Only Dharma. Since 1992
/ Buddhism / Milarepa

Jetsun Milarepa's History by 3rd Karmapa (29)

རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་མཛོད་ནག་མ་བཞུགས།

དེ་ནས་བཅོ་བརྒྱད་པ་ཚེ་གཅིག་གི་ཟུང་འཇུག་རྡོ་རྗེའི་སྐུ་གྲུབ་ཅིང་འཇའ་ལུས་སུ་ཡལ་བའི་ཚུལ་བསྟན་པའི་ཡོན་ཏན་ནི། དེ་ལྟར་བླ་མ་རྗེ་བཙུན་ཆེན་པོ་འདི་བཅོམ་ལྡན་འདས་རིགས་ཀྱི་བདག་པོ་མི་བསྐྱོད་པ་དངོས་ཡིན་ཀྱང་། བོད་ཁ་བ་ཅན་གྱི་གདུལ་བྱ་རྣམས་ལ་ཐབས་སྣ་ཚོགས་པའི་སྒོ་ནས་ལམ་སྟོན་པའི་ཕྱིར། དང་པོ་འཇིག་རྟེན་གྱི་བྱ་བ་དང་མཐུན་པར་ཡུམ་ལ་སྲིད་ཞུ་མཛད་དེ་དེའི་བཞེད་པ་ཡོངས་སུ་རྫོགས་པར་མཛད། གཞོན་ནུ་ནོར་བཟང་དང་། བདག་ཉིད་ཆེན་པོ་ན་རོ་ཞབས་ལྟར་ལུས་སྲོག་ལ་འཕངས་པ་ཅུང་ཟད་ཙམ་ཡང་མེད་པའི་སྒོ་ནས་བླ་མ་དམ་པ་བསྟེན་པ་དང་། ཕྱི་རབས་ཀྱི་གདུལ་བྱའི་སྐྱེ་བོ་རྣམས་ལ་སྒྲུབ་བརྒྱུད་ཀྱི་ཆོས་ཀྱི་བཀའ་སྲོལ་མི་ཉམས་པར་བྱ་བའི་ཕྱིར། ལྟོ་གོས་ལ་ལྟོས་པ་མེད་པར་རི་བོའི་ཁྲོད་དུ་གཤེགས་ཤིང་སྒྲུབ་པ་ཁོ་ན་སྙིང་པོར་མཛད་པ་དང་། བཀའ་བརྒྱུད་གོང་མ་རྣམས་ཀྱིས་ལུང་བསྟན་གྱི་དགོངས་པ་རྫོགས་པར་བྱ་བའི་ཕྱིར། སྣོད་ལྡན་གྱི་སློབ་མ་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་ལ་གདམས་ངག་གིས་དམར་ཁྲིད་རྫོགས་པར་མཛད་དེ། མཐོང་བ་དང་ཐོས་པ་དང་དྲན་པ་ཙམ་གྱིས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སྨིན་པར་མཛད་པའི་ཕྲིན་ལས་ཀྱིས་དགའ་སྟོན་ཆེན་པོ་ཤིན་ཏུ་ཚད་མེད་པར་སྤྲུལ་པ་མཛད་ནས། རེ་ཞིག་གི་ཚེ་འབྲིང་སྒོམ་དང་། སེ་བན་ལ་སོགས་པ་རས་པ་རྣམས་འཚོགས་ནས། བླ་མའི་གསུང་དེ་ལ་ངེད་ཚོས་ཡིད་མ་ཆེས་པས་བསྐང་བ་འདྲ་བྱས་ན་ཞུས་པས། ཨ་མཚར་པོ་ཁོ་བོའི་གདུལ་སྐལ་རྫོགས་པ་ལ། བསྐང་བ་དང་འདོན་པས་ཅི་གོ་བྱེད་གསུང་ནས་མགུར་འདི་གསུངས་སོ། །
ཕ་སྒྲ་བསྒྱུར་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལུས་ཀྱི་མེ་ཏོག་འདི། །འཆི་བདག་རྐྱེན་གྱི་བ་མོ་ཡིས། །བཅོམ་སྟེ་ཕ་རོལ་འགྲོ་དུས་སུ། །ང་ལ་མཐོང་སྣང་སྣ་ཚོགས་འོང་། །དག་པ་སྒྱུ་ལུས་ཞེན་མེད་འདི། །ཡོན་ཏན་རྫོགས་ཀྱི་བར་དོ་རུ། །སྙན་བརྒྱུད་ཟབ་མོས་མཚམས་སྦྱར་ནས། །བླ་མ་ཡི་དམ་འོད་གསལ་གྱིས། །སྐྱེལ་བསུ་སྐྱེ་མེད་ལམ་སྣ་ཁྲིད། །ཆོས་ཉིད་མ་བུ་མཇལ་དུས་སུ། །ང་ལ་མཐོང་སྣང་སྣ་ཚོགས་འོང་། །
ཞེས་གསུངས་པས། འབྲི་སྒོམ་གྱིས་དག་མ་དག་ལགས་སམ་ཞུས་པས། ཁྱེད་གོ་བར་འདུག །དེ་ཀ་རང་གསུང་། དེ་ཞིབ་ཏུ་ཕྱེ་ན་ཅུག་ལགས་ཞུས་པས། ང་ཡི་སློབ་མ་བཅུ་གཉིས་ལའང་སྣང་བ་བཅུ་གཉིས་འཆར་ཏེ། དག་པ་དྲུག །མ་དག་པ་དྲུག་གོ །དག་པའི་ལུས་དང་མ་དག་པའི་ལུས་གཉིས་འོང་སྟེ། དག་པའི་ལུས་མཁའ་སྤྱོད་དུ་མ་དང་མཁའ་འགྲོས་སེང་གེ་དང་རིན་པོ་ཆེའི་ཁྲི་ལ་གདུགས་དང་རྒྱལ་མཚན་བ་དན་རོལ་མོའི་སྒྲ་དང་བཅས་པས་གདན་འདྲེན་པས། དག་པའི་ལྷ་དང་དཔའ་བོ་མཁའ་འགྲོ་མ་མིན་པས་མི་མཐོང་། སློབ་མ་ཡང་གྲུབ་ཐོབ་རེ་རེས་མཐོང་སྲིད། མ་དག་པའི་ལུས་ཤིག་ལུས་ནའང་། ལུང་སྟོན་མཁན་ཅི་བྱུང་བ་བཞིན་མཛོད། །
ཅེས་གསུངས་པས། ཡང་སེ་བན་གྱིས་ཞུས་པ། བླ་མ་འདས་ན་བདུན་ཚིགས་དང་། ཆོ་ག་དང་། མཆོད་རྟེན་དང་། གདན་ས་དང་། དུས་དྲན་ལ་སོགས་པ་ཅུག་བྱེད་ལགས་ཞུས་པས། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །
རྗེ་ལྷོ་བྲག་མར་པའི་བཀའ་དྲིན་གྱིས། །བྱ་བ་ཐམས་ཅད་བྱས་ནས་ཡོད། །མི་ལ་རས་པའི་སྙིང་རུས་ཀྱིས། །བྱེད་པ་ཐམས་ཅད་ཟིན་ནས་ཡོད། །བུ་བརྒྱུད་ལྡན་བླ་མ་མ་བསྟེན་པའི། །དབང་བསྐུར་ཞུས་པས་ཅི་ལ་ཕན། །རང་རྒྱུད་དོན་ལ་མི་བསྲེ་བའི། །རྒྱུད་སྡེ་བཟུང་བས་ཅི་ལ་ཕན། །འཇིག་རྟེན་བྱ་བ་མ་བཏང་བའི། །གདམས་ངག་བསྒོམ་པས་ཅི་ལ་ཕན། །སྤྱོད་པ་ཆོས་དང་མི་བསྟུན་པའི། །ཆོ་ག་བྱས་པས་ཅི་ལ་ཕན། །ཚིག་ངན་གཉེན་པོས་མི་ཟིན་པའི། །བདུན་ཚིགས་བྱས་པས་ཅི་ལ་ཕན། །ཕྱོགས་རིས་ཆགས་སྡང་མ་ཞི་བའི། །མཆོད་པ་ཕུལ་བས་ཅི་ལ་ཕན། །རང་འདོད་རྩ་བ་མ་སྤངས་པའི། །སྦྱིན་པ་བཏང་བས་ཅི་ལ་ཕན། །འགྲོ་དྲུག་ཕ་མར་མ་ཤེས་པའི། །གདན་ས་བཟུང་བས་ཅི་ལ་ཕན། །སེམས་ལ་དག་སྣང་མ་སྐྱེས་པའི། །མཆོད་རྟེན་བཞེངས་པས་ཅི་ལ་ཕན། །ཐུན་བཞིའི་དགེ་སྦྱོར་མ་ནུས་པའི། །ཚ་ཚ་བཏབ་པས་ཅི་ལ་ཕན། །གསོལ་བ་སྙིང་ནས་མི་འདེབས་པའི། །དུས་དྲན་བསྐྱངས་པས་ཅི་ལ་ཕན། །གདམས་ངག་རྣ་བར་མི་འཇོག་པའི། །གདུང་མཆོད་བྱས་པས་ཅི་ལ་ཕན། །གསོན་ཚེ་དད་པ་མ་སྐྱེས་པའི། །གདུང་ཞལ་བལྟས་པས་ཅི་ལ་ཕན། །ཡིད་རྨོངས་སྐྱོ་ཤས་མ་སྐྱེས་པའི། །སྤངས་དག་བྱས་པས་ཅི་ལ་ཕན། །སྙིང་རྗེ་སེམས་ལ་མ་སྐྱེས་པའི། །ཁ་བཟང་སྙིང་རྗེས་ཅི་ལ་ཕན། །ཉོན་མོངས་འདོད་པ་མ་སྤངས་པའི། །ཞབས་ཏོག་བྱས་པས་ཅི་ལ་ཕན། །ཅི་གསུང་ཚད་མར་མི་འཛིན་པའི། །དཔོན་སློབ་བྱས་པས་ཅི་ལ་ཕན། །ཕན་པ་མེད་པ་བྱས་བྱས་པས། །གནོད་པ་མེད་པར་ཙོག་གེ་སྡོད། །བྱ་བ་བྱས་པའི་རྣལ་འབྱོར་ལ། །བྲེལ་བ་མང་པོ་འཁྲུལ་པའི་རྒྱུ། །
ཞེས་གསུངས་པས། བླ་མ་ལགས། བྱ་བ་བཏང་བ་རང་གིས་ཆོག་པ་ལགས་སམ་ཞུས་པས་མགུར་འདི་གསུངས་སོ། །
བླ་མ་རྗེ་བཙུན་མི་བསྟེན་པའི། །མོས་གུས་བྱས་ཀྱང་བྱིན་རླབས་ཆུང་། །དབང་བསྐུར་ཟབ་མོ་མ་ཞུས་པའི། །རྒྱུད་རྐྱང་ཚིག་གིས་རང་ཉིད་བཅིངས། །རྒྱུད་སྡེ་དཔང་པོར་མ་བཞག་པའི། །ལག་ལེན་ཐམས་ཅད་ལོག་པའི་རྒྱུ། །མན་ངག་ཟབ་མོ་མི་བསྒོམ་པའི། །བྱ་བ་བཏང་ཟེར་རང་སྡུག་ཡིན། །ཉོན་མོངས་གཉེན་པོས་མི་འཛིན་པའི། །ཁ་བཤད་སྐམ་པོ་སྟོང་སྒྲ་ཡིན། །ཟབ་མོའི་ཐབས་ལམ་མི་ཤེས་པའི། །བརྩོན་འགྲུས་བྱས་ཀྱང་སྙིང་པོ་མེད། །འགག་དང་ཉ་ག་མི་ཤེས་པའི། །སྙིང་རུས་བྱས་ཀྱང་འཁྲུལ་པའི་རྒྱུ། །བསོད་ནམས་མང་དུ་མ་བསགས་པའི། །རང་དོན་གཅིག་པུ་འཁོར་བའི་རྒྱུ། །བསགས་པ་ཆོས་ལ་མ་བཏང་བའི། །བསྒོམ་ཀྱང་ཡོན་ཏན་སྐྱེ་བ་མིན། །ཆོག་ཤེས་ནང་ནས་མ་སྐྱེས་པའི། །མང་པོ་བསགས་འདོད་མི་ཡི་ནོར། །བདེ་སྐྱིད་ནང་ནས་མ་སྐྱེས་པའི། །ཕྱི་ཡི་སྐྱིད་འདོད་སྡུག་བསྔལ་ཡིན། །ཆེ་འདོད་འགོང་པོའི་དམག་གིས་བསྐོར། །གྲགས་འདོད་རང་ཕུང་ཁ་མཆུ་འཕོག །ཡགས་འདོད་ཉོན་མོངས་དུག་ལྔ་འཁྲུགས། །མང་འདོད་གྲྭ་རོགས་གྲོགས་དང་འབྲལ། །ངས་བྱས་རེ་འཁང་མང་བའི་རྒྱུ། །ཁྱེད་ཁ་རོག་བཞུགས་དང་ཁ་མཆུ་མེད། །ལྷན་ནེ་སྡོད་དང་བསམ་པ་འགྲུབ། །མ་ཡེངས་སྐྱོང་དང་ཡེངས་པ་མེད། །གཅིག་པུར་སྡོད་དང་གྲོགས་དང་མཇལ། །དམན་ས་ཟུང་དང་ཆེན་པོར་ཕྱིན། །དལ་ལེ་སྐྱོངས་དང་མགྱོགས་པར་སླེབས། །བྱ་བ་བཏང་ནས་དོན་ཆེན་འགྲུབ། །ཟབ་ལམ་སྒོམ་དང་མྱུར་ལམ་རྙེད། །སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ། །སྙིང་རྗེ་སྐྱེས་ན་བདག་གཞན་མེད། །སྙིང་རྗེ་སྐྱེས་ཤིང་འགྲོ་དོན་འགྲུབ། །འགྲོ་དོན་འགྲུབ་ན་ང་དང་མཇལ། །ང་དང་མཇལ་ཙ་མངོན་སངས་རྒྱས། །བདག་དང་སངས་རྒྱས་བུ་སློབ་གསུམ། །དབྱེར་མེད་གཅིག་ཏུ་གསོལ་བ་ཐོབ། །
ཅེས་གསུངས་ཏེ། ང་ཡི་ཤུལ་དུ་དངོས་པོ་ཆེན་པོ་མེད། ཨ་ག་རུའི་ཕྱག་འཁར་འདི་དང་། རས་ཀྱི་ཞྭ་དང་། རས་ཀྱི་དུམ་བུ་གཅིག་དང་དེ་རྣམས་དྭགས་པོ་ལྷ་རྗེ་ལ་བསྐུར། སྦ་བེར་འདི་རས་ཆུང་པས་མ་སླེབས་ན་རས་དུམ་གཅིག་དང་གཉིས་བསྐུར། གྲི་གུ་མེ་ཆ་འདི་གཉིས་འབྲི་སྒོམ་གྱིས་ཟུང་། པན་ཞུ་ཧྲུལ་པོ་འདི་སེ་བན་རས་པས་ཟུང་། རས་འདི་དུམ་དུམ་གྱིས་ལ་རས་པ་མི་རེ་ལ་རེ་རེ་བྱིན། ནོར་ཆེ་བ་རེ་མེད་སྟེ་དངོས་གྲུབ་རེ་འོང་སྲིད། གསེར་དུམ་པ་ཅིག་ཡོད་པ་ང་རང་གི་སྒོམ་ཁང་གི་རྒྱབ་དེར་རྩིག་པའི་གསེབ་ཏུ་སྦས་ཡོད་པ་ལ་གསེར་འགྱེད་གྱིས་གསུངས་སོ། །
དེར་རྗེ་བཙུན་ལ་གསེར་མང་པོ་འདུག་ཟེར་བྱུང་བས། ལེགས་སེ་ན་རེ། བླ་མའི་རྣམ་ཐར་འདི་ལ་གསེར་ཨེའུ་ཡོད། མི་ངན་པའི་ཁ་ལ་བཟོད་ཚུགས་མེད་ཟེར། དེར་ཕྱིས་སུ་གསེར་ཨེ་འདུག་བལྟས་ཙ། གསེར་མེད་པར་བུར་དཀར་རྡོག་པོ་གསུམ་རས་ཁ་གང་གི་ནང་དུ་བཏུམས་པ་དང་། ཡི་གེ་དང་གྲི་གུ་ཡུ་བས་ཁེམ་འོང་བ། སོས་གྲི་འོང་བ། ལྟག་པས་མེ་ཆ་འོང་བ། རྩེ་མོས་འབུག་འོང་བ་དེ་དང་དེ་རྣམས་འདུག་པ་ལ་ཡི་གེ་དེ་ལ་བལྟས་ཙ། གསེར་མེད་པར་བུ་རམ་འདི་གྲི་གུ་འདིས་དུམ་དུམ་གྱིས་དང་མི་རྣམས་ཁྱེད་ནས་འོང་། རས་འདི་གྲི་གུས་དུམ་བུ་དུམ་བུ་གྱིས་དང་། མི་མ་ཁྱེད་བར་དུ་རས་མི་འཛད་པས་ཐམས་ཅད་ཁྱེད་ནས་འོང་ཟེར་བ་དང་། མི་ལ་རས་པ་ལ་གསེར་མང་པོ་ཡོད་ཟེར་བ་འགའ་རེ་ཡོད་མཆིས་པའི་ཁ་སྐྱག་པས་ཆོད་ཅིག་ཟེར་བ་བྲིས་ནས་འདུག་པས། རས་པ་ཐམས་ཅད་སྡུག་པའི་ནང་ནས་གད་ཏི་རེ་སོང་ངོ་། །
དེ་ནས་མ་བསྙུང་ལ་ཆོས་མང་པོ་གསུང་པ་དང་། རྫུ་འཕྲུལ་མང་པོ་མཛད་པ་ལ་བསམ་གྱིས་མི་ཁྱབ་སྟེ་ཡི་གེར་བྲི་བས་ག་ལ་ལང་།
དེར་ལས་མ་དག་པའི་མི་སྙེ་ནམ་གྱི་བོན་པོ་མཐིང་སྟོན་བྱང་འབར་བྱ་བ་ཅིག་གིས། བླ་མའི་བྱིན་རླབས་ཀྱིས་ཡུལ་དུ་ནད་ཡམས་དཀོན་པས་ཁོ་ལ་ཟ་རྒྱུ་མ་བྱུང་བས། སྙིང་ན་ནས་དུག་ཡང་ཡང་བརྩམ་པ་མ་གསོལ། དེ་ཞག་མཛེ་པོ་ཞིག་ལ་གཡུ་གཅིག་རྔན་བྱིན་ནས་དུག་ཞོ་དང་སྦྱར་ནས་དྲངས་པས། རྗེ་བཙུན་གྱིས་ཞོ་ཕྱག་ཏུ་བཞེས་ཏེ། སྤྱན་ཧྲིག་གེ་མཛད་ནས། ཁྱོད་གཡུ་ཐོབ་པའི་ཆེད་དུ་བཏུང་དགོས་གསུངས་ཏེ། གསོལ་ཚར་བ་དང་། ཨ་རེ་སྡུག་ཁོ་བོས་ལུས་ལ་བདག་འཛིན་སྤངས་པའི་རྣལ་འབྱོར་པ་ཡིན་པས། ཁྱོད་ལ་སྡིག་དང་རྣམ་སྨིན་མི་འོང་། ཁྱོད་བཟའ་རུང་བ་ཞིག་མི་གདའ་གསུངས་ཏེ། ཕོར་བཀྲུས་ནས་གནང་། དེར་རྗེ་བཙུན་ཅུང་ཟད་བསྙུང་བའི་ཚུལ་མཛད་པས། རས་པ་རྣམས་བཤུམ་པ་ལ། སྐུ་དྲང་པོར་བསྲངས་ནས་སྤྱན་ནམ་མཁའ་ལ་གཟིགས་ཏེ་འདི་གསུངས་སོ། །
འཁོར་འདས་འོད་གསལ་དབྱིངས་སུ་ཡལ། །ཕྱག་གི་རང་ས་ཟིན་པ་ལ། །འོད་གསལ་རྩི་ཡིས་རྒྱས་བཏབ་པས། །གཉིས་སུ་མེད་པའི་ཆེ་བ་པོ། །ཐོགས་རྡུག་མེད་པའི་སྤོབས་པ་ཅན། །ན་དང་གདོན་དང་སྡིག་སྒྲིབ་རྣམས། །རྣམ་པ་ལྷ་ཡི་རྒྱན་དུ་མཛེས། །རྩ་ཐིག་རླུང་སེམས་རྣམ་པར་གནས། །སྦྱིན་སོགས་མཚན་དཔེ་རྒྱན་དུ་མཛེས། །བོན་པོའི་བསམ་ངན་དག་པར་ཤོག །མཛེ་པོ་ནད་ལས་ཐར་བར་ཤོག །ལུས་ལ་ན་རྒྱུ་རྩ་ཙམ་མེད། །ཟས་ངན་ཞིག་གིས་ཁམས་མ་སྙོམས། །སྒོམ་ཆེན་ངུ་ཙ་སྐྱེ་བོས་ཁྲེལ། །ཉམས་མྱོང་སྟེང་དུ་ལྷང་ངེ་ཞོག །
ཅེས་གསུངས་པས། རས་པ་རྣམས་གཅིག་གིས་ཀྱང་དུག་བྱུང་བ་མ་རིག་ཙ། དེ་ནུབ་མཁའ་འགྲོའི་བཀའ་ཆད་ཀྱིས་བོན་པོ་ཤིའོ། །དེར་བླ་མས་བོན་པོའི་སྡིག་སྦྱོང་དུ་མགུར་འདི་གསུངས་སོ། །
ལར་བསམ་ངན་ཐམས་ཅད་འདི་དང་འདྲ། །བོན་པོ་བསམ་ངན་སྙིང་རེ་རྗེ། །སྦྱོར་བ་ངན་པ་འདི་འཚལ་བས། །ང་ཡི་སྔོན་ལ་བོན་པོ་ཤི། །ང་ཡི་དགེ་བ་བདེ་སྐྱིད་དང་། །དུས་གསུམ་སངས་རྒྱས་དགེ་བ་ཡིས། །བོན་པོའི་སྡིག་པ་འདག་པར་ཤོག །བོན་པོའི་སྡུག་བསྔལ་ཐམས་ཅད་དུ། །བདག་གིས་བླངས་ནས་སྦྱང་བར་ཤོག །བླ་མ་སློབ་མ་ཕ་མ་ལ། །གནོད་པར་བྱེད་པ་སྙིང་རེ་རྗེ། །དེ་ཡི་ལས་ཀྱི་རྣམ་སྨིན་ཀྱང་། །བདག་གིས་བླང་ནས་སྦྱང་བར་ཤོག །དུས་དང་རྣམ་པ་ཐམས་ཅད་དུ། །སྡིག་པའི་གྲོགས་དང་བྲལ་བར་ཤོག །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དགེ་བའི་གྲོགས་པོ་རྙེད་པར་ཤོག །བསོད་ནམས་འཛད་ཁའི་བསམ་ངན་དེ། །སེམས་ཅན་གཅིག་ལའང་མི་གནས་ཤོག །བསམ་པ་བཟང་པོ་བྱང་ཆུབ་ལམ། །སེམས་ཅན་ཀུན་གྱིས་འཐོབ་པར་ཤོག །
ཅེས་གསུངས་པ་ལ། རས་པ་འབྲི་སྒོམ་གྱིས་དེ་ཅི་ལགས་ཞུས་པས། བོན་པོ་དེས་སྔར་སློབ་དཔོན་ཞིག་བསད་ཟིན་པས། ད་ངན་འགྲོར་འགྲོ་བ་ལ་ཡུལ་གཉན་པོ་ལ་བསམ་ངན་སྐྱེས་པ་མིན་པས་མནར་མེད་དུ་འགྲོ་མི་ནུས་པས། ང་ལ་དུག་བྱིན་པ་ཡིན་གསུངས་པས། ཨ་ཁ། འོ་ན་མཁྱེན་བཞིན་དུ་དུག་མི་གསོལ་བ་ཡིན་མོད་ཞུས་པས། ངས་ཟོས་ནས་སྨོན་ལམ་བཏབ་ན་ཁོ་ཨེ་ཐར་བསམ་པ་ཡིན་གསུངས། འོ་ན་ཨེ་ལགས་ཞུས་པས། ཐང་གཅིག་ཨེ་མ་ཐར་སྲིད། ང་མིན་ན་ཁོ་ད་ལ་ཡང་བསྡད་ལེ་མིན། ད་ཐར་པའི་སྨོན་ལམ་སོང་ཡོད་གསུངས་སོ། །དེ་རང་རེ་དང་འཕྲད་པ་ཅུག་ཡིན་ལགས་ཞུས་པས། དེས་སློབ་དཔོན་བསྒྲུང་བ་དེ་བསྟན་པ་ལ་གནས་པ་ཞིག་ཡིན། ང་བསྟན་པའི་བདག་པོ་ཡིན་པས། སེམས་ཅན་ངན་པ་བློས་བཏང་ཐབས་མེད་གསུངས་སོ། །
དེ་ནས་ནམ་མཁའ་ལ་འཇའ་འོད་དང་མེ་ཏོག་མང་པོ་བབས། ནམ་ཟླ་དགུན་ལ་ཆར་པ་སི་ལི་ལི་རྒྱུན་ཏུ་ཟིམ་ཟིམ་བབས་པས། མི་རྣམས་ཀྱིས་ཅི་ཡིན་ནམ་ཟེར། ལ་ལས་སྙེ་ནམ་ན་དབྱངས་སྙན་པོ་གྲགས་ཟེར། ལ་ལས་སྙེ་ནམ་ན་འཇའ་གུར་འདུག་ཟེར། ལ་ལས་ནམ་མཁའ་འདི་ལ་འོད་ཕྲེང་དམར་པོ་འདུག་ཟེར། ལ་ལས་རི་འགོ་ལ་འཇའ་ཕུབ་པ་འདྲ་འདུག །ལ་ལས་རྡོ་འདི་རྣམས་འཇའ་འོད་གྱུར་འདུག་ཟེར། ལ་ལས་རྩྭ་དང་ཤིང་ཚོ་ལ་འོད་ཟེར་གྱིས་བསྐོར་འདུག་ཟེར། ཤིང་ཅུག་ཡོད་པ་བཞིན་འདུག་ཟེར་ནས། སྐུ་མ་གཤེགས་པ་ལ་རྟགས་བསམ་གྱིས་མི་ཁྱབ་བོ། །
དེ་ནས་ལོ་ཡོས་བུ་ལོ། དུས་དགུན། ཟླ་བ་སྟག །ཚེས་བཅོ་ལྔའི་ཉིན་ཉི་མ་རྩེ་ཤར་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན། དེའི་ཚེ་བླ་མ་རས་ཆུང་པ་ལོ་རོ་ན་བཞུགས་པ་ལ། བུ་མོ་མཁུར་ཚོས་ཀྱི་སྟེང་ན་སྨེ་བ་སུམ་བརྩེགས་ཡོད་པ་ཅིག་བྱུང་ནས། ཀྱེ་རས་ཆུང་པ་ཁྱོད་ད་ལྟ་འདི་ན་བདེ་བར་གདའ་སྟེ། བླ་མ་རྗེ་བཙུན་འོད་གསལ་གྱི་ངང་དུ་སྐུ་ཡལ། མགྱོགས་སུ་བྱོན་མཛོད་ཟེར་ནས་མི་སྣང་བར་གྱུར་ཏེ། དེར་ཤིན་ཏུ་སྐྲག་ནས་གསེར་སྲང་གང་དང་དར་དཀར་ཡུག་གཅིག་བསྣམས་ནས། རླུང་བཟུང་ནས་བྱོན་པས། རྗེ་བཙུན་འདས་པའི་ས་དང་ཉེ་བར་ཉི་མ་དྲོས་སྐད་ཅིག་གིས་ཕེབས་ཙ་ན། བུ་མོ་གཅིག་ཆུ་ཟངས་བན་གང་ཁུར་བྱུང་བ་དང་འཕྲད། རྣལ་འབྱོར་པ་ཐག་རིང་ནས་བྱོན་པ་འོ་བརྒྱལ། ངས་བཏུང་བ་དྲང་གི་ནང་དུ་གཤེགས་ཟེར་ཏེ། བྱོན་ནས་བཏུང་བ་གསོལ་བས་བརྗེད་པ་ལྟར་གྱུར་ཏེ་ཞག་གཅིག་འདས། ཡང་སྔར་ལུང་བསྟན་པའི་བུ་མོ་དེས་བསྐུལ་ཏེ་སྙེ་ནམ་ཙར་མར་བྱོན་ཙ་ན། ན་བུན་དང་སྐྱི་བུན་འཐིབ་པའི་གསེབ་ཏུ་བླ་མ་རྗེ་བཙུན་ཆེན་པོ་སྔར་བས་ཀྱང་སྐུ་མདངས་བཟང་བ་ཞིག་མཛད་དེ་བྱོན། དེར་དགའ་ཆེས་པས་གསེར་དང་དར་ཡུག་ཕུལ། ཕྱག་འཚལ་ཞབས་སྤྱི་བོར་བླངས། བདག་ལ་སྣང་བ་འདི་ལྟ་བུ་ཅིག་བྱུང་སྟེ་འོང་བ་ལགས། ཞེས་སྔར་གྱི་རྒྱུ་མཚན་རྣམས་ཞུས་པས། བུ་རས་ཆུང་བ་སླེབས་པས་དགའ། ཁྱོད་ཁམས་བདེའམ་གསུངས་ཤིང་མཉེས་ཚོར་ཆེན་པོ་མཛད། ཆོས་ཀྱི་གླེང་ལོང་མང་པོ་ཡང་གནང་། དེའི་དུས་སུ་བུད་མེད་གཉིས་ནམ་མཁའ་ལ་བྱུང་སྟེ། ཕྱག་རྟེན་ཁྱེར་ཏེ་སོང་བ་ལ། དེ་གཉིས་ཅི་ལྟ་བུ་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། དེ་གཉིས་རྒྱ་གར་གྱི་མཁའ་འགྲོ་མ་སེང་གདོང་གི་སྤྲུལ་པར་གདའ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན། བྲམ་ཟེ་ས་ར་ཧའི་དྲུང་དུ། མཁའ་འགྲོ་མ་ཐམས་ཅད་ཀྱིས་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ཡོད། དེའི་ཡོ་བྱད་ཀྱི་ཁ་མ་ཐེམ་ནས་ལེན་དུ་བྱུང་བ་ཡིན། བུ་ཁྱོད་ཀྱི་དངོས་པོ་ཡང་བསོད་ནམས་ཀྱི་ཚོགས་སུ་སོང་གསུངས། སང་དགོང་ཁོ་བོ་ཡང་དེར་སློབ་དགོས་པར་ཡོད། བུ་ཁྱོད་ས་ཐག་རིང་པོ་ནས་འོང་བས་བསྒུག་ཅིང་བསྡད་པ་ཡིན། ད་ང་སྔོན་ལ་འགྲོ་ཡི་ཁྱོད་རང་རྗེས་ལ་ཚུར་ཤོག་གསུངས། བདག་བླ་མའི་ཆགས་ཕྱིར་རང་ལ་འགྲོ་བར་ཞུ་ཞུས་པས། ལས་དང་སྨོན་ལམ་གྱིས་འབྲེལ་པར་གདའ་ཡི་གསུངས་ནས། རྗེ་བཙུན་སྔོན་ལ་ཡུད་ཀྱི་གཤེགས། རས་ཆུང་བ་རྗེས་ལ་ཕར་སོང་ཙ་ན། རྗེ་བཙུན་ཆེན་པོ་སྐུ་ཡལ་ནས་ཞག་བདུན་སོང་འདུག་སྟེ། སྤུར་ཁང་དུ་གདུང་བཞུགས་ནས་བུ་སློབ་ཡོན་བདག་རྣམས་ཀྱིས་སྐོར་བ་བྱེད་ཅིང་འདུག་པ་དང་ཕྲད། དེར་ཕྱག་མང་དུ་འཚལ་སྤྱན་ཆབ་ཕྱུང་སྟེ་སྨོན་ལམ་ཞལ་མཇལ་གྱི་མགུར་འདི་ཕུལ་ལོ། །
རྒྱ་གར་གྱི་ཆུ་དང་བལ་པོའི་ཆུ། །ལུང་པའི་དབང་གིས་སོ་སོ་ཡང་། །ཆུ་བོའི་ངང་དུ་རོ་གཅིག་སྙམས། །སང་རྒྱ་མཚོའི་ནང་དུ་མཇལ་ཏེ་མཆིས། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །ཤར་ནས་འཆར་བའི་ཁྲི་གདུགས་དང་། །ནུབ་ཏུ་འགྲོ་བའི་ཟླ་བ་གཉིས། །གླིང་བཞིའི་དབང་གི་སོ་སོ་ཡང་། །ནམ་མཁའི་ངང་དུ་རོ་གཅིག་སྙམས། །དུས་གནས་སྐབས་དབང་གིས་མཇལ་ཏེ་མཆི། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །རྒྱལ་བའི་ཐུགས་དང་འགྲོ་དྲུག་གི་སེམས། །མ་རིག་དབང་གིས་སོ་སོ་ཡང་། །ཆོས་ཉིད་ངང་དུ་རོ་གཅིག་སྙམས། །རོ་མཉམ་ཉིད་ངང་དུ་མཇལ་ཏེ་མཆིས། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །བླ་མ་རྗེ་བཙུན་གྱི་ཐུགས་དང་རས་ཆུང་གི་སེམས། །འབྱུང་བཞི་སྒྱུ་ལུས་ཀྱི་དབང་གིས་ཐ་དད་ཀྱང་། །ཐུགས་ཡིད་གཅིག་འདྲེས་ཀྱི་ངང་དུ་རོ་གཅིག་སྙམས། །སང་སྨོན་ལམ་དབང་གིས་མཇལ་ཏེ་མཆི། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །
ཞེས་གདུང་བའི་སྨྲེ་སྔགས་ཀྱིས་སྨོན་ལམ་མཛད་ཅིང་གསོལ་བ་བཏབ་པས། ཐམས་ཅད་སྣང་བ་མཐུན་པར་རྗེ་བཙུན་གྱི་སྐུ་སྐེད་ཡན་ཆད་གདུང་ཁང་གི་སྟེང་དུ་གསལ་བར་བྱོན་ནས། རས་ཆུང་བ་ཁྱོད་ཏེ་པུ་གསང་སྔགས་ཀྱི་སྡོང་པོ་ལྟ་བུའི་བླ་མ་དང་མཇལ། ཕྱོགས་གར་ཕྱིན་ཀྱང་པདྨ་འདམ་གྱིས་མ་གོས་པ་ལྟ་བུའི་རྣལ་འབྱོར་པ་ཡིན། ཁྱེད་བུ་སློབ་རྣམས་ཀྱིས་ང་ཅི་ལྟར་ཁུར་བ་ལྟར་ཁོ་ཁུར། བུ་ཁྱོད་ཀྱང་ཁོ་བོའི་མན་ངག་འདི་ཡིད་ལ་ཞོག་ཅིག་གསུངས་ནས་ཞལ་ལྟ་ཚིག་མགུར་དུ་གསུངས་སོ། །
ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །སྒྱུ་ལུས་ཀྱི་ཕུང་པོ་སྡིག་པོ་ཆེ། །ལྟོ་གོས་ཀྱི་བྱ་བ་བསྒྲུབ་བསྒྲུབ་ནས། །འཇིག་རྟེན་གྱི་ཞེན་པ་ཐེངས་དུས་མེད། །ལྟོ་གོས་ཀྱི་འཁྲི་བ་ཆོད་ཅིག་ཕ་ཡི་བུ། །མཐོ་མི་མངོན་ནམ་མཁའི་དབྱིངས་ཤེད་ན། །དུས་གསུམ་སངས་རྒྱས་སྒྲ་བོ་ཆེ། །དྲང་དོན་གྱི་བསྡུ་བྲིད་འཆད་འཆད་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཚིག་སྤྲོས་པ་ཆོད་ཅིག་ཕ་ཡི་བུ། །བརྡ་གོ་བ་ལོངས་ཤིག་ཕ་ཡི་བུ། །ཚེ་འདི་དང་ཕྱི་མའི་སོ་མཚམས་སུ། །བར་དོའི་རྣམ་ཤེས་སྡིག་པོ་ཆེ། །ལུས་མེད་ལུས་དང་འགྲོགས་འགྲོགས་ནས། །སྐྱེ་ཤི་རྩད་ནས་ཆོད་དུས་མེད། །སྐྱེ་ཤི་རྩད་ནས་ཆོད་ཅིག་རས་ཆུང་བ། །ཐག་ཆོད་གཅིག་ལ་གྱིས་ཤིག་ཕ་ཡི་བུ། །སྒྱུ་མ་ལུས་ཀྱི་གྲོང་ཁྱེར་དུ། །རང་སེམས་དངོས་མེད་སྡིག་པོ་ཆེ། །གློ་བུར་རྐྱེན་ཁ་འགྲིམ་འགྲིམ་ནས། །ཡང་དག་དོན་ལ་རྟོགས་དུས་མེད། །མ་བཅོས་མཉམ་པར་ཞོག་ཅིག་རས་ཆུང་པ། །རྣམ་རྟོག་ངོ་བོ་ལྟོས་ཤིག་ཕ་ཡི་བུ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །གཅིག་ཏུ་དྲིལ་ལ་ཉམས་སུ་ལོང་། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་དྲིལ་ལ་འདྲིས་སུ་ཆུག །རྩ་དང་རླུང་དང་ཐིག་ལེ་གསུམ། །གཅིག་ཏུ་དྲིལ་ལ་གནད་དུ་བསྣུན། །དོན་དེ་ལས་མེད་དོ་རས་ཆུང་པ། །
ཞེས་གསུངས་ནས། རྗེ་བཙུན་གྱི་སྐུ་མི་སྣང་བར་གྱུར་པ་དང་། སྤུར་ཁང་དུ་མེ་རང་འབར་དུ་གྱུར། སློབ་མ་རས་པ་རྣམས་ལ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེས། ཁྱད་པར་དུ་བླ་མ་རས་ཆུང་པ་ལ་དག་པའི་སྣང་བ་དཔག་ཏུ་མེད་པ་ཤར། དེའི་ཚེ་སྤུར་ཁང་གི་རླུང་སྒོ་གཅིག་ནས་བླ་མའི་གསུང་གི་སྒྲ་གྲགས་པས། ཁོ་བོ་ལ་དཔྲལ་བའི་དཀྱིལ་ནས་གདུང་ཤ་རི་རམ་སྲན་རྡོག་ཙམ་ཞིག་འོང་བར་གདའ། དེ་ལྷ་སྨན་རྒྱལ་མོ་བཀྲ་ཤིས་ཚེ་རིང་མས་མོས་པའི་རྟེན་དུ་ཁྱེར་བར་གདའ། གདུང་ཐལ་རྣམས་ཕྱེད་གཡས་རུ་གཙང་པོ་ལ་འཕོ། ཕྱེད་བང་ཆུ་ལ་འཕོ། ཆུས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ངན་འགྲོ་ལ་ཐར་བ་ཡིན་གསུངས། ཨཱཿདཀར་པོ་དྲི་མ་མེད་པ་གཅིག་ནམ་མཁའི་མཐོངས་འདིར་འོང་སྟེ། སྣང་བ་དག་པ་རྣམས་ཀྱིས་མཐོང་སྟེ་མཆིས། ཞེས་གསུངས། དེའི་ཚེ་ཌཱཀྐི་མ་བསམ་གྱིས་མི་ཁྱབ་པས་སྐོར་བ་བྱས་ཤིང་། སྔར་རྗེ་བཙུན་ཉིད་ཀྱིས་འབྲི་སྒོམ་གླིང་ཁ་བ་ལ་སོགས་པའི་རས་པ་རྣམས་ལ་གསུང་པའི་སྔར་གྱི་ཚིགས་བཅད་གླུར་བླངས་སོ། །
ཡང་སྤུར་ཁང་གི་རླུང་སྒོ་གཅིག་ལས་ཁོ་བོའི་ལག་མཛོད་ཀྱི་ནང་དུ་སྤྱད་པ་མང་པོ་ཡོད་དེ། ཁོ་བོའི་རྗེས་སུ་ཐོང་། ཁྱེད་རྣམས་ཀྱིས་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །ཅེས་གསུངས་པའི་སྒྲ་གྲགས། དེར་བླ་མ་རས་ཆུང་པས་གཙོ་བྱས་པའི་རས་པ་རྣམས་ཀྱིས་གཟིམ་ཁང་གི་གློ་སྐར་ཁ་ཕྱེ་བའི་ནང་ན། ཁུག་མ་གཅིག་འདུག་སྟེ། དེ་ན་མེ་ཆ་དང་། སྙིང་བུ་དང་། ཁབ་དང་། གྲི་གུ་ཆུང་ཆུང་གཅིག་དང་། བུར་རྡོག་གསུམ་འདུག་སྟེ། སྤྲང་པོ་ཤི་བའི་ཤུལ་དུ་ཕོར་པ་དང་དབྱུག་པ་མིན་པ་མ་ལུས་པ་ཞིག་དགོས་པ་ཡིན། ནོར་ལ་བརྟེན་ནས་ཞེན་འཛིན་འོང་། དེ་ལ་བརྟེན་ནས་ལས་གསོག་པ་ཡིན་པས། ཆགས་ཞེན་དང་དངོས་པོ་སྤངས། རྟག་ཏུ་རི་ལ་སྡོད། ཚེ་དང་སྒྲུབ་པ་སྙོམས། ཁོ་བོ་ལ་སྐྱེ་འཆི་མེད་དོ་ཞེས་བྱ་བའི་གསུང་དེ་རྣམས་ཡི་གེ་ལ་བྲིས་ཏེ་འདུག་གོ །སྤུར་ཁང་གི་རྡོ་ལ་ཨོཾ་ཨཱཿཧཱུཾ་དང་། ཡི་གེ་དྲུག་པ་བྱོན་པ་ད་ལྟ་ཆུ་བར་ན་ཡོད་དོ།། །།

༈ ཡང་ལོ་རྒྱུས་གཅིག་ལ། ཉི་མ་རྩེ་ཤར་ལ། དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ལ། ང་ལ་ཞག་བདུན་བར་དུ་སུ་དང་མ་སྤྲད། དེ་ནས་ལབ་རྒྱུ་གཅིག་ཡོད་གསུངས་པ་ལ། ཞག་ལྔ་ནས་ག་ལེ་བལྟས་ཙ། བླ་མ་འདས་འདུག་དེར་ཁོང་རྣམས་འདུག་མ་བཟོད་པས། ཡང་ཞག་དྲུག་ནས་བལྟས་ཙ། གདུང་ཆུང་དུ་སོང་ནས་ཟན་བྲེ་ཐག་ཙམ་ཞིག་ཡ་ལེ་འདུག་པ་དང་། རས་པ་ཐམས་ཅད་སྐད་ནས་གདུང་ལ་བལྟ་བཅུག་པ་ལ། ལ་ལས་ཧེ་རུ་ཀ་ཞིག་འདུག་ཟེར། ལ་ལས་སྤྱན་རས་གཟིགས་ཤིག་འདུག་ཟེར། ལ་ལས་འོད་ཅིག་འདུག་ཟེར། ལ་ལས་མཆོད་རྟེན་ཞིག་འདུག་ཟེར། ལ་ལས་མེ་རུ་འདུག་ཟེར། ལ་ལས་ཆུར་འདུག་ཟེར། ལ་ལས་རྡོ་རྗེར་འདུག་ཟེར། ལ་ལས་རླུང་ཞིག་ཀྱི་ལི་ལི་འདུག་ཟེར། ལ་ལས་གསེར་ཞིག་འདུག་ཟེར། ལ་ལས་བུམ་པ་ཅིག་འདུག་ཟེར། ལ་ལས་དྲིལ་བུ་ཞིག་འདུག་ཟེར་ནས་ཁ་མ་འཆམ་པ་དང་། ཞག་བདུན་མ་རྫོགས་པར་གདུང་ལ་རེག་པས། མདངས་དེ་ཆུང་དུ་སོང་ངོ་། །
སེ་བན་རས་པས་ཞག་བདུན་ནས་གདུང་ཡེ་ནས་ཀྱང་མི་འོང་བར་འདུག་ཟེར་བས། རས་པ་བྱིངས་ཀྱིས་དེས་ན་ཡོན་བདག་ཚོས་ཀྱང་གདུང་ཅི་བྱས་ཟེར་ནས་ལབ། ངེད་རང་ཚོས་ཀྱང་ཕྱག་འཚལ་བའི་རྟེན་མི་འབྱོན་པས། མ་བཟང་ཟེར། དེར་ཡུལ་གྱི་གཙོ་བོ་དང་ཡོན་བདག་རྣམས་འོངས་ནས་གདུང་བཞུས་པས། རས་པ་ཚོ་དང་ཡོན་བདག་རྣམས་ཁ་འཆམ་པ་ལ། བུ་ཆུང་ལོ་བརྒྱད་པ་རས་པ་ཁམ་སིག་གེ་བ་ཞིག་བར་སྣང་ནས་གར་བྱེད་ཅིང་བྱུང་བས་མགུར་འདི་གསུངས་སོ། །
ཁྱེད་ཀྱི་མི་ཡུལ་གླེན་པ་འདིར། །མི་ལ་རས་པའི་གདུང་ལ་རྩོད། །རྩོད་པས་འཐོབ་ཏུ་མི་འཇུག་པ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། །བརྐུས་པས་རང་ནོར་མ་ཡིན་པ། །དཔའ་བོ་ཀུན་གྱི་དམ་ཚིག་ཡིན། །འཕྲོག་པས་ཐ་མ་མི་དགེ་བ། །ཆོས་སྐྱོང་ཀུན་གྱི་དམ་ཚིག་ཡིན། །བསགས་ཚད་བདག་པོས་མི་སྤྱོད་པ། །དམ་པ་ཀུན་གྱི་དགོངས་པ་ཡིན། །རང་འདོད་རང་ལ་མི་ཕན་པ། །ཆོས་རྒྱལ་ཀུན་གྱི་དམ་ཚིག་ཡིན། །རེམ་པས་དམ་ཆོས་མི་ནུས་པ། །མགོ་ནག་མི་ཡི་གནས་ལུགས་ཡིན། །འདས་པས་བྱིན་རླབས་མི་ཆུང་བ། །བླ་མ་རྗེ་བཙུན་དགོངས་པ་ཡིན། །རྗེ་བཙུན་ཆོས་ཀྱི་ཕུང་པོ་དེ། །ལུང་པ་གཉིས་ཀྱི་བར་སྣང་འདིར། །བཞུགས་ན་ཕན་ཡོན་བྱིན་བརླབས་ཆེ། །ཟེར་ནས་བྲག་ཐོག་དེར་སོང་ནས་ཕྱག་གཡུག་ཅིང་ཡོད་ཙ་མེད་ནས་སོང་། དེ་ནས་བྲག་སྒང་གི་བྲག་རྩེ་དེ་ན་བཞུགས་པས། དེ་ནས་ཀླུ་དུང་སྐྱོང་གནས་པའི་ཐད་དུ་སོང་བས་མཛེ་ནད་ཐམས་ཅད་ཆད། ལར་བོད་དུ་མཛེ་པོ་ཉུང་ངོ་། །དེ་ནས་གདུང་ལ་མེ་འཇོག་མ་དགོས་པར་བར་སྣང་ནས་མཁའ་འགྲོ་མ་མང་པོས་དབྱངས་ཏི་རི་རི་ཐམས་ཅད་ཀྱིས་ཚོར་བར་མགུར་འདི་གསུངས་སོ། །
རང་སེམས་གཏུམ་མོ་ལྷ་ཡི་མེ། །སྐྱེས་བུས་རྟག་ཏུ་བསྒོམ་བསྒོམ་པས། །ལས་ཀྱི་མེ་ཡིས་ཅི་ལ་ཕན། །མཚན་མ་ལུས་ཀྱི་ཁང་བུ་དེ། །སྔར་ནས་བཤིག་ཅིང་བསྒོམ་བསྒོམ་པས། །དེ་རིང་ཕུང་པོ་ཅི་ལ་ལུས། །མཛེས་པ་ལྷ་ཡི་དཀྱིལ་འཁོར་དེ། །རྣལ་འབྱོར་སེམས་ལ་རྫོགས་པ་ལ། །ས་ཡི་རི་མོས་ཅི་ལ་ཕན། །རླུང་སེམས་དབྱེར་མེད་མར་མེ་དེ། །རྒྱུན་ཆད་མེད་པར་འཆར་བ་ལ། །སེར་སྣའི་གོང་བུས་ཅི་ལ་ཕྱི། །བདུད་རྩི་ལྔ་ཡི་ཡེ་ཤེས་དེ། །རྒྱུན་ཆད་མེད་པར་གསོལ་བ་ལ། །ཟན་གྱི་བཤོས་བུ་སུ་ལ་འདྲེན། །ཚུལ་ཁྲིམས་གཙང་མའི་རྣལ་འབྱོར་དེ། །ཤེས་བྱའི་སྒྲིབ་པ་བྲལ་བ་ལ། །དེ་རིང་ཁྲུས་བུམ་སུ་ལ་བཅའ། །བར་སྣང་མཆོད་པའི་དཀྱིལ་འཁོར་རྒྱས། །དེ་རིང་བདུག་སྤོས་བྱེད་རྒྱུ་མེད། །མཁའ་འགྲོ་སྡེ་བཞིས་མཆོད་དབྱངས་མཛད། །ཡེ་ཤེས་ཌཱཀྐིས་མཆོད་པ་འབུལ། །དེ་རིང་ཆོ་ག་ཅི་ལྟར་བརྗོད། །རིག་འཛིན་ཀུན་གྱི་འཁོར་གྱིས་བསྐོར། །དཔའ་བོ་ཡོངས་ཀྱིས་ཞབས་ཏོག་བྱེད། །དེ་རིང་གདུང་ལ་རེག་དོན་མེད། །ཆོས་ཉིད་དབྱིངས་ཀྱི་ན་བུན་ལ། །བཅས་བཅོས་མི་དགོས་བཞག་པས་ཆོག །མཁའ་འགྲོ་སྡེ་བཞིའི་མཆོད་བསྟོད་ལ། །བདག་པོ་མི་དགོས་དགེ་སྦྱོར་མཛོད། །ལྷ་དང་བླ་མའི་དམ་ཚིག་ལ། །ཁ་ད་མི་དགོས་ཐུགས་དམ་སྐྱོང་། །རིན་ཆེན་གཏེར་གྱི་ཕུང་པོ་ལ། །ང་བདག་མ་བྱེད་མཉམ་པར་ཞོག །བླ་མ་སངས་རྒྱས་གསང་ཚིག་ལ། །བཤད་འདོད་མ་མང་སྨྲ་བཅད་མཛོད། །མ་དང་མཁའ་འགྲོའི་ཁ་རླངས་ལ། །གྲིབ་ཀྱིས་འཕོག་དྭོགས་སྐུ་མཚམས་སྡོད། །རྩེ་གཅིག་སྒྲུབ་པའི་རྣམ་ཐར་ལ། །ཕྲག་དོག་མང་བས་གསང་ཞིང་སྒྲུབ། །ཡ་མཚན་ལྷ་ཡི་ཕ་འབབ་ལ། །དངོས་གྲུབ་འབྱུང་ངོ་ཐེ་ཙོམ་ཆོད། །བླ་མ་རྗེ་བཙུན་རྣམ་ཐར་ལ། །སྙན་པ་ཆེ་བོ་བསྒྲགས་མི་དགོས། །ཡེ་ཤེས་མཁའ་འགྲོའི་གླུ་དབྱངས་ལ། །བྱིན་རླབས་འབྱུང་ངོ་མོས་གུས་བསྐྱེད། །མི་ལ་རས་པའི་བུ་བརྒྱུད་ལ། །གྲུབ་ཐོབ་མང་ངོ་སྐལ་ལྡན་ཅན། །ཡུལ་ཕྱོགས་འདི་ཡི་མི་ནོར་ལ། །ནད་ཡམས་དཀོན་ནོ་ལྷ་མི་ཀུན། །དེ་རིང་འདིར་འཚོགས་སེམས་ཅན་ལ། །ངན་སོང་མེད་དོ་འགྲོ་བ་ཀུན། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ། །སྣང་སེམས་ཐམས་ཅད་གཅིག་ཏུ་འདྲེས། །དགེ་ཞིང་སྐྱིད་པའི་ལྷ་ཆོས་ལ། །ཀུན་གྱི་རྟག་ཏུ་སྤྱོད་པར་ཤོག །
ཅེས་པའི་དབྱངས་ལ་ཆགས་ནས་སྣང་བ་གར་སོང་ཡང་མ་ཚོར་ཏེ། ཟླ་བ་གསུམ་ལ་ནམ་དང་ཉི་མ་ངོ་མ་ཤེས་པར། ནམ་མཁའི་དཀྱིལ་དུ་འོད་ཀོར་ཀོར་དཀྱིལ་དཀྱིལ་དུ་ནམ་མཁའ་གཡའ་དག་པ་ལ། མཐའ་མ་ཐམས་ཅད་ན་སྤྲིན་མཆོད་རྟེན་འདྲ་བ་མང་པོ་གྲལ་བསྒྲིགས་པ་ནི། ཤར་ལྷོ་ནུབ་བྱང་མེད་པར་འཁོར་རུང་དུ་བསྡད། ནམ་མཁའ་གཡའ་དག་པའི་མཐའ་མ་འཇའ་འོད་སྣ་ལྔ་ཀོ་རེ་ཡོད་པའི་ནམ་མཁའི་དཀྱིལ་དུ། ཨཱཿདམར་པོ་ཁྲུ་གང་པ་གཅིག་ཀྱི་ལི་ལི་བར་སྣང་ལ་མར་འཁོར་ཞིང་ཞག་བདུན་བསྡད། སྤུར་ཁང་ཐོག་ཏུ་འཇའ་འོད་ཀྱི་གདུགས་དང་། ཟུར་ལ་རྒྱལ་མཚན་དང་། ལར་ཡང་དུ་བ་དང་སྨུག་པ་འདྲེས་པ་ལ། བུམ་པ་དང་། རྡོ་རྗེ་དང་། དྲིལ་བུ་དང་། མེ་ལྕེ་ཐམས་ཅད་ཀྱང་པདྨ་དང་ཕྱེ་མ་ཕུར་མ་དང་། རྔ་ཡབ་དང་། ནོར་བུ་དང་། དཔལ་བེའུ་དང་། འཁོར་ལོ་དང་། གཡུང་དྲུང་དང་། ཏིང་དང་། ཏིང་ཏིང་ཤག་དང་། ཌཱ་མ་རུ་དང་། ཁ་ཊྭཱཾ་ཀ་དང་། ཐོད་པ་དང་། གྲི་གུག་དང་། རྔ་དང་། རྔེའུ་དང་། མཆོད་པའི་རྫས་སྣ་ཚོགས་སུ་ལམ་ལམ་དུ་གྱུར་ཏོ། །མེ་སྟག་ཐམས་ཅད་ཀྱང་ཕྲེང་བ་དང་། མུ་ཏིག་དང་། ཕྲེང་བའི་ལུ་གུ་རྒྱུད་མང་པོ་དང་། ཐིག་ལེ་དཀར་དམར་མཐིང་སྔོན་ལྗང་སེར་སྣ་ཚོགས་པས་ནམ་མཁའ་གང་བ་དང་། ནམ་མཁའ་ནས་མར་ལ་མེ་ཏོག་སེར་པོ་དཀར་པོ་སྔོ་དམར་ལྗང་ཁུ་མཐིང་ཁ་ཁྲ་བོ་ལ་སོགས་པ་དང་། མེ་ཏོག་རེ་ལ་འཇའ་འོད་སྣ་ལྔའི་གུར་ཕུབ་པ་མེ་ཏོག་རེ་ལ་དཀྱིལ་འཁོར་གྱི་པདྨའི་ཁ་དོག་དང་མཚུངས་པ་དཔག་ཏུ་མེད་པའི་ཆར་ནི་ཁ་བའམ་བལ་འདབ་བཞིན་བབ་པ། འོད་ཀོར་རོ་རོ་ཀྱི་ལི་ལི་མིག་གི་འོག་ནས་ཡར་ལོག་ནས་མི་ཟིན་པ་དང་། སྐལ་བ་ཡོད་ཡོད་ཀྱི་མགོ་ན་རང་དབང་མེད་པར་འབབ་པས་རོགས་མེད་པས་མ་མཐོང་བ་དང་། མཐོང་བ་ལག་པས་ཟིན་པ་དང་། མིས་མེ་ཏོག་བཟུང་བ་རྣམས་ཁ་གསུམ་དུ་སོང་བ་དང་། བདུན་བདུན་དུ་སོང་བ་དང་། ཉི་ཤུ་རྩ་གཅིག་རེར་སོང་བ་མང་པོ་བྱུང་། ལ་ལའི་ལག་ཏུ་ཡོད་ལེ་འཕེལ་དུ་མ་འདོད་པར་མདངས་ཆུང་དུ་སོང་ངོ་། །ནམ་ཟླ་དགུན་དུ་ཡོད་པ་ལ། དབྱར་ལོ་གསུམ་བྱུང་ངོ་། །དེར་ཚོགས་པ་རྣམས་ལ་ཡང་འཇིག་རྟེན་གྱི་སྣང་བ་མེད་པར་ཟླ་བ་དེའི་ངོ་ལ་ཟས་ཀྱི་སྣང་བ་མེད་པར་ལྟད་མོ་དང་། སྒྲ་དབྱངས་ཀྱི་སྣང་བ་ཕྲོགས་ཏེ། རས་པ་རྣམས་ཀྱང་དབྱངས་དང་གསོལ་འདེབས་དང་གར་དང་། ཕྱག་རྒྱ་ལ་སོགས་པ་རྣམས་རང་དབང་མེད་པར་བྱུང་ངོ་། །ལ་ལས་གསོལ་བ་འདེབས་པའི་བར་དུ་ངུ་ཞིང་མཆི་མ་རང་དབང་མེད་པར་བྱུང་ངོ་། །
དེ་ནས་རས་པ་གཅིག་གིས་ངས་མདང་ཞག་ཆོས་དྲུག་གི་གསོལ་འདེབས་ཞིག་ཀྱང་མ་ཞུས་ཟེར་ཞིང་ངུས་པས། སྤུར་ཁང་གི་ཐོག་ཏུ་རྗེ་བཙུན་སྐུ་ཆུང་ཆུང་ཞིག་བྱོན་ནས་ཆོས་དྲུག་གི་གསོལ་འདེབས་འདི་མགུར་དུ་གསུངས་སོ། །
འཇའ་ཚོན་ལྟ་བུའི་ལྷ་སྐུ་ལ། །ཟུང་འཇུག་རང་བཞིན་སྟོང་པ་གཅེས། །འདྲེ་གདོན་སེམས་ཀྱི་རྣམ་རྟོག་ལ། །མེད་སྣང་སྒྱུ་མར་ཤེས་པ་གཅེས། །དྲིན་ཅན་བླ་མ་རྗེ་བཙུན་ལ། །འདུ་འབྲལ་མེད་པའི་དད་གུས་གཅེས། །ལས་ཟིན་དུ་མེད་པའི་བྱ་བ་ལ། །གདོས་ཐག་ཆོད་པའི་བློ་རྒོད་གཅེས། །རྩ་རླུང་བདེ་དྲོད་འཁོར་ལོ་ལ། །མ་ཡེངས་འབད་རྩོལ་བྱེད་པ་གཅེས། །རྨི་ལམ་སྒྱུ་ལུས་བསྲེ་བ་ལ། །མཚམས་སྦྱོར་འདུན་པ་དྲག་པོ་གཅེས། །ངོ་བོ་འོད་གསལ་རྗེན་པ་ལ། །བློས་བྱས་ཉམས་སུ་མ་ཐལ་གཅེས། །སྣ་ཚོགས་སྣང་བ་ཆོས་ཉིད་ལ། །གཞི་རྩ་ཆོད་པའི་གདམས་ངག་གཅེས། །མ་རྟོགས་སེམས་ཅན་ཐམས་ཅད་ལ། །བྱམས་དང་སྙིང་རྗེའི་རྒྱུན་ཐག་གཅེས། །རང་སེམས་སྐྱེ་མེད་ཆོས་སྐུ་ལ། །བློ་རེ་དྭོགས་མེད་པའི་རྟོགས་པ་གཅེས། །
ཞེས་པ་བར་སྣང་ལ་ལྷང་ལྷང་ཐོས། སྣང་བ་དག་པ་རྣམས་ལ་གདུང་བཞུ་རྒྱུ་མ་རྙེད་དེ། གཟིམས་མལ་དུ་བུ་ག་ཧ་རེ་འདུག །སྐུ་གཤེགས་ཤུལ་དུ་མཁའ་འགྲོ་མ་མང་པོས་ས་རྡོ་ཡན་ཆད་དྲངས་པ་མཐོང་། རྗེ་བཙུན་རང་གི་ཐུགས་ལ་མེ་འབར་བ་མཐོང་། ནམ་མཁར་ཡེ་ཤེས་ཀྱི་མེ་ཡི་ནང་དུ། བདེ་མཆོག །ཀྱེ་རྡོར། གསང་འདུས་ལ་སོགས་པའི་གསང་སྔགས་ཀྱི་དཀྱིལ་འཁོར་མང་པོ་ལྷ་དང་བཅས་པ་བཀྲ་ལམ་མེ་མཐོང་ངོ་། །སའི་རོང་ཐམས་ཅད་སྨུག་པ་ཞོ་ཆགས་པ་འདྲ་བའི་ནང་དུ་འོད་ཟེར་གྱི་དྲྭ་བ་དང་། ཕྲེང་བ་དང་། མཆོད་རྫས་མང་པོས་གང་བ་བྱུང་། རི་རྩེ་ཐམས་ཅད་ལ་འཇའི་མཆོད་རྟེན་དང་། ཀོར་ཀོར་དང་། གྲུ་བཞི་དང་། སོག་ཀ་དང་། ཆོས་འབྱུང་ལ་སོགས་པ་དཔག་ཏུ་མེད་པའི་གྲལ་ཁྲིག་གེ་འདུག །རི་དེའི་རྐེད་པ་ལ་དུ་བ་དང་། མེ་ལྕེ་དང་། སྨུག་པ་གསུམ་ལ་རང་བཞིན་གྱིས་གྲུབ་པའི་གུར་དང་། མཆོད་རྟེན་ལ་སོགས་པའི་མཆོད་རྫས་ཀྱི་ནང་ནས་མཁའ་འགྲོ་མ་སྐུ་མདོག་དཀར་མོ། དམར་མོ་སེར་མོ་སྔོན་མོ་ལྗང་ཁུ་མཐིང་ཀ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་མང་པོས། བར་སྣང་ནས་གདུང་ཁང་ལ་མེ་ཏོག་མང་པོ་གཏོར་ཅིང་དར་དཀར་པོའི་བླ་རེས་འཐེན་ཅིང་འདུག་པ་ཅི་ཡིན་བསམ་ནས་བལྟས་པས། གདུང་རིང་བསྲེལ་འདུས་པའི་གོང་བུ་གཅིག་ལ། འོད་ཟེར་སྣ་ཚོགས་འཕྲོ་བ་ཅིག་འདུག་པས། ངོ་མཚར་ཆེ་དྲགས་པས་རས་པ་རྣམས་ངུ་བ་དང་བརྒྱལ་བ་མང་པོ་བྱུང་། ལ་ལས་འདི་ཅི་ཡིན་ན་ཟེར་བས། དེའི་དུས་སུ་མཁའ་འགྲོ་མ་རྣམས་ཀྱིས་གདུང་དབྱངས་འདི་བར་སྣང་ནས་བླངས་སོ། །
རྗེ་ཡིད་བཞིན་ནོར་བུ་གཤེགས་ཤུལ་དུ། །ལ་ལ་ངུ་ཞིང་ལ་ལ་དགའ། །བརྒྱལ་ཏེ་མྱ་ངན་བྱེད་དུས་འདིར། །རང་བྱུང་མེ་ནི་རང་འབར་བྱུང་། །དུ་བ་འཇའ་འོད་མཆོད་སྤྲིན་འཁྲིགས། །གདུགས་དང་རྒྱལ་མཚན་བ་དན་དང་། །བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱིལ། །མེ་སྒྲ་དུང་སྒྲ་ཆ་ལང་དང་། །པི་ཝང་གླིང་བུ་ཏིང་ཏིང་ཤག །ཅང་ཏེའུ་ཌཱ་མ་རུ་སྒྲ་སྙན་འཁྲོལ། །མེ་སྟག་སྐར་མདའ་འཕྲོས་པ་ལས། །ཕྱི་ནང་མཆོད་པའི་ལྷ་མོར་གྱུར། །གསང་བའི་མཆོད་པ་སྣ་ཚོགས་བྱེད། །ཡིད་འོང་མཁའ་འགྲོ་མང་པོ་ཡིས། །སྤུར་སྦྱངས་གདུང་ནི་གཤེགས་ནས་ཁྱེར། །ཕུང་པོ་ལྷག་མེད་གྲུབ་པ་ལ། །ཁྱེད་རྣམས་གདུང་ལ་བཞུ་སྦྱངས་མཚར། །བླ་མ་ཆོས་སྐུའི་ནམ་མཁའ་ལ། །ལོངས་སྐུ་སྨོན་ལམ་མཆོད་སྤྲིན་འཁྲིགས། །སྤྲུལ་སྐུ་ཕྲིན་ལས་མེ་ཏོག་ཆར། །རྒྱུན་ཆད་མེད་པར་འབབ་ཅིང་འཕེལ། །གདུལ་བྱའི་ལོ་ཏོག་སྨིན་པར་མཛད། །གང་ཡང་སྐྱེ་བ་མེད་པ་ཡི། །ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད། །སྟོང་པ་ཉིད་ལ་སྐྱེ་འགག་གནས། །བྲལ་བས་ཐེ་ཙོམ་ཅི་བྱར་ཡོད། །
ཅེས་གསུངས་པས། དར་གྱི་བླ་རེའི་འོག་ཏུ་འོད་ཧྲི་ལི་ལི་བ་དེ་ནམ་མཁའ་ལ་འགྲོ་འདོད་པ་ལ། རས་པ་ཞི་བ་འོད་ཀྱིས་གསོལ་འདེབས་འདི་ཕུལ་བའི་རམ་འདེགས་སེ་བན་དང་འབྲི་སྒོམ་གཉིས་ཀྱིས་མཛད་དོ། །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact