Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (27)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

དེ་ནས་དྭགས་པོས་ཟླ་བ་གཅིག་འབད་དེ་བསྒོམས་པ་ལ། དང་པོ་སྨན་བླ་མཆེད་བདུན་ཞལ་མཐོང་། ཉིན་གཅིག་རླུང་འགྲོ་འོང་གཅིག་གིས་ཆོག་པ་བྱུང་། ཕྱི་དྲོ་རླུང་བཟུང་ཙ་ལོངས་སྐུའི་ཞིང་ཁམས་རབ་འབྱམས་རྣམས་མཐོང་། དེ་ལ་ཡེངས་ནས་རླུང་བཏང་ཙ་ན་ནམ་སྲོད་དུ་རེད་ནས་འདུག་པས། བླ་མའི་ཐུགས་དམ་ལ་གནོད་སྙམ་ནས་མཎྜལ་ཕུལ་ཞིང་གསོལ་བ་བཏབ། ཐོ་རེངས་རླུང་བཟུང་ནས་བསྒོམ་ཙ། སངས་རྒྱས་སྟོང་རྩ་གཉིས་ཀྱི་གཙོ་བོ་ཤཱཀྱ་ཐུབ་པས་བྱས་པ་མཐོང་། ནམ་ལངས་ནས་ཞུ་བྱོན་ཙ་ཕྱག་བྱས་ཏེ། ཞུ་བ་མ་ཁོམ་པར། བླ་མའི་ཞལ་ནས། ད་ཡི་དམ་གྱི་ལྷ་ཞལ་མཐོང་སྟེ། ལོངས་སྐུ་སྤྲུལ་སྐུ་མངོན་སུམ་དུ་ཞལ་མཐོང་། ཆོས་སྐུ་དང་ད་གཟོད་མཇལ་བར་གདའ་ཡི། ད་དབུས་སུ་སོང་ལ་སྒོམས་ཤིག །སྔར་གྱི་འཕྲང་དེ་ཚོ་ངས་བསལ་བ་ཡིན། ད་མངོན་པར་ཤེས་པའི་འཕྲང་ཡོད། མངོན་ཤེས་བྱུང་ཙ་ན་ལྷའི་བུ་ཡི་བདུད་འཇུག་པ་ཡིན་པས། ཤིན་ཏུ་གསང་བ་གལ་ཆེ། སྤྱིར་ཡོན་ཏན་ཐམས་ཅད་གསང་བ་ལས་འབྱུང་ཞིང་ལར་དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་ལ། བདུད་ཀྱིས་མི་ཚུགས་པ་ཡིན་ཏེ། ཁྱེད་དབང་པོ་རྣོན་པོར་འདུག་སྟེ། གསང་སྔགས་གསང་ནས་འགྲུབ་པས་གསང་ལ་སྒྲུབ་པ་གྱིས་ཤིག །སེམས་ཅན་ལ་ཡང་ཕན་པར་འདུག་པས་ཚོགས་ཀྱང་སྐྱོངས་ཤིག་གསུང་།
ཚོགས་པ་སྐྱོང་བའི་དུས་ནམ་ལགས་ཞུས་པས། སེམས་ཀྱི་ངོ་བོ་མཐོང་ནས་དེ་བརྟན་པ་དང་སྐྱོང་བ་ཡིན། ཅི་ཞིག་ལྟར་ན་ད་ལྟ་དང་འདྲ་བ་མ་ཡིན་པའི་རྟོགས་པ་ཞིག་སྐྱེ་བས། དེའི་དུས་སུ་མི་རྒན་ང་ལ་ཡང་སངས་རྒྱས་དངོས་སུ་མཐོང་བའི་ངེས་ཤེས་བརྟན་པོ་ཞིག་འབྱུང་ལ། བུ་ཁྱོད་རང་ཡང་སེམས་ཀྱི་ངོ་བོ་མ་བཅོས་པར་མཐོང་བའི་རྟོགས་པ་ཡང་དག་པ་ཅིག་རྒྱུད་ལ་སྐྱེ་བས། དེའི་དུས་སུ་ཚོགས་པ་སྐྱོངས། རླུང་ལག་སོར་ལ་དྲངས་པ་འདུག་གམ་མི་འདུག་ལྟོས། དེ་དྲངས་པ་དང་རླུང་གི་འཕྲང་ལས་ཐར་བ་ཡིན་གསུངས། དེ་ནུབ་ཐལ་བ་ལ་སོར་མོ་གཏད་ཅིང་རླུང་གཅུན་པས། ནམ་ཕྱེད་ཙམ་ནས་ཐལ་བ་བུན་བུན་འདུག །ནངས་པར་བླ་མའི་སྤྱན་སྔར་དེ་ལྟར་བྱས་པས། བླ་མའི་ཞལ་ནས། རྩ་རླུང་ལ་དབང་ཐོབ་བྱ་བ་ནི་མིན་ཏེ། རྩ་རླུང་ལས་སུ་རུང་བྱ་བ་ཡིན། ད་ང་དང་འགྲོགས་མི་དགོས་དབུས་སུ་སོང་། ལུས་སྤྲུལ་བསྒྱུར་བ་ལ་སོགས་པའི་ཆོ་འཕྲུལ་དང་མཆོག་ཐུན་མོང་གཉིས་ཀ་འགྲུབ་ནས་འོང་གི་གསུངས།
ཡང་ཉིན་གཅིག་རྗེ་བཙུན་གྱི་ཞལ་ནས་རས་ཆུང་པ་ཁྱོད་དབུས་པ་སྟོན་པ་འདི་ལ་ཆོས་ཀྱི་དྲི་བ་ཅིག་གྱིས་གསུངས། དེའི་ཚེ་རས་ཆུང་བས་ལྟ་སྒོམ་སྤྱོད་འབྲས་ཀྱི་འགག་དྲི་བའི་མགུར་འདི་ཕུལ་ལོ། །
ལྟ་བ་བལྟ་རུ་མེད་པ་ཆ་མཆིས་ཀྱང་། །སྟོང་པ་དོན་སྤྱིར་ཤོར་བས་ཆོས་ཉིད་དོན་མ་རྟོགས། །འདི་རྟོགས་ཐབས་ཤིག་འདུག་གམ་མཆེད་གྲོགས་ཀུན། །ཁ་ལྟ་སྟོང་མཐའ་རུ་ཤོར་བ་འདི་ཡ་ཆ་རུ་གདའ། །སྒོམ་པ་སྒོམ་དུ་མེད་པ་ཆ་མཆིས་ཀྱང་། །བརྩོན་འགྲུས་སྒོམ་བསྲན་ཆུང་བས་ཏིང་འཛིན་རྩལ་མ་རྫོགས། །འདི་རྫོགས་ཐབས་ཤིག་འདུག་གམ་མཆེད་གྲོགས་ཀུན། །སྒོམ་པ་སྤོམ་ཡོར་དུ་ཤོར་བ་འདི་ཡ་ཆ་རུ་གདའ། །སྤྱོད་པ་སྤྱོད་དུ་མེད་པ་ཆ་མཆིས་ཀྱང་། །དགེ་སྡིག་འཆོལ་མ་སྤྱད་པས་ཆོས་བརྒྱད་འགོ་མ་ནོན། །འདི་ནོན་ཐབས་ཤིག་འདུག་གམ་མཆེད་གྲོགས་ཀུན། །སྤྱོད་པ་ཚུལ་ཆོས་ལ་ཤོར་བ་འདི་ཡ་ཆ་རུ་གདའ། །འབྲས་བུ་བསྒྲུབ་ཏུ་མེད་པ་ཆ་མཆིས་ཀྱང་། །རེ་དྭོགས་ཡིད་སྨོན་ལ་ལུས་པས་ལོ་ཏོག་སད་ལ་ཤོར། །འདི་འགྲུབ་པའི་ཐབས་ཤིག་འདུག་གམ་མཆེད་གྲོགས་ཀུན། །རང་སེམས་འཁོར་བར་འཁྱམ་པ་འདི་ཡ་ཆ་རུ་གདའ། །
ཞེས་དྲིས་པས་དྭགས་པོས་རྗེ་བཙུན་ལ་ལན་གསུང་བར་ཞུ་ཞུས་པས། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
སྣང་བ་དང་སྟོང་པ་དབྱེར་མེད་གསུམ། །བློས་བྱས་ཕྱོགས་སུ་མ་ཤོར་ན། །ལྟ་བ་ཙམ་གྱི་མཐར་ཐུག་ཡིན། །བདེ་དང་གསལ་དང་མི་རྟོག་གསུམ། །ཞེན་པའི་ཕྱོགས་སུ་མ་ཤོར་ན། །སྒོམ་པ་ཙམ་གྱི་མཐར་ཐུག་ཡིན། །མ་བཅོས་ཞེན་མེད་ལྷུག་པ་གསུམ། །ཚུལ་ཆོས་ཕྱོགས་སུ་མ་ལྷུང་ན། །སྤྱོད་པ་ཙམ་གྱི་མཐར་ཐུག་ཡིན། །མི་རེ་མི་དྭོགས་མི་སྒྲུབ་གསུམ། །ཡིད་སྨོན་ཕྱོགས་སུ་མ་ཤོར་ན། །འབྲས་བུ་ཙམ་གྱི་མཐར་ཐུག་ཡིན། །ཞེས་གསུངས་སོ། །
ཡང་བླ་མ་ལྷ་རྗེས་གདམས་ངག་ཅིག་ཞུ་ཞུས་པས་ཡང་མགུར་འདི་གསུངས་སོ། །
གྲུབ་ཐོབ་བླ་མ་དམ་པ་དེ། །མ་རིག་སེལ་བའི་ལམ་མཁན་ཡིན། །དད་པ་སྐྱོ་དུབ་མེད་པ་དེ། །བདེ་འགྲོར་འཁྲིད་པའི་ལམ་མཁན་ཡིན། །ཚོགས་དྲུག་སྣང་བ་ཐུག་ཕྲད་དེ། །རྣམ་རྟོག་འཇོམས་པའི་ལམ་མཁན་ཡིན། །གྲང་བ་མེད་པའི་རས་གོས་འདི། །ཞེན་པ་ལྡོག་པའི་ལམ་མཁན་ཡིན། །ལམ་མཁན་བཞི་ཡི་སྣ་དྲངས་ནས། །འགྲོ་ནི་ཏིང་འཛིན་ལམ་ལ་འགྲོ། །སླེབས་ནི་མྱ་ངན་འདས་པར་སླེབས། །རྣམ་རྟོག་འོད་གསལ་དབྱིངས་སུ་ཐིམ། །ང་རྣལ་འབྱོར་པ་ཡི་བདེ་སྐྱིད་འདི། །ཚོགས་དྲུག་སྣང་བ་གྲོགས་སུ་ཤར། །འཁོར་འདས་ཉམས་མྱོང་མ་མཆིས་པ། །རང་སེམས་རྒྱལ་པོ་ཡིན་ནམ་སྙམ། །རང་སེམས་རྟོགས་པའི་རྒྱལ་པོ་ལ། །དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་སྣ་སྦྱོར། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེ། །དགེ་བཅུ་མཛེས་པའི་རྒྱན་དང་ལྡན། །ཐོས་བསམ་དམག་དཔོན་རིན་པོ་ཆེ། །ལོག་རྟོག་དགྲ་ཡི་གཡུལ་ངོ་འཇོམས། །བརྩོན་འགྲུས་རྟ་མཆོག་རིན་པོ་ཆེ། །རྣལ་འབྱོར་བདག་མེད་དབྱིངས་སུ་སྐྱེལ། །ཁྲེལ་ཡོད་གླང་པོ་རིན་པོ་ཆེ། །ཕྱིན་ཅི་ལོག་གི་ལམ་ལས་བཟློག །བསམ་གཏན་བློན་པོ་རིན་པོ་ཆེ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས། །ཤེས་རབ་ནོར་བུ་རིན་པོ་ཆེ། །རང་གཞན་གཉིས་ཀྱི་དགོས་འདོད་འབྱུང་། །ཁྱེད་དེ་ལྟར་ཤེས་ན་ལེགས་ལགས་ཏེ། །ཁོང་དེང་སང་གི་སྐྱེ་བོ་དམུ་རྒོད་རྣམས། །ལུས་ད་ལྟ་གཡེང་བའི་དབང་དུ་གཏོང་། །སང་འཆི་ཁ་འགྱོད་པ་རེ་མ་མཁས། །བུ་སྙིང་ནས་སྒྲུབ་པ་དང་དུ་ལོང་། །ཞེས་གསུངས་སོ།།
ཡང་བླ་མ་ལྷ་རྗེས་བར་དོའི་གདམས་ངག་ཅིག་ཞུ་ཞུས་པས་མགུར་འདི་གསུངས་སོ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །བུ་ཁྱོད་ཀྱིས་གསོལ་བ་བཏབ་པའི་ངོར། །ངས་བར་དོ་འདི་ལ་དབྱངས་ཤིག་ལེན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་དང་། །མྱ་ངན་འདས་པའི་སངས་རྒྱས་གཉིས། །དངོས་པོ་གཤིས་ཀྱི་གནས་ལུགས་གཅིག །ལྟ་བའི་བར་དོ་དེ་ལ་མཛོད། །སྣ་ཚོགས་སུ་ཤར་བའི་དཀར་དམར་དང་། །བརྗོད་དུ་མེད་པའི་སེམས་ཉིད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྒོམ་པའི་བར་དོ་དེ་ལ་མཛོད། །སྣ་ཚོགས་སྣང་བའི་འཁྲུལ་སྣང་དང་། །རང་སེམས་སྐྱེ་བ་མེད་པ་གཉིས། །གཉིས་མེད་ལྷན་ཅིག་སྐྱེས་པར་གཅིག །སྤྱོད་པའི་བར་དོ་དེ་ལ་མཛོད། །མདང་སུམ་བག་ཆགས་བར་དོ་དང་། །སད་ནས་རྫུན་དུ་ཤེས་པ་གཉིས། །སྒྱུ་མ་ལྟ་བུའི་ངང་དུ་གཅིག །རྨི་ལམ་བར་དོ་དེ་ལ་མཛོད། །མ་དག་ཕུང་པོ་རྣམ་ལྔ་དང་། །དག་པ་རྒྱལ་བ་རིགས་ལྔ་གཉིས། །མི་རྟོག་རྫོགས་རིམ་ངང་དུ་གཅིག །ལམ་བསྐྱེད་རྫོགས་བར་དོ་དེ་ལ་མཛོད། །ཐབས་ལས་བྱུང་བའི་ཕ་རྒྱུད་དང་། །ཤེས་རབ་ལས་བྱུང་མ་རྒྱུད་གཉིས། །དབང་གསུམ་ལྷན་ཅིག་སྐྱེས་པར་གཅིག །གནད་ཀྱི་བར་དོ་དེ་ལ་མཛོད། །རང་དོན་ཆོས་སྐུ་འགྱུར་མེད་དང་། །གཞན་དོན་གཟུགས་སྐུ་འགྱུར་མེད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྐུ་གསུམ་བར་དོ་དེ་ལ་མཛོད། །མ་དག་སྒྱུ་ལུས་མངལ་སྒོ་དང་། །དག་པ་ལྷ་ཡི་རྣམ་པ་གཉིས། །བར་དོ་འོད་གསལ་ངང་དུ་གཅིག །འབྲས་བུའི་བར་དོ་དེ་ལ་མཛོད། །ཅེས་གསུངས་སོ། །
ཡང་དྭགས་པོ་ལ་རྒྱལ་སྲིད་བདུན་གྱི་མགུར་འདི་གསུངས་སོ། །
རྗེ་ས་བདག་རྒྱལ་པོའི་བདེ་སྐྱིད་དེ། །སྔོན་སྦྱིན་པ་རྣམ་བཞི་བཏང་ལགས་པས། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེས། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ། །རིན་ཆེན་བདུན་གྱི་རྒྱན་ཡང་འདོགས། །འཁོར་ལོས་གང་དུ་བསྒྱུར་བར་འགྲོ། །བཙུན་མོས་མཛེས་པའི་རྒྱན་ཡང་འདོགས། །དམག་དཔོན་ཕལ་གྱི་གཡུལ་ངོ་འཇོམས། །རྟ་མཆོག་རིན་ཆེན་གར་འགྲོར་ཕྱིན། །གླང་པོ་རིན་ཆེན་དམག་དཔུང་འཇོམས། །བློན་པོས་གྲོས་ཀྱི་ཕུལ་ཡང་ཕྱུང་། །ནོར་བུ་རིན་ཆེན་དགོས་འདོད་འབྱུང་། །དེ་འཕྲལ་དུ་བདེ་སྟེ་རྟག་ངེས་མེད། །ཁྱེད་འཇིག་རྟེན་བདེ་སྐྱིད་བཞེད་པ་ན། །ཁྱེད་འདི་ལྟར་ཤེས་ན་བདེ་སྟེ་མཆིས། །དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལས་ལ་སྦྱོར། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེ། །རབ་ཏུ་མཛེས་པའི་རྒྱན་ཡང་འདོགས། །ཐོས་པ་དམག་དཔོན་རིན་པོ་ཆེ། །ལོག་རྟོག་དགྲ་ཡི་གཡུལ་ངོ་འཇོམས། །བརྩོན་འགྲུས་རྟ་མཆོག་རིན་པོ་ཆེ། །ཉོན་མོངས་བདག་མེད་དབྱིངས་སུ་བསྐྱལ། །ཁྲེལ་ཡོད་གླང་པོ་རིན་པོ་ཆེ། །ཕྱིན་ཅི་ལོག་གི་ལམ་རྣམས་སྤངས། །བསམ་གཏན་བློན་པོ་རིན་པོ་ཆེ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས། །ཤེས་རབ་ནོར་བུ་རིན་པོ་ཆེ། །བདག་གཞན་གཉིས་ཀྱི་རེ་བ་བསྐོང་། །ཁྱེད་དེ་ལྟར་ཤེས་ན་བདེ་ལེགས་ཏེ། །ད་ལྟ་གཡེང་བའི་ཁར་བཏང་ནས། །འཆི་ཁ་འགྱོད་པ་རེ་མ་དགའ། །བདག་རྣལ་འབྱོར་པ་ཡི་བདེ་སྐྱིད་འདི། །ཚོགས་དྲུག་གི་སྣང་བ་གྲོགས་སུ་ཤར། །འཁོར་འདས་ལ་ཉམ་ང་མ་མཆིས་པས། །རང་སེམས་རྒྱལ་པོ་ཡིན་ནམ་སྙམས། །རང་སེམས་རྟོགས་པའི་རྒྱལ་པོ་ལ། །རིན་ཆེན་བདུན་གྱི་རྒྱན་ཡང་འདོགས། །ཐ་སྙད་ཚིག་ཕྱིར་མ་འབྲང་བས། །ཟབ་མོའི་ཆོས་ལ་མོས་པ་བྱས། །ངེས་ཤེས་བློ་ཡི་གཏིང་ནས་སྐྱེས། །དེ་བློན་པོ་གྲོས་ཀྱི་ཕུལ་ཡང་ཕྱུང་། །བླ་མ་རྗེ་ཡི་ཞལ་སྔ་ནས། །ཟབ་མོའི་གདམས་ངག་ང་རང་སྟོན། །ན་རོ་པ་ཡི་བུ་རྒྱུད་ལ། །རྒྱུད་འགྲོལ་སྒྲོ་འདོགས་ཆོད་ཅིག་གསུང་། །གདམས་ངག་ཆེ་ཆེ་སྤུས་འཐུས་བྱས། །འཁོར་འདས་ཀྱི་སྒྲོ་འདོགས་ཆོད་ལགས་པས། །མ་རིག་སྐྱེ་མེད་དུ་ཡལ་ནས་ཐལ། །རྟ་མཆོག་གིས་དུག་ལྔ་དབྱིངས་སུ་བསྐྱལ། །ལར་མང་པོ་འཚོགས་པའི་འདུ་འཛི་འདི། །གཡེང་བར་འདུག་པས་རི་ཁྲོད་འགྲིམས། །ལམ་བསྐྱེད་རྫོགས་གཉིས་ལ་གཞི་བྱས་ནས། །རང་གི་སེམས་ཀྱི་རྩལ་ཡང་སྦྱངས། །ཁྱུང་ཕྲུག་གི་མཁའ་ལ་གཤོག་བརྐྱང་འདྲ། །དེ་གར་བསྒྱུར་འཁོར་ལོ་རིན་པོ་ཆེ། །ཚོགས་དྲུག་སྣང་བ་ཧད་པོར་ཐལ། །འདོད་པའི་ཡོན་ཏན་ཆོག་ཤེས་པས། །ལོངས་སྤྱོད་ཆེ་ལ་དགའ་རྒྱུ་མེད། །བསྟོད་སྨད་ཚིག་ལ་སྙན་སྡུག་ཀྱང་། །སྒྲ་བརྙན་ཡིན་པས་སྙན་རྒྱུ་མེད། །བར་ཆད་བདུད་ཀྱི་ཆོ་འཕྲུལ་ལ། །རང་སྣང་ཡིན་པས་འཇིགས་རྒྱུ་མེད། །སེམས་རྟག་ཆད་གཉིས་པོ་རང་ཡལ་ཐལ། །སྐྱེ་ཤི་གཉིས་ལ་སྐྲག་རྒྱུ་མེད། །དེ་དམག་དཔོན་གྱིས་ལོག་རྟོག་འཇོམས་ཤིང་གདའ། །དེ་ལྟར་རྟོགས་པའི་རང་བཞིན་གྱིས། །སེམས་ཉིད་གདོད་ནས་དག་པ་ལ། །སྣང་བ་སློབ་དཔོན་དུ་འཆར་ཞིང་གདའ། །འཁོར་བ་ཡེ་ཤེས་སུ་འཆར་ཞིང་གདའ། །རྣམ་རྟོག་གྲོགས་སུ་འཆར་ཞིང་གདའ། །ནགས་ལ་མེ་ལྕེ་མཆེད་པ་བཞིན། །དེ་གླང་པོས་དམག་དཔུང་བསྐྱེལ་བ་འདྲ། །ཡེངས་པ་མེད་པའི་རྣལ་འབྱོར་ལ། །དྲན་རྟོག་ཞེན་པ་རང་ཡལ་ཐལ། །མཁའ་ལ་བྱ་འཕུར་རྗེས་མ་མཆིས། །ཚོགས་དྲུག་རང་སྣང་གློ་བུར་ལ། །འཛིན་པ་མེད་པའི་གྲོགས་སུ་ཤར། །བཀག་པ་མེད་པར་གཟིགས་མོ་ཆེ། །བཙུན་མོ་མཛེས་པའི་རྒྱན་ཡང་འདོགས། །དེ་ལྟར་རྟོགས་པའི་རྣལ་འབྱོར་ལ། །ཁྱབ་པ་ནམ་མཁའ་ལྟ་བུ་ལ། །སེམས་ཀྱི་ཁྱིམ་ལ་ཕྱི་ནང་མེད། །ངོས་བཟུང་མེད་པའི་སྣང་བ་ལ། །འོད་གསལ་སྒོམ་ལ་ཡངས་དོག་མེད། །དབྱིངས་དང་ཡེ་ཤེས་གཉིས་མེད་ལ། །སྐུ་གསུམ་རྒྱུན་ལ་ཉིན་མཚན་མེད། །འབད་མེད་ཉི་ཟླ་ལྟ་བུ་ལ། །འོད་ཟེར་འབར་བ་ཕྱོགས་རིས་མེད། །ནོར་བུས་དགོས་འདོད་འབྱུང་བར་གོ །རིན་ཆེན་བདུན་གྱི་ནོར་མཆོག་འདི། །རྣལ་འབྱོར་པ་ཡི་རྒྱན་དུ་ཆེ། །སྲོག་དང་བྲལ་ཡང་འདི་མི་འབྲལ། །ནོར་གྱི་དམ་པ་ཡིན་ནམ་སྙམ། །རྒྱལ་པོའི་ལོངས་སྤྱོད་སྨོན་རྒྱུ་མེད། །མཁས་པའི་ཐ་སྙད་སྙན་རྒྱུ་མེད། །དེ་ཤོབ་བེ་ཡིན་ཡང་གུམ་པ་ལགས། །མི་ན་རེ་ལྟ་བ་ལྟ་བ་ཟེར། །བན་ཆུང་ངེད་ལ་ལྟ་རྒྱུ་མེད། །ལྟ་བ་ལྟ་བྱའི་ཡུལ་དང་བྲལ། །ལྟ་བ་བྱུང་ན་གོལ་བ་ཡིན། །ལྟ་རྒྱུ་མེད་ན་ཐ་མལ་ཡིན། །རིག་པ་མཐོང་བ་ངོ་མཚར་ཆེ། །མི་ན་རེ་སྒོམ་པ་སྒོམ་པ་ཟེར། །བན་ཆུང་ངེད་ལ་སྒོམ་རྒྱུ་མེད། །བསྒོམ་པ་སྒོམ་བྱའི་ཡུལ་དང་བྲལ། །སྒོམ་རྒྱུ་བྱུང་ན་གོལ་བ་ཡིན། །སྒོམ་རྒྱུ་མེད་ན་ཐ་མལ་ཡིན། །ཅི་མེད་ཅི་གསལ་ངོ་མཚར་ཆེ། །མི་ན་རེ་སྤྱོད་པ་སྤྱོད་པ་ཟེར། །བན་ཆུང་ངེད་ལ་སྤྱོད་རྒྱུ་མེད། །སྤྱོད་པ་སྤྱོད་པའི་ཡུལ་དང་བྲལ། །སྤྱོད་རྒྱུ་བྱུང་ན་གོལ་བ་ཡིན། །སྤྱོད་རྒྱུ་མེད་ན་ཐ་མལ་ཡིན། །ཤུགས་འབྱུང་སྤྱོད་པ་ངོ་མཚར་ཆེ། །མི་ན་རེ་འབྲས་བུ་འབྲས་བུ་ཟེར། །བན་ཆུང་ངེད་ལ་འབྲས་བུ་མེད། །འབྲས་བུ་བསྒྲུབ་བྱའི་ཡུལ་དང་བྲལ། །བསྒྲུབ་བྱ་བྱུང་ན་གོལ་བ་ཡིན། །སྒྲུབ་རྒྱུ་མེད་ན་ཐ་མལ་ཡིན། །རང་སེམས་སངས་རྒྱས་ངོ་མཚར་ཆེ། །ཞེས་གསུངས་སོ། །
ཡང་རས་ཆུང་པ་དང་། སེ་བན་རས་པ་དང་། མཉམ་མེད་དྭགས་པོ་རིན་པོ་ཆེ་གསུམ་ལ། དོ་ནུབ་རྨི་ལམ་ལྟོས་གསུང་ནས་བལྟས་པས། རས་ཆུང་པས་ཐང་དཀྱིལ་གཅིག་ཏུ་བོང་བུ་ཅིག་ལ་ལན་ཚྭ་བཀལ་ནས་དེད། དུང་གཅིག་འབུད་ཅིང་ཕྱིན་པ་རྨིས་ཞུས་པས། ཁྱོད་ཀྱིས་ཟེར་བ་ལྟར་སྐད་ཆེར་འོང་། ངས་གར་ཁྱབ་ཏུ་ཁྱོད་ཀྱི་གྲགས་པས་ཁྱབ་པར་འདུག །བརྒྱུད་པ་ཆད། གདམས་ངག་ལ་ཚྭ་བཞིན་དུ་འགྲིམ་གསུངས་སོ། །སེ་བན་སུམ་མདོ་ནས་མེ་འབར་བས་དབང་པོའི་སྒོ་ཐམས་ཅད་དུ་མྱུག་མྱུག་བྱུང་བ་རྨིས་ཞུས་པས། ཚེ་འདིར་འགྲོ་དོན་མི་འབྱུང་། གཏུམ་མོ་དྲོད་ཀྱི་ཡེ་ཤེས་ཀྱིས་རྣམ་རྟོག་གི་དྲི་མ་བསྲེགས་ནས། ཕྱི་མ་གཟུགས་སྐུའི་སྣང་བ་འཆར་གསུང་། མཉམ་མེད་དྭགས་པོ་རིན་པོ་ཆེས་བྲག་དཀར་པོ་རྩེ་རྒྱལ་གྱི་རྩེར་ཕྱིན་ཉི་མ་ཤར། རྒོད་མང་པོས་བསྐོར་བ་ཅིག་རྨིས་གསུངས། ད་འདི་ནས་ཤར་གྱི་ཕྱོགས་ན་སྒམ་པོ་གདར་གྱི་རི་བྱ་བ་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ། རྩེ་མོ་རིན་ཆེན་པྲོག་ཞུ་ལྔ་རུ་ཡོད་པ། ཤིང་སྤང་གསེར་གྱི་མཎྜལ་ལྟ་བུ། མདུན་རི་རིན་ཆེན་སྤུངས་པ་འདྲ་བ། རྒྱབ་རི་དར་དཀར་ཕྱར་བ་འདྲ་བ། རི་བདུན་བློན་པོས་ཕྱག་འཚལ་བ་ལྟ་བུ་ཡོད་དེ། རི་དེའི་མགུལ་ན་ཁྱོད་སོང་ལ་ངའི་ཞྭ་འདི་ལྟ་བུའི་གནས་བྲག་རི་ཆེན་པོ་ཅིག་གི་མདུན་དུ། སྐལ་ལྡན་གྱི་སློབ་མ་དཔག་ཏུ་མེད་པ་བྱ་རྒོད་འདུ་བ་བཞིན་འབྱུང་བས་དབུས་སུ་སོང་ལ་སེམས་ཅན་གྱི་དོན་གྱིས་ཤིག་གསུང་ནས་མགུར་འདི་གསུངས་སོ། །
བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཟས་ཀྱི་སྣང་བ་ཤར་ཙམ་ན། །ཟས་སུ་ཟག་མེད་ཏིང་འཛིན་ཟོ། །ཞིམ་མངར་སྒྱུ་མར་ཤེས་པར་མཛོད། །ཟས་ཆགས་མེད་ཀྱི་རྣལ་འབྱོར་ཉམས་སུ་ལོངས། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་གོས་ཀྱི་སྣང་བ་འཆར། །གོས་ཀྱི་སྣང་བ་ཤར་ཙམ་ན། །གོས་སུ་གཏུམ་མོའི་བདེ་དྲོད་གྱོན། །འཇམ་ལེགས་སྒྱུ་མར་ཤེས་པར་མཛོད། །གོས་ཞན་མེད་རྣལ་འབྱོར་ཉམས་སུ་ལོངས། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙམ་ན། །ནོར་དུ་འཕགས་པའི་ནོར་བདུན་སྤེལ། །ནོར་རྫས་སྒྱུ་མར་ཤེས་པར་མཛོད། །ནོར་དགོས་མེད་ཀྱི་རྣལ་འབྱོར་ཉམས་སུ་ལོངས། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཡུལ་གྱི་སྣང་བ་འཆར། །ཡུལ་གྱི་སྣང་བ་ཤར་ཙམ་ན། །ཡུལ་དུ་ཆོས་ཉིད་གཏན་ཡུལ་ཟུང། །ཕ་ཡུལ་སྒྱུ་མར་ཤེས་པར་མཛོད། །ཡུལ་སྣང་མེད་ཀྱི་རྣལ་འབྱོར་ཉམས་སུ་ལོངས། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །གྲོགས་ཀྱི་སྣང་བ་ཤར་ཙམ་ན། །གྲོགས་སུ་རང་འབྱུང་ཡེ་ཤེས་བརྟེན། །ཟླ་གྲོགས་སྒྱུ་མར་ཤེས་པར་མཛོད། །གྲོགས་སུ་རང་བྱུང་ཡེ་ཤེས་ཉམས་སུ་ལོངས། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་གཉེན་གྱི་སྣང་བ་འཆར། །གཉེན་གྱི་སྣང་བ་ཤར་ཙམ་ན། །གཉེན་འབྲེལ་སྒྱུ་མ་ཤེས་པར་མཛོད། །གཉེན་ཞེན་མེད་ཀྱི་རྣལ་འབྱོར་ཉམས་སུ་ལོངས། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་དགྲ་ཡི་སྣང་བ་འཆར། །དགྲ་ཡི་སྣང་བ་ཤར་ཙམ་ན། །དུག་ལྔའི་དགྲ་བོ་རྩད་ནས་ཆོད། །དགྲ་སྣང་སྒྱུ་མར་ཤེས་པར་མཛོད། །དགྲ་གཏན་མེད་ཀྱི་རྣལ་འབྱོར་ཉམས་སུ་ལོང་། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་འཆི་བའི་སྣང་བ་འཆར། །འཆི་བའི་སྣང་བ་ཤར་ཙམ་ན། །སྐྱེ་འཆི་སྒྱུ་མར་ཤེས་མཛོད་ལ། །སེམས་སྐྱེ་མེད་ཀྱི་རྣལ་འབྱོར་ཉམས་སུ་ལོང་། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙམ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །བརྗེད་མེད་སྙིང་གི་དཀྱིལ་དུ་སྒོམ། །བླ་མ་ཡང་སྒྱུ་མ་རྨི་ལམ་འདྲ། །ཐམས་ཅད་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོང་། །ཤར་སྒམ་པོ་གདར་གྱི་རི་བོ་འདི། །རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྩེ་མོ་རིན་ཆེན་པྲོག་ཞུ་འདྲ། །རྒྱབ་རི་དར་དཀར་ཕྱར་བ་འདྲ། །མདུན་རི་རིན་ཆེན་སྤུངས་པ་འདྲ། །རི་བདུན་བློན་པོ་འདུན་པ་འདྲ། །གཙང་པོ་སྦྲུལ་ནག་འཁྱིལ་བ་འདྲ། །ཤིང་སྤང་གསེར་གྱི་མཎྜལ་འདྲ། །དེ་ཡི་མགུལ་ན་གདུལ་བྱ་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་གྱིས། །བུ་ཁྱོད་ཀྱི་འགྲོ་དོན་འགྲུབ་སྟེ་མཆི། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་ཁྱོད་ཀྱང་དེ་ལྟར་ཉམས་སུ་ལོང་། །ཞེས་གསུངས་ནས། ཁྱེད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་བྱ་བ་ཡིན་གསུངས།
དེ་ནས་དབང་དང་བྱིན་བརླབས་དང་ཆོས་མ་ལུས་པ་རྫོགས་པར་གནང་སྟེ། དེ་ཡང་ལྕམ་ལྷན་ཅིག་སྐྱེས་པའི་སྒྲོན་མས་རྗེ་བཙུན་གྱི་ཕྱག་དཔེའི་གཉེར་མཛད་པ་ཡིན་ཏེ། བླ་མ་རིན་པོ་ཆེ་དེ་ཤིན་ཏུ་དགྱེས་པས་ཆོས་ཀྱི་ནང་བྱན་མཛད། གསང་སྔགས་བླ་མེད་ཀྱི་རྒྱུད་ཐམས་ཅད་དང་། གདམས་པ་ལྷག་ལུས་མེད་པ་རྫོགས་པར་མཛད་པའི་མཐར། གཏོར་མ་ཆེན་པོ་ཞིག་དབུ་ཐོག་ཏུ་བཞག་ནས། མཁའ་འགྲོ་ཆོས་སྐྱོང་གིས་དབང་བསྐུར་ནས། བུ་ཁྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པའི་དོན་འགྲུབ་པར་འདུག་གསུངས། དེ་ཅི་ལྟར་ལགས་ཞུས་པས། དང་པོ་ཁྱོད་འོང་ཁར་ཡང་རྟགས་མཚན་བཟང་པོ་བྱུང་ལ། འདི་ན་ཡོད་པའི་ཚེ་ཡང་ང་དང་ཁྱོད་གཉིས་བང་འགྲན་པས་ཁྱོད་སྔོན་ལ་ཐལ་ཏེ། ང་བས་ཁྱོད་སེམས་ཅན་གྱི་དོན་རྒྱ་ཆེ་བར་འདུག་བྱས་པ་ཅིག་རྨིས། ཡང་ཕ་བོང་སྦྲ་བས་ཆེ་བ་ཡུལ་གཞན་དུ་འཕེན་པ་དང་། ཕྱག་གཉིས་ཀྱིས་ཕ་བོང་བསྡམ་པས་རྡུལ་ཕྲ་རབ་ཏུ་སོང་སྟེ། སྐུ་ལུས་རེ་བཟང་ནུས་པ་ཚད་མེད་ཅིང་ཕྱི་རོལ་ཡུལ་གྱི་འཇིགས་པ་དང་བྲལ་བར་འདུག་བྱས་པ་རྨིས་གསུངས།
དེ་ལྟར་རྗེ་བཙུན་གྱི་དྲུང་དུ་ཟླ་བ་བཅུ་གསུམ་བཞུགས་ནས། དགུང་ལོ་ཞེ་གཉིས་ལ་དབུས་སུ་འབྱོན་པར་བརྩམ་ཏེ། བླ་མའི་ཞལ་ནས། ད་དབུས་སུ་སོང་ལ་སྒོམ་གསུངས། དེ་ནས་ཤིང་སྟག་མའི་ནགས་ཡོད་པའི་ལུང་པ་གཅིག་གི་ཆུ་ལ་རྡོ་ཟམ་ཡོད་པའི་བར་ལ་སྐྱེལ་ཐུང་མཛད་ནས་དབུས་པ་སྟོན་པ་རྟེན་འབྲེལ་ཞིག་གིས་གནད་ཀྱིས་ཆུ་འདིའི་ཕ་ཁར་ང་འགྲོ་མི་བཏུབ་པར་འདུག་པས། འོ་སྐོལ་ཕ་སྤད་ཀྱི་འཕྲིན་བསྒོས་འདིར་བྱ་ཡི་ཁྱེད་ཁྲེས་པོ་ཕོག་ལ་འདིར་སྡོད་གསུངས། རྗེ་བཙུན་ཟམ་སྡུར་གྱི་ཁ་ལ་ཕྱེད་དཀྱིལ་ཅིག་མཛད་ནས་བཞུགས་པའི་ཞབས་ལ་གཏུགས་ཤིང་ཕྱག་མང་དུ་བཙལ་ཏེ། སྤྱན་ཆབ་ཕྱུངས་ཤིང་གསོལ་བ་བཏབ་པས། རྗེ་བཙུན་གྱིས་ཨ་རུ་ར་གསེར་མདོག་གཅིག །མེ་ཆ་གཅིག །བུ་རམ་ཅ་ཀོ་ར་གཅིག་གནང་ནས་ང་ལ་ཡང་དགེ་སྦྱོར་སྐྱེ་དཀའ་བར་བྱུང་བ་ལ། གདམས་ངག་འདི་ལ་བརྟེན་ནས་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པ་ཡིན། བུ་ཁྱོད་ལ་ཡང་བར་སྐབས་སུ་དགེ་སྦྱོར་ལ་འཕེལ་འགྲིབ་བྱུང་ན་གདམས་ངག་འདི་དགོས་པ་ཡིན་གསུང་ནས། ཕྱག་རྒྱ་ཆེན་པོ་རླུང་སེམས་གཉིས་མེད་ཀྱི་ངོ་སྤྲོད་གནང་། ལར་ཁྱོད་ལ་སྒོམ་ཆེན་མཐར་ཐུག་ཅིག་འོང་བར་འདུག་གསུང་ཏེ། བུ་སྟོན་པ་དབུས་པ་ཁྱེད་ཕ་ཚན་གྱི་ཁེ་གྲགས་སྤངས། གཉེན་གྱི་ཐག་པ་ཆོད། ཚེ་འདིའི་གདོས་ཐག་མེད་པར་གྱིས། རི་ཡི་བུ་གྱིས། ཆོས་ཐམས་ཅད་གཅིག་ཏུ་དྲིལ་ལ་ཉམས་སུ་ལོང་། མི་རྒན་ང་ལ་གསོལ་བ་རྒྱུན་ཏུ་ཐོབ། སྤྱིར་དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་། དེའི་གྲིབ་མ་ཕོག་པ་ཡིན། དེ་གང་ཡིན་ན་སྣང་བ་དགྲར་ལངས་པའི་མི་ཆོས་དང་གང་ཟག་ཐམས་ཅད་ལ་ངན་སྨྲས་བྱེད་ཅིང་འཐབ་པའི་རིགས་ཡོད། དེའི་ནང་ན་ཞེ་སྡང་མེ་འབར་བ་ལྟ་བུ་ཡོད་པ་ཡིན། དཔེར་ན་སེམས་ཅན་སྦྲུལ་ལ་གཤོག་པ་དང་རྐང་ལག་ནི་མེད། སྦྲུལ་ལས་ཉམས་ཆུང་བ་མེད་པ་ལ། ཁོ་མཐོང་བ་ཙམ་གྱིས་མི་ཐམས་ཅད་བྲེད་ནས་སྔངས་ཤིང་འབྲོས་པ་དེ། ནང་ན་ཞེ་སྡང་ཆེན་པོ་ཡོད་པས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་དགྲར་ལང་བ་ཡིན། ཡང་གང་ཟག་ཁ་ཅིག་རྡོ་བུག་པ་ཅན་དང་ཤིང་ཉ་ག་ཅན་ཚུན་ཆད་ཚག་བྱེད་པ་ཡོད། རྒས་ན་རྒས་རྒྱགས། ཤི་ན་དུར་ཟན་དགོས། དེ་མེད་ན་ཆོས་འཆོར། གཞོན་དུས་ཚོགས་གསོག་པ་ལ་ཡང་ནོར་དགོས་ཟེར་ནས། ཐ་ན་བུན་སྐྱེད་ལ་སོགས་པ་ལོག་འཚོ་འབའ་ཞིག་བྱེད་པ་ཡོད། དེའི་ནང་ན་འདོད་ཆགས་ཚྭ་ཆུ་ཁོལ་བ་བཞིན་ཡོད་པ་ཡིན། ཡང་གང་ཟག་ཁ་ཅིག་ཡང་དག་པའི་དོན་བསྒོམ་པའི་དུས་ད་ལྟ་མིན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ཤེས་བྱ་ལ་མི་སྲིད། ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་སྙིང་རྗེ་མ་བསྒོམ་པས་ཉན་ཐོས་སུ་གོལ། ཐབས་ཁྱད་དུ་བསད་པས་ཆད་ལྟ་ཡིན་ཟེར་བ་ཡོད། དེའི་ནང་ན་གཏི་མུག་མུན་ལྟར་འཐིབས་པ་ཡོད་པ་ཡིན། དེ་འདྲའི་མི་དང་གཏམ་བྱེད་མི་རུང་། གཏམ་བྱས་ན་དང་པོ་ཁྱོད་ཀྱི་སྟོན་པ་སུ་ཡིན་ཟེར་ནས་འོང་། ཆོས་གང་ཡིན་གྱི་བླ་བོ་འདྲི་བ་ལ་བརྟེན་ནས། ཁོ་ཞེ་སྡང་ལངས་ནས་ཆོས་དང་གང་ཟག་གཉིས་ཀ་ལ་སྐུར་པ་འདེབས། བདག་གཞན་ཐམས་ཅད་ངན་འགྲོར་སྐྱེ་བའི་རྒྱུ་གསོག །དེས་ན། ཐོས་ནས་བློ་ཆུང་དེ་ཡི་འདི་ནི་སྤངས་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །བྱ་བའི་དུས་འབྱུང་བས། བདག་ལ་བརྟེན་ནས་གཞན་རྒྱུད་ལ་སྡིག་པ་གསོག་པས་དུག་གསུམ་རྒྱས་པའི་མི་དང་འགྲོགས་མི་རུང་། དམ་ཚིག་གི་ཆོས་ཀྱི་ནང་ན། ཉན་ཐོས་ནང་ན་ཞག་བདུན་འདས། །ཡན་ལག་ཉེས་པ་བདུན་པ་ཡིན། །ཞེས་བྱ་བ་དོན་དེ་འདྲ་ལ་ཟེར་བ་ཡིན།
སྤྱིར་ཡང་རི་དྭགས་རྨས་མའམ། བྱ་བཞིན་དུ་ཟོན་བག་ཆེ་བར་བྱ། ཞི་བ་དུལ་བ་ཙེ་རག་ཆུང་བ་བཟོད་བག་ཆེ་བ། ཐམས་ཅད་དང་མཐུན་པ་གཙང་སྦྲ་ཤིན་ཏུ་ཆེ་བ། རྟོག་པ་ཤིན་ཏུ་ཆུང་བར་བྱ། རི་དང་མཚམས་དང་སྨྲ་བཅད་དང་འདག་ཆར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་མི་སྤོང་བ་ལ་བསླབ། བསགས་སྦྱོང་གཉིས་པོ་རང་སར་དག་ཀྱང་ཚོགས་ཆུང་ངུ་ནས་བསགས། ལས་འབྲས་ནམ་མཁའ་ལྟར་གོ་ཡང་སྡིག་པ་ཕྲ་ཞིང་ཕྲ་བ་ལ་འཛེམ། མཉམ་རྗེས་འདྲེས་པའི་ཉམས་ཡོད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་ཉམས་སུ་ལོངས། བདག་གཞན་མཉམ་པ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་སྐུར་པ་མི་གདབ། བུ་ཁྱོད་ཡོས་བུའི་ལོ་རྟ་ཟླ་བའི་ཚེས་བཅུ་ལ་བྲིན་སྙེ་ནམ་མཚམས་སུ་སླེབས་པར་གྱིས་གསུངས་ཏེ། དེའི་ཚེ་དྭགས་པོ་ལ་སྐྱེལ་ཆོས་མགུར་འདི་གསུངས་སོ། །
བུ་སྤྲོས་བྲལ་སེམས་ལ་ཤར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཞིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །བུ་ང་རྒྱལ་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་འགོད་ཅིག །དོན་མེད་འབད་རྩོད་བྱས་ཉེན་ཡོད། །བུ་རྣམ་རྟོག་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །རང་སེམས་སྟོང་ཉིད་དུ་རྟོགས་ཙམ་ན། །གཅིག་དང་དུ་མར་མ་སྦྲེལ་ཞིག །ཆད་པའི་སྟོང་པར་གོལ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །ཕྱག་རྒྱ་ཆེན་པོའི་སྒོམ་དུས་སུ། །ལུས་ངག་དགེ་སྦྱོར་མ་བརྩོན་ཞིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །བུ་མ་བཅོས་ལྷུག་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །རྟགས་དང་ལུང་བསྟན་བྱུང་དུས་སུ། །དགའ་རློམ་ཆེད་དུ་མ་འཛིན་ཅིག །བདུད་ཀྱི་ལུང་བསྟན་འོང་ཉེན་ཡོད། །བུ་ཆེད་འཛིན་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །རང་སེམས་གཏན་ལ་ཕེབས་ཙམ་ན། །མངོན་ཤེས་ལ་འདོད་པ་མ་བསྐྱེད་ཅིག །རློམ་སེམས་བདུད་ཀྱིས་འཁྱེར་ཉེན་ཡོད། །བུ་རེ་དྭོགས་མེད་པའི་ངང་ལ་ཞོག །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །ཞེས་གསུངས་སོ། །
ཡང་རྗེ་བཙུན་གྱིས་དྭགས་པོ་ལ་གཅིག་པུ་རི་ལ་སོང་ལ་སྒོམ་གསུང་པས། གྲོགས་མེད་ན་བྱིན་ལེན་ལ་སོགས་ཅི་ལྟར་བགྱི་ཞུས་པས་མགུར་འདི་གསུངས་སོ། །
སྤྲོས་མེད་ཉམས་དགའ་རི་ཁྲོད་དུ། །ཞེན་འཛིན་བྲལ་བའི་རྣལ་འབྱོར་པ། །གཅིག་པུ་གཉིས་སུ་མེད་པར་གནས། །བྱིན་ལེན་ཡང་དག་དེ་ལ་མཛོད། །ལས་ཅི་བྱེད་ཀུན་ཧེ་རུ་ཀ་ཡིས་བྱེད། །ཕྱི་ནང་འབྱུང་བཞིའི་མཁའ་འགྲོ་བཞི། །ལས་བྱ་བྱེད་ལྡང་འཇུག་གནས་པ་གསུམ། །ཕྱི་ནང་ཐམས་ཅད་རྟེན་འབྲེལ་ཡིན། །ས་རྐོ་མེ་རེག་གི་ལྟུང་བ་མེད། །སྤྱིར་དེ་ལྟར་གོ་ན་བཙུན་པ་ཡིན། །སྣ་ཚོགས་འདུ་བྱེད་སྨིག་རྒྱུ་ཡིན། །མ་བཅོས་རང་སར་བཞག་པ་དེ། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །དེ་ལྟར་གོ་ན་མཁས་པ་ཡིན། །མཁས་བཙུན་ལྡན་པའི་རྣལ་འབྱོར་པ། །གནས་ནི་གངས་དཀར་མགུལ་ན་བདེ། །གོས་ནི་གཏུམ་མོའི་རས་གོས་དྲོ། །ཟས་ནི་སྒ་དང་རུག་པ་ཞིམ། །གྲོགས་ལ་གཡག་རྒོད་བྱ་རྒོད་བཟང་། །སྤྱོད་པ་ལ་རོ་སྙོམས་ཆེན་པོ་སྐྱིད། །ལས་ཅི་བྱེད་དཔའ་བོ་སེམས་ལ་བཅོལ། །སེམས་མ་བཅོས་བཞག་ན་སངས་རྒྱས་ཡིན། །ཆུ་མ་རྙོགས་འཐུང་ན་ཞིམ་པ་ཡིན། །དེ་ལྟར་གྱིས་དང་རིགས་ཀྱི་སྲས། །ཁྲོམ་ཆ་ལ་རྗེས་འཇུག་མན་ངག་ཡིན། །ཞེས་གསུང་པས། སྒམ་པོ་པས་དེ་ལྟར་ཁོང་དུ་ཆུད་དེ་རི་ལ་གཤེགས་ནས་ཡུན་མི་རིང་བར་ཡོན་ཏན་རྫོགས་པར་སྣང་ངོ་། །
དེ་ནས་བླ་མ་རྗེ་བཙུན་གྱི་ཞལ་ནས། ལྷ་རྗེ་སྟོན་པ་ཁྱེད་ཀྱིས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག་གསུང་ནས། ལུང་བསྟན་ནས་གདམས་པ་ཟབ་མོ་ཅིག་ཡོད་པ་ད་གཟོད་སྟོན་ཅེས་ཡང་ཡང་གསུང་བ་དེ་གནང་འཚལ་ཞུས་པས། འཕོང་གདན་ལ་བཞུགས་པའི་སྟོབས་ཀྱིས་རྨན་དུ་སོང་ནས་སྤྲེའུ་ཡི་འཕོང་ལྟར་སོང་བ་དེ་བསྟན་ནས་གདམས་ངག་ཟབ་མོ་འདི་ཡིན་ནོ་གསུང་ནས་ཞལ་ལྟ་མང་དུ་མཛད་ནས། བླ་མ་རྗེ་བཙུན་ཡར་བྱོན་ཏེ། སློབ་མ་རས་པ་རྣམས་བསགས་ཏེ་ལྷ་རྗེ་སྟོན་པ་དེས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག །མདང་ངའི་རྨི་ལམ་ན་ངའི་རྩ་ནས་བྱ་སེར་པོ་གཅིག་དབུས་སུ་འཕུར་ཏེ་སོང་བ་རི་ཆེན་པོ་གཅིག་གི་རྩེ་ལ་བབས་པ་ལ། ཕྱོགས་ཕྱོགས་ནས་ངང་པའི་ཚོགས་མང་པོ་འདུས། དར་ཅིག་ནས་སོ་སོར་གྱེས་ཏེ་ངང་པ་རེ་རེ་ལ་ཡང་ངང་གཡོག་ལྔ་བརྒྱ་ལྔ་བརྒྱ་ཙམ་འདུས་ནས། ལུང་པའི་གཤིས་དང་ཕྱོགས་ཐམས་ཅད་ངང་པས་སེར་ཉོག་གེ་གང་བ་རྨིས། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ་རྗེས་འཇུག་ཐམས་ཅད་རབ་ཏུ་བྱུང་བ་འབའ་ཞིག་འོང་བར་གདའ། ལྷ་རྗེ་སྟོན་པ་དེས་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་འདུག །ཁོ་བོས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་འདུག་གསུངས་སོ། །རྗེ་རས་པ་ཆེན་པོ་དང་། མཉམ་མེད་དྭགས་པོ་རིན་པོ་ཆེ་ཡབ་སྲས་ཀྱི་ཞུས་ལན་གྱི་སྐོར་རོ།། །།

དེ་ནས་རྗེ་དྭགས་པོ་དབུས་སུ་བྱོན་ཏེ། སྔར་བཀའ་གདམས་ཀྱི་བླ་མ་རྣམས་ཀྱིས། ངེད་ཀྱི་རྟགས་མ་ཤོར་བར་ཤོག་གསུང་པས། དབུ་ཞྭ་སེར་པོ་གཅིག་དང་། ན་བཟའ་ལ་ཕྲུག་གོང་བ་བཏགས་པ་གཅིག་དང་། སྐུ་འགག་གཅིག་དང་། ཆགས་ལྷམ་ལ་སོགས་པ་སྔར་བཞིན་མཛད་ནས། སྙུག་རུམ་པའི་རྩར་བྱོན་པས། ཁོང་གི་ཞལ་ནས། ཁྱོད་ལ་རྣལ་འབྱོར་པའི་ཡོན་ཏན་ཅི་ཡོད་གསུངས་པས། རླུང་ཕྱི་ནང་དུ་མི་རྒྱུ་བའི་འོད་གསལ་ནམ་མཁའ་ལྟར་དག་གསུངས། ཁྱོད་ལ་ཡོན་ཏན་བཟང་པོ་སྐྱེས་འདུག །དེ་སེམས་ཅན་གྱི་དོན་བྱ་རན་གསུངས་པས། ང་ལ་ཚེ་ཡི་རྟེན་འབྲེལ་འབྲིང་ཙམ་ལས་མེད་པས། སྔོན་ལ་སྒྲུབ་པ་རང་གཅེས་པར་འོང་ཞུས་པས། ཚེ་བསྲིང་བའི་གདམས་ངག་ང་ལ་ཡོད་གསུང་ནས་ཁོང་ཅག་གི་བླ་མ་ལ། རྣལ་འབྱོར་པའི་ཐུགས་དམ་སྒྲོལ་མ་དཀར་མོ་དང་། སྙུག་རུམ་པ་གཉིས་མི་ལབ་ལབ་བྱེད་པས་དེའི་སྒྲུབ་ཐབས་གནང་ངོ་། །
དེ་ནས་དམྱལ་དུ་བཞུད་པའི་ཚེ། བླ་མའི་གསུང་དྲན་ཏེ། རྒྱ་ལ་གསེར་རེ་ལ་གསེར་ཞོ་བཅུ་གཉིས་ལ་ནས་འཇལ་ནས། ར་སྒོམ་རས་པ་གྲོགས་སུ་ཁྲིད་ནས་བྱོན་པས། ཡར་ལུང་མདར་སླེབས་ཙ། གཙང་ནས་ཚོང་པ་འོང་བ་དང་འཕྲད་དེ། དེ་རྣམས་ལ་བྲིན་པ་སྤྱི་དུས་ཁམས་བདེའམ། བླ་མ་རྗེ་བཙུན་སྐུ་ཁམས་བདེ་བར་བཞུགས་སམ་དྲིས་པས། བྲིན་པ་སྤྱི་དུས་ཁམས་བདེ། བླ་མ་རྗེ་བཙུན་རྟ་ཟླ་བའི་ཚེས་བཅུ་བཞིར་གཤེགས་ཟེར་ནས། ཕྱག་འཁར་དང་ན་བཟའ་རས་གཅིག་མཆོད་པའི་རྟེན་ལ་བསྐུར་འདུག་པ་ཡང་གཏད། དེའི་མོད་ལ་སྤྱན་ཆབ་མང་པོ་ཡང་ཤོར། དྲན་མེད་དུ་བརྒྱལ་ནས་སོང་སྐད། དེར་རྩ་ན་ཡོད་པ་རྣམས་ཀྱིས་ཕྱག་ཞབས་ལ་སྐུ་མཉེ་ཕུལ། ཞལ་ལ་ཆུ་མང་པོ་གཏོར་བས། དར་ཅིག་དྲན་པ་རྙེད་ནས་གསེར་སྲང་གང་ཁ་ཕྱེ་ནས་བྲིན་གྱི་ཕྱོགས་སུ་གཏོར་ནས་མཆོད་དེ། བླ་མ་ལ་གསོལ་བ་འདེབས་པའི་མགུར་འདི་གསུངས་སོ། །
རྗེ་གངས་དཀར་གྱི་ལྟོང་ལ་གཤེགས་པའི་ཚེ། །སེང་གེ་དཀར་མོའི་སྤྱོད་དང་མཚུངས། །གཞན་སྣང་ཟིལ་གྱིས་གནོན་པའི་རྣལ་འབྱོར་པ། །རྗེ་ནགས་ཀྱི་ཁྲོད་དུ་བཞུགས་པའི་ཚེ། །རྒྱ་སྟག་ཁྲ་བོའི་སྤྱོད་དང་མཚུངས། །རེ་དྭོགས་བྲལ་བའི་རྣལ་འབྱོར་པ། །རྗེ་བྲག་དམར་ལོགས་ལ་གཤེགས་པའི་ཚེ། །ཐང་དཀར་རྒོད་པོའི་སྤྱོད་དང་མཚུངས། །སྤྱི་རྒྱ་རླབས་ཀྱིས་གཅོད་པའི་རྣལ་འབྱོར་པ། །རྗེ་ཕྱོགས་མེད་རི་ཁྲོད་འགྲིམ་པའི་ཚེ། །རི་དྭགས་ཡོངས་ཀྱི་སྤྱོད་དང་མཚུངས། །གདོས་ཐག་ཆོད་པའི་རྣལ་འབྱོར་པ། །རྗེ་འཁོར་གྱི་ནང་དུ་བཞུགས་པའི་ཚེ། །རྡོ་རྗེ་འཆང་གི་སྤྱོད་དང་མཚུངས། །ངེད་སྐལ་ལྡན་འདྲེན་པའི་རྣལ་འབྱོར་པ། །རྗེ་བུ་ཆུང་ལྟ་བུའི་སྤྱོད་པ་དེས། །སྤྲོས་བྲལ་ནང་ནས་ཤར་བར་ངེས། །རྗེ་སྨྱོན་པ་ལྟ་བུའི་སྤྱོད་པ་དེས། །གཟའ་གཏད་ནང་ནས་བྲལ་བར་ངེས། །རྗེ་གླང་པོ་ལྟ་བུའི་སྤྱོད་པ་དེ། །མཉམ་བཞག་རྗེས་ཐོབ་མེད་པར་ངེས། །རྗེ་བློ་དང་བྲལ་བའི་སྤྱོད་པ་དེས། །དེ་ཉིད་ཐུགས་སུ་ཆུད་པར་ངེས། །རྗེ་མངོན་ཤེས་དག་དང་ལྡན་པ་དེ། །ནང་གི་སེམས་ཉིད་གསལ་བར་ངེས། །རྗེ་ཟས་སྐོམ་འདུ་ཤེས་ཆུང་བ་དེ། །ཏིང་འཛིན་ཟས་སུ་གསོལ་བར་ངེས། །རྗེ་སྐལ་ལྡན་འདྲེན་པའི་བྱིན་རླབས་དེ། །སྟོང་ཉིད་སྙིང་རྗེ་འདྲེས་པར་ངེས། །ནོར་བུ་དབང་གི་རྒྱལ་པོ་བཞིན། །དགོས་འདོད་རང་ལ་ཤར་བ་ཁྱོད། །སྐར་ཚོགས་དབུས་ནས་ཟླ་རྒྱས་བཞིན། །མང་པོའི་ནང་ནས་མཛེས་པ་ཁྱོད། །འདམ་གྱི་ནང་ནས་པདྨ་བཞིན། །འཁོར་བའི་སྐྱོན་དང་བྲལ་བ་ཁྱོད། །འགྲོ་བ་ཡོངས་ལ་དྲིན་རེ་ཆེ། །བཀའ་བརྒྱུད་རྣམས་ཀྱི་དོན་རེ་བསྒྲུབས། །ཁྱོད་ཀྱི་ཡོན་ཏན་དཔག་མེད་ལ། །འདི་ནི་ཆ་ཙམ་སྨོས་པ་ལགས། །བདག་གིས་ཅུང་ཟད་བསྟོད་པ་ལགས། །ཐུགས་རྗེས་ཡོངས་སུ་བཟུང་བ་ལགས། །དངོས་པོའི་བསྙེན་བཀུར་མ་མཆིས་ཀྱང་། །སྒྲུབ་པ་ཉམས་སུ་ལེན་ལགས་ཀྱི། །དྲིན་ལན་ཆོས་ཀྱིས་བསབ་ལགས་ཀྱི། །བྱིན་རླབས་ཆུ་རྒྱུན་མ་བཅད་ཅིག །ཆོས་སྐུ་གཅིག་ཏུ་མ་གྱུར་བར། །ཐུགས་རྗེའི་ལྕགས་ཀྱུས་མ་བཏང་ཞིག །དེ་ལྟར་བསྟོད་པའི་བསོད་ནམས་ཀྱིས། །རྗེ་བཙུན་ཉིད་དང་མཇལ་བར་ཤོག །མཇལ་ནས་བྱིན་གྱིས་རློབས་པར་ཤོག །ཅེས་གསུངས་སོ། །
དེ་ནས་རང་ཡུལ་ཕྱོགས་སུ་ལོག་ནས་སོང་། ཉི་མ་ཡང་དྲོ་རན་སོང་ནས་འདུག །སེའུ་ཅིག་གི་རྩར་བུད་མེད་གཅིག་འདུག་པ་ལ་དྲོ་འདོད་གསུངས་པས། སྟེང་དུ་བྱོན་ཟེར་ནས་བུད་མེད་དེས་ཞིང་ཞིག་རྨོས། ནས་བཏབ་ལྗང་བུ་སྐྱེས། ནས་སུ་སྨིན། བཙས་མ་བྱས། བརྡུང་། བརྔོས། ཕྱེ་རུ་བཏགས། ཟན་དུ་བརྫིས། ཚ་བ་བསྐོལ་ནས་དྲོ་དྲངས། ཆབ་དྲང་མདོ་བཏོན་ནས་བཞེངས་པ་སྙམ་ཙམ་ན། སེའུ་དང་བུད་མེད་གང་ཡང་མི་འདུག་ང་འཁྲུལ་པ་ཡིན་ནམ་སྙམ་ཙ་ན། ཟན་བསྒྲགས་ཆིལ་ཆིལ་གདའ། ལར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཞིང་སྟོང་པ་བདེན་རྫུན་གྱི་མཐའ་ཐམས་ཅད་དང་བྲལ་བ་འདི་ལྟ་བུ་ཞིག་ཨང་སྙམ་ནས། ཐུགས་ཉམས་ཁྱད་པར་ཅན་སྐྱེས་གསུངས། དེ་ནས་དམྱལ་དང་འོལ་ཁ་རྣམས་སུ་སྒྲུབ་པ་མཛད་ཅིང་། སྒམ་པོར་སྒྲུབ་ཁང་བཏབ་ནས་རང་གཞན་གྱི་དོན་དཔག་ཏུ་མེད་པ་མཛད་དོ། །དེ་ཐམས་ཅད་དབུས་གཏད་ཞལ་ལྟ་དང་། དྭགས་པོ་དབུས་བཞུད་ཀྱི་སྐོར་རོ།། །།

དེ་ནས་རྗེ་བཙུན་སྙེ་ནམ་རྩར་མའི་རི་ཁྲོད་ན་བཞུགས་པའི་དྲུང་དུ། ཡོན་བདག་བཀྲ་ཤིས་བརྩེགས་དང་། ལེགས་སེ་མ་དང་། ཧོར་མོ་ལ་སོགས་དད་འདུས་མང་པོས་ཁྲིད་ཞུས། ཞབས་ཏོག་ཕུན་སུམ་ཚོགས་པ་བྱས་པའི་ཁོང་རྣམས་ལ་མགུར་འདི་གསུངས་སོ། །
འོ་སྐོལ་འགྲོ་བ་འཇིག་རྟེན་པ། །སྐྱེ་རྒས་ན་འཆི་བའི་ཆུ་བོ་བཞི། །ཆུ་བོ་འདི་ལས་ཕྱི་མ་ཆེ། །གྲུ་པ་ཚགས་སུ་ཚུད་ལགས་སམ། །བདུད་དང་གཤིན་རྗེ་སྲིན་པོ་གསུམ། །འཇིགས་པ་འདི་ལས་ཕྱི་མ་ཆེ། །སྐྱེལ་མ་ཚགས་སུ་ཚུད་ལགས་སམ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །ཞེན་འཁྲིས་འདི་ལས་ཕྱི་མ་ཆེ། །གཉེན་པོ་ཚགས་སུ་ཚུད་ལགས་སམ། །ཁམས་གསུམ་འཁོར་བ་ཡུལ་པོ་ཆེར། །ཤུལ་ཐག་འདི་ལས་ཕྱི་མ་ཆེ། །རྒྱགས་ཕྱེ་ཚགས་སུ་ཚུད་ལགས་སམ། །གདམས་ངག་ལྤགས་ལ་མར་བསྐུས་འདྲ། །བླ་མ་མཁས་ལ་ཞུས་ལགས་སམ། །ཉམས་མྱོང་མུན་ལ་ཟླ་ཤར་འདྲ། །ཆུ་བོའི་རྒྱུན་བཞིན་བསྒོམ་ན་ལེགས། །ལྟ་བ་ནམ་མཁའ་སྟོང་པ་འདྲ། །གཉུག་མའི་ཡིད་ཀྱིས་གཟུང་ལགས་སམ། །འཆི་ཁར་མི་འགྱོད་ཅི་མ་མཆིས། །རང་སེམས་དཔང་དུ་བཙུགས་ལགས་སམ། །
ཞེས་གསུངས་པས། བླ་མ་ལགས། དེ་རྣམས་ངེད་ཚོས་མི་ཤེས་ཟེར་བས་མགུར་འདི་གསུངས་སོ། །
བླ་མ་མཁས་པ་བསྟེན་པ་ལ། །འཁོར་འདས་སྐྱེལ་མ་ཟེར་བ་ཡིན། །སྦྱིན་པ་འཕངས་མེད་གཏོང་བ་དེ། །ལམ་གྱི་རྒྱགས་ཕྱེ་ཐོགས་པ་ཡིན། །ཉམས་མྱོང་མུན་ལ་ཟླ་ཤར་འདྲ། །གཉེན་པོ་བཟང་པོ་ཟེར་བ་ཡིན། །བསགས་པ་ཆོས་ལ་བཏང་བ་དེ། །གྲུ་གཟིངས་ཚགས་སུ་འཇུག་པ་ཡིན། །ལྟ་བ་ཕྱོགས་རིས་མེད་པ་ཡིན། །སྒོམ་པ་ཡེངས་སུ་མེད་པ་ཡིན། །སྤྱོད་པ་ཚུལ་འཆོས་མེད་པ་ཡིན། །དམ་ཚིག་བླ་མ་མཉེས་པ་ཡིན། །འབྲས་བུ་འཆི་ཁར་འགྱོད་མེད་ཡིན། །
ཞེས་གསུངས་པས། འཁོར་རྣམས་དད་པ་སྐྱེས་ནས་ལོ་གཉིས་བཤོས་འདྲེན་ཟེར་བས་མ་གནང་སྟེ་མགུར་འདི་གསུངས་སོ། །
གཉེན་དང་ཡོན་བདག་སློབ་མ་གསུམ། །རྣལ་འབྱོར་ང་ལ་དགོས་རྒྱུ་ཆུང་། །ཁྱེད་འཁོར་བ་པ་ལ་དགོས་པ་ཡིན། །ཕྱག་དང་ཞེ་ས་ཚུལ་འཆོས་གསུམ། །རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཆོས་བརྒྱད་མཁན་ལ་དགོས་པ་ཡིན། །རྫས་དང་ཡོ་བྱད་འདུ་འཛི་གསུམ། །རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཁེ་གྲགས་ཅན་ལ་དགོས་པ་ཡིན། །ཁྲུས་དང་གཙང་སྦྲ་རྟོག་པ་གསུམ། །རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །གཞོན་ནུ་མ་ལ་དགོས་པ་ཡིན། །མི་དགོས་བཅུ་གཉིས་བྱ་བ་ལགས། །ཀུན་གྱི་སྤྱོད་པ་འདི་མ་ལགས། །རྣལ་འབྱོར་རས་པའི་ཁ་པོ་འདི། །སློབ་མ་རྣམས་ཀྱིས་བློ་ལ་ཟུང་། །འདུ་འཛིས་སྐྱོ་ན་དབེན་པ་བརྟེན། །སྙིང་རུས་ཆེ་ན་གཅིག་པུར་སྡོད། །བྱང་ཆུབ་འདོད་ན་སྙིང་རུས་སྐྱེད། །བདུད་གསུམ་དགྲ་ལས་རྒྱལ་བར་ངེས། །ཞེས་གསུངས་སོ། །
ཡང་བཀྲ་ཤིས་བརྩེགས་ལ་སོགས་པའི་བུ་སློབ་རྣམས་ལ་ཞལ་ལྟ་འདི་གསུངས་སོ། །
ཡོན་བདག་ལར་སྙིང་ནས་ཆོས་ཉམས་སུ་ལེན་པར་འདོད་ན། བླ་མ་དམ་པའི་གདམས་ངག་རང་གིས་བསྒོམ་པའི་ཉམས་མྱོང་གཉིས་སུ་མེད་པའི་ཡེ་ཤེས་གསལ་བ། རང་རིག་པ་གཉུག་མའི་ཤེས་པ་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་ཏེ། སངས་རྒྱས་ལ་གསལ་བར་སྣང་། རྣལ་འབྱོར་པ་ལ་ཐབས་དཔག་ཏུ་མེད་པས་མཚོན་ནས་རང་བཞིན་གྱིས་འབྱུང་སྟེ། དེའི་དུས་ནས་ལྟ་བ་རང་ཤུགས་ཀྱིས་རྟོགས་ཏེ། ཐ་སྙད་གང་དུ་ཡང་མི་ཐོགས། སེམས་ལ་ཉམས་སུ་མྱོང་ཡང་ངག་ལ་བརྗོད་མི་བཏུབ། དཔེར་ན་གཞོན་ནུ་མས་བདེ་བ་མྱོང་བའམ་ལྐུགས་པའི་རྨི་ལམ་བཞིན་ནོ། །གཞི་དེ་ཉིད་སེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས་པས། བརྒྱུད་ལྡན་གྱི་བླ་མ་དམ་པ་བསྟེན་པ་གལ་ཆེ། དེ་ལྟར་ཡིན་ཀྱང་མ་བསྒོམ་ན་ཉམས་སུ་མི་མྱོང་བས། ལས་དང་པོ་པས་འབད་རྩོལ་སྐྱེད་དེ་སྒོམ་དགོས། ལར་དང་པོ་ཆོས་སྒོར་ཞུགས་མ་ཐག་ནས་ལྟ་བ་མཐོ་ན་རྒྱུད་ཐ་མལ་པར་འགྲོ་བས། ལུས་ངག་ཡིད་གསུམ་ཆོས་སྤྱོད་ཆ་ཕྲ་མོ་ནས་ཉམས་སུ་མྱོང་དགོས། ངག་སྨྲ་བ་མང་ན་བླ་མ་སུན་འབྱིན་ཅིང་དགེ་སྦྱོར་ལ་གནོད་པས། དགོས་པའི་གཏམ་ཁ་ཡར་ཙམ་མིན་པ་མི་སྨྲ། ལར་ཁྱེད་འཇིག་རྟེན་འདི་ལ་མིག་ཅེ་རེ་ལྟ་བའི་མིས་གང་ཡང་མི་འོང་། སྙིང་ནས་རང་ཆོས་བྱ་སྙམ་ན་ལས་དང་བྱ་བ་ཐམས་ཅད་ཕྱལ་གྱིས་བཏང་དགོས། ཁྱོད་མི་ཆོས་ཀྱི་རིགས་དང་། ལོངས་སྤྱོད་དང་ཡོན་ཏན་སྣ་རེ་ལ་ཁེངས་སེམས་བྱས་ནས། བླ་མའི་ཡོན་ཏན་མི་ལོན་ཅིང་། བླ་མ་དང་མཁའ་འགྲོའི་བྱིན་རླབས་འཇུག་མི་སྲིད་པས། ང་རྒྱལ་བཅག་ནས་མོས་གུས་ཞེ་ཐག་པ་ནས་བྱ་དགོས་པ་ཡིན། ངས་རྒས་ཁར་སྒྲུབ་པ་རེམ་པ་བྱ་སྙམ་ནས་ད་ལྟ་ལོང་ཡོད་དུ་བསྡད་པས། ཚེ་ལ་བར་ཆད་ནམ་འོང་ཆ་མེད་པས་འཆི་ཁ་འགྱོད་པ་དང་བཅས་ཏེ་འགྲོ་དགོས་པས། ཤེས་ཚད་ད་ལྟ་ཉམས་སུ་བླང་དགོས། བཤད་པ་དང་སྒོམ་པ་གཉིས་གང་རུང་ཞིག་ལ་ནན་ཏན་མ་བྱས་ན། གཅིག་གི་མགོ་གཅིག་གིས་སྨད་ནས་གང་གིས་ཡང་ས་མ་ཟིན་པས། རང་སེམས་གང་ལ་མོས་པ་ཅིག་ལ་མགོ་ཐོན་བྱ་དགོས། རང་གིས་ཉམས་སུ་མ་བླངས་པའི་ཆོས་དེ་སློབ་མ་ལ་བསྟན་ཡང་། དགའ་ལ་རེ་དང་ཞོར་བྱུང་གི་ཆོས་ཀྱིས་ཕན་མི་ཐོགས་པ་ཡིན། དང་པོ་རང་གིས་ཉམས་རྟོགས་མ་ཐོན་བར་དུ་སྒོམ་འཚལ། ཆོས་གཏིང་ནས་ཕྱིན་པ་གཅིག་བསླབ་སྟེ། དེ་ནས་བསྒྲུབ་པ་བྱ་སྙམ་པའི་ཚེ་ཤེས་བྱའི་མཐའ་ལ་ཆོད་དུས་མེད། སྒྲུབ་པ་ལོ་ཟླ་འདས་པར་འདུག་པས། གདམས་ངག་གང་ཤེས་དེ་ཞོར་ལ་སྒོམ་དགོས། གདམས་ངག་ཟབ་ཏུ་རེ་བ་མང་པོ་སྣོད་དུ་བསོགས་ཀྱང་། གང་སྒྲུབ་ཆ་མེད་ཀྱི་བར་ལ་མི་ཚེ་བར་མ་དོར་ཟད་པས་སྟོང་ལོག་ཡིན། ཆོས་སྣ་རེ་ལ་ཧྲིལ་གྱིས་ཉམས་ལེན་མཛོད། ཇོ་བོ་ཆོས་ཕྱུག་པོ་སྨྲ་ལ་དགའ་བ་ཁ་ཅིག་དང་བླ་བོ་གཏམ་ན་མི་དགོས་པ་སྣ་གཅིག་ཀྱང་མེད་པས། དེ་བྲི་ཞིང་སློབ་པའི་བར་ལ་ཤེས་ཤེས་ཀུན་ཡང་བརྗེད་ནས་འདུག་པས། ལམ་གྱི་ཆ་རྐྱེན་ཚང་བ་ཞིག་ལ་ཆོག་ཤེས་བགྱི་འཚལ་གསུངས་སོ། །ཞེས་ཡོན་བདག་བཀྲ་ཤིས་བརྩེགས་ལ་ཆོས་དེ་ཚོ་གནང་ནས། ལེགས་པའི་མདོ་བཅུ་མགུར་དུ་གསུངས་སོ། །
ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་སྒྲ་བསྒྱུར་རྒྱལ་པོ་བྱིན་གྱིས་རློབས། །འོ་ན་ཡོན་བདག་ཕོ་མོ་རྣམས། །ཁྱེད་གཏན་གྱི་སོ་ནམ་ཡང་མི་བགྱིད། །ང་མི་རྒན་ཁ་ལ་ཅང་མི་ཉན། །རྒྱ་ལ་སོ་ནམ་བགྱིད་པའམ། །དུས་མར་ཡར་ལོག་སྟེ་ཉན་སྲིད་ན། །མི་བུ་རིན་ཆེན་སྐྱེས་ནས་འཆི། །དེ་ཕྱིར་དམ་ཆོས་མཛད་ན་ལེགས། །སྒྱུ་མའི་ནོར་རྫས་བསགས་ཀྱང་ལུས། །དེ་ཕྱིར་སྦྱིན་པ་བཏང་ན་ལེགས། །ཁམས་ཀྱི་བཟའ་བཏུང་བསྲིས་ཀྱང་འཛད། །དེ་ཕྱིར་ཚོགས་གསོག་བྱས་ན་ལེགས། །འཇིག་རྟེན་གཉེན་འབྲེལ་འདུས་ནས་འབྲལ། །དེ་ཕྱིར་གཉིས་མེད་བསྒོམ་ན་ལེགས། །སྒྱུ་མའི་ས་མཁར་བརྩིགས་ཀྱང་འཇིག །དེ་བས་དབེན་ས་བསྙག་ན་ལེགས། །འདུས་བྱས་ལས་ལ་ཟིན་པ་མེད། །དེ་བས་བྱ་བ་བཏང་ན་ལེགས། །བྲེ་མོའི་གཏམ་ལ་ཟད་པ་མེད། །དེ་བས་སྨྲ་བཅད་བྱས་ན་ལེགས། །གདམས་ངག་ལྤགས་ལ་ཡབ་བསྐུས་འདྲ། །བླ་མ་དམ་པ་བསྟེན་ན་ལེགས། །ཉམས་མྱོང་མུན་ལ་ཟླ་ཤར་འདྲ། །ཆུ་བོའི་རྒྱུན་བཞིན་བསྒོམ་ན་ལེགས། །ལེགས་པ་གྲོས་ཀྱི་མདོ་དོན་བཅུ། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཡོན་བདག་ཕོ་མོའི་ཆོས་སྐལ་མཛོད། །ཨེ་མ་སེམས་ཅན་སྙིང་རེ་རྗེ་ཁམས་གསུམ་འཁོར་བ་གཏིང་མཐའ་མེད། འཆི་ཁ་མི་འགྱོད་ཙམ་རེ་མཛོད། །
ཅེས་གསུང་པ་ལ་ཡང་ཡོན་བདག་རྣམས་ཀྱིས་ཞུས་པ། ངེད་ཅག་ཡུལ་པ་འདི་རྣམས་རྗེ་བཙུན་ཉིད་མ་ལགས་པ། གང་ཟག་སངས་རྒྱས་མངོན་དུ་བྱོན་ཡང་འདི་ཙམ་གྱི་མོས་གུས་མི་སྐྱེ། སློབ་དཔོན་མང་པོའི་ཞབས་ཏོག་དང་ངོ་སྲུང་མི་བགྱི་བས། ཅིས་ཀྱང་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ལན་དུ་དགོས་རྒྱུ་ཆུང་གསུམ་མགུར་དུ་གསུངས་སོ། །
གཉེན་དང་ཡོན་བདག་སློབ་མ་གསུམ། །ཁྱེད་འཇིག་རྟེན་པ་ཡི་འཐེན་ཐག་ཡིན། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཕྱག་དང་ཞེ་ས་ཚུལ་འཆོས་གསུམ། །ཁྱེད་འཇིག་རྟེན་པ་ཡི་འདྲ་ཆོས་ཡིན། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །རྫས་དང་ལོངས་སྤྱོད་འདུ་འཛི་གསུམ། །ཁྱེད་འཇིག་རྟེན་པ་ཡི་ཆེ་ཐབས་ཡིན། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཞེས་གསུངས་སོ། །
ཡང་གསུངས་པ། དུས་གསུམ་སངས་རྒྱས་རྩ་བ་དེ། །བརྒྱུད་ལྡན་གྱི་བླ་མ་རིན་ཆེན་ཡིན། །དགོས་འདོད་ཐམས་ཅད་འབྱུང་བ་ལ། །མོས་གུས་མི་བྱེད་པ་ཡི་སྙིང་མེད་པོ། །དལ་འབྱོར་བདེ་ལྡན་ལུས་པོ་འདི། །གཏན་གྱི་སོ་ནམ་མི་བྱེད་པར། །ལུས་རྫ་ཆག་བཞིན་དུ་འབོར་བ་ལ། །རྟག་ཏུ་རེ་བའི་སྙིང་མེད་པོ། །དམ་ཆོས་འདི་ཀུན་གྱི་སྤྱི་ནོར་ལ། །མི་དད་ལྡན་ཀུན་སོ་སོ་རང་རང་གི །འདོད་མོས་བགོ་བཤའ་བྱེད་ཙམ་ན། །སྐལ་བ་མི་ལེན་པ་ཡི་སྙིང་མེད་པོ། །ཡི་དམ་ལྷ་ཡི་སྙིང་པོ་ལ། །མ་ཡེངས་ཐུན་བཞིར་མི་ཟློ་བར། །ཟད་པ་མེད་པའི་ལོང་གཏམ་གྱིས། །དུས་འདའ་བར་བྱེད་པའི་སྙིང་མེད་པོ། །རང་སེམས་ཡིད་བཞིན་ནོར་བུ་འདི། །འབྲལ་མེད་སྐུ་གསུམ་དུ་མི་སྒོམ་པར། །རི་དྭགས་སྨྲིག་རྒྱུ་སྙོག་པ་བཞིན། །ཚིག་ཕྱིར་འབྲང་བའི་སྙིང་མེད་པོ། །ཟང་ཟིང་ཟས་ནོར་བསགས་པ་དེ། །རང་གཞན་དོན་དུ་མི་གཏོང་བར། །སྔར་འདྲིས་སེར་སྣ་ག་ཕྱིན་གྱི། །སྦྱིན་མི་ཕོད་པའི་སྙིང་མེད་པོ། །ཚེ་ཡོངས་སུ་ཟད་པའི་ལྷག་མ་ལ། །ལོང་མེད་བརྩོན་འགྲུས་མི་བརྩམ་པར། །མགུ་བ་མེད་པའི་ཕན་སེམས་ཀྱིས། །མི་ཚེ་ཡང་ཡེངས་སྐྱེལ་བའི་སྙིང་མེད་པོ། །ཞེས་གསུངས་སོ། །
ཡང་འདི་གསུངས་སོ། །ཕ་སྒྲ་བསྒྱུར་རྒྱལ་པོའི་ཞབས་ལ་འདུད། །སྤྱིར་འོ་སྐོལ་འགྲོ་དྲུག་གི་སེམས་ཅན་རྣམས། །འཁོར་བའི་བརྩོན་རར་ཚུད་པ་ལ། །འབྲོས་པའི་བསམ་པ་མི་གདའ་ན། །ཁྱེད་ལེ་ལོ་ཅུང་ཡང་མ་ཆེས་སམ། །ལ་ལ་སྡུག་བསྔལ་རྒྱུ་ལ་སྤྱོད། །ལ་ལ་སྡུག་བསྔལ་གྱི་འབྲས་བུར་གནས། །སྡུག་བསྔལ་མིན་པ་མི་གདའ་ན། །དེ་སྡུག་བསྲན་ཅུང་ཡང་མ་ཆེས་སམ། །རྟེན་དལ་འབྱོར་མི་ལུས་ཐོབ་དུས་སུ། །ཆོས་ཚིག་རེ་ཡང་མི་བྱེད་པར། །ང་མི་ཁོམ་ཟེར་ཞིང་བྱ་བ་བྱེད། །སང་འཆི་བའི་དུས་ལ་བབ་ཙམ་ན། །མི་ཁྱོད་ཀྱི་བྱ་བ་སུ་ཡིས་བྱེད། །བླ་མ་རྗེ་དང་མཇལ་དུས་སུ། །སྒོམ་ཐུན་རེ་ཙམ་ཡང་མི་ཞུ་བར། །ཚེ་ཕྱི་མར་མཇལ་བའི་སྨོན་ལམ་འདེབས། །དེ་ཁ་སྤྱང་ཅུང་ཡང་མ་ཆེས་སམ། །གཉེན་བྱམས་པར་བྱེད་པའི་ཉེ་དུས་ཀྱང་། །ཚེ་འདི་ཡི་བསླུ་བྲིད་བྱེད་བྱེད་ནས། །རང་འཁོར་བར་འགྲོ་བ་མ་ཚོར་རམ། །ཚེ་འདི་ཡི་སྡུག་བསྔལ་ཡུད་ཙམ་ལ། །ང་སྡུག་ཟེར་ཞིང་སྨྲེ་སྔགས་འདོན། །ངན་སོང་གསུམ་གྱི་སྡུག་བསྔལ་ལ། །བསྲན་དང་བཟོད་བླགས་མི་གདའ་ན། །ཞེས་ཡོན་བདག་བཀྲ་ཤིས་བརྩེགས་ལ་སོགས་པ་ལ་ཆོས་དེ་གསུང་པས་ཐམས་ཅད་དད་པ་སྐྱེས་ཏེ་སྣང་བ་ཆོས་ལ་འགྱུར་རོ། །
དེ་ནས་རྗེ་བཙུན་སྙེ་ནམ་ཙར་མའི་རི་ལ་བྱོན་པའི་ལམ་དུ་ཡོན་བདག་ཕོ་མོ་མང་པོ་འདུག་པས། ཁྱེད་ཚོ་འདིར་ཅི་ཡིན་གསུངས་པས། ངེད་ཚོ་གྲོང་སྟོད་ནས་མནའ་མ་ཁྱེར་ནས་འཁྲུག་པ་བྱུང་བས། བླ་མ་རྗེ་བཙུན་ལ་མདུན་མ་ཞིག་ཞུ་བསམ་ཟེར། མནའ་མ་ཡིན་ཟེར་བུད་མེད་རྫོང་མང་པོ་བཏགས་པ་ཅིག་འདུག་པ་ལ། བླ་མའི་ཞལ་ནས། ངས་མདུན་མ་མི་ཤེས། ཕུང་རྡོ་མ་འདི་ངའི་གླུ་འདི་ལ་ཉོན་གསུང་ནས་མགུར་འདི་གསུངས་སོ། །
ཁྱོད་མགོ་ལ་རྡོ་ཁུར་གྱིས་རང་རྩིས་ཅན། །རང་ལ་རྩོད་མེད་ཀྱི་ཕུང་རྡོ་མ། །མི་ལ་མི་ཤོར་གྱི་རང་རྩིས་ཅན། །ཡུལ་ཁམས་མ་དཀྲུག་རང་སར་སྡོད། །ལུས་ལ་དམར་སྨུག་གི་ནང་རུལ་ཅན། །ཡིད་ལ་ཁྱོ་འདོད་ཀྱི་གཞུང་ངན་མ། །མི་ལ་ཁྱད་མེད་ཀྱི་གདམ་ང་ཅན། །རྒྱལ་ཁམས་མ་ཕུང་རང་སར་སྡོད། །ནང་ན་སྙིང་མེད་ཀྱི་མགོ་འཕང་ཅན། །སེམས་ལ་བཟང་འདོད་ཀྱི་ཁྲེལ་མེད་ལ། །གཏམ་ལ་རིན་མེད་ཀྱི་སྒེག་སྒེག་ཅན། །ཕུང་གསུམ་མ་གཡོ་རང་སར་སྡོད། །ལར་ཕུང་གི་རྩ་བ་བུད་མེད་ཡིན། །ཡུལ་གྱི་ནང་ངན་མི་ངན་ཡིན། །ཡུལ་ངན་དུས་ངན་མནའ་མ་འདི། །ལོད་ལ་རིན་ཐང་ཆེ་བར་འདུག །རྩོག་ལ་རྩོད་མི་མང་བར་འདུག །དེ་འཇིག་རྟེན་བསམ་རླག་གི་སྤྱོད་པ་ཡིན། །གཞོན་ནུ་འཁྲུག་པ་མ་བྱེད་རང་སྲོག་གཅེས། །རྒན་གཡོ་སྒྱུ་མ་མང་རང་ལ་སྡིག །ཁྲོམ་འདིར་འཚོགས་ཀྱི་ཁ་ལོ་ཆོས་ལ་སྒྱུར། །ཞེས་གསུངས་པས་འཁྲུག་པ་རང་ཞི་ལ་སོང་། ཕྱིས་ཀྱང་ཡུལ་དེར་འཁྲུག་པ་མེད་དོ། །
དེར་ཡོན་བདག་ཕོ་མོ་ཚོས་ཆོས་འབྲེལ་ཞིག་ཞུ་ཟེར་བ་ལ་མགུར་འདི་གསུངས་སོ། །
ཨེ་མ་འགྲོ་བ་འཇིག་རྟེན་པ། །ལུས་གཡུ་ལྗང་བཞིན་དུ་བསྐྱངས་བསྐྱང་ཡང་། །རྐྱེན་སྡོང་རྒན་བཞིན་དུ་འགྱེལ་ཞིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །ནོར་སྦྲང་རྩི་བཞིན་དུ་བསགས་བསགས་ཀྱང་། །རྐྱེན་བ་མོ་བཞིན་དུ་འོང་ཞིང་འདུག །སྐབས་སྐབས་སུ་མ་ཡེངས་པ་ཡི་བྱ་ར་རེ་མཛོད། །འཕྱོར་དང་ཁྲ་བཞིན་དུ་པུར་པུར་འདུག་ཀྱང་། །རྐྱེན་འཇའ་ཚོན་བཞིན་དུ་ཡལ་ཞིང་འདུག །སྐབས་སྐབས་སུ་མ་ཡེངས་པ་ཡི་བྱ་ར་རེ་མཛོད། །གཉེན་རི་དྭགས་བཞིན་དུ་འགྲོགས་འགྲོགས་ཀྱང་། །རྐྱེན་རྔོན་པ་བཞིན་དུ་སླེབས་ཤིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །བུ་སྒོ་ང་བཞིན་དུ་གསོས་གསོས་ཀྱང་། །རྐྱེན་ལམ་རྡོ་བཞིན་དུ་འཕྲད་ཅིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད་དང་། །བྱད་མེ་ཏོག་བཞིན་དུ་ཡགས་ཡགས་ཀྱང་། །རྐྱེན་སེར་བ་བཞིན་དུ་འགྲིམ་ཞིང་འདུག །སྐབས་སྐབས་སུ་མི་རྟག་པ་ཡི་སྐྱོ་ཤས་རེ་སྐྱེད། །གྲོགས་མ་བུ་བཞིན་དུ་བཟང་བཟང་ཡང་། །རྐྱེན་དགྲ་གཉེན་བཞིན་དུ་འཐབ་ཅིང་འདུག །སྐབས་སྐབས་སུ་སེམས་ཅན་ལ་སྙིང་རྗེ་རེ་སྐྱེད། །སྐྱིད་ཉི་མ་བཞིན་དུ་འདེ་འདེ་ཅིག་སྤྲོ་ཡང་། །རྐྱེན་རླུང་དམར་བཞིན་དུ་འཚུབ་ཅིང་འདུག །སྐབས་སྐབས་སུ་མ་ནུས་པ་ལ་སྦྱིན་པ་རེ་ཐོང་དང་། །འདིར་འཚོགས་ཀྱི་ཡོན་བདག་ཕོ་མོ་རྣམས། །དམ་པའི་ལྷ་ཆོས་ཤིག་མ་ནུས་ན། །ཚེ་རིང་པོར་བསྡད་ཀྱང་ངན་རིང་ཡིན། །ལས་མང་པོ་འབད་ཀྱང་སྡུག་ལས་ཡིན། །
ཞེས་གསུངས་པས་ཁོང་རྣམས་དད་པ་སྐྱེས་ཏེ། བླ་མ་ལ་ཐུགས་མི་བྲེལ་མེད་ན་ད་རུང་ཚོགས་འཁོར་ཡང་ལེན། ཆོས་ཀྱང་ཉན་འདོད་ཟེར་བས་མ་བཞེད་དེ་མགུར་འདི་གསུངས་སོ། །
གངས་སྟོད་ཀྱི་སེང་གེ་དཀར་མོ་ང་། །དལ་ཡང་དལ་སྟེ་བྲེལ་ཡང་བྲེལ། །དལ་བས་གངས་དཀར་སྟེང་དུ་འགྲིམ། །བྲེལ་བས་ཟུར་ཁ་ཡོངས་ལ་འགྲིམ། །དལ་བྲེལ་མེད་པར་དཔའ་ཏིང་ངེ། །ནགས་གསེབ་ཀྱི་སྟག་མོ་རི་བཀྲ་དེ། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །དལ་བས་ནགས་མའི་གསེབ་ཏུ་ཉལ། །བྲེལ་བས་ས་འཕྲང་ཡོངས་ལ་འགྲིམ། །དལ་བྲེལ་མེད་པར་དམ་སུ་རེ། །མཚོ་སྟོད་ཀྱི་ཉ་མོ་གསེར་མིག་མ། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །དལ་བས་རྒྱ་མཚོའི་ནང་དུ་ཉལ། །བྲེལ་བས་གཙང་ཆབ་ཡོངས་ལ་འགྲིམ། །དལ་བྲེལ་མེད་པར་འཇམ་ཁྱུགས་སེ། །བྲག་དཀར་གྱི་བྱ་རྒྱལ་རྒོད་པོ་དེ། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །དལ་བས་བྲག་དཀར་རྫོང་ལ་ཉལ། །བྲེལ་བས་ནམ་འཕང་ཡོངས་ལ་འཕུར། །དལ་བྲེལ་མེད་པར་མཐོ་ལིང་ངེ། །གུང་ཐང་གི་མི་ལ་རས་པ་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །དལ་བས་འཇིག་རྟེན་བྱ་བ་བཏང་། །བྲེལ་བས་སྐད་ཅིག་ཡེངས་སུ་མེད། །དལ་བྲེལ་མེད་པར་དགའ་ཡལ་ལེ། །ཁྱེད་འདིར་བཞུགས་ཀྱི་གྲྭ་པ་བུ་སློབ་རྣམས། །དལ་བྲེལ་མ་རྩི་ཆོས་ལ་འབུངས། །
ཞེས་གསུང་པ་དང་། ད་ནི་ཁོ་བོ་ཡུན་རིང་པོར་མི་སྡོད། སྙེ་ནམ་ཙར་མའི་རི་འདི་ལ་ཡུན་རིང་དུ་བསྡད་པས། ཁྱོད་ཡོན་བདག་རྣམས་དང་མཇལ་བས་དགའ། ཞེས་གསུང་ནས་ཡོན་བདག་རྣམས་ལ་ཆོས་མང་པོ་གསུངས་པས། ཆོས་ལ་དད་པ་དང་། འཁྲུག་པ་དང་ནད་ཡམས་ལ་སོགས་པ་མེད་པར་གྱུར་ཏོ། །དེ་ཐམས་ཅད་སྙེ་ནམ་རྩར་མའི་སྐོར་རོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact