས་པས། ཁོང་ཐག་རིང་པོ་ན་བཞུད་པ་དེ་བློ་མ་བདེ། ཁོང་ལ་རྒྱགས་དང་། གོས་དང་། རྟ་དང་། གྲོགས་ཅི་ལྟ་བུ་ཡོད་ཞུས་པས་ཡང་མགུར་འདི་གསུངས་སོ། །
བུ་རས་ཆུང་མི་འདུག་དབུས་སུ་ཐལ། །ཁོང་གྲོགས་བཟང་པོ་གཅིག་དང་འགྲོགས་ནས་ཐལ། །གཞན་གྱི་གྲོགས་དང་ཁོང་མི་འདྲ། །གཞན་གྱི་གྲོགས་ལ་འདུ་འབྲལ་ཡོད། །རས་ཆུང་གྲོགས་ལ་འདུ་འབྲལ་མེད། །རང་བྱུང་ཡེ་ཤེས་གྲོགས་མཆོག་དང་། །རས་ཆུང་པ་གཉིས་འགྲོགས་ནས་ཐལ། །རྟ་བཟང་པོ་ཅིག་དང་འགྲོགས་ནས་ཐལ། །གཞན་གྱི་རྟ་དང་ཁོང་མི་འདྲ། །གཞན་གྱི་རྟ་ལ་མགྱོགས་ཤུལ་ཡོད། །རས་ཆུང་གི་རྟ་ལ་མགྱོགས་ཤུལ་མེད། །རྣམ་ཤེས་རླུང་གི་རྟ་ཕོ་དང་། །རས་ཆུང་པ་གཉིས་འགྲོགས་ནས་ཐལ། །རྒྱགས་བཟང་པོ་གཅིག་དང་འགྲོགས་ནས་ཐལ། །གཞན་གྱི་རྒྱགས་དང་ཁོང་མི་འདྲ། །གཞན་གྱི་རྒྱགས་ལ་འཛད་པ་ཡོད། །རས་ཆུང་གི་རྒྱགས་ལ་འཛད་པ་མེད། །ཏིང་འཛིན་ཟས་ཀྱི་རོ་མཆོག་དང་། །རས་ཆུང་པ་གཉིས་འགྲོགས་ནས་ཐལ། །གོས་བཟང་པོ་གཅིག་དང་འགྲོགས་ནས་ཐལ། །གཞན་གྱི་གོས་ལ་དྲོ་གྲང་ཡོད། །རས་ཆུང་གོས་ལ་དྲོ་གྲང་མེད། །གཏུམ་མོ་མེ་འབར་གྱི་བདེ་དྲོད་དང་། །རས་ཆུང་པ་གཉིས་འགྲོགས་ནས་ཐལ། །ཁོ་བློ་ཕུགས་དཀོན་མཆོག་གསུམ་ལ་གཏད་ཅིང་སོང་། །སྙིང་ལ་བླ་མ་རྗེ་བཙུན་སྒོམ་ཞིང་སོང་། །གྲོགས་སུ་རང་བྱུང་ཡེ་ཤེས་སྒོམ་ཞིང་སོང་། །ཟས་སུ་ཟག་མེད་ཏིང་འཛིན་ཟ་ཞིང་སོང་། །གོས་སུ་གཏུམ་མོ་མེ་དྲོད་གྱོན་ཅིང་སོང་། །རྣམ་ཤེས་རླུང་གི་རྟ་ཕོ་བཅིབས་ཤིང་སོང་། །རེ་བ་དཀར་པོའི་ཆོས་ལ་གཏད་ཅིང་སོང་། །དྭོགས་པ་ནག་པོའི་སྡིག་ལ་འཛེམ་ཞིང་སོང་། །
ཞེས་གསུངས་པས། བླ་མ་ལགས་ངེད་ཚོའི་བཤོལ་བ་འདུག་ན་ད་སོང་ན་སླེབས་པ་ཨེ་ཡོད་ཟེར་བས་མགུར་འདི་གསུངས་སོ། །
ང་ཡི་བུ་དེ་ནམ་མཁའ་དང་འདྲ་བ་ལ། །ང་ཡི་བུ་དེ་ཨེ་ཁུགས་བསམ་པ་ན། །ནམ་མཁའ་ཕྱིང་པ་བཞིན་དུ་དྲིལ་ལ་ཤོག །ང་ཡི་བུ་དེ་རླུང་དང་འདྲ་བ་ལ། །ང་ཡི་བུ་དེ་ཨེ་སླེབས་བསམ་པ་ལ། །རླུང་དུམ་སྤར་བས་ཟུང་ལ་ཤོག །ང་ཡི་བུ་དེ་ཉི་ཟླ་དང་འདྲ་བ་ལ། །ང་ཡི་བུ་དང་ཨེ་འཕྲད་བསམ་པ་ན། །ཉི་ཟླ་གཉིས་པོ་ཁུག་མར་ཆུག་ལ་ཤོག །ང་ཡི་བུ་དེ་རི་བོ་དང་འདྲ་བ་ལ། །ང་ཡི་བུ་དེ་ཨེ་ཁུག་བསམ་པ་ན། །རི་རབ་དེ་པང་པས་ཐོབ་ལ་ཤོག །ང་ཡི་བུ་ལ་ཁུག་ཐབས་ག་ལ་ཡོད། །རེ་འཁྲུལ་རེ་འཁྲུལ་ཉ་མ་འཁྲུལ། །རེ་སྡུག་རེ་སྡུག་བསམ་རླག་སྡུག །རེ་འཇིགས་རེ་འཇིགས་ཉ་མ་འཇིགས། །འདིར་འོང་གི་ཉ་མ་སར་སིར་རྣམས། །དམ་པའི་ལྷ་ཆོས་མ་དྲན་ན། །སེམས་འདུ་ཤེས་ངན་པ་ལས་ངན་ཡིན། །
ཞེས་གསུངས་པས། ཁོང་རྣམས་ན་རེ། འོ་ན་དཀའ་ལས་དེ་ཙམ་ཡོད་ན་ཐུགས་འཕྲལ་དེ་ཙམ་བྱས་མ་བྱས་མི་འདུག་ཟིན་ཞུས་པ་ལ། ཡང་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
གུང་ཐང་གི་གཉེན་ཆུང་རས་པ་དང་། །ལྕིམ་ལུང་གི་ངན་རྫོང་བདེ་བ་སྐྱོང་། །མདོ་བཀྲའི་སེ་བན་བཀྲ་ཤིས་འབར། །སྟག་མོའི་རྣལ་འབྱོར་གླིང་ཁ་བ་། །ཁོང་སྙིང་དང་འདྲ་བའི་བུ་བཞི་ཡིན། །ལར་ཆུང་འགྲོགས་སེམས་ཀྱི་ཚེར་མ་སྟེ། །བུ་རས་ཆུང་དྲན་པས་དྲན་པ་འཕྱོ། །ཐ་སྙད་ཀྱིས་བཏགས་པའི་ལྟ་བ་དེ། །མིང་ལྟ་བ་ཟེར་ཡང་ཁ་ཚིག་ཡིག །གཟུང་འཛིན་གཡང་ས་ཆེ་བའམ། །སེམས་བཙན་ས་ཟིན་པའི་མི་རེ་ཉུང་། །ཡར་སྐྱེད་མེད་པའི་སྒོམ་པ་དེ། །མིང་སྒོམ་ཆེན་ཟེར་ཡང་ཞི་གནས་ཡིན། །ལྷག་མཐོང་ཟུང་དུ་མ་འབྲེལ་ལམ། །སེམས་གནད་དུ་བསྣུན་པའི་མི་རེ་ཉུང་། །བློ་ཉིན་སྲིབ་བྱེད་པའི་སྤྱོད་པ་དེ། །མིང་སྤྱོད་པ་ཟེར་ཡང་བཅོས་མ་ཡིན། །ཆོས་བརྒྱད་ཟིལ་གྱིས་མ་ནོན་ནམ། །ཆོས་མཐའ་རུ་སྐྱོལ་བའི་མི་རེ་ཉུང་། །རང་མཐོ་འདོད་པའི་འབྲས་བུ་དེ། །མིང་འབྲས་བུ་ཟེར་ཡང་མགོ་སྐོར་ཡིན། །ཆོས་ཉིད་རྡོ་རུས་མ་འཕྲོད་ན། །གཞན་ལམ་སྣ་འདྲེན་པའི་མི་རེ་ཉུང་། །མངོན་ལྐོག་དང་བཅས་པའི་དམ་ཚིག་དེ། །མིང་རྣམ་དག་ཟེར་ཡང་ཟོག་པོ་ཡིན། །ཁས་བླངས་དམ་བཅའ་ཉམས་པའམ། །སེམས་འགྱོད་པ་མེད་པའི་མི་རེ་ཉུང་། །ཤོག་ལོགས་ཀྱི་གདམས་ངག་ཟབ་མོ་དེ། །ཟབ་ཟབ་འདྲ་ཡང་ཚིག་ཟིན་ཡིན། །གང་ཟག་སྙིང་རུས་ཆུང་བའམ། །ཆོས་བརྒྱུད་པ་ལྡན་པའི་མི་རེ་ཉུང་། །ཁོང་ཚེ་འདིས་བཅིངས་པའི་སློབ་དཔོན་ཡང་། །མིང་སློབ་དཔོན་ཟེར་ཡང་བྲེལ་སྣོན་ཡིན། །སྔར་བསགས་ལས་འབྲེལ་ཆུང་བའམ། །རྗེ་མཚན་ལྡན་རྙེད་པའི་མི་རེ་ཉུང་། །མིག་ཟིམ་ཟིམ་བྱེད་པའི་མོས་གུས་དེ། །མིང་མོས་གུས་ཟེར་ཡང་དར་གཅིག་ཡིན། །ལས་ངན་ལྟག་ཚན་ཆེ་བའམ། །ལྟོས་མེད་གསུམ་གྱི་མི་རེ་ཉུང་། །གྲོང་ལྟག་གི་དགོན་པ་ཁྲ་མོ་དེ། །མིང་དགོན་པ་ཟེར་ཡང་གྲོང་ཡུལ་ཡིན། །གང་ཟག་བསྒྲུབ་ལ་གཡེལ་བའམ། །གནས་གངས་དཀར་བསྟེན་པའི་མི་རེ་ཉུང་། །ཞེས་གསུང་ནས་ལས་འབྲས་ལ་སོགས་པའི་ཆོས་དང་ཞལ་ལྟ་མང་དུ་མཛད་དོ། །
དེར་ཉ་མ་རྣམས་ཀྱིས་རྗེ་བཙུན་ལགས་ཐུགས་འཕྲལ་མི་མཛད་པར་ཞུ་དང་། རས་ཆུང་པ་མྱུར་དུ་འབྱོན་མཆི། རྒྱ་སྲིད་མ་བྱོན་ན་ཡང་སྙེ་ནམ་དྲོད་ཕུག་ན་རས་པ་འདི་ཙམ་ཞིག་ཡོད་པ་དེ། དེ་ཚོའི་གསེབ་ན་རས་ཆུང་འདྲ་བ་ཅིག་ཡང་མེད་དམ། དེ་ཡང་རྒྱ་སྲིད་མ་བྱུང་ཡང་། ངེད་ཀྱི་གཅེས་ཕྲུག་རེ་རེ་ཡོད་པ་གང་དགོས་ཉེ་གནས་སུ་འབུལ་བས་ཆོག་གི་ཁྱེད་རས་ཆུང་བ་འདྲ་མཛད་པར་ཞུ་ཟེར་ནས། སེམས་གསོ་གཏོང་ཞིང་ཆོས་བཤད་གྱེན་ལ་གཏོང་དུ་བྱུང་བས། ཡང་མགུར་འདི་གསུངས་སོ། །
ཡ་ཀི་གངས་དཀར་གྱི་སྟོང་ཤེད་ན། །སེངྒེ་བརྒྱ་འཚོགས་སྟོང་འཚོགས་ཀྱང་། །གཡུ་རལ་ཅན་དེ་མི་གདའ་ན། །མ་ཀི་ཙནྡན་གྱི་ནགས་གསེབ་ན། །སྟག་མོ་བརྒྱ་འཚོགས་སྟོང་འཚོགས་ཀྱང་། །ཁོང་འཛུམ་དྲུག་ཅན་དེ་མི་གདའ་ན། །མ་ཀི་མཚོ་མཐའ་མར་མེར་ན། །ཉ་མོ་བརྒྱ་འཚོགས་སྟོང་འཚོགས་ཀྱང་། །གསེར་མིག་ཅན་དེ་མི་གདའ་ན། །ཡ་ཀི་བྲག་དམར་གྱི་ལོགས་ཤེད་ན། །རྒོད་པོ་བརྒྱ་འཚོགས་སྟོང་འཚོགས་ཀྱང་། །རྒོད་རྩེ་སྒྲོ་ཅན་དེ་མི་གདའ་ན། །ཡ་ཀི་སྙེ་ནམ་གྱི་དྲོད་ཕུག་ན། །རས་པ་བརྒྱ་འཚོགས་སྟོང་འཚོགས་ཀྱང་། །བུ་རས་ཆུང་པ་དེ་མི་གདའ་ན། །གཅེས་པའི་རས་ཆུང་བ་དེ་དབུས་སུ་བཞུད། །མཛེས་རྨ་བྱ་ལས་མཛེས་པ་དེ་དབུས་སུ་ཐལ། །གསུང་དྲིལ་བུ་ལས་སྙན་པ་དེ་དབུས་སུ་ཐལ། །ངག་རྒྱ་དར་ལས་འཇམ་པ་དེ་དབུས་སུ་ཐལ། །ཐུགས་ཤེས་རབ་ཅན་དེ་དབུས་སུ་ཐལ། །ལར་ཡོན་ཏན་ཡོད་པ་དཀོན་པ་སྟེ། །དེ་བས་དད་པ་ཡོད་པ་དཀོན། །འབུལ་བ་ཐམས་ཅད་ཁ་འབུལ་ཡིན། །ཚོགས་གསོག་ཐམས་ཅད་ཁ་ལན་ཡིན། །དད་པ་ཐམས་ཅད་འདོད་དད་ཡིན། །སྐྱབས་གནས་ཐམས་ཅད་འཇིགས་ངོ་ཡིན། །སྙིང་རྗེ་ཟེར་ཡང་ཉོན་མོངས་ཡིན། །བཟང་པོ་ཐམས་ཅད་བླུན་པོ་ཡིན། །རྒོད་པོ་ཐམས་ཅད་ངན་པ་ཡིན། །མཛངས་པ་ཐམས་ཅད་སེར་སྣ་ཡིན། །འཚོགས་པ་ཐམས་ཅད་ཁྲམ་པ་ཡིན། །ཕན་པའི་ཆོས་ལ་ངོ་ཚ་བྱེད། །གནོད་པའི་སྡིག་ལ་རྒོད་པོར་འདོད། །ལར་བསམ་ཞིང་རྒོད་བྲོ་མཚར་དུ་ཆེ། །ཁྱེད་སྨན་བཙུན་ཉ་མ་ཁྱིམ་དུ་བཞུད། །ང་རྣལ་འབྱོར་དགེ་སྦྱོར་བྱེད་པ་ཡིན། །
ཞེས་གསུངས་པས། བླ་མ་ལགས་ངེད་རྣམས་ཀྱིས་བཀའ་གདམས་པའི་བཙུན་པ་མང་པོ་ལ་ཡང་ཞབས་ཏོག་མང་པོ་བྱས་ཏེ། ཁྱེད་ཀྱི་འདི་སྐད་མི་གསུངས། ངེད་ཚོ་ལ་ཡང་དད་པ་བཟང་པོ་ཡོད་ལགས་པས། ད་བླ་མའི་བཀའ་མ་བཀྱོན་པར་ཆོས་ཤིག་གསུང་དང་ཟེར་བས་ཡང་མགུར་འདི་གསུངས་སོ། །
ཚིག་ཐ་སྙད་ཀྱིས་བཏགས་པའི་ལྟ་བ་དེ། །མིང་ལྟ་བ་བྱས་ཀྱང་ཁ་ལྟ་ཡིན། །གཟུང་འཛིན་གྱི་གཡེང་བ་ཆེ་བའམ། །སེམས་རྩེ་གཅིག་ཏུ་འཇོག་པའི་མི་རེ་ཉུང་། །བློ་ལ་ཡར་སྐྱེད་མེད་པའི་བསྒོམ་པ་དེ། །མིང་སྒོམ་པ་བྱས་ཀྱང་ཞི་གནས་ཡིན། །ལྷག་མཐོང་ཟུང་དུ་མ་འབྲེལ་བའི། །སེམས་གནད་བསྣུན་པའི་མི་རེ་ཉུང་། །བློ་ཉིན་སྲིབ་བྱེད་པའི་སྤྱོད་པ་དེ། །མིང་སྤྱོད་པ་བྱས་ཀྱང་བྲེལ་པ་ཡིན། །ཆོས་བརྒྱད་ཟིལ་གྱིས་མ་གནོན་པའི། །ཆོས་མཐའ་རུ་སྐྱེལ་བའི་མི་རེ་ཉུང་། །ངོ་ལྐོག་དང་བཅས་པའི་དམ་ཚིག་དེ། །མིང་དམ་ཚིག་བྱས་ཀྱང་ཟོག་པོ་ཡིན། །ཁས་བླངས་དམ་བཅས་ཉམས་པའམ། །རང་སེམས་དཔང་པོར་འཇོག་པའི་མི་རེ་ཉུང་། །འདོད་པས་གདུང་བའི་འབྲས་བུ་དེ། །མིང་འབྲས་བུ་བྱས་ཀྱང་མགོ་སྐོར་ཡིན། །ཆོས་ཉིད་རྡོ་རུས་མ་འཕྲོད་པའི། །ལམ་སྣ་ཟིན་པའི་མི་རེ་ཉུང་། །ཚེ་འདིས་བཅིངས་པའི་སློབ་དཔོན་དེ། །མིང་སློབ་དཔོན་བྱས་ཀྱང་བྲེལ་སྣོན་ཡིན། །གང་ཟག་ཚོ་མོས་གུས་ཆུང་བའམ། །མཚན་ལྡན་བླ་མ་བསྟེན་པའི་མི་རེ་ཉུང་། །གྲོང་ལྟག་གི་དགོན་ཆུང་ཁྲ་མོ་དེ། །མིང་དགོན་པ་བྱས་ཀྱང་གྲོང་ཡུལ་ཡིན། །གང་ཟག་ཚོ་གཡེང་བ་ཆེ་བའམ། །གནས་རི་ཁྲོད་འགྲིམ་པའི་མི་རེ་ཉུང་། །བཀའ་གདམས་ཀྱི་བཙུན་ཆུང་སྲན་རྡོག་མགོ །མིང་བཙུན་ཆུང་བྱས་ཀྱང་ལུས་བསྒྱུར་ཡིན། །གང་ཟག་ཚོ་སྙིང་རུས་ཆུང་བའམ། །འདུལ་ཁྲིམས་སྣ་རེ་སྲུང་བའི་མི་རེ་ཉུང་། །སྙིང་ཆུང་གི་ཉ་མ་འཕྱོར་མགོ་མ། །མིང་ཡོན་བདག་བྱས་ཀྱང་འདོད་བསླུ་ཡིན། །བུད་མེད་ཚོ་སྙིང་རྩལ་ཆུང་བ་དང་། །ཚོགས་གསོག་སྦྱིན་པ་གཏོང་བའི་མི་རེ་ཉུང་། །སྤྱིར་མགོ་ནག་གི་དད་པ་ཁ་ལ་ཡོད། །ཉ་མའི་དད་པ་འཕོང་ལ་ཡོད། །ང་རྣལ་འབྱོར་གྱི་དད་པ་སེམས་ལ་ཡོད། །ཨ་ལ་ཨ་ལ་ངོ་མཚར་ཆེ། །སྔོན་ཆད་ལྟད་མོ་སེམས་ལ་ལྟ། །དེ་རིང་ཤ་དང་ཆང་ལ་ལྟ། །མགོ་ཆུང་ཉ་མའི་ཚོགས་གསོག་རྒྱུ། །ཤ་ཁོག་སྤྱང་ཀིས་འདྲད་ཅིང་གདའ། །ཕྱེ་རྐྱལ་ཕོ་རོག་གིས་བཏོག་ཅིང་གདའ། །ཆང་བན་ཝ་མོས་འཕོ་ཞིང་གདའ། །དེ་སེམས་ལ་སོམ་དང་ཉ་མ་རྣམས། །ཁྱེད་ཉ་མ་ཚོ་ཁྱིམ་དུ་བཞུད་རེ་རན། །
ཞེས་གསུང་པས་ཁོང་ཚོ་སྐྱེངས་ཏེ་གཅིག་གིས་གཅིག་ལ་གྲུ་ཙུག་བྱས། མིག་ཟུར་གསུམ་དུ་བལྟ་ཞིང་། ཁྱོད་ཀྱིས་ལན་པ་ཡིན་ཟེར། ཁྱོད་ཀྱིས་ལན་པ་ཡིན་ཟེར། ཕྱག་འཚལ་ལོང་མེད་པར་ཕྱིན་ཙ་ན། ཤ་ཁོག་སྤྱང་ཀིས་འདྲད། ཕྱེ་རྐྱལ་ཕོ་རོག་གིས་བཏོག །ཆང་བན་ཝ་མོས་ཕོ་འདུག །དེའི་དུས་སུ་རྗེ་བཙུན་ཆེན་པོ་ལ་མངོན་ཤེས་ཐུན་མོང་མ་ཡིན་པ་འདུག་ཟེར་ནས་སྙན་པས་ཕྱོགས་ཐམས་ཅད་དུ་གྲགས་སོ། །
དེ་ནས་ཉ་མ་རྣམས་ཀྱིས་ཝ་སྤྱང་གིས་གཏོར་བའི་ལྷག་མ་རྣམས་བླ་མ་ལ་ཕུལ་ཏེ་དབང་བསྐུར་ཅིག་ཟེར་བས། མ་བཞེད་དེ་མགུར་འདི་གསུངས་སོ། །
ཉོན་དང་ཉ་མ་སེར་སྣ་ཅན། །གཏམ་གྲགས་སྙན་འདོད་པའི་ཚོགས་གསོག་དང་། །ཚེ་འདིའི་འཇིགས་སྐྱོབ་འདོད་པའི་སྐྱབས་གནས་དང་། །ལན་རེ་བ་འདོད་པའི་སྦྱིན་པ་དང་། །ངས་བྱས་རང་འདོད་ཀྱི་འབུལ་བ་བཞི། །དེ་ལ་ནམ་ཕུགས་ཡོད་པ་མིན། །ཁ་ཟ་འདོད་ཚོགས་འཁོར་བཤམས་ཁྱེར་དང་། །ཆོས་མཁས་འདོད་རང་བཟོ་ཕོ་རྒོད་དང་། །སེམས་གཡེང་འདོད་གླུ་དབྱངས་ཐོ་ཅོ་དང་། །རང་ཆེ་འདོད་དབང་བསྐུར་ངོ་སྲུང་བཞི། །དེ་བཞི་ལ་བྱིན་རླབས་འཇུག་པ་མིན། །ཆོས་བཤད་འདོད་ཡི་གེ་ལུང་མེད་སྒྲུབ། །ང་རྒྱལ་འདོད་པས་ཕྱག་དང་ཞེ་ས་དགའ། །སྣོད་མི་བརྟག་བླུན་པོའི་མགོ་བོ་སྐོར། །ནོར་ཚོལ་ཟོང་ཆོས་ལ་བྱེད་པ་བཞི། །དེ་བཞིས་འགྲོ་དོན་འགྲུབ་པ་མིན། །གཅིག་པུར་མི་ཟུག་ཡེང་ལ་དགའ། །སྡུག་སྒུར་མི་ནུས་སྐྱིད་ལ་དགའ། །སྒོམ་དུ་བཅུག་ཙ་བཤད་པ་འདོད། །ཆེ་ཐབས་འཇིག་རྟེན་གྱི་ལས་དང་བཞི། །དེ་བཞིས་ཐར་པ་ཐོབ་པ་ཉུང་། །བཞི་བཞི་བཞི་རུ་བསྡེབ་པའི་དབྱངས། །ཉ་མའི་ཐུགས་དམ་དེ་ལ་མཛོད། །
ཅེས་གསུངས་ནས། བླ་མས་ཚོགས་གསོག་མ་བཞེད། འབྲི་སྒོམ་གྱིས་རས་ཆུང་པའི་རས་ཕྱམ་ཅིག་ཡོད་པ་མནབ་ནས། རས་ཆུང་བའི་སྤྱིལ་པོར་སོང་ཙ། ཉ་མ་ཚོས་ཚོགས་གསོག་རྒྱུ་རྣམས། རས་ཆུང་པ་རེད་བསམ་ནས། འབྲི་སྒོམ་གྱི་རྩར་ཁྱེར་སོང་བ་ལ། རས་ཆུང་པ་མ་རེད་པ་དང་སྐྱེངས་ནས། འབྲི་སྒོམ་ལ་འབུལ་ཟེར་བས། འབྲི་སྒོམ་བླ་མའི་དྲུང་དུ་འོང་ནས་ད་འདི་ལ་བསྔོས་ལོག་མ་མཛད་བཞེས་པར་ཞུ་ཞུས་པས་ཡང་མགུར་འདི་གསུངས་སོ། །
ཡ་ཀི་ཚེ་རིང་གི་དྲང་སྲོང་དེ། །གང་ཤར་གྱི་ངོ་བོ་མི་ཤེས་པར། །ཏོལ་སྐྱེས་ཀྱི་ཤེས་པ་དགྲ་བོར་འཛིན། །སྙོམས་འཇུག་དྲན་མེད་སྒོམ་དུ་འདོད། །ཁོ་ལ་འདི་འདྲ་བྱེད་ཅིང་ཟག་མེད་སྐྱེས། །མ་ཀི་ཡི་དྭགས་བསེ་རུ་བ། །རང་སེམས་བསེ་བར་མ་ཤེས་པར། །གཞན་ལ་ཕྲག་དོག་སེར་སྣ་སྐྱེ། །ལས་ངན་དབང་གིས་བཀྲེས་སྐོམ་སྤྱོད། །བར་འཛམ་གླིང་མི་དབུལ་སྡུག་འཁུན་ཅན། །ས་འོག་གི་གསེར་སྦྲམ་མི་ཤེས་པར། །ཡུལ་མི་གྲོང་ལ་རྐུ་རྫུན་བྱེད། །རྫུན་ཟོལ་ཟོག་མང་ཞིང་ཇེ་སྡུག་འགྲོ། །སྙེ་ནམ་གྱི་ཉ་མ་སྤྲལ་སྤྲུལ་ཅན། །རྗེ་བཙུན་ལ་ཚོགས་གསོག་མ་འདོད་པར། །ཚོགས་གསོག་ཕྱོར་པོའི་རས་ལ་བྱེད། །རས་ལ་འབུལ་ཞིང་སྐྱེངས་སུ་སོང་། །དེ་འདྲ་སྤྲལ་སྤྲུལ་མ་མང་བར། །ཉ་མའི་ཚོགས་གསོག་ལྷ་ལ་ཕུལ། །
ཞེས་གསུངས་པས། ཉ་མ་གཅིག་དད་པ་སྐྱེས་ནས་ངུས་པས་དེས་རྐྱེན་བྱས་ཏེ། དེར་འོང་བའི་ཉ་མ་ཐམས་ཅད་འགྱོད་པ་ཆེན་པོ་སྐྱེས་ནས། བླ་མ་ལགས་ཡུལ་ལུགས་ངན་པའི་དབང་དུ་སོང་བས། ཚོགས་གང་ཆེ་མ་ཤེས་ལགས་ཟེར་ཞིང་ངུས་པ་ལ། རྗེ་བཙུན་གྱིས་ཆོས་བཤད་པས་སྒོམ་བྱེད་པ་ཡང་གསུམ་བཞི་བྱུང་། གཞན་ཐམས་ཅད་ཀྱང་ཆོས་ལ་སྣང་བ་འགྱུར་རོ། །དེ་ཐམས་ཅད་དབུས་གཏད་འོག་མ་སྟེ་ཉ་མའི་སྐོར་རོ།། །།

དེ་ནས་རས་ཆུང་བ་དབུས་སུ་བྱོན་ཏེ། ཡར་ལུང་ཁྲ་འབྲུག་ཏུ་ཕེབས། མཆོད་རྟེན་དབུ་ལྔའི་རྩར་གཟིམས་ནས་བཞུགས་ཙ། རྒྱལ་པོ་བྱེའུ་ཆུང་པའི་བུ་མོ་ལྷ་ལྕམ་ལྡེམ་བུ་བསྐོར་བ་ལ་འོང་བས། རས་ཆུང་བ་གཟིམ་པ་མཐོང་ནས་འདི་མི་མང་འཚོགས་པའི་ས་ཡིན་པས་སྤྱད་པ་བོར་དྭོགས་ཡོད། མ་ཉལ་བར་ལོངས་ལ་དགེ་སྦྱོར་འདྲ་བ་གྱིས་བྱས་པས་རས་ཆུང་པས་ཅི་ཡང་མི་གསུང་། སྐོར་བ་ལན་གཅིག་བསྐོར་ནས་འོང་བའི་དུས་སུ་ཡང་གཟིམ་ནས་འདུག །རྣལ་འབྱོར་པ་ཁྱེད་ཀྱི་བརྒྱུད་པ་གང་ཡིན། སྤྱིར་བླ་མ་ཅི་ཙམ་ཡོད་བླ་མའི་གཙོ་བོ་གང་ལ་བྱེད། ཆོས་ཅི་ཉན་ཉམས་ལེན་གང་ལ་བྱེད། ད་སྔ་གང་ནས་བྱོན་ད་གར་བཞུད་དྲིས་པས། རས་ཆུང་པའི་ཞལ་ནས།
བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །མྱེས་པོ་ཏེ་ལོ་ན་རོ་ཡིན། །བླ་མ་རྒྱ་གར་ཏེ་པུ་དང་། །ཝ་ལ་ཙན་ཏྲ་རྣམ་གཉིས་བཞུགས། །བོད་ན་མི་ལ་རས་པ་ཡིན། །དམ་ཆོས་ཕྱག་རྒྱ་ཆེན་པོ་ཡིན། །ཡང་སྙིང་མཁའ་འགྲོའི་སྙན་བརྒྱུད་ཡིན། །བསྒོམ་ནི་རྩ་རླུང་ཐིག་ལེ་བསྒོམ། །ང་རང་རས་ཆུང་རྡོར་གྲགས་ཡིན། །ཕྱོགས་མེད་ལྡོམ་བུ་པ་ང་ལ། །འདིར་འགྲོ་འདིར་འདུག་གི་གཏད་སོ་མེད། །
གསུངས་པས། མོས་གདམས་ངག་ཡོད་པར་གོ་ནས་ཡབ་ཀྱི་སར་ཕྱིན་ཏེ། ཡབ་ནི་བླ་མཆོད་ལ་རྩིས་ཆེ་བ་ཡིན་པས། འོ་སྐོལ་གྱི་བླ་མཆོད་དུ་རུང་བའི་རྣལ་འབྱོར་པ་ཞིག་ཁྲ་འབྲུག་ན་བཞུགས་ནས་འདུག་ཞུས་པས། ང་ཡི་བླ་མཆོད་འོང་མི་འོང་ཁྱོད་ཅི་ཤེས། འོང་བར་སྣང་ན་བླ་མཆོད་འཚོལ་བས་རྟག་ཏུ་འགྲོ་གསུང་ནས་རྒྱལ་པོ་འཁོར་བཅས་རས་ཆུང་པའི་དྲུང་དུ་མར་བྱོན་པས། རས་ཆུང་པ་ཁར་སང་གི་ས་ན་བཞུགས་པ་ལ། བརྒྱུད་པ་གང་ཡིན་ལ་སོགས་པ་སྔ་མ་བཞིན་དུ་རྒྱལ་པོས་དྲིས་པས། རས་ཆུང་པའི་ཞལ་ནས་ཀྱང་སྔ་མ་བཞིན་དུ་གསུང་། དེར་རྒྱལ་པོ་ཐུགས་ཆེས་པར་བྱུང་ཡང་། མཐའ་བརྟགས་པའི་ཕྱིར། བརྒྱུད་པ་བཟང་ཞིང་བླ་མ་དང་གདམས་ངག་ངོ་མཚར་ཆེ་ཨང་། ཁྱེད་རང་ལ་ཡོན་ཏན་ཅི་ཡོད། ཆོས་ཐམས་ཅད་ཚད་མའི་རིགས་པས་གཏན་ལ་འབེབས་པ་ཡིན་པས། ལ་ཆོས་ཅན་མེ་ཡོད་དེ་དུ་བ་འབྱུང་བའི་ཕྱིར། དཔེར་ན་ཚང་མང་ནང་བཞིན། ཞེས་རྗེས་དཔག་ཚད་མ་བཀོད་ནས་དེ་ལ་ལན་ཐོབ་ཟེར་བ་ལ། རས་ཆུང་བས། བུམ་དབང་མཐའ་བྲལ་གྱི་རིགས་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། ངོ་བོ་ཚད་མའི་རང་བཞིན་དུ་མ་གྲུབ་སྟེ། མཐའ་དང་བྲལ་བའི་ཕྱིར་རོ། །དཔེར་ན་ནམ་མཁའི་རང་བཞིན་ཞེས་པའི་ལན་གྱིས་བཀག་པས། རྒྱལ་པོ་ཤིན་ཏུ་ཐུགས་ཚིམས་ནས་མོས་པར་གྱུར་བས། དེ་རིང་བསྙེན་བཀུར་གྱི་དྲོ་ཞིག་འདྲེན་པས་བདག་གི་གནས་སུ་འབྱོན་པར་ཞུ་ཞེས་ཞུས་པས། ཕོ་བྲང་དུ་སྤྱན་དྲངས། དེར་སྣ་ལེན་དང་ཞབས་ཏོག་བཟང་པོ་མཛད་ནས། བརྒྱུད་པ་རྡོ་རྗེ་འཆང་མན་ཆད་ནས་ད་ལྟ་ཁྱེད་རང་ཡན་ཆད་དུ་སངས་རྒྱས་ཀྱི་བརྒྱུད་པ་ཟམ་པ་མ་ཆད་ཅིང་། དབང་བཞིའི་དོན་ལ་དམ་ཉམས་ཀྱི་སེལ་མ་ཞུགས་པས། ཉམས་དང་རྟོགས་པ་ལ་གློ་བུར་གྱི་དྲི་མས་མ་གོས་པས་སྤྲུལ་པའི་སྐུ་འབའ་ཞིག་ཏུ་བྱོན་པ་ངོ་མཚར་ཆེ། འོ་མི་བརྒྱལ་བའི་ཞབས་ཏོག་བྱེད་པས་བདག་གི་བླ་མཆོད་དུ་བཞུགས་པར་གསོལ་བ་འདེབས། བདག་གི་བུ་མོ་འདི་ཡང་དད་པ་ཅན་གྱི་དགེ་སྦྱོར་གྱི་གྲོགས་སུ་འགྲོ་བར་ཡོད་པས། ཞབས་ཏོག་ལ་འབུལ་བས་ཐུགས་ཀོ་ལོང་མི་མཛད་པར་བཞེས་པར་ཞུ་ཞེས་ཞུ་བ་ཕུལ་བ་ལ། རས་ཆུང་པའི་ཞལ་ནས། ང་སྡེ་རིས་དང་ཕ་ཚན་མེད་པའི་རྣལ་འབྱོར་པས་ཁྱེད་རྒྱལ་པོའི་བླ་མཆོད་ཡང་མི་འོང་བས་བུ་མོའི་ཞབས་ཏོག་ཀྱང་དགོས་རྒྱུ་མེད། ཅེས་གསུངས་པས། རྒྱལ་པོ་ནན་གྱིས་ཞུ་བ་བྱས་པས། བུ་མོ་ལྷ་ལྕམ་གཞིས་དང་བཅས་པ་ཕུལ་ནས། རྒྱལ་སར་བཏོན་ནས་བཞག །དེ་ནས་ལོ་གསུམ་བར་དུ་ལུས་པ་ལ་རབ་ཆད་རྒན་རྒོག་གཉིས་ཡོད་པ་ལ་གཡུ་བཟང་པོ་གཅིག་ཡོད་པ་དེ། རས་ཆུང་པ་ལ་ཕུལ་བས་རས་ཆུང་བས་བེ་བུམ་ནང་དུ་བཅུག་པ་ལྷ་ལྕམ་གྱིས་མཐོང་ངོ་། །དེར་ཉིན་གཅིག་རས་ཆུང་པ་མཁར་གྱི་སྟེང་དུ་སྐྱོ་བསང་ལ་ཕྱིན་པ་ལ། རྗེ་བཙུན་ཆེན་པོ་ཐུགས་མ་བདེ་ནས་ངའི་བུ་རས་ཆུང་བ་ལ་བར་ཆད་ཅིག་བྱུང་ཡོད་པར་འདུག་པ་དགོངས་ནས་དབུས་སུ་བྱོན་ཏེ། སྤྲང་པོ་ཤི་ལ་ཁ་ཕ་སྤད་གསུམ་དུ་བརྫུས་ནས། རྒྱལ་པོའི་མཁར་གྱི་ཕྱི་ལོག་ཏུ་སྐད་མི་ཐོན་པ་བཞིན་དུ་བོས་པས། རས་ཆུང་བས་སྙིང་རྗེ་སྐྱེས་པས་དེ་གོང་གི་གཡུ་བླངས་ནས་འཕང་བཏང་ངོ་། །དུས་རེ་ཞིག་ཡར་ལུང་ཁྲོམ་ས་བྱ་བ་ན། སྟོན་མོ་དང་ལྟད་མོ་ཉི་མ་གསུམ་གསུམ་ཡོད་པས། ལྷ་ལྕམ་ན་རེ། བླ་མ་རས་ཆུང་པ་ཁྱེད་ལ་རབ་ཆད་རྒན་རྒོག་གཉིས་ཀྱིས་ཕུལ་བའི་གཡུ་དེ་ང་ལ་ཞུ་དང་། དེ་ངས་བཏགས་ངེད་རང་ཡབ་ཡུམ་གཉིས་ལྟད་མོ་འགྲོ་ཟེར། ངས་སྤྲང་པོ་ལ་བྱིན་གསུངས་པ་ལ། སྤྲང་པོ་ཁྱོད་རང་ཡིན་མོད་ཟེར་ནས་ཁྲོས་ཏེ། ཕྱིར་ནང་ནས་སྔར་གྱི་ཇ་ཆང་ཤ་གསུམ་ལ་སོགས་པའི་ཚ་བ་མ་དྲངས་ནས། གཡོག་མོ་གཅིག་ལ་ལོ་ཚོད་ཕོར་གང་། སྦང་ཟན་གཅིག །སིང་སྐྱུར་ཕོར་གང་དེ་རྣམས་བསྐུར་ནས་འོང་བ་ལ། རས་ཆུང་པས་དབུ་གཏུམས་ནས་བཞུགས་པ་ལ། གཡོག་མོས་མདུན་དུ་བསྒྲིགས་ནས་བཞག་པས། ལྷ་ལ་ཡོན་ཆབ་ཕུལ་བ་འདྲ་བ། དེ་ནང་ནས་རྟེན་འབྲེལ་ལེགས་པོ་ཅིག་བྱུང་། ལྷ་ལྕམ་ན་རེ། དེ་ཚོ་ཨེ་ཟོས་ཟེར་བ་ལ་མ་ཟོས་བྱས་པས། ལྷ་ལྕམ་འོངས་ནས་རས་ཆུང་པ་ལ་ཇོ་བརྫུ་ཞིག་ཟེར་ནས་ཕུལ་རྒྱག་ཅིག་བྱས་ཏེ། ལོ་ཚོད་སྦང་ཟན། སིང་སྐྱུར་སྐྱ་ཕོར་དང་བཅས་པས་བརྒྱབ་པས། རས་ཆུང་བ་ཡིད་མེད་ལ་སྐྱོ་བ་དྲག་པོ་སྐྱེས་ཏེ། བླ་མ་རྗེ་བཙུན་གྱིས་ཁྱོད་ལ་ཁྱི་མོ་གཅིག་གིས་འཇབ་རྒྱུག་བྱེད་པར་སྣང་གསུང་པ་དེ་འདི་ཡིན་པར་འདུག་དགོངས་ནས་མོའི་གོས་བཟང་པོ་ཆེ་ཕུད། རས་གོས་གྱོན་ནས་སྔར་གྱི་ཆས་བྱས་ནས་འབྱོན་པར་ཆས་པ་དང་། མོས་བྱར་པ་རིན་ཆེན་གྲགས་སྦྲན་ནས་འོངས་པས་རིན་ཆེན་གྲགས་ཀྱིས་སྒོམ་ཆེན་པ་བློ་སྣ་རིང་དགོས། ལྷན་ཅིག་སྡོད་ན་ཕོར་སྣོད་ཀྱང་འཕྲོག །དེ་སྐད་མ་གསུང་བར་ཞུ་ཟེར་བས་ཀྱང་མ་གནང་སྟེ་མགུར་འདི་གསུངས་སོ། །
ངས་ཕུ་ཧ་བོའི་གངས་ལ་བལྟས་བལྟས་པས། །མདའ་ས་ཆུ་དྲོས་པ་མ་ཚོར་ཟིན། །མདའ་ནེལ་འགྲམ་སྔོ་ལ་བལྟས་བལྟས་པས། །ཕུ་སྤང་ཁ་ལོག་པ་མ་ཚོར་ཟིན། །རྒྱ་མོའི་བཙན་མཁར་བཟུང་བཟུང་ནས། །གནས་རི་ཁྲོད་བརྗེད་པ་མ་ཚོར་ཟིན། །རྒྱལ་པོའི་ངོ་སྲུང་བྱས་བྱས་ནས། །ཕ་བླ་མ་བརྗེད་པ་མ་ཚོར་ཟིན། །ཤ་ཆང་གི་ཞིམ་ལྟོ་ཟོས་ཟོས་ནས། །དཀའ་ཐུབ་ཆུ་འཐུང་བརྗེད་པ་མ་ཚོར་ཟིན། །ལྷ་ལྕམ་གྱི་གདོང་ལ་བལྟས་བལྟས་ནས། །མཁའ་འགྲོ་བརྗེད་པ་མ་ཚོར་ཟིན། །ཐེར་ཕྲུག་གི་འཇམ་གོས་གྱོན་གྱོན་ནས། །རས་གོས་རྐྱང་ཅིག་བརྗེད་པ་མ་ཚོར་ཟིན། །སྐེ་རགས་རྒྱ་མ་ལ་བལྟས་བལྟས་པས། །སྒོམ་ཐག་ཁྲ་ཆུང་བརྗེད་པ་མ་ཚོར་ཟིན། །བུ་ང་ནི་སྐྱོ་བས་ག་ཐག་ཆད། །རིན་ཆེན་གྲགས་གཤེགས་དང་དམ་པའི་ལྷ་ཆོས་བྱེད། །
ཅེས་གསུངས་པས་ལྷ་ལྕམ་གྱིས་ཡུལ་མི་རྣམས་ལ་ལབ་སྐད་ནས། ངེད་ཀྱི་བླ་མ་ལ་ཤོལ་ཐོབ་ཟེར་བས། གྲོང་པའི་མི་དང་ཉེ་གནས་རིན་ཆེན་གྲགས་ལ་སོགས་པས་ཞུ་བ་ནན་ཅན་བྱས་པས་མ་གནང་སྟེ་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །རྐྱེན་བར་ཆད་སེལ་བ་ཐུགས་རྗེས་ཟུང་། །ཉོན་དང་ཡོན་བདག་ཕོ་མོ་རྣམས། །ལས་བྱས་པ་ཡོད་དོ་བདུད་མོ་འདིས། །ཟེར་བ་ཡོད་དོ་ཡུང་མ་འདིས། །བྱུང་བ་ཡོད་དོ་རིན་ཆེན་གྲགས། །གཏི་མུག་ཕག་གི་རྦུད་ཟུར་གྱིས། །ཕུལ་རྒྱག་ལྡང་ལོང་མེད་པར་བྱས། །ཞེ་སྡང་དྲེད་མོང་སྦར་ཤད་ཀྱིས། །རྣལ་འབྱོར་རས་གོས་ཚལ་པར་གཤགས། །ཚ་མེད་ཚོད་པའི་སྐུ་དཀར་གྱིས། །རྣལ་འབྱོར་གོས་མེད་ལུས་པོ་བསྲེགས། །ཤིང་ལྕགས་དཀར་སྐྱ་བོའི་རྒྱག་རྡུང་གིས། །གཡས་ནས་བླང་ཞིང་གཡོན་ནས་བརྒྱབ། །གཡོན་དུ་བླང་ཞིང་གཡས་སུ་བརྒྱབ། །རུས་འགོ་མཐོ་མཐོ་ནང་དུ་བཅོམ། །ལན་མོ་བྱས་རྒྱུས་དམ་ཚིག་ཉམས། །དང་པོ་ལྷ་མོ་འཛུམ་ཁ་མ། །བར་དུ་སྲིན་མོ་གདོང་མིག་མ། །ཐ་མ་བདུད་མོ་ངོ་ནག་མ། །ལས་བྱས་པ་ཡོད་དེ་བྱེད་ཐབས་མེད། །རྣལ་འབྱོར་རི་ཁྲོད་གནས་སུ་འགྲོ། །
ཞེས་གསུངས་པས། ཁོང་རྣམས་ན་རེ། མོ་ལ་བཤགས་པ་བྱེད་དུ་འཇུག་ནང་དུ་འབྱོན་ནས་བཞུགས་པས་འཐད་ཟེར་བས། སྐྱོ་བ་ལྷག་པར་སྐྱེས་ཏེ་དེ་ལ་ཤོལ་བ་བརྒྱད་ཀྱི་མགུར་འདི་གསུངས་སོ། །
ཕ་རྗེ་བཙུན་མི་ལ་བཀའ་དྲིན་ཅན། །བདག་ལ་ཐུགས་རྗེའི་སྤྱན་རྒྱང་སྲིང་། །བདག་སྙིང་མེད་པོ་ཡི་ལས་སྤྱོད་གཟིགས། །བདག་འཁོར་བའི་འདམ་ནས་འདྲེན་དུ་གསོལ། །ངས་རི་ཁྲོད་བཞག་ནས་གྲོང་ཡུལ་འགྲིམ། །རས་ཆུང་མི་ནག་དབང་དུ་དེལ་ཤོལ་བྱས། །ཁྱི་སྟན་བཞག་ནས་འབོལ་སྟན་བཏིང་། །རས་ཆུང་འཇམ་པའི་དབང་དུ་དེལ་ཤོར་བྱས། །ཐོད་ཕོར་བཞག་ནས་དཀར་ཡོལ་བཟུང་། །རས་ཆུང་རྒྱལ་ཆས་ཀྱི་དབང་དུ་དེལ་ཤོར་བྱས། །སྒོམ་ཐག་བཞག་ནས་རྒྱ་མ་བཅིང་། །རས་ཆུང་འཕྱོར་པོའི་དབང་དུ་དེལ་ཤོར་བྱས། །ཤོག་དྲིལ་བཞག་ནས་གཡུ་རྣ་བཏགས། །རས་ཆུང་གཅེས་ཕྲུག་གི་དབང་དུ་དེལ་ཤོར་བྱས། །དཀའ་ཐུབ་བཞག་ནས་ཤ་ཆང་ཟོས། །རས་ཆུང་ཞིམ་ལྟོའི་དབང་དུ་དེལ་ཤོར་བྱས། །རས་རྐྱང་བཞག་ནས་ཐེར་ཕྲུག་གྱོན། །རས་ཆུང་བཙུན་པོའི་དབང་དུ་དེལ་ཤོར་བྱས། །ཕ་བླ་མ་བཞག་ནས་རྒྱལ་ས་བཟུང་། །རས་ཆུང་སྡིག་པའི་དབང་དུ་དེལ་ཤོར་བྱས། །མཆེད་གྲོགས་བཞག་ནས་བྲན་གཡོག་བཀོལ། །རས་ཆུང་འཁོར་བའི་དབང་དུ་དེལ་ཤོར་བྱས། །ཏིང་འཛིན་བཞག་ནས་མཆོད་སྟོན་ཟོས། །རས་ཆུང་གཡེང་བའི་དབང་དུ་དེལ་ཤོར་བྱས། །སྒྲུབ་པ་བཞག་ནས་འཁྱམས་སུ་འོང་། །རས་ཆུང་བར་ཆད་དབང་དུ་དེལ་ཤོར་བྱས། །མ་མཁའ་འགྲོ་བཞག་ནས་ལྷ་ལྕམ་བསྟེན། །རས་ཆུང་ཁྱིམ་ཐབས་དབང་དུ་དེལ་ཤོར་བྱས། །ལས་བྱས་པ་ཡོད་དོ་ཕུང་མ་འདིས། །གཏམ་ཟེར་བ་མི་བདེན་བདུད་མོའི་ཚིག །ངས་དབང་བསྐུར་བརྒྱ་ཞུས་སྟོང་ཞུས་ལ། །སྐྱ་ཕོར་སྨུག་པོའི་དབང་བསྐུར་ཞུ་མ་མྱོང་། །གདམས་ངག་བརྒྱ་ཞུས་སྟོང་ཞུས་ལ། །སྦང་ཟན་གདམས་ངག་ཞུ་མ་མྱོང་། །བྱིན་རླབས་བརྒྱ་ཞུས་སྟོང་ཞུས་ལ། །ཤིང་ལྕང་དཀར་བྱིན་རླབས་ཞུ་མ་མྱོང་། །ཅོད་པན་བརྒྱ་བཏགས་སྟོང་བཏགས་ལ། །ལོ་མའི་ཅོད་པན་བཏགས་མ་མྱོང་། །མེ་ཏོག་བརྒྱ་འཐོར་སྟོང་འཐོར་ལ། །ཐལ་བའི་མེ་ཏོག་འཐོར་མ་མྱོང་། །སྐུ་དཀར་བརྒྱ་གསོལ་སྟོང་གསོལ་ལ། །ཚོད་མའི་སྐུ་དཀར་གསོལ་མ་མྱོང་། །སྐུ་ཁྲུས་བརྒྱ་བྱས་སྟོང་བྱས་ལ། །སིང་སྐྱུར་སྐུ་ཁྲུས་གསོལ་མ་མྱོང་། །ལས་དཔྱད་ཅིང་ངན་ནོ་འཁོར་བ་པ། །གཞུང་འགྲོགས་ཤིང་ངན་ནོ་ཁྱིམ་ཐབ་པ། །ལས་བྱས་ཤིང་སྡུག་པོ་སོ་ནམ་མཁན། །ཕན་བཏགས་ཤིང་སྡང་ངོ་དུས་ངན་མི། །ངས་བསམས་ཤིང་འགྱོད་དོ་རིན་ཆེན་གྲགས། །
ཞེས་གསུངས་པས། ཉེ་གནས་རིན་ཆེན་གྲགས་དང་དེར་འཚོགས་པ་རྣམས་ལ་མཆི་མ་བྱུང་བས་རྐྱེན་བྱས་ཏེ། རས་ཆུང་བ་ལ་དད་པ་དང་སྐྱོ་ཤས་རང་དབང་མེད་པ་སྐྱེས་པ་ལ། རིན་ཆེན་གྲགས་ན་རེ། དེ་ཙམ་རེ་ལ་བཟོད་པ་སྒོམ་མ་ནུས་ན། ཆོས་པ་ཡིན་ཡང་རྒྱུ་མཚན་ཅི་ཡོད་ཞུས་པས། རིན་ཆེན་གྲགས་ངའི་བླ་མ་རྗེ་བཙུན་དྲན་པ་ཅིག་བྱུང་གསུང་ནས་བླ་མ་དྲན་དྲུག་གི་མགུར་འདི་གསུངས་སོ། །
རྗེ་འགྲན་མེད་བཀའ་དྲིན་ཅན་གྱི་བླ་མ་ལ། །གསོལ་བ་སྙིང་ནས་དྲག་ཏུ་འདེབས། །ཤོ་ཨ་ཙ་མ་ན་བླ་མ་དྲན་པར་བྱུང་། །ཅུག་བསམས་ཤིང་རྗེ་བཙུན་དྲན་པར་བྱུང་། །ཕ་ཀི་མདོ་སྨད་ཕྱོགས་སུ་ཕར་བལྟས་ཙ། །རྟ་རྒོད་མ་གཅིག་ལ་རྟེའུ་བརྒྱ། །རྟེའུ་ཕྱེད་ཙམ་བླ་མའི་བཅིབས་པ་བྱེད། །ཕྱེད་ཙམ་དབྱར་ཁའི་རྩི་ཐོག་ཉབ། །རྟེལ་བསོད་ཟད་ང་འཇའ་མོའི་ལག་ཏུ་ཚུད། །ཧོར་སོག་གི་ཕོའི་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་ན་བླ་མ་དྲན་པ་བྱུང་། །རྫུན་ཁ་སྤྱང་མེད་པར་རྗེ་བཙུན་དྲན་པ་བྱུང་། །ཤར་ཀོང་པོའི་ཕྱོགས་སུ་ཕར་བལྟས་ཙ། །སྤྲེའུ་ཨ་མ་གཅིག་ལ་སྤྲེལ་ཕྲུག་བརྒྱ། །སྤྲེའུ་ཕྱེད་ཙམ་ཡར་གྱི་ཤིང་མགོ་འགྲིམ། །སྤྲེའུ་ཕྱེད་ཙམ་མ་དང་ཡང་རྩལ་སྦྱོངས། །སྤྲེའུ་བསོད་ཟད་ང་ཡ་བོའི་ལག་ཏུ་ཚུད། །ཡ་བོ་ལས་ངན་གྱི་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་ན་བླ་མ་དྲན་པར་བྱུང་། །རྫུ་ཁ་སྤྱང་མེད་པར་རྗེ་བཙུན་དྲན་པར་བྱུང་། །ལྷོ་བྲག་ཕྱོགས་སུ་ཕར་བལྟས་ཙ། །བྱེའུ་ཨ་མ་གཅིག་ལ་བྱེའུ་ཕྲུག་བརྒྱ། །བྱེའུ་ཕྲུག་ཕྱེད་ཙམ་ཡར་གྱི་ནམ་འཕང་གཅོད། །ཕྱེད་ཙམ་མ་དང་ཡང་རྩལ་སྦྱོངས། །བྱེའུ་བསོད་ཟད་ང་བྱིས་པའི་ལག་ཏུ་ཚུད། །བྱིས་པ་བྱེད་ངན་གྱི་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་ན་བླ་མ་དྲན་པ་བྱུང་། །རྫུན་ཁ་སྤྱང་མེད་པར་རྗེ་བཙུན་དྲན་པ་བྱུང་། །ཡ་ཀི་སྤང་ཁའི་ཕྱོགས་སུ་ཡར་བལྟས་ཙ། །ཤྭ་བ་ཡུ་མོ་གཅིག་ལ་ཤྭ་ཕྲུག་བརྒྱ། །ཤྭ་ཕྲུག་ཕྱེད་ཙམ་སྤང་ཁའི་རྩི་ཐོག་ཉབ། །ཕྱེད་ཙམ་མ་དང་བང་ཀ་བཀྱེ། །ཤྭ་ཕྲུག་བསོད་ཟད་ང་རྔོན་པའི་ལག་ཏུ་ཚུད། །རྔོན་པ་སྡིག་ཅན་གྱི་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་ན་བླ་མ་དྲན་པ་བྱུང་། །རྫུན་ཁ་སྤྱང་མེད་པར་རྗེ་བཙུན་དྲན་པ་བྱུང་། །ཡ་ཀི་སྙེ་ནམ་ཕྱོགས་སུ་ཡར་བལྟས་ཙ། །ཕ་བླ་མ་གཅིག་ལ་རས་ཕྲུག་བརྒྱ། །རས་པ་ཕྱེད་ཙམ་རི་ཁྲོད་གནས་སུ་བསྒོམ། །ཕྱེད་ཙམ་བླ་མའི་ཆགས་ཕྱིར་འབྲང་། །རས་ཆུང་བསོད་ཟད་ང་བདུད་མོའི་ལག་ཏུ་ཚུད། །བདུད་མོ་ཁྲེལ་མེད་མའི་ལག་ཏུ་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་ན་བླ་མ་དྲན་པ་བྱུང་། །རྫུན་ཁ་སྤྱང་མེད་པར་རྗེ་བཙུན་དྲན་པ་བྱུང་། །
ཞེས་གསུངས་པས། རིན་ཆེན་གྲགས་ཁྱེད་གྲུ་སྐོར་ལ་གཙང་པོ་ཕར་ཁར་སོང་ཞིག །ང་ཡང་རྗེས་སུ་འོང་བ་ཡིན་གསུང་ནས་རིན་ཆེན་གྲགས་སྔོན་དུ་སོང་། རས་ཆུང་པས་སྙན་བརྒྱུད་པོ་ཏི་ག་ཤལ་དུ་ཁུར། བ་མེན་གྱི་རུ་ཅོ་དཀར་ཆུང་རྒྱབ་ཏུ་ཁུར། གཙོས་རུ་ནག་ཆུང་ལག་ཏུ་བཟུང་། ཁྱི་ལྤགས་ཁྲ་ཆུང་རྐེད་ལ་དཀྲིས་ནས་མཁར་གྱི་རྒྱ་སྐས་ལ་ཁྲོག་གི་རེང་བྱོན་པ་ལྷ་ལྕམ་གྱིས་ཐོས་ནས། མཁར་སྒོ་ནང་དུ་རས་གོས་ཀྱི་མཐུ་བ་ལ་ཟིན་ནས། སྒོ་ཐེམ་ལ་རྡོག་པ་གཏད་ནས་ཡར་འཐེན་ཏེ་གཏོང་མ་ཉན་པ་ལ། བུད་མེད་ཀྱི་རིགས་ལ་རྡུང་བཏགས་བྱས་པས་ཞེ་སྡང་གི་སྣ་སྦྱོར་མིན་པ་མི་འོང་། དེ་བས་མགོ་སྐོར་དགོས་དགོངས་ནས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ཀྱིས་ཐུགས་རྗེས་ཟུང་། །སྒོས་བཀའ་དྲིན་ཅན་དང་མཇལ་བར་ཤོག །ང་གྲོགས་ལ་གཞུང་ངན་མ་ཟིན་པས། །ཡ་ཀི་གངས་དཀར་སྟོད་དུ་འགྲོ་ནས་འོང་། །སེང་ལྕམ་དཀར་མོའི་སྐྱིད་སྡུག་ལྟ་ནས་འོང་། །སེང་ལྕམ་སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །མ་ཀི་ནགས་མའི་གསེབ་ཏུ་འགྲོ་ནས་འོང་། །སྟག་མོའི་སྐྱིད་སྡུག་ལྟ་ནས་འོང་། །སྟག་མོ་སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །ཡ་ཀི་སྤང་ཀའི་ལོག་ལ་འགྲོ་ནས་འོང་། །རྐྱང་བུ་ཁ་དཀར་གྱི་སྐྱིད་སྡུག་ལྟ་ནས་འོང་། །རྐྱང་བུ་སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །མ་ཀི་མཚོ་སྟོད་གནས་སུ་འགྲོ་ནས་འོང་། །ཉ་མོ་གསེར་མིག་སྐྱིད་སྡུག་ལྟ་ནས་འོང་། །ཉ་མོ་སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །ཕ་ཀི་བྲག་དཀར་ལོག་ལ་འགྲོ་ནས་འོང་། །བྱ་རྒྱལ་སྐྱིད་སྡུག་ལྟ་ནས་འོང་། །བྱ་རྒྱལ་སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །ཕ་ཀི་ལྷོ་སྨད་ཕྱོགས་སུ་འགྲོ་ནས་འོང་། །དོམ་བུ་ཐུགས་དཀར་སྐྱིད་སྡུག་ལྟ་ནས་འོང་། །དོམ་བུ་སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །ཡ་ཀི་སྙེ་ནམ་གྱི་ཕྱོགས་སུ་འགྲོ་ནས་འོང་། །བླ་མའི་སྐུ་ཁམས་ཨེ་བཟང་ལྟ་ནས་འོང་། །སྐུ་ཁམས་བཟང་བཟང་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །དེ་མིན་ན་རས་ཆུང་ལོག་ནས་འོང་། །བུ་མོ་འཐེན་འཐེན་མ་མང་རས་གོས་རལ། །རས་གོས་རྐྱང་གཅིག་བླ་མའི་ན་བཟའ་ཡིན། །ཁྱོད་དང་ང་གཉིས་ལས་ཀྱིས་འབྲེལ། །ད་ནི་འབྲལ་ཐབས་ག་ལ་ཡོད། །ང་ནི་གྲོགས་ལ་གཞུང་མེད་མིན། །ཁྲེལ་ངོ་ཚ་ཡོད་ན་རས་གོས་ཐོང་། །
ཞེས་གསུངས་པས། མོས་བསམ་མནོ་བཏང་ནས་འདི་ལ་བླ་མ་ཞིག་ཡོད་ངེས་ཡིན། ཟས་ཁམ་གཅིག་ཟ་ན་ཡང་བླ་མ་མཆོད་ཟེར། སྐྱབས་འགྲོ་ཚིག་རེ་བྱེད་ན་ཡང་བླ་མ་མཁྱེན་ཟེར། དུས་མ་ཡིན་པ་ལ་ཡང་བླ་མ་ཟེར་ཞིང་འོ་དོད་གཏོང་བ་ཅིག་འདུག །བླ་མ་དེ་ཀུན་གདན་དྲངས་ནས་འོང་ན། ང་ལ་ཡང་ཆོས་ཨེ་གནང་གསུང་བ་དེ་ཀུན་ཡང་ཨེ་བདེན། རས་ཆུང་བ་སྐུ་ནས་གཞོན་པས་ད་རུང་ལོག་ནས་འོང་ངམ། ངས་བརྡུངས་པས་ཨེ་འོང་མི་ཤེས་བསམ་ནས། བསམ་མནོ་བཏང་བའི་ཡེངས་སྐབས་སུ། རས་གོས་ཤད་ཀྱིས་སྤྲུགས་ནས་བྱོན་པས། མོས་ཡིད་མ་ཆེས་པས་ཕྱིར་དེད་ནས་སོང་ཙ་མ་སླེབས་པ་དང་། མོས་འཇར་རིམ་པ་བཞིན་དུ་འོང་ནས། ཉང་པོའི་གྲུ་ཆོད་ཟེར་བ་བྱུང་བས། གྲུ་པས་མ་བཏང་བ་དང་རས་ཆུང་པས་བླ་མའི་རྣལ་འབྱོར་ལ་མཉམ་པར་བཞག་ནས། རས་གོས་ལ་གྲུའི་ཚུལ་དུ་བྱས། བེར་མ་ལྕགས་ལ་སྐྱ་བའི་ཚུལ་བྱས་ནས་བྱོན་པ་ལ། སྔར་བྱོན་དུས་རས་ལ་ཆུ་མི་འགོ་ཞིང་ཡོད་ཙ། དེ་ཉིན་གྲིབ་ཀྱི་དབང་གིས་སྐུ་སྨད་ཆུ་ནང་དུ་སོང་ནས་ཆུ་དེ་ལ་ཁྱེར་ནས་ཕར་ཁར་སླེབས་པ་དང་། ལྷ་ལྕམ་ཡང་ཆུ་ཁར་སླེབས་བྱུང་བ་ལ། རིན་ཆེན་གྲགས་ཀྱིས། སེམས་ཅན་མགུ་བྱ་མ་གཏོགས་པ། རྒྱལ་བ་མཉེས་པའི་ཐབས་གཞན་མེད། བྱ་བ་ཡིན་པས་ཕར་འབྱོན་པས་མི་དྲག་གམ་ཞུས་པས། ཡང་སྙིང་ཚིམ་དྲུག་གི་མགུར་འདི་གསུངས་སོ། །
རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲང་ཐར་པ་ཐོབ་པར་བྱིན་གྱིས་རློབས། །སྙིང་མེད་ཁྲེལ་མེད་ཀྱི་བུད་མེད་ལ། །ཞེ་འགྱོད་དམ་བདག་གི་གླུ་ལ་ཉོན། །གངས་དཀར་གྱི་སེང་ལྕམ་དཀར་མོ་ལ། །སྒོ་བཞོན་རེ་བའི་སྙིང་མེད་མ། །ཐག་པ་འདོགས་ཁ་སེང་ལྕམ་འགྱུར། །ལྷ་ལྕམ་སྙིང་མེད་མ་ལ་སྙིང་རེ་ཚིམ། །བྱང་ཁའི་རྐྱང་ཆུང་ཁ་དཀར་དེ། །རྐང་ཁལ་རེ་བའི་སྙིང་མེད་མ། །སྒ་སྲབ་བསྟོད་ཁ་རྐྱང་ཆུང་འགྱུར། །ལྷ་ལྕམ་སྙིང་མེད་མ་ལ་སྙིང་རེ་ཚིམ། །བྱང་ཁའི་འབྲོང་ཆུང་རུ་སྔོན་ལ། །གྲ་གལ་རེ་བའི་སྙིང་མེད་མ། །སྣལ་ཆུ་འདོགས་ཁ་འབྲོང་ཆུང་འགྱུར། །ལྷ་ལྕམ་སྙིང་མེད་མ་ལ་སྙིང་རེ་ཚིམ། །བྲག་དཀར་གྱི་བྱ་རྒྱལ་གྱི་རྒོད་པོ་ལ། །ཁྱིམ་བྱ་རེ་བའི་སྙིང་མེད་མ། །ནམ་ཚོད་འཛིན་ཁ་བྱ་རྒྱལ་འགྱུར། །ལྷ་ལྕམ་སྙིང་མེད་མ་ལ་སྙིང་རེ་ཚིམ། །རྫ་ལུང་གི་གཙོ་མོ་ཞོ་དཔལ་ལ། །སྒོ་བཞོན་རེ་བའི་སྙིང་མེད་མ། །སྒྱི་དག་འཕེན་ཁ་གཙོ་མོ་འགྱུར། །ལྷ་ལྕམ་སྙིང་མེད་མ་ལ་སྙིང་རེ་ཚིམ། །སྤང་ཁའི་རྒོ་པོ་ས་ལེ་ལ། །བཤས་ལུག་རེ་བའི་སྙིང་མེད་མ། །ཞགས་པ་འཕེན་ཁ་རྒོ་པོ་འགྱུར། །ལྷ་ལྕམ་སྙིང་མེད་མ་ལ་སྙིང་རེ་ཚིམ། །ལྷོ་ཁའི་དོམ་བུ་ཐུགས་དཀར་ལ། །སྒོ་ཁྱི་རེ་བའི་སྙིང་མེད་མ། །ལྟོང་ལ་འདོགས་ཁ་དོམ་བུ་འགྱུར། །ལྷ་ལྕམ་སྙིང་མེད་མ་ལ་སྙིང་རེ་ཚིམ། །མཚོ་ནང་གི་ཉ་མོ་གསེར་མིག་ལ། །བཅུད་འཛིན་རེ་བའི་སྙིང་མེད་མ། །བཅུད་འཛིན་བྱེད་ཁ་ཉ་མོ་འགྱུར། །ལྷ་ལྕམ་སྙིང་མེད་མ་ལ་སྙིང་རེ་ཚིམ། །གུང་ཐང་གི་རས་ཆུང་རྡོར་གྲགས་ལ། །ཚེ་རོགས་རེ་བའི་སྙིང་མེད་མ། །ཚེ་རོགས་བྱེད་ཁ་རས་ཆུང་འགྱུར། །ལྷ་ལྕམ་སྙིང་མེད་མ་ལ་སྙིང་རེ་ཚིམ། །ཞེས་གསུངས་ནས་བྱོན་སོང་ངོ་། །
དེ་ལྷ་ལྕམ་ངུ་ཞིང་གྲུ་ལ་བུད་ནས་བཙལ་བས། ལམ་དུ་འགྲིམ་པ་སུ་བྱུང་ལ་རས་ཆུང་པ་ཨེ་མཐོང་བྱས་པས་མ་མཐོང་ཆ་ལུགས་ཅི་འདྲ་ཡོད་ཟེར་བ་ལ། ལྷ་ལྕམ་གྱིས་སྨྲས་པ། སྐྱེས་བུ་རས་ཆུང་པ་དེ་མཐོང་ལགས་སམ། །དབུ་སྐྲ་ལྕང་ལོ་ཅན་དེ་མཐོང་ལགས་སམ། །སྙན་ན་ཤོག་དྲིལ་བརྒྱུས་པ་གཅིག་མཐོང་ལགས་སམ། །ཁྱི་ལྤགས་ཁྲ་ཆུང་རྐེད་ལ་དཀྲིས་པ་ཅིག་མཐོང་ལགས་སམ། །བ་མེན་དཀར་ཆུང་ཁུར་བ་ཅིག་མཐོང་ལགས་སམ། །གཙོས་རུ་ནག་ཆུང་བཟུང་བ་ཅིག་མཐོང་ལགས་སམ། །སྙན་བརྒྱུད་པོ་ཏི་ཁུར་བ་ཅིག་མཐོང་ལགས་སམ། །
ཞེས་དྲིས་པས། གཅིག་ན་རེ། རྫུ་འཕྲུལ་ཤུགས་ཀྱིས་འགྲོ་བའི་རྣལ་འབྱོར་པར་འདུག་པ་སུས་ཀྱང་སླེབས་པ་མེད། གཙང་གིས་ཕྱོགས་སུ་རྟས་ཀྱང་མི་སླེབས་པར་ཐལ་ཟེར་བས། དེར་མོ་ཡི་ཆད་དེ་ལོག་ནས་སོང་ངོ་། །དེ་ཐམས་ཅད་ལྷ་ལྕམ་ལྡེམ་བུའི་སྐོར་རོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact