| / Mahamudra / Gampopa |
Gampopa's collected works (37)
༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བསྟན་བཅོས་ལུང་གི་ཉི་འོད་ཅེས་བྱ་བ་བཞུགས་སོ། །
༼༡བ༽ན་མོ་གུ་རུ། སརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ སེམས་དོན་སྙིང་པོའི་གནས་ལུགས་གསལ་བྱེད་ལུང་གི་ཉི་འོད་ཅེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་སྡོམ། དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་སྲིད་དང་མྱ་ངན་འདས་པའི་ཆོས། །སེམས་ཀྱི་རང་བཞིན་འོད་གསལ་སྟོང་ཉིད་དུ། །སྐལ་བཟང་འགྲོ་ལ་ཇི་བཞིན་གསལ་མཛད་པའི། །རྒྱལ་བ་རྒྱལ་སྲས་འཕགས་པའི་ཚོགས་ལ་འདུད། །ཀུན་མཁྱེན་མཁྱེན་རབ་རབ་ཏུ་གསལ་ཞིང་ཞིང་འདིར་རྣམ་དག་དག་པའི་ཐུགས། །ཐུགས་རྗེས་རྗེས་བཟུང་བཟུང་འཛིན་དྲི་མ་མ་དག་དག་བྱེད་བྱེད་པར་སྟོན། །སྟོན་པས་ལེགས་གསུང་གསུང་མཆོག་མཆོག་དེ་དེ་ཉིད་ལེགས་ཤེས་ཤེས་རབ་ཟབ། །ཟབ་དོན་དོན་མཆོག་མཆོག་ཏུ་ལེགས་སྟོན་སྟོན་མཆོག་བླ་མ་དེ་ལ་འདུད། །འཁོར་འདས་སྐྱོན་ཡོན་སྤང་བླང་ཐབས་ཀྱི་གཙོ། །སེམས་དོན་སྙིང་པོའི་གནས་ལུགས་གསལ་བྱེད་པ། །མདོ་རྒྱུད་བསྟན་བཅོས་མན་ངག་ཉི་མའི་༼༢ན༽འོད། །རང་གཞན་མུན་པ་སེལ་ཕྱིར་ཅུང་ཟད་བྲི། །འདིར་འཁོར་བ་དང་མྱ་ངན་ལས་འདས་པའི་སྡུག་བསྔལ་སྤང་ཞིང་། བདེ་བ་ཐོབ་པར་འདོད་པའི་གང་ཟག་གིས། བདག་རང་གི་སེམས་ཉིད་འདི་ཁོ་ན་བསྒོམ་པར་བྱ་བ་ཡིན་ལ། དེ་ཡང་དོན་གཉིས་ཀྱིས་ཤེས་པར་བྱ་སྟེ། སེམས་དོན་ཉམས་སུ་ལེན་དགོས་པའི་རྒྱུ་མཚན་དང་། དེ་ལ་ཉམས་སུ་བླང་བར་བྱ་བའོ། །དང་པོ་ལ་གསུམ། སྐྱོན་ཡོན་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པ་དང་། སེམས་དོན་མ་བསྒོམས་པའི་ཉེས་དམིགས། སེམས་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི་འཁོར་འདས་ཀྱི་སྐྱོན་ཡོན་བདེ་སྡུག་ཐམས་ཅད་སེམས་ལ་བརྟེན་པའམ། སེམས་ལས་བྱུང་བའི་ཕྱིར་སེམས་ཉིད་བསྒོམ་པར་བྱ་བ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པའི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཆོས་ཞེས་བགྱི་བའི་ཆོས་གང་ལགས་པ་དེ་ནི། ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ། གཞན་དུ་ན་རང་གི་༼༢བ༽སེམས་ལ་རག་ལས་པ་ནི་མ་གཏོགས་སོ། །དེ་ལྟ་བས་ན་བདག་རང་གིས་སེམས་ཤིན་ཏུ་བཟུང་བ་དང་། མཐར་གཏུགས་པ་དང་ཤིན་ཏུ་དུལ་བ་དང་ཤིན་ཏུ་མཉམ་པར་གཞག་པ་དང་། ཤིན་ཏུ་ཚར་ཆོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཡོད་པ་ལ་ནི་ཡོན་ཏན་དང་ཉེས་པ་རྣམས་ཡོད་ཀྱིས། སེམས་མེད་པ་ལ་ནི་ཡོན་ཏན་དང་ཉེས་པ་རྣམས་མེད་དོ་སྙམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་ཉེས་པ་རྣམས་ལས་བཟློག་ནས་ཡོན་ཏན་རྣམས་ལ་འཇུག་སྟེ། དེ་ལྟ་བས་ན། ཆོས་ནི་སེམས་ལ་རག་ལས་ལ། བྱང་ཆུབ་ནི་ཆོས་ལ་རག་ལས་ཞེས་བགྱིའོ། །བཅོམ་ལྡན་འདས་ནི་ཆོས་ཡང་དག་པར་འཛིན་པ་ལགས་ཏེ། བདེ་བར་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །ཞེས་པ་དང་། འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང་། འདི་ལྟ་སྟེ་དཔེར་ན། བུ་ག་ནས་རླུང་འཇུག་པ་དེ་བཞིན་དུ་གང་དང་གང་ནས་སེམས་ལ་སྐྱོན་བྱུང་བ་དེ་དང་དེ་ཉིད་ནས་བདུད་ཀྱིས་གླགས་རྙེད་དོ། །དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་ལ་སྐྱོན་མེད་པར་བྱའོ། །དེ་ལ་སེམས་ལ་སྐྱོན་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡོངས་སུ་རྫོགས་པའོ། །ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཞེས་དང་། འཇིག་རྟེན་སེམས་ཀྱིས་འཁྲིད་པ་སྟེ། །སེམས་ཀྱིས་སེམས་ནི་མི་མཐོང་ངོ་། །དགེ་བའམ་ནི་མི་དགེ་བ། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །སེམས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རླབས་དང་འདྲ་བར་གཡོ། །སེམས་ནི་ནགས་ཀྱིས་མེས་བཞིན་བསྲེག །སེམས་ནི་ཆུ་ཆེན་བཞིན་དུ་བསྐྱེད། །ཅེས་དང་། འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་། བྱང་ཆུབ་སེམས་དཔའི་༼༣ན༽སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ནོ། །ཞེས་པ་ནས། རིགས་ཀྱི་བུ་གང་འདི་སྙམ་དུ་སེམས་ཏེ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་ནི་རང་གི་སེམས་བརྟན་པར་བྱའོ། །བཟོད་པ་ནི་རང་གི་སེམས་ཉིད་མཉམ་པར་བྱའོ། །ཡེ་ཤེས་ཁོང་དུ་ཆུད་པ་ལ་ནི་རང་གི་སེམས་ཉིད་གཞོལ་བར་བྱའོ། །ཤེས་རབ་ཀྱིས་ནི་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ། །དབང་པོ་རྣམས་ལ་རང་གི་སེམས་ཉིད་བསྲུང་བར་བྱའོ། །སངས་རྒྱས་དང་མཉམ་པ་ཉིད་ལ་ནི་རང་གི་སེམས་ཉིད་རྒྱས་པར་བྱའོ། །ཞེས་པ་དང་། ཡུམ་ཤེར་ཕྱིན་གྱི་མདོ་ལས་ཀྱང་། སེམས་ཅན་གྱི་དོན་དུ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་སེམས་གཡེང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་གཡེངས་པ་ལ་ནི་འཇིག་རྟེན་པའི་བསམ་གཏན་བསྐྱེད་པར་ཡང་དཀོན་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས། དེ་ལྟ་བས་ན། བླ་ན་མེད་པའི་བྱང་ཆུབ་ཏུ་སངས་མ་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ། །ཞེས་པ་དང་། ཆོས་མངོན་པའི་མདོ་ལས་ཀྱང་། ཐོག་མ་མེད་པའི་དུས་ཅན་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པར་འགྱུར་བ་ཡིན། །ཞེས་པ་དང་། དཔལ་འཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན། དེ་ལ་ཆོས་འཁོར་བ་ཞེས་བགྱི་བའམ་མྱ་ངན་ལས་འདས་པ་ཞེས་གདགས་སོ། །ཞེས་དང་། རྒྱུད་དགྱེས་རྡོར་ལས་ཀྱང་། འདི་ཉིད་འཁོར་བ་ཞེས་ཀྱང་བྱ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་༼༣བ༽འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་པ་དང་། ང་ལས་འགྲོ་བ་ཐམས་ཅད་འབྱུང་། །ང་ལ་གནས་གསུམ་པོ་ཡང་འབྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་པ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ཀྱང་། རྣལ་མའི་དོན་ལ་གནས་ནས་ནི། །ཇི་ལྟར་བྱས་ཀྱང་གོལ་བར་འགྱུར། །སྐྱོན་ཡོན་འཁོར་འདས་བདེ་སྡུག་རྣམས། །ལྷན་ཅིག་སྐྱེས་པའི་ཡང་དག་གནས། །ཞེས་དང་། རྡོ་རྗེ་གུར་ལས་ཀྱང་། ཐོག་མ་མེད་པའི་སྲིད་གྱུར་ནས། །ཕྱི་རོལ་དོན་དུ་བཏགས་པ་སྟེ། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཞིང་། །སེམས་ཉིད་ཀུན་ཏུ་སོང་བའོ། །ཞེས་དང་། ཉི་མའི་སྙིང་པོའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོས་གསོལ་པ། འཁོར་བར་འཇུག་པ་དང་ལྡོག་པ་ཇི་ལྟར་ཤེས་པར་བགྱི། བཀའ་སྩལ་པ། གང་བདག་ཏུ་འཛིན་པ་དེ་འཁོར་བར་འཇུག་གོ །བདག་མེད་པར་ཤེས་པ་ནི་འཁོར་བ་ལས་ལྡོག་གོ །ཞེས་པ་དང་། ཡབ་སྲས་མཇལ་བ་ལས་ཀྱང་། གང་སེམས་ལ་རྣམ་རྟོག་ཡོད་ཀྱི་བར་འཇུག་ལ། ནམ་སེམས་ལ་རྣམ་རྟོག་མེད་ཙ་ན་འཁོར་བ་ལས་ལྡོག་གོ །རྗེ་བཙུན་ཞི་བ་ལྷའི་ཞལ་ནས་ཀྱང་། ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་ཆེན་དམ་བཏགས་ནས། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ་རྣམས་ཐམས་ཅད་དང་། །སེམས་ཅན་དམྱལ་བའི་སྲུང་མ་དང་། །བྱད་མ་དེ་བཞིན་སྲིན་པོ་རྣམས། །སེམས་ནི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་འདི་གཅིག་པུ་ཐུལ་བས་ན། །དེ་དག་ཐམས་ཅད་ཐུལ་བར་འགྱུར། །ཞེས་དང་། དེ་ལྟར་བདག་༼༤ན༽གི་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་པ་དང་། ས་ར་ཧའི་མན་ངག་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདའ་འཕྲོ་བའི། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །གཉིས་པ་ནི་སེམས་ཀྱི་དོན་མ་བསྒོམས་ན་ལུས་ངག་གི་དགེ་བ་དཀའ་ཐུབ་དང་། ཚིག་ཙམ་གྱི་ཐོས་བསམ། དམིགས་བཅས་ཀྱི་སྒོམ་པ་ལ་སོགས་གང་གིས་ཀྱང་གནས་སྐབས་ཀྱི་བདེ་འབྲས་ཙམ་ལས། མཐར་ཐུག་གི་དག་གྲོལ་མི་ཐོབ་སྟེ། དེ་ལྟར་ཆོས་ཡང་དག་པར་སྡུད་པའི་མདོ་ལས། དགེ་སློང་བུད་མེད་ཀྱི་ལུས་ཀྱི་རྣམ་པ་ཡིད་ལ་བྱེད་ན་ཚུལ་ཁྲིམས་ལ་གནས་ཀྱང་དཀའ་ཐུབ་པ་ཞེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ཀྱི་ལས་ནི་སེམས་སྔོན་དུ་འགྲོ་ཞིང་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །དེས་ན་དེའི་ཚུལ་ཁྲིམས་དེ་ནི་དོན་མེད་པ་དང་། ཚིག་ཆད་པ་དང་བརྣགས་པ་མེད་པ་དང་། འབྲས་བུ་མེད་པར་འགྱུར་རོ། །དགེ་སློང་གང་རྒྱལ་པོའི་ཕོ་བྲང་འཁོར་དང་བསོད་སྙོམས་དང་རྙེད་པ་དང་བཀུར་སྟི་ཡིད་ལ་བྱེད་ན་ཐོས་བསམ་ལ་བརྩོན་ཀྱང་། ཁ་ཏོན་པ་ཞེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ངག་གི་ལས་ནི་སེམས་སྔོན་དུ་འགྲོ་ཞིང་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །དེས་ན་དེའི་ཁ་ཏོན་དེ་ནི་དོན་མེད་པ་དང་། ཚིག་ཆད་པ་དང་། བརྣགས་པ་མེད་པ་དང་། འབྲས་བུ་མེད་པར་འགྱུར་རོ་ཞེས་པ་དང་། དེ་ཉིད་ཀྱི་ཕྱིར་ཞི་བ་ལྷས་ཀྱང་། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །གང་༼༤བ༽གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་འཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་པ་དང་། རིན་པོ་ཆེ་ཕུང་པོའི་མདོ་ལས། འདི་ལྟར་ལུས་ཀྱིས་ལུས་དག་པར་འགྱུར་གྱིས། ལུས་ཀྱིས་སེམས་དག་པར་ནི་མི་འགྱུར་རོ། །དེ་བས་ན་སེམས་དག་པར་བྱ་ཡིས། ལུས་དག་པར་ནི་མ་ཡིན་ཏེ། སེམས་དག་པ་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཚངས་པར་སྤྱོད་པའོ་ཞེས་པ་དང་། རྒྱ་ཆེར་རོལ་པའི་མདོ་ལས་ཀྱང་། དག་དང་སྐད་དང་སྒྲ་རྣམས་ཙམ་གྱིས་ནི། །དགེ་བའི་ཆོས་རྣམས་འགྲུབ་པར་མི་ནུས་ཀྱི། །ནན་ཏན་སྙིང་པོར་བྱ་བས་སྒྲུབ་བྱོས་ལ། །ཇི་སྐད་སྨྲས་པ་དེ་བཞིན་བྱ་བར་བྱོས། །གཞན་གྱི་གླེང་བའི་སྐབས་ནི་མི་དབྱེ་བར། །བདག་ཉིད་རྟག་ཏུ་བསྒྲིམས་པས་འབད་པར་གྱིས། །ཞེས་པ་དང་། ལྷག་བསམ་བསྐུལ་བའི་མདོ་ལས་ཀྱང་། བདག་ནི་བསྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་སུ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་པ་དང་། ཡུན་རིང་དུས་སུ་སྨྲ་ལ་དགའ་བས་ནི། །དེ་ནི་བདག་ཉིད་དགའ་བ་མི་ཐོབ་བོ། །ཚིག་གང་དགའ་བ་མཐའ་ཡས་ཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམ་ཀྱང་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་གྱིས་ལ་དོན་སོམས་ཤིག །ཅེས་པ་དང་། སྡོང་པོ་བཀོད་པའི་མདོ་ལས་ཀྱང་། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །༼༥ན༽དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་དག །སྐོམ་ནས་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཅི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་གྱུར་ཀྱང་། །བདག་ནི་བཀྲེས་པས་ཤི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་ཡི་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་གྲངས་མང་བགྲང་བྱེད་ཀྱང་། །བདག་ཉིད་གཅིག་ཙམ་མི་ཐོབ་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང་། །ཟས་དང་གོས་དག་མི་བདོག་པས། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་དུས་དབུས་སུ་འདྲིར་བཅུག་ཀྱང་། །བདག་ཉིད་ཀྱིས་ནི་མི་མཐོང་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །བདག་ཉིད་དེ་ནང་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་ལམ་གྱི་བཞི་མདོར་ཡང་། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཀྱང་། །བདག་གིས་ཐོས་པར་མི་འགྱུར་བ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་པ་དང་། འོད་སྲུང་གིས་ཞུས་པའི་མདོ་ལས་ཀྱང་། དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་ཁྱེར་ལ། །དེ་ནི་སྐོམ་ཞིང་འཆི་བའི་དུས་བྱེད་འགྱུར། །དེ་བཞིན་ཆོས་མང་སྲེད་པས་བག་མེད་པ། །ཆོས་ཀྱི་རྒྱ་མཚོར་གནས་ཀྱང་ངན་འགྲོར་འགྲོ །ཞེས་པ་དང་། དཔེར་ན་སྨན་པའི་སྨན་སྒྲོར་བཅུག་པའི་སྨན། །འཇིག་རྟེན་ཀུན་ཏུ་ཡོངས་སུ་རྒྱུ་བྱེད་ཀྱང་། །ནད་ཀྱིས་བཏབ་པ་བཟློག་པར་མི་ནུས་ན། །དེ་ཡི་སྨན་ནི་དོན་མེད་འགྱུར་བ་ཡིན། །དེ་བཞིན་དགེ་སློང་ཚུལ་༼༥བ༽ཁྲིམས་ཡོན་ཏན་ལྡན། །ཐོས་དང་ལྡན་ཡང་ཚུལ་བཞིན་མ་ཡིན་པའི། །ཉོན་མོངས་འབྱུང་བའི་ནད་ནི་མི་སེལ་ན། །དེ་ཡིས་ཐོས་ལ་བརྩོན་པ་དོན་མེད་ཡིན། །ཞེས་པ་དང་། སའི་སྙིང་པོའི་མདོ་ལས་ཀྱང་། ང་ཡིས་རབ་ཏུ་ཟབ་པའི་ཆོས་བཤད་ཀྱང་། །ཁྱེད་ཀྱིས་ཐོས་ནས་ཡང་དག་མ་བསྒྲུབས་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་བཞིན། །བདག་གི་ནད་ནི་སོས་པར་མི་འགྱུར་རོ། །ཞེས་པ་དང་། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། གལ་ཏེ་ཐོས་པ་དང་ལྡན་པ། དལ་བ་ཕུན་སུམ་ཚོགས་པ་རྙེད་པ་ལ་སོགས་པ་ལ་ཆགས་པའི་སེམས་མི་སྤྱོད་ན། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་སླུ་བ་གཅིག་པུར་འགྱུར་རོ། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཚིག་ལྷུར་བླང་བར་མི་བྱ་བར་ནན་ཏན་སྙིང་པོར་བླང་བར་བྱའོ། །ཞེས་པ་དང་། དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཀྱང་། དཔེར་ན་གང་ལ་རྣལ་འབྱོར་མེད་པ་དེ་དག་ནི། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ་སྟེ། ཞེས་པ་དང་། ཆོས་འབྱུང་བ་མེད་པའི་མདོ་ལས་ཀྱང་། སྤྱོད་ལམ་དག་ཀྱང་འཁྲུལ་པས་ཆགས་གྱུར་ཅིང་། །ཚིག་དང་སྨྲ་ལ་མཁས་ཤིང་མི་མཁས་ཏེ། །ཆོས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན། །ཚིག་གི་དག་པས་བྱང་ཆུབ་སངས་མི་རྒྱ། །མཉམ་ཞིང་དོན་ཉིད་བློ་ལ་མ་མཉམ་ན། །ཚིག་གིས་མཉམ་པས་རྟོག་པའི་རླུང་མི་ཟློག །ཅེས་པ་དང་། རྣམ་པར་རོལ་པའི་མདོ་ལས་ཀྱང་། སེམས་ཀྱི་རང་བཞིན་མ་རྟོགས་ན། སེམས་རྣམ་པར་རྟོག་པའི་ཁ་ཐབས་སུ་སོང་བས། ཁམས་གསུམ་དུ་འཁོར་ཞིང་རྒྱུ་དྲུག་ཏུ་༼༦ན༽འཁྱམས་པ་ཡིན་ནོ། །ཞེས་པ་དང་། ལས་རྣམ་གཞག་གི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་གསོལ་པ། ལས་དང་རྣམ་པར་སྨིན་པའི་རང་བཞིན་ཇི་ལྟ་བུ་ལགས། བཀའ་སྩལ་པ། དེའི་རང་བཞིན་ནི་ཆོས་ཉིད་དོ། །གསོལ་པ། འོ་ན་སེམས་ཅན་འབད་པ་མེད་པར་གྲོལ་བར་རིགས་སོ། །བཀའ་སྩལ་པ། དེ་ནི་མི་རིགས་པ་སྟེ། འོ་མ་མ་དཀྲུགས་པར་མར་མི་འབྱུང་བ་དང་། དངུལ་རྡོ་མ་བཞུས་པར་དངུལ་མི་འབྱུང་ངོ་། །དེ་བཞིན་དུ་སེམས་ཀྱང་མ་བསྒོམས་མ་བསྒྲུབས་པར་ནི་སངས་མི་རྒྱ། །གསོལ་པ། ཡེ་ནས་ཆོས་ཉིད་ལགས་ན་བསྒོམ་ཅི་འཚལ། །བཀའ་སྩལ་པ། རྣམ་པར་རྟོག་པ་གློ་བུར་བ་ནམ་མཁའ་ལ་སྤྲིན་ལྟ་བུ་དེ་སེལ་བའི་ཕྱིར་སྒོམ་དགོས་པའོ། །གསོལ་པ། འོ་ན་རྣམ་པར་རྟོག་པ་གློ་བུར་བ་ལགས་ན། སངས་རྒྱས་ལ་ཡང་རྣམ་པར་རྟོག་པ་འབྱུང་བར་རིགས་སོ། །བཀའ་སྩལ་པ། སངས་རྒྱས་ནི་རྟོག་པ་ཐམས་ཅད་རྩ་བ་ནས་ཆད་པ་ཡིན་ཏེ། རིམས་ནད་ལེགས་པར་བྱང་བ་དང་འདྲའོ། །ཞེས་པ་དང་། རྒྱུད་ལས་ཀྱང་། འོད་གསལ་ནམ་མཁའ་མ་གཏོགས་པ། །རྣམ་པ་གཞན་གྱིས་རྙེད་མི་འགྱུར། །ཞེས་པ་དང་། ས་ར་ཧས་ཀྱང་། དགེ་ཚུལ་དགེ་སློང་གནས་བརྟན་ཞེས་བྱ་བའོ། །བནྡེ་རྣམས་ནི་དེ་ལྟར་རབ་བྱུང་ནས། །ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འདུག །ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང་། །ཁ་ཅིག་ཐེག་ཆེན་དེ་ལ་རྒྱུ་བྱེད་དེ། །ཐམས་ཅད་གཞུང་ལུགས་འཆད་པའི་བསྟན་བཅོས་ཡིན། །གཞན་དག་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ། །ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་སྣང་། །གཞན་དག་སྟོང་པ་ཉིད་ལ་བལྟ་བ་སྟེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། །༼༦བ༽ཞེས་པ་དང་། ཀྱེ་ཧོ། བུ་ཉོན། རྩོད་པའི་རོ་ནི་དགའ་བར་གནས་ཤེས་པའི། །འགྲོ་བ་འཆད་ཅིང་འདོན་པ་ལ་སོགས་པས། །དེ་ཉིད་ཟབ་མོ་རྟོགས་པར་ནུས་མ་ཡིན། །ཞེས་པ་དང་། གང་ཞིག་གང་ལ་གནས་པ་ནི། །དེ་ནི་ད་དུང་མི་མཐོང་སྟེ། །མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །ཞེས་སོ། །གསུམ་པ་ནི་སེམས་ཉིད་ཀྱི་དོན་བསྒོམས་ན་སངས་རྒྱས་ཀྱི་ལམ་ཐུན་མོང་མ་ཡིན་པ་ཡིན་ཞིང་ཚོགས་གསོག་པ་དང་། སྒྲིབ་པ་སྦྱོང་བ་འདི་ལས་སྟོབས་ཆེ་བ་གཞན་མེད་པས་ཀྱང་སེམས་བསྒོམ་པར་བྱ་བ་ཡིན་ཏེ། ཤེས་རབ་སྙིང་པོ་ལས། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པ་དང་། སྤྱན་རས་གཟིགས་རྣམ་པར་རོལ་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་གསོལ་པ། དུས་ཐ་མའི་ཚེ་ཡང་དག་པའི་ལམ་ཞེས་བགྱི་བ་གང་ལགས། བཀའ་སྩལ་པ། ཡང་དག་པའི་ལམ་ཞེས་བགྱི་བ་ན་ལམ་རྣམ་པར་མི་རྟོག་པའི་ལམ་དབུ་མ་མ་ནོར་བ་དེ་ཡིན། །གསོལ་པ། སེམས་ཅན་དང་སངས་རྒྱས་ཐམས་ཅད་སེམས་ཀྱི་ལམ་ནས་འགྲོ་བ་ལགས་སམ། བཀའ་སྩལ་པ། ལམ་སྲོལ་ཆེན་པོར་རྒྱལ་པོ་དང་། །སྤྲང་པོ་ལ་སོགས་ཀུན་འགྲོ་ལྟར། །སེམས་ཀྱི་བརྒྱ་ལམ་ཆེན་པོ་ནས། །སེམས་ཅན་རྣམས་ནི་སངས་རྒྱས་ཀུན། །བརྒྱ་ལམ་དེ་ནས་འགྲོ་བ་ཡིན། །དེས་ན་རྣལ་འབྱོར་སྤྱོད་པ་ཡིས། །སེམས་ཀྱི་ལམ་ལ་ནན་ཏན་བྱ། །ཞེས་པ་དང་། དེ་ཁོ་ན་ཉིད་རབ་ཏུ་མི་གནས་པའི་རྒྱུད་ལས་ཀྱང་། ཐ་མལ་ཤེས་པའི་རང་བཞིན་འབྲས་བུའི་མཆོག །མ་བཅོས་བཞག་ན་སྐུ་གསུམ་༼༧ན༽འབྲས་བུ་འཐོབ། །རང་གར་གློད་ན་མཐར་ཕྱིན་ཡེ་ཤེས་ཡིན། །སེམས་ཉིད་མ་བཅོས་རྡོ་རྗེ་ཀུན་གྱི་ངང་། །རྣལ་མར་བཞག་པའི་དོན་འདི་བརྗོད་དུ་མེད། །དེ་ནི་དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །ཞེས་པ་དང་། དེ་ཁོ་ན་ཉིད་ངེས་པར་སྟོན་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པ་ཙམ་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཤཱ་རིའི་བུ་གང་སངས་རྒྱས་སུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ལ་གནས་པ་ཤ་སྟག་གོ །ཞེས་པ་དང་། རྟོགས་པ་ཆེན་པོ་རྒྱས་པའི་མདོ་ལས་ཀྱང་། ཐང་ཅིག་བསམ་གཏན་མཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། །ཞེས་པ་དང་། གཙུག་ཏོར་ཆེན་པོའི་མདོ་ལས་ཀྱང་། བསྐལ་པ་མང་པོའི་བར་ཐོས་པ་བསམ་པ་བས་ནི། ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམས་ན་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་སྐྱེ་ཤིའི་ལམ་དང་རིང་དུ་འབྲལ་བར་བྱེད་པའི་ཕྱིར་རོ། །ཞེས་པ་དང་། དོན་དམ་པ་རྟོགས་པའི་མདོ་ལས་ཀྱང་། ཁམས་གསུམ་གྱི་སེམས་ཅན་གྱིས་ཇི་སྲིད་འཚོའི་བར་དུ་འཚོ་བའི་ཡོ་བྱད་ཀྱིས་ཚོགས་བསགས་པ་བས། རྣལ་འབྱོར་པ་སྟོང་པ་ཉིད་ཐུན་གཅིག་སྒོམ་པ་བསོད་ནམས་ཆེའོ། །ཞེས་པ་དང་། ཆོས་འབྱུང་བ་མེད་པར་བསྟན་པའི་མདོ་ལས་ཀྱང་། ཡུན་རིང་དུས་སུ་ཚུལ་ཁྲིམས་སྲུང་བྱེད་ཅིང་། །བསྐལ་པ་བྱེ་བར་བསམ་གཏན་བརྟེན་བྱས་ཀྱང་། །ཡང་དག་དོན་གྱི་མཐའ་འདི་མ་རྟོགས་ན། །བསྟན་པ་འདི་ལ་དེ་དག་གྲོལ་མི་འགྱུར། །ཅི་ཡང་མེད་པའི་ཆོས་༼༧བ༽འདི་སུས་ཤེས་པ། །ནམ་ཡང་དེ་ནི་ཆོས་ཀུན་ཆགས་མི་འགྱུར། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས་ཀྱང་། ཏིང་འཛིན་བསྒོམས་ལས་ཐེ་ཚོམ་གཅོད་འགྱུར་གྱིས། །དེ་མ་རྟོགས་པར་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་བསྒོམ་པ་མཆོག་ཡིན་གྱིས། །མཁས་པ་དག་གིས་དེ་ལ་ནན་ཏན་བྱ། །ཞེས་པ་དང་། དེ་ཉིད་ལས། ཆོས་འབྲི་བ་དང་། ཀློག་པ་དང་། ཉན་པ་དང་། འཆད་པ་དང་། ཁ་ཏོན་རྣམས་བསྐལ་པར་བྱས་པ་བས། ཉི་མ་གཅིག་སྒོམ་པ་སྟོབས་ཆེའོ། །ཞེས་པ་དང་། རྒྱུད་རྡོ་རྗེ་གུར་ལས་ཀྱང་། ཡིད་བཞིན་ནོར་བུ་རིན་པོ་ཆེས། །འདོད་དོན་འབྲས་བུ་སྩོལ་བ་བཞིན། །བདེན་ཞིང་དག་པའི་སེམས་ཉིད་ལས། །སངས་རྒྱས་བྱང་ཆུབ་འབྲས་བུ་སྟེར། །དེ་ཉིད་ཀྱིས་ན་སངས་རྒྱས་ཀྱི། །རྡོ་རྗེའི་ཐུགས་ནི་བསྐུལ་བ་ན། །ཟབ་མོ་རྣམ་པ་རྩ་བ་ཅན། །ཐོབ་པར་དཀའ་བའི་དངོས་གྲུབ་འཐོབ། །ཅེས་པ་དང་། ཏིང་ངེ་འཛིན་མཆོག་དམ་པའི་མདོ་ལས་ཀྱང་། མང་དུ་ཐོས་པ་ལ་སེམས་གཉིས་ཏེ། ཏིང་ངེ་འཛིན་གྱི་སེམས་དང་། འཁྲུལ་པའི་སེམས་སོ། །ཏིང་ངེ་འཛིན་ལ་གནས་ན་མང་དུ་ཐོས་པས་གནོད་པ་མེད་དོ། །སེམས་འཁྲུལ་པ་ནི་མང་དུ་ཐོས་ཀྱང་ཕན་པ་མེད་དེ། ཞེས་པ་དང་། མང་དུ་ཐོས་པའི་མཆོག་ཏུ་གྱུར་པ་ཆོས་ཐམས་ཅད་སྟོང་ཞིང་ཞི་བའི་དོན་ཡང་སྟོན་ཏེ། ཉན་པས་མངོན་པར་ཤེས་པ་ལྔ་འཐོབ་པར་བྱེད་དེ། དེ་ལྟར་ཕན་པ་དང་། བདེ་བའི་དོན་བྱས་ཀྱང་། དེས་མི་གཞན་ཞིག་ཉིན་མཚན་གཅིག་ཙམ་ཏིང་ངེ་འཛིན་ལ་ཞུགས་པ་ཙམ་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། མང་དུ་ཐོས་པ་ནི་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ། །ཞེས་པ་དང་། ལང་ཀར་གཤེགས་པའི་མདོ་ལས་ཀྱང་། མང་དུ་ཐོས་པ་ཞེས་བྱ་བ་ནི། དོན་ལ་མཁས་པ་ཡིན་གྱིས་ཚིག་གི་མཁས་པ་ནི་མ་ཡིན་ནོ་ཞེས་པ་༼༨ན༽དང་། གསང་བ་མཐའ་ཡས་ཀྱི་མདོ་ལས་ཀྱང་། ཁྱེའུ་རིན་པོ་ཆེ་སྦྱིན་པས་གསོལ་པ། བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་ཇི་ལྟར་སྦྱོང་བ་ལགས། བཀའ་སྩལ་པ། དཔེར་ན་མེའི་ཕུང་པོ་ཚན་པོ་ཆེ་འབར་བ་དེ། ཞི་བར་འདོད་པས་ཤིང་ཡང་དང་ཡང་དུ་བསྣན་ན། མེའི་ཕུང་པོ་ཆེན་པོ་དེ་འབར་ཞིང་མཆེད་པར་འགྱུར་རོ། །དེ་བཞིན་དུ་དགེ་སློང་ལས་ཀྱི་སྒྲིབ་པ་དག་པར་འདོད་པས། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་མཚན་མ་དང་བཅས་པའི་ཆོས་རྣམས་ལ་སྤྱད་པས། སླར་ཉིད་དུ་འཁོར་བ་འཕེལ་བར་འགྱུར་ཏེ། དེ་རྣམས་ནི་ལས་ཀྱིས་འཕངས་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལྷ་དང་མིའི་ཐེག་པ་ཡིན་ནོ། །གསོལ་པ། འོ་ན་སྒྲིབ་པ་ཇི་ལྟར་སྦྱོང་བ་ལགས། བཀའ་སྩལ་པ། དཔེར་ན་མེའི་ཕུང་པོ་ཞི་བར་འདོད་པས། ཆུ་ཡང་དང་ཡང་དུ་བཏབ་ན་མེ་དེ་ཞི་བར་འགྱུར་རོ། །དེ་བཞིན་དུ་དགེ་སློང་རྣམས་ཀྱིས་ཆོས་བདག་མེད་པ་འོད་གསལ་བ་བསྒོམ་ན། ཉོན་མོངས་པའི་མེ་ཆེན་པོ་ནི་ཞི། འཁོར་བའི་རྒྱ་མཚོ་ལས་ནི་ཐར། མྱ་ངན་ལས་འདས་པའི་ཐང་བདེ་བར་ནི་ཕྱིན་པ་ཡིན་ནོ། །ཞེས་པ་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས་ཀྱང་སེམས་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན། དཔེར་ན་མེ་ལོང་གི་ནང་ན། ལོ་སྟོང་གི་རྡུལ་ཆགས་པ་ཡང་གོས་ཀྱིས་ཕྱིས་ན་མེད་པར་འགྱུར་བ་དང་། ཁང་སྟོང་གི་མུན་པ་ལོ་སྟོང་ལོན་པ་ཡང་མར་མེ་ཅིག་བསྲེགས་པས་མུན་པ་མེད་པར་བྱེད་དོ། །དེ་བཞིན་དུ་སེམས་ངོ་བོ་ཉིད་མེད་པ་ཡང་དག་པའི་བདེན་པ་ཤེས་པས། བསྐལ་པ་གྲངས་མེད་པ་ནས་བསགས་པའི་སྡིག་པ་སྐད་ཅིག་ལ་བྱང་ངོ་། །ཞེས་པ་དང་། ཆོས་འབྱུང་བ་མེད་པའི་མདོ་ལས་ཀྱང་། འཇམ་དཔལ་གྱིས་གསོལ་པ། ཇི་ཙམ་གྱིས་ན་ལས་ཀྱི་སྒྲིབ་པ་དག་པར་འགྱུར། བཀའ་སྩལ་པ། ༼༨བ༽གང་ཆོས་ཐམས་ཅད་ཡིད་ལ་བྱེད་པ་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་ན། དེ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་བོ། །ཞེས་པ་དང་། ཕྱོགས་བཅུ་རྒྱས་པའི་མདོ་ལས་ཀྱང་། ལོ་སྟོང་ལོན་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་སེལ་བར་བྱེད། །བསྐལ་པ་སྟོང་གི་སྡིག་པ་ཡང་། །སེམས་ཀྱི་རང་བཞིན་ཤེས་པ་ཡིས། །སྐད་ཅིག་གཅིག་གིས་དག་པར་བྱེད། །ཅེས་པ་དང་། བདེ་མཆོག་གི་རྒྱུད་ལས་ཀྱང་། དག་བྱེད་སྡིག་པ་འཇིག་བྱེད་པ། །སངས་རྒྱས་དེ་ཉིད་སྒྲུབ་པ་ནི། །སྔགས་བཟླས་པ་དང་བསམ་གཏན་དང་། །བདེ་བས་ཀྱང་ནི་འབྱུང་བར་འགྱུར། །ཞེས་པ་དང་། སཾ་བུ་ཊིར། ཆོས་དང་ཆོས་མིན་རྣམ་པར་སྤངས། །དེ་ཕྱིར་རྟོག་པའི་དྲྭ་བ་ནི། །སྤངས་ན་ཟབ་མོའི་ཆོས་ནི་འཕེལ། །དེ་བཞིན་གཤེགས་པས་གསུངས་པའི་ལམ། །རྣམ་རིག་རྣམ་པར་རྟོག་མི་བྱ། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས་ཀྱང་། མཚན་མའི་འབྲས་བུ་མངོན་དུ་བྱེད་པ་བས། །མཚན་མ་མེད་ལ་ལྟ་བ་ལྷག་གྱུར་ཞེས། །སངས་རྒྱས་རྣམས་ཀྱིས་གསང་བའི་མགྲིན་གཅིག་ཏུ། །བླ་མེད་རྒྱུད་ཀུན་ཏུ་ནི་རབ་ཏུ་བསྒྲགས། །ཞེས་པ་དང་། ཞི་བ་ལྷས་ཀྱང་། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤང་བར་འགྱུར། །ཞེས་པ་དང་། ས་ར་ཧས་ཀྱང་། ཀྱེ་ཧོ་རྨོངས་པ་སེམས་ཀྱིས་སེམས་རྟོགས་ན། །ལྟ་བ་ངན་པ་ཐམས་ཅད་རང་གྲོལ་ཏེ། །མཆོག་ཏུ་བདེ་ཆེན་དེ་ཙམ་ཞིག་ཏུ་བས། །དེ་ཡི་དབང་གིས་དངོས་གྲུབ་དམ་པའོ། །ཞེས་པ་དང་། ༼༩ན༽གཉིས་པ་དེ་ཉམས་སུ་བླང་བར་བྱ་བ་ལ་གསུམ། གང་ལྟ་བས་གཏན་ལ་ཕབ་པ། ལམ་བསྒོམས་པས་ཉམས་སུ་བླང་བ། འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། ཆོས་རྣམས་རང་གི་སེམས་སུ་བསྟེན། སེམས་འོད་གསལ་སྟོང་པར་བསྟེན། སྟོང་པ་གཉིས་མེད་མཉམ་པ་ཉིད་དུ་བསྟེན། དེ་རང་ངོ་ཤེས་པ་སངས་རྒྱས་ཀྱི་དགོངས་པར་བསྟེན་པའོ། །དང་པོ་ནི། འཁོར་འདས་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་སེམས་ཡིན་ཏེ། ལང་ཀར་གཤེགས་པ་ལས། མེ་ལོང་ལ་ནི་གཟུགས་སྣང་ཡང་། །ཡོད་པ་མིན་པར་སྣང་བ་ལྟར། །སེམས་ཀྱི་སྣང་བར་མ་ཤེས་པར། །རྣམ་པར་རྟོག་པ་གཉིས་སུ་སྐྱེ། །རྣམ་རྟོག་བག་ཆགས་འབྲེལ་བ་ལས། །སྣ་ཚོགས་སེམས་ལས་བྱུང་བ་ཡིས། །མི་རྣམས་ལ་ནི་ཕྱི་རོལ་སྣང་། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཕྱི་རོལ་སྣང་བ་ཡོང་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་ཤར། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པ་དང་། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དོ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པ་དང་། དཀར་དམར་ཤེས་པའི་ངོ་བོར་བདེན། །ཕྱི་རོལ་དོན་དུ་དཀར་སྣང་རྫུན། །ཞེས་པ་དང་། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་། ལྷའི་བུ་རྣམ་པར་རོལ་པས་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱི་ཡུལ་འདི་རྣམས་བྱེད་པ་པོས་བྱས་པའམ། ཇི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་རྟོག་པའི་བག་ཆགས་རྒྱས་པའི་དབང་གིས་སྣང་བ་ཡིན་ནོ། །ཞེས་པ་དང་། བལ་དོ་རེའི་མདོ་ལས་ཀྱང་། སེམས་༼༩བ༽ནི་རི་མོ་མཁན་དང་འདྲ། །སེམས་ཀྱིས་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་སྙེད་ཐམས་ཅད་སེམས་ཀྱིས་བྲིས། །ཞེས་པ་དང་། ས་བཅུ་པའི་མདོ་ལས་ཀྱང་། ཀྱཻ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་པ་དང་། རྒྱུད་རྡོ་རྗེའི་གུར་ལས་ཀྱང་། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་དང་། གཟུགས་དང་དེ་བཞིན་སྒྲ་དང་དྲི། །རོ་དང་རེག་བྱར་སྒོས་པའི་དངོས། །རིན་ཆེན་སེམས་འདིར་བརྗོད་ཉིད་དོ། །ཞེས་པ་དང་། སེམས་ལས་ཕྱི་རོལ་གྱུར་མེད་དེ། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་འདི་ཁོ་ན་སྣང་བ་ཡིན། །ཞེས་པ་དང་། དུར་ཁྲོད་རྒྱན་གྱི་རྒྱུད་ལས་ཀྱང་། རང་རིག་རང་འཁྲུལ་གཞན་རིག་སྣང་། །སེམས་ཉིད་ལས་འཁྲུལ་བག་ཆགས་འབྱུང་། །དེ་ལས་རང་སེམས་འཁྲུལ་པ་དག །དོན་དུ་སྣང་བ་རབ་ཏུ་བསྐྱེད། །སྐྱེ་བ་མེད་བཞིན་སྐྱེ་བས་འཁྲུལ། །ལྕགས་སྲེག་གཞི་རང་གི་སེམས། །མེ་སོགས་བྱེད་པ་གཞན་ན་མེད། །བཀྲེས་སྐོམ་དུཿཁ་རང་གི་སེམས། །བས་སྐོམ་འཚོ་བ་གཞན་ན་མེད། །རྡེག་བཙོག་ལྕག་གཞུ་རང་གི་སེམས། །སྲོག་གཅོད་བཤན་པ་གཞན་ན་མེད། །འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རང་གི་སེམས་སུ་མ་ཤེས་ན། །དེ་ཡིས་སངས་རྒྱས་སྤངས་པ་ཡིན། །ཞེས་པ་དང་། སེམས་འགྲེལ་ལས་ཀྱང་། སེམས་འདི་ཉིད་ལ་ཀུན་བརྟགས་དང་། །གཞན་གྱི་དབང་དང་ཡོངས་གྲུབ་པ། །ཉིད་དུ་ཡང་ནི་བརྟགས་པ་ཡིན། །ཞེས་པ་དང་། ས་ར་ཧས་ཀྱང་། འཁོར་འདས་ཀུན་གྱི་རྩ་བ་སེམས་ཡིན་ཕྱིར། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །ཅེས་དང་། མཻ་ཏྲི་པས་ཀྱང་། ལས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་ཡུལ་མཐོང་འཁྲུལ་༼༡༠ན༽པའི་བློ། །རྨི་ལམ་བཞིན་དུ་ངོ་བོས་སྟོང་། །ཞེས་སོ། །གཉིས་པ་ནི། སེམས་ནི་རང་བཞིན་གྱིས་འོད་གསལ་བའི་ཆོས་དབྱིངས་སྟོང་པ་ཉིད་ཡིན་ཏེ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་པ་དང་། སྙིང་རྗེ་ཆེན་པོ་བསྟན་པའི་མདོ་ལས། སེམས་ནི་རང་བཞིན་འོད་གསལ་བའི་ཕྱིར། བྱང་ཆུབ་རང་བཞིན་གྱིས་འོད་གསལ་བའོ། །སེམས་ནི་ནམ་མཁའ་དང་མཚུངས་ཏེ། ནམ་མཁའི་རང་བཞིན་ཅན། ནམ་མཁའ་དང་མཉམ་པར་གཞོལ་བའོ། །ཞེས་པ་དང་། ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང་། སེམས་འདི་རང་བཞིན་འོད་གསལ་རྣམ་དག་ཅིང་། །རྡུལ་མེད་རྡུལ་བྲལ་དྲི་མ་མེད་པར་གསུངས། །བྱིས་པ་ཡོད་པ་མིན་ལ་རྣམ་རྟོག་པ། །ཆགས་འགྱུར་སྣང་བར་འགྱུར་ཞིང་རྨོངས་པར་འགྱུར། །གང་དག་རང་བཞིན་མེད་ཆོས་འདི་ཤེས་པ། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདས། །ཞེས་པ་དང་། སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་ཀྱང་། སངས་རྒྱས་བྱང་ཆུབ་སེམས་ཀྱིས་བཏགས་པ་ཡིན། །སེམས་ཀྱང་རྣམ་དག་རང་བཞིན་འོད་གསལ་ཞིང་། །རྙོག་མེད་འགྲོ་བ་ཀུན་དང་མ་འདྲེས་པ། །གང་གིས་ཤེས་དེ་བྱང་ཆུབ་མཆོག་སངས་རྒྱས། །ཞེས་པ་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་ཀྱང་། འཇམ་དཔལ་བྱང་ཆུབ་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། ཅིའི་ཕྱིར་འོད་གསལ་བ་ཞེས་བྱ་བ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ། ནམ་མཁའ་དང་མཉམ་པ། ནམ་མཁའི་རང་བཞིན་ཅན། ནམ་མཁའ་ཡང་དག་པར་འདུ་བ། ནམ་མཁའ་ལྟ་བུ་སྟེ་རང་བཞིན་གྱིས་ཤིན་ཏུ་འོད་༼༡༠བ༽གསལ་བ་ཡིན་པའི་ཕྱིར་རོ། །ཞེས་པ་དང་། འཕགས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བའི་ལེའུ་ལས་ཀྱང་། སེམས་ནི་རང་བཞིན་འོད་གསལ་བས་རྟག་ཏུ་ཉོན་མོངས་ཅན་མ་ཡིན་ནོ་ཞེས་པ་ནས། དེ་ཅིའི་ཕྱིར་ཞེ་ན། སེམས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་དང་། དཔལ་འཕྲེང་གི་མདོ་ལས། སེམས་ནི་རང་བཞིན་འོད་གསལ་བ་སྟེ། དེ་ཁོ་ན་ཉིད་ཅེས་སོ། །དེས་ན་སྐད་ཅིག་མ་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཤེས་དང་། ལང་ཀར་གཤེགས་པ་ལས་ཀྱང་། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དང་། །སེམས་ཀྱི་ཉེ་བར་ལེན་པ་ནི། །མཐའ་དག་མཐའ་མེད་སྤངས་པའོ། །སེམས་ནི་རང་བཞིན་འོད་གསལ་བ། །ཡིད་ལ་སོགས་པའི་ཉོན་མོངས་དང་། །བདག་དང་ལྷན་ཅིག་ལྡན་པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །ཐོག་མ་མེད་པའི་གློ་བུར་གྱིས། །ཉོན་མོངས་རྣམས་དང་ལྡན་པས་ན། །རང་བཞིན་འོད་གསལ་བདག་ཉོན་མོངས། །རས་དང་འདྲ་བར་དག་པར་འགྱུར། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་ལས་ཀྱང་། སེམས་འདི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། བཙོད་ཁའམ། ཤེལ་གྱི་ཁ་དོག་ལྟ་བུའམ། ཡང་དག་པའམ། ཡང་དག་པ་མ་ཡིན་པའམ། རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཞིག་ཅེས་སོ་སོར་རྟོགས་ཤིག །སེམས་ནི་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ། སྣང་བ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་བྱེད་མ་ཡིན་པ། ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་པའི་ཕྱིར་ཡང་དག་པར་ཡོངས་སུ་གྲུབ་པ་༼༡༡ན༽མ་ཡིན་ཞིང་དེ་ལ་རྣམ་པར་གྲོལ་བ་མེད་དེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ་ཞེས་པ་དང་། ཆོས་སྤྱོད་མངོན་རྟོགས་ཀྱི་རྒྱུད་ལས་ཀྱང་། རང་བཞིན་མཆོག་ཏུ་འོད་གསལ་ཞིང་། །འོད་གསལ་དེ་ལ་ཁ་དོག་ཀྱང་། །དཀར་པོ་མ་ཡིན་སེར་པོ་མིན། །དམར་པོ་མ་ཡིན་སྔོན་པོ་མིན། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང་། གང་ལ་བརྟེན་ནས་སེམས་བསྒོམ་པ། །ཐམས་ཅད་སྟོང་པར་ཤེས་པར་བྱ། །ཆོས་རྣམས་སྟོང་པར་རིག་ནས་ནི། །བྱང་ཆུབ་ཉིད་ཀྱང་སྟོང་པ་ཡིན། །ཞེས་དང་། ནམ་མཁའ་རིན་པོ་ཆེའི་རྒྱུད་སྙིང་པོ་ལས་ཀྱང་། འོད་གསལ་ནམ་མཁའ་ཆེན་པོ་ནི། །ནམ་མཁའ་དང་མཚུངས་དྲི་མེད་ཡིན། །བླང་བྱ་མིན་ལ་འདོར་བྱ་མིན། །འདི་ནི་དམ་ཚིག་ཆེན་པོ་སྟེ། །འོད་གསལ་ནམ་མཁའ་མ་གཏོགས་པ། །རྣམ་པ་གཞན་གྱིས་རྙེད་མི་འགྱུར། །ཞེས་པ་དང་། འོད་གསལ་བ་ལ་ཁྱབ་པའི་ཕྱིར། །དེ་ཡང་ནམ་མཁའ་ཆེན་པོ་ཡིན། །ཞེས་པ་དང་། དུས་འཁོར་རྩ་རྒྱུད་དུ། སེམས་ཅན་སེམས་ཉིད་འོད་གསལ་ཞིང་། །གདོད་ནས་སྐྱེ་འགག་གནས་བྲལ་ཏེ། །ཐོག་མ་མེད་པའི་སྔོན་རོལ་ནས། །དང་པོ་མཆོག་གི་སངས་རྒྱས་ཏེ། །རྒྱུ་མེད་རྐྱེན་གྱིས་མ་བསླད་པ། །ཞེས་པ་དང་། གསང་བ་འདུས་པ་ལས་ཀྱང་། ཆོས་རྣམས་རང་བཞིན་འོད་གསལ་བས། །གདོད་ནས་དག་པ་ནམ་མཁའ་བཞིན། །ཞེས་པ་དང་། རྣམ་འགྲེལ་ལས་ཀྱང་། སེམས་ནི་རང་བཞིན་འོད་གསལ་ལ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པ་དང་། ཇོ་བོས་ཀྱང་། ཟབ་ཅིང་སྤྲོས་བྲལ་དེ་བཞིན་དེ། །འོད་གསལ་འདུས་མ་བྱས་པ་གང་། །ཞེས་སོ། །གསུམ་པ་ནི། སྟོང་པ་དེ་ཡང་ཡོད་མེད་སྐྱེ་འགག་སྤང་བླང་སྲིད་ཞི་ལ་སོགས་མཐའ་གཅིག་ཏུ་མ་ཆད་པར་གཉིས་མེད་ཟུང་འཇུག་ནམ་མཁའ་ལྟར་མཉམ་པ་ཉིད་༼༡༡བ༽ཡིན་ཏེ། འཕགས་པ་ཆོས་ཀྱི་ཕྱག་རྒྱའི་མདོ་ལས། ཆོས་ཀྱི་དབྱིངས་ནི་ནང་ན་ཡང་མི་དམིགས། ཕྱི་རོལ་ན་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས། མིང་གདགས་པས་ནི་གདགས་སུ་མེད་པ། སྐྱེ་བ་མེད་པའི་གདགས་པའོ། །དེ་ལྟར་སེམས་ཅན་གྱི་ཁམས་མཉམ་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས། སེམས་ཅན་གྱི་ཁམས་མཉམ་པ་ཉིད་དོ། །དེ་ལྟར་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གང་གཉིས་སུ་བྱར་མེད་པ་དེ་ལ་ནི་བསལ་བ་དང་བཞག་པ་ཡང་མེད་དོ། །ཞེས་པ་དང་། ཆོས་འབྱུང་བ་མེད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེང་གེ་རྩལ་འགྲོས་གསོལ་པ། བཅོམ་ལྡན་འདས་ཐབས་ལ་མཁས་པའི་ཚིག་གིས། ཉན་ཐོས་དང་རང་སངས་རྒྱས་དང་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་མ་ལགས་པ། ཟབ་མོ་ཚུལ་གཅིག་པའི་ཆོས་བཤད་དུ་གསོལ། བཀའ་སྩལ་པ། འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཀུན་བསགས་ནམ་མཁའ་འདྲ་བ་ཞེས། །དེ་ལྟར་གང་ཤེས་དེ་ནི་རྒྱལ་བར་འགྱུར། །ལྷ་དང་འདྲེ་མེད་གཉིས་ཀ་ཚུལ་གཅིག་སྟེ། །མཉམ་དང་མི་མཉམ་དེ་བཞིན་མཉམ་པ་སྟེ། །སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་བྱས། །བྱང་ཆུབ་རང་བཞིན་གང་ཡིན་སེམས་ཅན་ཏེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་ཤེས་ན་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་དང་། མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་རང་བཞིན་གང་ལ་༼༡༢ན༽བགྱི། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །ཅེས་པ་ནས་སངས་རྒྱས་ཀྱི་རང་བཞིན་གང་ཞེ་ན། སེམས་ཀྱི་རང་བཞིན་དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཡེ་ཤེས་སོ། །དེ་ལ་སྟོང་པ་ཞེས་བྱ་བ་ནི། སྟོང་པ་གཉིས་ཀ་མི་མཐོང་བའོ། །སངས་རྒྱས་ཀྱི་རང་བཞིན་ནི་ལམ་དབུ་མ་མཐའ་གཉིས་དང་བྲལ་བར་རིག་པར་བྱའོ། །གསོལ་པ། རྟག་པ་མ་ཡིན་པ་གང་ཞེ་ན། རྐྱེན་ལས་མཐོང་བར་འགྱུར་བའོ། །ཆད་པ་མ་ཡིན་པ་གང་ཞེ་ན། མེད་པར་ལྟ་བ་དང་བྲལ་བའོ། །ལམ་དབུ་མ་གང་ཞེ་ན། རྟག་པ་དང་ཆད་པ་མ་ཡིན་པའོ། །ཞེས་པ་དང་། དགོངས་པ་ལུང་བསྟན་གྱི་མདོ་ལས་ཀྱང་། བྱང་ཆུབ་སེམས་ཀྱི་ངེས་པའི་དོན། །སླར་ཡང་དེ་ཉིད་ལེགས་བྱས་པ། །ནང་ན་མ་ཡིན་ཕྱི་ནའང་མིན། །གཉིས་ཀ་མིན་དུ་འགྱུར་བ་མིན། །རྟག་པ་མ་ཡིན་སྐད་ཅིག་མིན། །དེ་ནི་སོ་སོ་རང་རིག་ཡིན། །མི་རྟོག་ནམ་མཁའ་ཇི་བཞིན་དུ། །བྱང་ཆུབ་སེམས་ནི་རྡོ་རྗེ་འཛིན། །ཞེས་པ་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་གསོལ་པ། སྙིགས་མའི་དུས་ན་སེམས་ཅན་མི་དགེ་བ་ཤ་སྟག་བགྱིད་ཅིང་མདོ་སྡེ་བཅུ་གཉིས་ནས་བཤད་པའི་ལེའུ་དང་ཚིག་འབྲུ་ནི་སྤངས། གཞུང་རྣམས་རྒྱ་ཆེ་ལ་ཁོང་དུ་ཆུད་ཅིང་། ཤེས་པར་དཀའ་ན། ཐེག་པ་ཆེན་པོའི་ཆོས་ཡང་དག་པར་དབེན་པ་བཤད་དུ་གསོལ། བཀའ་སྩལ་པ། ངས་ཁྱོད་ལ་ཐེག་པ་ཆེན་པོའི་ཆོས་ཡང་དག་པར་སྒྲོགས་ཤིག་སྐྱེ་འཆི་ལས་འདས་པའི་ཕྱིར་བཤད་དོ། །རིགས་ཀྱི་བུ་གྲོལ་བ་དང་ཐར་པ་འདོད་ན། འདོད་པའི་ཡན་ལག་བཅད་ལ། སེམས་གཉིས་སུ་མི་བསམ་པར་གཅིག་ཏུ་བསམས་ཏེ། ཡོད་བསམ་པའི་སེམས་ཀྱང་༼༡༢བ༽སྟོང་ངོ་། །སེམས་ཀྱི་ངོ་བོ་ཉིད་ནི་སྟོང་པས་ཏེ། འགྲོ་བའང་མེད་བཏང་བ་ཡང་མེད། ཐོབ་པ་ཡང་མེད་དེའི་མིང་ནི་བྱང་ཆུབ་བོ། །གསོལ་པ། སེམས་ཀྱི་འདུ་ཤེས་བསམ་གྱིས་མི་ཁྱབ་པར་མཆིས་ན། དེ་ལ་འགྲོ་བ་དང་བཏང་བ་དང་ཐོབ་པ་མེད་ཅེས་བགྱི་བ་ཇི་ལྟར་ལགས། བཀའ་སྩལ་པ། བསམ་གཏན་གཅིག་ཏུ་འདུས་པའི་ནང་དུ་ཞུགས་ལ་ནང་དུ་བརྟགས་ན། ཡང་དག་པའི་ངོ་བོ་ཉིད་ལ་སྐྱེ་བ་མེད་དོ། །ཞེས་དང་། ཡེ་ཤེས་རྒྱས་པའི་ཏིང་ངེ་འཛིན་ལས་ཀྱང་། ཇི་ལྟར་སྟོང་ཉིད་རང་བཞིན་འདིར་གནས་པ། །དེ་ལྟར་དེ་ཡིས་སྟོང་པ་ཉིད་རྟོགས་ཏེ། །རྟོགས་དང་རྣམ་པར་རྟོག་པའི་སྤྲོས་པ་འདི། །གཉིས་ཀ་ཡོངས་སུ་སྤངས་ན་ཆོས་འཛིན་ཡིན། །ང་ནི་མྱ་ངན་འདས་ཕྱིས་ལ་ལ་ཞིག །ཆོས་འདི་རྨི་ལམ་ལྟ་བུར་བལྟ་ཞེས་ཟེར། །གང་ཆོས་མ་བྱུང་སུས་ཀྱང་བྱས་མ་ཡིན། །རང་གི་ཤེས་པས་དེ་དག་དེ་ལ་རྟོགས། །སྟོང་ཉིད་མ་སྐྱེས་སུས་ཀྱང་མ་བྱས་ཡིན། །མ་མཐོང་འོས་པ་མ་ཡིན་འཕོ་མིན་ན། །དམིགས་ནས་བདག་ཅག་སྟོང་ཉིད་ལེགས་བསླབ་ཅེས། །ཟེར་བ་དེ་དག་ཆོས་ཀྱི་རྐུན་པོ་ཡིན། །ཞེས་པ་དང་། གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས་ཀྱང་། དངོས་དང་དངོས་མེད་དང་བྲལ་བ། །ཡོད་མེད་གཉིས་ཀ་སྤོང་བ་ནི། །གཉིས་སུ་མེད་པའི་ཆོས་ཤེས་བྱ། །དག་དང་མ་དག་སྤང་བྱར་མེད། །ཅེས་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་མདོ་ལས་ཀྱང་། དེ་ཕྱིར་སེམས་ནི་གསོག་དང་གསོལ། །ཡོད་པ་མིན་པར་བབ་ཤེས་ནས། །དེ་ལ་སྙིང་པོར་མི་བཟུང་སྟེ། །དེ་དག་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས། །དེ་དག་ལ་ནི་གྲུབ་པ་མེད། །ཆོས་རྣམས་ཐམས་ཅད་བརྟགས་པ་སྟེ། །རང་བཞིན་དེ་ལྟར་རབ་ཏུ་བསྟན། །མཐའ་གཉིས་ཟིལ་གྱིས་མནན་ནས་སུ། །ཁམས་རྣམས་དབུ་མས་དཔྱོད་༼༡༣ན༽པར་བྱེད། །ངོ་བོ་ཉིད་ཀྱིས་ཆོས་སྟོང་པ། །དེ་ནི་བྱང་ཆུབ་ལམ་ཡིན་ཏེ། །ངས་ཀྱང་དེ་ནི་བརྟེན་པ་ཡིན། །ཞེས་པ་དང་། སྟོབས་པོ་ཆེའི་རྒྱུད་ལས་ཀྱང་། སྒྱུ་མ་ཙམ་གྱི་ཚུལ་གནས་ཤིང་། །མཐའ་བཞི་ལས་ནི་རྣམ་པར་གྲོལ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི། །མཚོན་བྱ་མཚོན་བྱེད་མ་ཡིན་ཏེ། །ལྟ་བའི་དབུས་ན་གནས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པའོ། །ས་དང་ཆོས་ཉིད་མི་གཡོ་བའི་མདོ་ལས་ཀྱང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐར་ཐམས་ཅད་དང་བྲལ་བ། རྟོགས་པ་དང་མི་རྟོགས་པའི་ཡུལ་ལས་འདས་པ། དང་པོ་ནས་སྤྲོས་པ་རྣམ་པར་དག་པའོ། །ཞེས་པ་དང་། སངས་རྒྱས་འགྲོ་བའི་མདོ་ལས་ཀྱང་། སངས་རྒྱས་འགྲོ་བ་གང་ཞེ་ན། ཆོས་ཐམས་ཅད་ཀྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའོ། །ཆོས་ཐམས་ཅད་ནི་གང་། ཚུལ་ནི་གང་། རྟོགས་པ་ནི་གང་ཞེ་ན། ཆོས་ཐམས་ཅད་ནི་གཅིག་པ་སྟེ། ཆོས་མ་བྱུང་མ་སྐྱེས་པའོ། །ཚུལ་གང་ཞེ་ན། མ་སྐྱེས་པ་བདེན་པ། ཆོས་ཀྱི་དབྱིངས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཚུལ་ལོ། །ནན་ཏན་གང་ཞེ་ན། ཆོས་ཐམས་ཅད་ཀྱི་དབྱིངས་ལ་གནས་པའི་ཕྱིར། ཆོས་ཉིད་ལ་འཇུག་པའོ། །ཞེས་པ་དང་། སངས་རྒྱས་འགྲོ་བའི་མདོ་ལས་ཀྱང་། ཆོས་ཐམས་ཅད་ནི་མ་བྱུང་བ་མ་སྐྱེས་པ། རང་བཞིན་གྱིས་རྣམ་པར་དག་པ། བྱས་པའི་ཆོས་མ་ཡིན་པ། གང་དང་གང་བྱས་པའི་ཆོས་དེ་ནི་འདུས་བྱས་ཡིན་ནོ། །ཞེས་པ་དང་། རྒྱུད་སཾ་བུ་ཊི་ལས་ཀྱང་། དཔྱད་དུ་མེད་ཅིང་ཤེས་བྱའང་མིན། །དེ་བཞིན་རྟོག་གེས་བརྟག་དཀའ་བ། །གཉིས་སྤངས་གཉིས་སུ་མེད་པ་སྟེ། །ཇི་བཞིན་ལམ་གྱིས་དེ་ཉིད་སྟོན། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས་ཀྱང་། ༼༡༣བ༽རྟག་ཆད་སྐྱེ་འགག་ལ་སོགས་པའི། །མཐའ་སྤངས་སེམས་ནི་རང་རིག་ཅིང་། །གདོད་ནས་སྤྲོས་པ་མེད་པ་ཉིད། །དེ་དོན་བསམ་མི་ཁྱབ་པར་ངེས། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས་ཀྱང་། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་སྒྲོ་བཏགས་པ་ཞེས་བགྱི་བ་ཇི་ཙམ་ལ་བགྱི། སྨྲས་པ། ཆོས་ཐམས་ཅད་སྟོང་པ་མཉམ་པ་ཉིད་ཡིན་པ་ལ་མི་མཉམ་པར་བཏགས་ནས་མེད་བཞིན་དུ་སྒྲོ་འདོགས་པར་བྱེད་དོ། །འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པའོ། །ཞེས་མི་མཉམ་པར་མཐོང་བའོ། །མཉམ་པ་ཉིད་ནི་རྟོག་པ་མེད་པའོ། །ཞེས་པ་དང་། དཔལ་གསང་བ་སྤྱོད་པའི་རྒྱུད་ལས་ཀྱང་། ཆོས་ཀུན་སེམས་ཀྱི་ངོ་བོ་སྟེ། །སེམས་ནི་སྟོང་པའི་ངོ་བོ་ཡིན། །ཐམས་ཅད་སྟོང་པར་རོ་གཅིག་པ། །འདི་ནི་བླང་དོར་མེད་པའི་དབྱིངས། །ཞེས་པ་དང་། ལང་ཀར་གཤེགས་པ་ལས་ཀྱང་། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་ཡོངས་སུ་བཟུང་བ་མེད། །ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་པ་དང་། དགོངས་པ་ངེས་འགྲེལ་ལས་ཀྱང་། སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོང་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །འདི་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་པ་དང་། ཡུམ་ཤེར་ཕྱིན་ལས་ཀྱང་། ཚེ་དང་ལྡན་པ་རབ་འབྱོར། ཆོས་མ་སྐྱེས་པ་སྐྱེ་བའམ། འོན་ཏེ་སྐྱེས་པ་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། མ་སྐྱེས་པ་ཡང་སྐྱེ་བར་མི་འདོད། སྐྱེས་པ་ཡང་སྐྱེ་བར་མི་འདོད་དོ། །ཞེས་པ་དང་། རབ་འབྱོར་སེམས་དེ་གང་ཡིན། ཤཱ་རིའི་བུ་སེམས་མེད་པ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །ཞེས་པ་དང་། དཔལ་སྡོམ་པ་ལས་ཀྱང་། སངས་རྒྱས་རྣམས་ནི་བྱོན་༼༡༤ན༽གྱུར་ཏམ། །མ་བྱོན་གྱུར་ཀྱང་རྣམ་ཀུན་ཏུ། །རྒྱུན་ཆད་མེད་པའི་ཆོས་ཉིད་འདི། །འཕེལ་འགྲིབ་སྤངས་ཏེ་གནས་པ་ཡིན། །ཞེས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། ཡོད་མིན་མེད་མིན་དེ་ཉིད་མིན་གཞན་མིན། །སྐྱེ་དང་འཇིག་མེད་བྲེ་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་པ་དང་། སེམས་ཉིད་ངལ་གསོ་བའི་དོ་ཧ་ལས་ཀྱང་། གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དུའང་མ་ཤར་རོ། །དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེ་བའི་ཚུལ། །ཞེས་པ་དང་། བདེན་གཉིས་ལས་ཀྱང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་ཤིང་། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་པ་དང་། ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེ་བའི་སྟོང་པ་ཉིད། །སྐྱེ་བ་མེད་པའི་སྟོང་ཉིད་མཆོག །སྐྱེ་བའི་སྟོང་ཉིད་གཞིག་པར་བྱ། །ཞེས་པ་དང་། ས་ར་ཧས་ཀྱང་། དངོས་པོར་རྟོག་པ་ཐམས་ཅད་ཕྱུགས་དང་འདྲ་བར་བརྗོད། །དངོས་མེད་རྟོག་པ་དེ་བས་ཀྱང་ནི་བླུན་གྱུར་ཏེ། །མར་མེ་འབར་དང་བསད་པ་དཔེ་ཡིས་བརྗོད་པ་དག །གཉིས་མེད་རང་བཞིན་ཕྱག་རྒྱ་ཆེན་པོའི་གནས། །ཞེས་པ་དང་། མཻ་ཏྲི་པས་ཀྱང་། སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོ་སྟོང་པ་ནམ་མཁའ་བཞིན། །ཆོས་ཀུན་མཁའ་འདྲར་མཉམ་གནས་པ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །ཞེས་སོ། །བཞི་པ་ནི། གང་གི་གནས་ལུགས་རྟོགས་མ་རྟོགས་མིན་པ་སེམས་ཅན་ཐམས་ཅད་ལ་ཡོད་ཅིང་། དེ་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་དུ་རང་ངོ་ཤེས་པ་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་༼༡༤བ༽ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་པ་དང་། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས་ཀྱང་། འཁོར་བ་སྟོང་པ་ཆོས་ཀྱི་སྐུ། །དེ་ཡི་མཚན་ཉིད་མ་འགགས་གཟུགས། །སེམས་ཅན་སེམས་ཉིད་འོད་གསལ་ཞིང་། །གདོད་ནས་སྐྱེ་འགག་གནས་བྲལ་ཏེ། །ཐོག་མ་མེད་པའི་སྔོན་རོལ་ནས། །དང་པོ་མཆོག་གི་སངས་རྒྱས་ཏེ། །རྒྱུ་མེད་རྐྱེན་གྱིས་མ་བསླད་པ། །ཞེས་པ་དང་། རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ལས་ཀྱང་། རང་སེམས་རང་གིས་རྟོགས་པས་ན། །སེམས་ཅན་གདོད་ནས་སངས་རྒྱས་སོ། །ཞེས་པ་དང་། ཀྱེའི་རྡོ་རྗེ་ལས་ཀྱང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་གསལ་ན་ནི་སངས་རྒྱས་ཏེ། །ཞེས་པ་དང་། དཔལ་འཕྲེང་ལས་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་རིག་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱིས་འཛིན་པ་ལ་ནི་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་སུམ་དུ་འཇུག་གོ །ཞེས་པ་དང་། རྡོ་རྗེ་གུར་ལས་ཀྱང་། སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་སངས་རྒྱས་ཏེ། །རིན་ཆེན་སེམས་ལས་ཕྱིར་གྱུར་པ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་དང་། འཕགས་པ་འདའ་ཀ་ཡེ་ཤེས་ལས་ཀྱང་། སེམས་རྟོགས་ན་ཡེ་ཤེས་ཡིན་པས། སངས་རྒྱས་གཞན་ནས་མི་ཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པ་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས་ཀྱང་། དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། ༼༡༥ན༽དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་པ་དང་། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལས་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། ཞེས་པ་དང་། སཾ་བུ་ཊི་ལས་ཀྱང་། མི་ཤེས་མུན་པས་བསྒྲིབས་པ་ནི། །ལུས་ལས་གཞན་དུའང་སངས་རྒྱས་འདོད། །ཅེས་དང་། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །ཅེས་པ་དང་། བརྟག་པ་གཉིས་པའི་རྒྱུད་ལས་ཀྱང་། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ནས་བསྟན་དུ་མེད། །ཅེས་པ་དང་། ལང་ཀར་གཤེགས་པ་ལས་ཀྱང་། གཞན་དུ་རྣམ་པར་རྟོག་པ་འདི། །སངས་རྒྱས་དང་ནི་ཆོས་ལྟར་གནས། །ཇི་ལྟར་མཐོང་བ་བཞིན་བལྟ་བ། །དེ་དག་འདྲེན་པས་མི་མཐོང་ངོ་། །རྣམ་པར་རྟོག་པ་མི་འཇུག་ཅིང་། །གང་ཚེ་སངས་རྒྱས་མི་མཐོང་བ། །འདུག་མེད་སངས་རྒྱས་ཡིན་པར་ནི། །གལ་ཏེ་མཐོང་བ་དེ་སངས་རྒྱས། །ཞེས་པ་དང་། ཀླུ་སྒྲུབ་ཀྱིས་ཀྱང་། ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེར། །རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་པ་དང་། ས་ར་ཧས་ཀྱང་། གཉུག་མའི་ཡེ་ཤེས་གཉིས་བྲལ་འདི་ལས་མ་གཏོགས་པའི། །སངས་རྒྱས་ཆེ་བར་འདོད་ན་རྨོངས་པར་ཤེས་པར་གྱིས། །ཞེས་སོ། །གཉིས་པ་ལམ་བསྒོམ་པས་ཉམས་སུ་བླང་བ་ལ་བཞི་སྟེ། སེམས་ཀྱི་རྩ་བ་བཅད། མཉམ་པར་གཞག་པའི་ཐབས། ཏིང་ངེ་འཛིན་གྱི་ངོ་བོ། དེ་ལ་ཐབས་ཀྱི་ཆ་རྣམས་ཚང་བར་བསྟན་པའོ། །དང་པོ་ནི། སེམས་ལ་ནང་དུ་ཅེར་གྱིས་བལྟས་ན་གང་༼༡༥བ༽དུ་བཙལ་ཀྱང་མི་རྙེད་ལ། ངོས་བཟུང་ཐམས་ཅད་དང་བྲལ་བ་སྟེ། དཀོན་མཆོག་བརྩེགས་པ་ལས། དེ་ལྟར་སེམས་ཡོངས་སུ་འཆོལ་ཏེ། འདོད་ཆགས་པར་གྱུར་པའམ། ཞེ་སྡང་བར་གྱུར་པའམ། གཏི་མུག་པར་གྱུར་བའི་སེམས་གང་ཡིན། ཅི་འདས་པར་མ་འོངས་པའམ། ད་ལྟར་བྱུང་བ་ཞིག་ཡིན་ནམ། དེ་ལ་སེམས་འདས་པ་གང་ཡིན་པ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཡིན་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ། །འོད་སྲུང་སེམས་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀྱི་མེད་པར་ཡང་མི་དམིགས་སོ། །འོད་སྲུང་སེམས་ནི་བཅད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། །ཞེས་པ་ནས། འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་ནི་མི་དམིགས་སོ། །གང་མི་དམིགས་པ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །གང་འདས་པ་མ་ཡིན་མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་གསུམ་ལས་ཡང་དག་པར་འདས་པ་ནི་ཡོད་པ་མ་ཡིན། ཞེས་དང་། གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་། དེ་སེམས་ཀུན་ཏུ་ཚོལ་བ་ན། སེམས་དེ་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་། སེམས་དེ་ཕྱི་རོལ་ན་ཡང་དག་པར་རྗེས་སུ་མི་མཐོང་། སེམས་དེ་ཕྱི་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་། ཕུང་པོ་རྣམས་ལས་ཡང་དག་པར་རྗེས་སུ་མི་མཐོང་། ཁམས་རྣམས་ལས་ཡང་དག་པར་རྗེས་སུ་མི་མཐོང་། སྐྱེ་མཆེད་རྣམས་ལས་ཡང་དག་པར་རྗེས་སུ་མི་མཐོང་། དེས་སེམས་ཡང་དག་པར་རྗེས་སུ་མི་མཐོང་བས། སེམས་གང་མ་བྱུང་ཞེས་སེམས་ཀྱི་རྒྱུད་ཀུན་ཏུ་ཚོལ་ཞིང་། དེ་འདི་༼༡༦ན༽སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་བྱུང་ངོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། དམིགས་པ་དེ་གཞན་ལ། སེམས་དེ་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་ཉིད་སེམས་པ། གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་ཀྱང་གཞན་ན་ནི། སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད། སེམས་ཡིན་ན་ནི། སེམས་ཀྱིས་སེམས་ཉིད་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་ནི་སེམས་མཐོང་བར་མི་རུང་ངོ་། །ཞེས་དང་། སུམ་ཅུ་རྩ་གསུམ་པའི་ལེའུ་ལས་ཀྱང་། སྲིད་གསུམ་ཐམས་ཅད་སེམས་ལས་གྲུབ་པར་འབྱུང་། །སེམས་དེ་ཉིད་ཀྱང་རྟག་ཏུ་བསྟན་དུ་མེད། །གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ། །མཁས་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ། །དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན། །སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་བ་ན། །སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པ། །སེམས་དེ་ཡང་ནི་རང་བཞིན་མཐོང་བ་མེད། །ཅེས་དང་། ལྟ་སྤྱོད་ཀུན་རིག་ལས་ཀྱང་། ཚིག་གི་རྩ་བ་མ་བཅད་དོན་གྱི་རྩ་བ་ཆོད། །དོན་གྱི་རྩ་བ་ཆོད་ན་ཚིག་མཐའ་དེ་རུ་ཆོད། །ཆོས་ཀྱི་རྩ་བ་མ་བཅད་སེམས་ཀྱི་རྩ་བ་ཆོད། །སེམས་ཀྱི་རྩ་བ་ཆོད་ན་ཆོས་ཀྱི་བདག་པོ་ཡིན། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ནང་གི་སེམས་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། སེམས་ནི་དབྱིབས་མེད་པ་ནམ་མཁའ་ལྟ་བུའོ། །ཞེས་པ་དང་། ཞི་བ་ལྷས་ཀྱང་། ནང་ཡང་སེམས་མིན་ཕྱི་མིན་ཞིང་། །གཞན་དུ་ཡང་ནི་རྙེད་མ་ཡིན། །འདྲེས་མིན་ལོགས་སུ་གར་མེད་དེ། །དེ་ནི་ཅུང་ཟད་མིན་དེའི་ཕྱིར། །སེམས་ཅན་རང་བཞིན་མྱ་ངན་འདས། །ཞེས་དང་། ཇོ་བོས་ཀྱང་། དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགག་ཅིང་ཞིག །མ་འོངས་པའི་༼༡༦བ༽སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་པ། དབྱིབས་དང་བྲལ་བ་ནི་ནམ་མཁའ་དང་འདྲ་བར་མ་གྲུབ་བོ། །ཞེས་སོ། །གཉིས་པ་ནི། དེ་ལྟར་མ་རྙེད་ཅིང་མ་གྲུབ་པའི་ངང་ལ་དམིགས་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། མི་སྒོམ་པའི་ཚུལ་གྱིས་དེའི་ངང་དུ་རང་བབས་སུ་འཇོག་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དབྱེར་མེད་པར་བསྟན་པའི་མདོ་ལས། དགེ་སློང་ནང་ཉེ་བར་ཞི་བས་ཡུལ་ཐམས་ཅད་ཉེ་བར་ཞི་བར་མཐོང་ཞིང་། མཉམ་པ་ཞེས་བྱ་བའམ་མི་མཉམ་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། རྣམ་པར་རྟོག་པར་མི་བྱེད། ལྷག་པའི་ང་རྒྱལ་མེད་ཅིང་གཉེན་པོ་མེད་པ། ཕྱོགས་མེད་པ། ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བ། དེ་ནི་ནམ་མཁའི་ཁམས་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ན། སྒྲོ་བཏགས་པ་མེད་པར་མཉམ་པ་ཉིད་ཀྱིས་མཉམ་ཞིང་། ནམ་མཁའ་ལྟར་མཉམ་པ་ཉིད་དུ་རྟོགས་པ་ཡིན་ནོ། །ཞེས་དང་། དགོངས་པ་ངེས་འགྲེལ་ལས་ཀྱང་། སེམས་འཇོག་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད་པའོ། །ཞེས་དང་། དེ་ཉིད་ལས། དེ་བཞིན་ཉིད་ནི་ཡིད་ལ་བྱེད་པ་ན། །མཚན་མ་ཕྲ་མོ་ཀུན་ཏུ་བྱུང་ན་ཡང་། །རེ་ཞིག་བཏང་སྙོམས་ཙམ་དུ་གནས་བྱེད་ན། །རིགས་པར་བལྟ་བ་རྣམས་ལ་སྨོས་ཅི་དགོས། །ཞེས་དང་། ཧེ་བཛྲ་ལས་ཀྱང་། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་དང་། གསང་བ་སྤྱོད་པའི་རྒྱུད་ལས་ཀྱང་། ༼༡༧ན༽གཟུང་བ་དང་ནི་འཛིན་པ་ཡི། །དམིགས་པ་ཐམས་ཅད་རྣམ་བསལ་ཏེ། །སེམས་ཉིད་བསམ་དུ་མེད་པས་ན། །ཅི་ཡང་བསམ་པར་མི་བྱའོ། །ཞེས་པ་དང་། རབ་ཏུ་མི་གནས་པའི་རྒྱུད་ལས་ཀྱང་། ངོ་མཚར་རྡོ་རྗེ་སངས་རྒྱས་མཆོག །སེམས་ནི་སྐྱེ་མེད་དེ་ཤེས་ན། །བསྒོམ་པར་བྱ་བ་མ་ཡིན་ཏེ། །རང་གར་གཞག་ན་བདེ་བ་ཆེ། །ཞེས་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྒོམ་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཞེས་པ་དང་། གསང་བ་འདུས་པ་ལས་ཀྱང་། དམ་པའི་དོན་དུ་དངོས་པོ་རྣམས། །སྲིད་གསུམ་དངོས་པོ་མེད་པར་སྒོམ། །དངོས་པོ་མེད་པ་སྒོམ་པ་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པ། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་དང་། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་ལས་ཀྱང་། དེ་ལྟར་དགེ་བ་ཡིད་ལ་གྱིས་ཤིག །ཉོན་མོངས་པ་སྤོང་བ་ཡིད་ལ་གྱིས་ཤིག །ཅེས་རྗེས་སུ་སྟོན་ན་སྡིག་པའི་གྲོགས་པོ་ཡིན་ཏེ། ང་ལ་སྐུར་པ་འདེབས་པ་ཡིན་ནོ། །སྟོང་པ་ཉིད་ཡིད་ལ་བྱེད་པས་ཀྱང་སྟོང་པ་དེས་ན་སྟོང་པ་ཉིད་ཅེས་བྱའོ། །འདི་ལྟར་སྟོང་པ་ཉིད་ལ་དགེ་བ་དང་མི་དགེ་བ་མེད་པ་དེས་ན། སྟོང་པ་ཉིད་ཅེས་བྱ་སྟེ། ཐ་ན་དེ་ལ་སྟོང་པ་ཉིད་ཀྱི་འདུ་ཤེས་མེད་པ་དེས་ན། སྟོང་པ་ཉིད་ཅེས་བྱའོ། །ཞེས་དང་། ཡེ་ཤེས་གསང་བའི་རྒྱུད་ལས་ཀྱང་། ལྷན་ཅིག་སྐྱེས་པ་སྒྲུབ་ཏུ་མེད། །མངོན་དུ་གྱུར་བས་སྒོམ་དུ་མེད། །དཔྱོད་དུ་མེད་ཅིང་སྤྲོས་དང་བྲལ། །མ་ཡེངས་བློ་ཡིས་རྟོགས་ལས་གྲོལ། །ཞེས་དང་། འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས་ཀྱང་། གང་ཡིད་ལ་བྱེད་པ་ཐམས་ཅད་བདུད་ཀྱི་ལས་སོ། །ཞེས་དང་། སྟོང་པ་ཉིད་ལ་རློམ་སེམས་༼༡༧བ༽མེད་པར་སྦྱོར་ལ། ལྟ་བར་སོང་བ་ཐམས་ཅད་དང་བྲལ་ཞིང་། སྟོང་པ་ཉིད་ལ་སྦྱོར་ཏེ། སྟོང་པ་ཉིད་གང་གིས་སྟོང་པའི་སྟོང་པ་ཉིད་དེ་ལྟ་བར་གྱུར་པ་རྣམས་སྟོང་པ་དང་། སྟོང་པ་ཉིད་གང་གིས་ལྟ་བར་གྱུར་པ་རྣམས་སྟོང་པའི་སྟོང་པ་ཉིད་དེས་ཆོས་ཐམས་ཅད་སྟོང་པར་འདིས་ཤེས་ཤིང་ཤེས་པ་ལ་ལྷག་པའི་ང་རྒྱལ་མེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པའོ། །ཞེས་པ་དང་། རྩ་རྒྱུད་ལས་ཀྱང་། རྩེ་གཅིག་རྣལ་འབྱོར་གོམས་པར་བྱེད། །ཡིད་ལ་ཅི་ཡང་མི་གསལ་ལོ། །ཞེས་པ་དང་། སངས་རྒྱས་ཕལ་པོ་ཆེ་ལས་ཀྱང་། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་པས། །དེ་ནི་བསམ་པ་ནམ་མཁའ་ལྟ་བུར་རྣམ་པར་སྦྱངས། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོང་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག་པར་གྱིས། །ཡེ་ཤེས་ཕྱག་རྒྱའི་མདོ་ལས་ཀྱང་། གང་སྒོམ་པ་མེད་པ་ནི་སྒོམ་པའོ། །ཞེས་པ་དང་། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས་ཀྱང་། རང་བཞིན་སྟོང་པ་འོད་གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ། །མ་བསྒོམས་པས་ཀྱང་རྙེད་པ་མིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་བསྒོམས་པ་ཡང་རྟོག་པ་ཉིད། །བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པའོ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། དམིགས་པ་ལ་ནི་སེམས་བརྟན་ནས། །དེའི་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་བསླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ཐོབ། ༼༡༨ན༽།ཅེས་དང་། ཏཻ་ལོ་པས་ཀྱང་། མི་མནོ། མི་བསམ། མི་སེམས། མི་སྒོམ། མི་དཔྱད་སེམས་ནི་རང་བཞིན་ཉིད་དུ་གནས། ཤེས་པ་དང་། སེམས་ཉིད་ངལ་གསོར་ཡང་། བུ་ཉོན་ཁྱོད་གང་རྣམ་པར་རྟོགས། །འདིར་བདག་མ་བཅིངས་མ་གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་གར་ནི། །ཀྱེ་ཧོ་དུབ་པ་ངལ་སོས་ཞིག །ཅེས་དང་། ཀླུ་སྒྲུབ་ཀྱིས་ཀྱང་། གླང་ཆེན་ལོབས་ནས་སེམས་ཚགས་ཚུད་པ་ལྟར། །འགྲོ་འོང་བཅད་ན་ངང་གིས་དམ་པ་སྟེ། །འདི་ལྟར་རྟོགས་སོ་ང་ལ་ཆོས་ཅི་དགོས། །ཞེས་དང་། །རི་ཁྲོད་དབང་ཕྱུག་གིས་ཀྱང་། གང་ལ་སྐྱོན་དུ་མི་བལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླང་། །དྲོད་རྟགས་ལ་སོགས་འདོད་མི་བྱ། །བསྒོམ་དུ་མེད་པ་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙོམས་དབང་མི་བཏང་། །རྒྱུན་དུ་དྲན་པས་བསྒོམ་པར་བྱ། །ཞེས་དང་། སྒོམ་དོན་གྲུབ་པ་ལས། སྒོམ་པའི་ཚེ་ན་ཅི་ཡང་མི་སྒོམ་སྟེ། །ཐ་སྙད་ཙམ་དུ་དེ་ལ་སྒོམ་ཞེས་བྱ། །ཞེས་དང་། ས་ར་ཧས་ཀྱང་། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཞེས་དང་། དངོས་དང་དངོས་མེད་བདེ་བར་གཤེགས་པའི་འཆིང་བ་སྟེ། །སྲིད་དང་ཞི་བ་མཉམ་ཉིད་ཐ་དད་མ་བྱེད་པར། །གཉུག་མའི་ཡིད་འདི་གཅིག་པུ་ལྟོས་དང་རྣལ་འབྱོར་པ། །ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱའོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། གང་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རང་བཞིན་མཛོད། །ཤེས་རབ་ཕ་རོལ་ཕྱིན་པ་གཉིས་མེད་ལམ། །དུས་གསུམ་སངས་རྒྱས་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་དང་། ཇོ་བོས་ཀྱང་། ཟབ་ཅིང་སྤྲོས་བྲལ་དེ་བཞིན་ཉིད། །འོད་གསལ་འདུས་མ་༼༡༨བ༽བྱས་པ་གང་། །མ་སྐྱེས་མ་འགགས་གདོད་ནས་དག །རང་བཞིན་མྱ་ངན་འདས་པ་ཡིན། །ཆོས་དབྱིངས་མཐའ་དང་དབུས་མེད་པ། །བློ་མིག་ཞིབ་མོ་རྟོག་བྲལ་བ། །བྱིང་རྒོད་རབ་རིབ་མེད་པར་བལྟ། །ཞེས་དང་། ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་བཞག །ཅེས་སོ། །གསུམ་པ་ནི། དེ་ལྟར་མཉམ་པར་བཞག་པས་གཟུང་འཛིན་རྣམ་པར་རྟོག་པའི་དབའ་རླབས་ཞི་ནས་གསལ་སྟོང་གི་ངང་ལ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གཞོན་ནུ་ཏིང་ངེ་འཛིན་ཞེས་བྱ་བ་ནི། སེམས་ངེས་པར་རྟོགས་པ་སྐྱེ་བ་མེད་པའོ། །ཞེས་དང་། རྟོག་པ་མེད་ཅིང་རྣམ་རྟོག་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །སེམས་ཀྱང་དམིགས་སུ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ། །ཞེས་དང་། ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང་། སེམས་ཅན་ཐམས་ཅད་སེམས་གཅིག་སྟེ། །འོད་གསལ་སྐྱེ་བ་མེད་པའི་དོན། །ཉོན་མོངས་འཇོམས་པའི་དཔའ་བོ་སྟེ། །དེ་ནི་ཏིང་ངེ་འཛིན་ཞེས་བསྟན། །ཞེས་དང་། ཡེ་ཤེས་ཕྱག་རྒྱའི་མདོ་ལས་ཀྱང་། ཆོས་རྣམས་སེམས་ཀྱི་རྒྱས་བཏབ་ཅིང་། །སེམས་ལ་དངོས་པོ་མེད་པས་བཏབ། །སེམས་ངོ་ཤེས་པ་གང་ཡིན་པ། །དེ་ནི་རྣལ་འབྱོར་སྤྱོད་པ་ཡིན། །ཞེས་དང་། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། བླ་མ་དམ་པའི་བདུད་རྩི་ཡིས། །རང་སེམས་ནམ་མཁའ་ལྟ་བུར་ཤེས། །དེ་ཡི་དོན་ལ་མ་ཡེངས་པ། །དེ་ནི་ཏིང་འཛིན་ཞེས་པར་བསྟན། །ཞེས་དང་། ཏིང་ངེ་འཛིན་དམ་པའི་མདོ་ལས་ཀྱང་། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་པས། །མིང་དུ་མི་ཐོགས་ཉམས་མྱོང་འཆར། །ཏིང་ངེ་འཛིན་ཞེས་དེ་ལ་བྱ། །བསམ་གྱིས་མི་ཁྱབ་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་༼༡༩ན༽པས། །ཕྱོགས་རིས་མེད་པའི་ཉམས་མྱོང་འཆར། །ཏིང་ངེ་འཛིན་ཞེས་དེ་ལ་བྱ། །ཞེས་དང་། རྒྱུད་སྡོམ་པ་འབྱུང་བ་ལས་ཀྱང་། ཡེ་ཤེས་འདི་ནི་རང་རིག་པས། །ངག་གི་སྤྱོད་ཡུལ་ལས་འདས་ཤིང་། །ཀུན་མཁྱེན་ཡེ་ཤེས་དེ་ཡི་དངོས། །རྨད་དུ་བྱུང་བའི་རྣམ་ཤེས་དང་། །བསམ་གྱིས་མི་ཁྱབ་སེམས་དེ་ལ། །བསམ་པ་ཀུན་གྱིས་བརྗོད་ལས་འདས། །སྣ་ཚོགས་རྟོག་པའི་རྟོག་པ་མེད། །ཆགས་མེད་བདེ་བ་ཆེན་པོ་སྟེ། །རྣམ་པ་ཐམས་ཅད་ཀྱི་ནི་མཆོག །དབང་པོ་ཀུན་འདས་རྣམ་པ་མེད། །དངོས་དང་དངོས་མེད་བདག་ཉིད་དོ། །དངོས་དང་དངོས་མེད་རྣམ་པར་སྤངས། །བེམ་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བའོ། །ཞེས་དང་། བདག་མེད་པ་དྲིས་པའི་མདོ་ལས་ཀྱང་། བདེ་བ་བཟང་པོ་ཀུན་བསམ་པ། །བྱང་ཆུབ་སེམས་ནི་འོད་གསལ་བས། །རྣལ་འབྱོར་པ་ནི་རྟག་ཏུ་སྒོམ། །དངོས་པོ་མེད་ཅིང་དམིགས་སུ་མེད། །ཐམས་ཅད་སྟོང་པར་གནས་མེད་པ། །སྤྲོས་པ་རྣམས་ལས་ཡང་དག་འདས། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །རིང་པོ་མ་ཡིན་ཐུང་བ་མིན། །ཟླུམ་པོ་མ་ཡིན་གྲུ་གསུམ་མིན། །ཕྲ་བ་མ་ཡིན་སྦོམ་པ་མིན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །ཞེས་དང་། བརྟག་གཉིས་ལས་ཀྱང་། དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །དྲི་དང་རོ་དང་མྱ་ངན་འདས། །ལྷན་ཅིག་སྐྱེ་འགག་བྱེད་པ་ཅན། །ཞེས་དང་། ཡུམ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་ནམ་མཁའ་སྒོམ་པའོ། །ཞེས་དང་། ནམ་མཁའ་རིན་པོ་ཆེའི་མདོ་ལས་ཀྱང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་ནི། །བླང་བར་བྱ་བ་ཅི་ཡང་མེད། །༼༡༩བ༽བཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ལ་ཏིང་ངེ་འཛིན་ཞེས་བྱ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། གང་ལ་གནས་ཏེ་རྣམ་བསྒོམས་པ། །ཤེས་རབ་ཀྱིས་ནི་དེ་ལ་ལྟོས། །ཤེས་རབ་ཀྱིས་ནི་དེ་མཐོང་སྟེ། །རྣམ་པ་གཞན་དུ་མི་འགྱུར་རོ། །གང་ལ་བརྟེན་ཏེ་སེམས་བསྒོམས་པ། །ཐམས་ཅད་སྟོང་པར་ཤེས་པར་བྱ། །ཆོས་རྣམས་སྟོང་པར་རིག་ནས་ནི། །བྱང་ཆུབ་ཉིད་ཀྱང་སྟོང་པ་ཡིན། །ཞེས་དང་། དགོངས་པ་ངེས་འགྲེལ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ན་སྒོམ་པ་ལགས། བཀའ་སྩལ་པ། གང་གིས་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་སེམས་ཀྱི་མཚན་ཉིད་ཡིད་ལ་བྱེད་པའོ། །ཇི་ཙམ་གྱིས་ན་གཅིག་ཏུ་ཞི་གནས་སྒོམ་པ་ལགས། བཀའ་སྩལ་པ། གང་གིས་རྒྱུན་ཆགས་སུ་ཡིད་ལ་བྱེད་པ། བར་ཆད་མེད་པའི་སེམས་ཡིད་ལ་བྱེད་པའོ། །ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་འདྲེས་པ་ལ་མཉམ་པར་འཇོག་པ་ལགས། བཀའ་སྩལ་པ། གང་གི་སེམས་རྩེ་གཅིག་པ་ཡིད་ལ་བྱེད་པའོ། །ཞེས་དང་། དད་པ་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང་། ཞི་གནས་ཀྱི་ཚོགས་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པ་རློམ་སེམས་མེད་པའོ། །ལྷག་མཐོང་གི་ཚོགས་ནི་ཆོས་ཐམས་ཅད་མཐའ་དང་དབུས་མེད་པར་འཇུག་པའོ། །ཞེས་དང་། སྡུད་པ་ལས་ཀྱང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་འདི་ལྟར་མཐོང་ཞེས་དོན་དེ་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང་། །ཞེས་དང་། སཾ་བུ་ཊི་ལས་ཀྱང་། མི་རྟོག་༼༢༠ན༽ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། ཀྱཻའི་རྡོ་རྗེ་ལས་ཀྱང་། གང་གིས་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས་ཀྱང་། དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་ནི། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །ཅེས་དང་། ས་ར་ཧས་ཀྱང་། ཁ་དོག་ཡོན་ཏན་ཡི་གེ་དཔེ་དང་བྲལ། །སྨྲ་རུ་མི་བཏུབ་བདག་གིས་གྱི་ན་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ཡིས་བསྟན་ནུས་སམ། །ཞེས་དང་། རྟ་དབྱངས་ཀྱི་སྒོམ་རིམ་ལས་ཀྱང་། མཚོན་ཡང་མཚོན་བྱ་མ་ཡིན་ཏེ། །འདི་ལ་བསལ་བྱ་ཅི་ཡང་མེད། །སྟོང་པ་ཉིད་ཀྱང་སྟོང་པས་སྟོང་། །འདི་ལ་སངས་རྒྱས་སེམས་ཅན་མེད། །བདག་གཞན་སྣང་ཞིང་སྲིད་པའི་ཆོས། །རྣམ་གྲོལ་རྣམ་པར་བཅིངས་པ་ཡང་། །མིང་ཙམ་མིང་ཡང་ཡོད་མ་ཡིན། །ཐམས་ཅད་ནམ་མཁའ་འདྲ་བ་སྟེ། །དེ་ལྟར་ཆོས་རྣམས་མཐོང་མེད་ན། །མི་མངོན་མི་སྣང་མཇལ་མི་མཐོང་། །ཞེས་དང་། ས་ར་ཧས་ཀྱང་། གྲོགས་དག་ཟབ་མོ་དང་ནི་རྒྱ་ཆེ་བའི། །གཞན་གྱིས་བདག་ཉིད་རྟོགས་པ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པའི་ཞི་བའི་དུས་ཀྱི་ཚེ། །གཉུག་མ་ཉམས་སུ་མྱོང་བ་རབ་ཏུ་ཤེས། །ཞེས་སོ། །བཞི་པ་ནི། དེ་ལྟ་བུའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལ་ལམ་གྱི་ཆ་རྣམས་ཐམས་ཅད་མ་ལུས་པར་ཚང་བར་བསྟན་ཏེ། དེ་ཡང་དེ་ཉིད་ལ་སྐྱབས་འགྲོ་ཚང་སྟེ། མ་དྲོས་པས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་ཐམས་༼༢༠བ༽ཅད་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ་དང་། གང་ཟག་མེད་པར་ཤེས་པར་གཟུགས་སུ་མ་ཡིན། མཚན་དུ་མ་ཡིན། ཆོས་སུ་མ་ཡིན་པར་དེ་བཞིན་གཤེགས་པ་ཡང་དག་པར་རྗེས་སུ་སོང་བ་དེ་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི། ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་སྟེ། དེ་ལྟར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་སོང་བ་མཐོང་སྟེ། དེ་ལྟར་མཐོང་བ་དེ་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །གང་ཆོས་ཀྱི་དབྱིངས་འདུས་མ་བྱས་པར་སྒོམ་པ་དང་། ཉན་ཐོས་ཀྱི་ཐེག་པ་འདུས་མ་བྱས་པར་བརྟེན་པ་དང་། འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པ་འདི་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཞེས་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས་ཀྱང་། དང་པོའི་སེམས་ནི་སངས་རྒྱས་ཏེ། །གཉིས་པ་ཡང་ནི་ཆོས་ཞེས་བྱ། །དེ་དང་ལྷན་ཅིག་འབྱུང་བའི་སེམས། །དགེ་འདུན་ཞེས་སུ་བསྟན་པ་ཡིན། །ཞེས་དང་། སཾ་བུ་ཊི་ལས་ཀྱང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གང་དུ་སེམས་ནི་རྣམ་སྒོམ་པ། །དེ་ནི་སངས་རྒྱས་དང་ཡང་ཆོས། །དགེ་འདུན་ཞེས་སུ་བསྟན་པ་ཡིན། །ཞེས་སོ། །དེ་ཉིད་ལ་སེམས་བསྐྱེད་ཆང་སྟེ། སེམས་བསྐྱེད་ཆེན་མོའི་མདོ་ལས་ཀྱང་། འོད་སྲུང་ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་། ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་དང་། དུས་འཁོར་རྩ་རྒྱུད་དུ། སྟོང་པ་ལས་བྱུང་གཟུགས་ནི་རྒྱུ། །འབྲས་བུ་མི་འགྱུར་ལས་སྐྱེས་དེ། །འབྲས་བུ་རྒྱུ་ལ་རྒྱས་གདབ་ཅིང་། །༼༢༡ན༽རྒྱུ་ཡིས་འབྲས་བུར་རྒྱས་གདབ་བོ། །སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ། །བྱང་ཆུབ་སེམས་སུ་དེ་བརྗོད་དོ། །ཞེས་སོ། །བསྐྱེད་རིམ་ལྷ་སྒོམ་པའི་སྔགས་ཀྱི་བཟླས་བརྗོད་ཀྱང་ཚང་སྟེ། ཀྱཻའི་རྡོ་རྗེ་ལས་ཀྱང་། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་རྣམས་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་གྲུབ་དང་། །རིན་ཆེན་དཔག་མེད་སེམས་དཔའ་འོ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས་ཀྱང་། གཟུགས་བརྙན་ལུགས་མ་ལ་སོགས་ལས། །རྣལ་འབྱོར་འབྱུང་བར་མི་འགྱུར་གྱིས། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས་ཀྱང་། སྔགས་རྣམས་ཀྱི་ནི་མཚན་ཉིད་དོ། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཡིན། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །ཅེས་དང་། དུས་འཁོར་འགྲེལ་ཆེན་ལས་ཀྱང་། སྟོང་པ་དང་ནི་སྙིང་རྗེའི་སྐུ། །དུས་ནི་ཀུན་རྫོབ་གཟུགས་ལྡན་པ། །སྟོང་པ་འཁོར་ལོ་ཞེས་སུ་བརྗོད། །ཅེས་དང་། དུས་འཁོར་གཉིས་སུ་མེད་པར་འདོད། །ཅེས་དང་། བརྟག་པ་བདུན་པར་ཡང་། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །བཛྲ་ཤེས་རབ་བརྗོད་པར་བྱ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས་ཀྱང་། སེམས་ཞེས་བྱ་བ་བདེ་བར་གཤེགས། །སངས་རྒྱས་ཀུན་གྱི་བདེ་བའི་མཆོག །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བ་བདེ་བའི་མཆོག །ཅེས་དང་། འདུས་པའི་རྒྱུད་ཀྱི་ཕྱི་མ་ལས་ཀྱང་། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་སངས་རྒྱས་༼༢༡བ༽ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བརྗོད། །ཅེས་དང་། དེ་ཉིད་ལ་སྦྱིན་སྲེག་ཀྱང་ཚང་སྟེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། གང་གི་ཕྱིར་ན་སྦྱིན་སྲེག་ནི། །དངོས་གྲུབ་དམ་པ་སྟེར་བ་དང་། །རྣམ་རྟོག་འཇམ་ཕྱིར་སྦྱིན་སྲེག་སྟེ། །ཤིང་སོགས་བསྲེག་པ་སྦྱིན་སྲེག་མིན། །ཞེས་སོ། །དེ་ཉིད་ལ་ཕར་ཕྱིན་དྲུག་ཀྱང་ཚང་སྟེ། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། སྟོང་པ་ཉིད་ལས་མ་གཡོས་ན། །ཕ་རོལ་ཕྱིན་པ་དྲུག་འདུས་སོ། །ཞེས་དང་། ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས་ཀྱང་། མི་སེམས་པ་ནི་སྦྱིན་པའོ། །ཐ་དད་ལ་མི་གནས་པ་ནི་ཚུལ་ཁྲིམས་སོ། །བྱེ་བྲག་མི་བྱེད་པ་ནི་བཟོད་པའོ། །བླང་དོར་མེད་པ་ནི་བརྩོན་འགྲུས་སོ། །མ་ཆགས་པ་ནི་བསམ་གཏན་ནོ། །མི་རྟོག་པ་ནི་ཤེས་རབ་བོ། །ཞེས་དང་། ཆོས་སྤྱོད་མངོན་རྟོགས་ཀྱི་རྒྱུད་ལས་ཀྱང་། སེམས་སྟོང་པ་དང་རྟོག་པ་ཡི། །སྐྱོན་གྱིས་མ་གོས་དྲི་མ་མེད། །དུཿཁ་ཆེ་ལ་ཡོངས་སུ་བཟོད། །བར་ཆད་མེད་པར་རྟག་ཏུ་སྡོམ། །དེ་ཉིད་གཅིག་ལ་མཉམ་པར་འཇོག །བདེ་བའི་འབྲས་བུ་ཡེ་ཤེས་སྐྱེས། །སྒོམ་ཆེན་ཡན་ལག་དྲུག་དང་ལྡན། །ཞེས་དང་། སའི་སྙིང་པོའི་མདོ་ལས་ཀྱང་། མཁས་པ་སྟོང་ཉིད་ཆོས་སྒོམ་པ། །འཇིག་རྟེན་ཀུན་ལ་རྟེན་མི་གནས། །སྲིད་པ་ཀུན་ལ་གནས་མ་ཡིན། །རྣམ་པར་དག་པའི་ཚུལ་ཁྲིམས་བསྲུང་། །ཞེས་དང་། ཐམས་ཅད་ཆོས་ལ་རོ་གཅིག་མཐུན་པར། །སྟོང་པ་མཚན་མ་མེད་པ་ཞི་བ། །སེམས་ནི་ཅི་ལའང་མི་གནས་མི་ཆགས། །བཟོད་པ་འདི་ནི་ཕན་དོན་ཆེར་འགྱུར། །མཁས་པ་བརྩོན་འགྲུས་རྩོམ་པ་དག་ནི། །ཆགས་པ་ཐམས་ཅད་རིང་དུ་སྤངས་ཏེ། །སེམས་ནི་ཅི་ལའང་མི་གནས་མི་ཆགས། །ཡང་དག་བསོད་ནམས་ཞིང་ཞེས་དེ་༼༢༢ན༽བྱ། །སེམས་ཅན་ཀུན་ལ་ཕན་དང་བདེ་ཕྱིར། །ཏིང་འཛིན་སྒོམ་ཞིང་ཁུར་ལྕི་སྤངས་ཏེ། །ཀུན་ནས་ཉོན་མོངས་ཐམས་ཅད་སེལ་བ། །དེ་ནི་ཡང་དག་མཁས་པའི་མཚན་ཉིད། །ཅེས་སོ། །དེ་ཉིད་ལ་ཕྱག་འཚལ་བ་ཡང་འདུས་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གིས་རང་གི་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །དེ་ཉིད་ལ་མཆོད་པ་འབུལ་བ་ཡང་ཚང་སྟེ། ཡབ་སྲས་མཇལ་བའི་མདོ་ལས། སྟོང་ཉིད་ཆོས་ལ་བརྟེན་བགྱིད་ཅིང་། །སྤྱོད་པ་སྤྱོད་ཡུལ་གང་མོས་པ། །དེ་དག་སྟོན་པ་མཆོད་པ་སྟེ། །མཆོད་པ་དེ་ནི་བླ་ན་མེད། །ཅེས་དང་། བདེ་མཆོག་གི་རྒྱུད་ལས་ཀྱང་། རང་གིས་སྟོང་པར་རྟོགས་པ་ཡི། །འོད་གསལ་དེ་ནི་ཆོས་ཀྱི་སྐུ། །ཞེན་པ་རྣམས་དང་བྲལ་བས་ན། །བླ་ན་མེད་པའི་མཆོད་པའོ། །ཞེས་དང་། བདུད་རྩི་གསང་བའི་རྒྱུད་ལས་ཀྱང་། མཉེས་པའི་དོན་གྱིས་མཆོད་པ་སྟེ། །སྤོས་སོགས་ཕུལ་བས་མཉེས་པ་མེད། །རང་སེམས་ལས་སུ་རུང་བ་དག །མཉེས་པའི་མཆོད་པ་ཆེན་པོའོ། །ཞེས་དང་། དེ་ཉིད་སྡིག་བཤགས་ཀྱང་ཚང་སྟེ། ལས་རྣམ་པར་དག་པའི་མདོ་ལས། གང་ཞིག་བཤགས་པ་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་དང་། དེ་བཞིན་གཤེགས་པ་གསང་བའི་མཛོད་ཀྱི་མདོ་ལས་ཀྱང་། ཆོས་ཐམས་ཅད་བྱས་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། སྒྱུ་མ་ལྟ་བུའི་ཆོས་ཉིད་དང་། ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་ཉིད་དང་། རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང་། ཆོས་ཐམས་ཅད་གདོད་༼༢༢བ༽མ་ནས་དག་པར་ཡིད་ཆེས་ཏེ་མོས་ན་སེམས་ཅན་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ། །ཞེས་དང་། ཚུལ་ཁྲིམས་དང་དམ་ཚིག་བསྲུང་བ་ཡང་ཚང་སྟེ། ལྷའི་བུས་ཞུས་པའི་མདོ་ལས། གང་ལ་སྡོམ་པ་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་པ་ནི། མྱ་ངན་ལས་འདས་པའི་ཚུལ་ཁྲིམས་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ཞེས་དང་། སྡུད་པར་ཡང་། གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །དེ་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་བདེན་པས་གསུངས། །ཞེས་དང་། འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུ་མ་བྲེགས་ཆོས་གོས་ཀྱང་མ་གྱོན། ཚུལ་ཁྲིམས་ཀྱང་མ་མནོས་མོད་ཀྱང་། འཕགས་པའི་ཆོས་ཉིད་དང་ལྡན་པ་དེ་ཉིད་དོན་དམ་པའི་དགེ་སློང་ཞེས་བྱའོ། །ཞེས་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལས་ཀྱང་། དབང་པོ་རྣམས་ནི་ཡུལ་རྣམས་ལ། །འཇུག་ཅིང་རྟག་ཏུ་གང་གནས་པ། །བདག་མེད་ཆོས་ལ་ཡང་དག་གནས། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་དང་། ཐིག་ལེ་མཉམ་གནས་ཀྱི་རྒྱུད་ལས་ཀྱང་། བདེ་ཆེན་ངང་ལ་མཉམ་གནས་ན། །དམ་ཚིག་མེད་ཅིང་སྡོམ་པ་མེད། །བྱ་དང་བྱེད་པའི་རྩོལ་མེད་ཀྱང་། །ནམ་མཁའ་ལྟ་བུས་འགྲུབ་པར་འགྱུར། །ཞེས་སོ། །དེ་ཉིད་ལ་ཐོས་བསམ་སྒོམ་གསུམ་ཡང་ཚང་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། མ་བཅོས་རྣལ་མའི་ཟས་ཅིག་ཟོས་གྱུར་པ། །གྲུབ་མཐའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར། །བྱིས་པས་མ་རྟོགས་ཐ་སྙད་ཚིག་ལ་རྟེན། །ཐམས་ཅད་རང་གི་སེམས་ཀྱི་མཚན་ཉིད་ཡིན། །ཞེས་དང་། ས་ར་ཧས་ཀྱང་། ཀློག་པ་དེ་ཡིན་འཛིན་དང་སྒོམ་པ་དེ་ཡིན་ཏེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །དེས་མི་མཚོན་པའི་ལྟ་བ་ཡོད་མིན་ཏེ། །ཞེས་སོ། །དེ་ལ་༼༢༣ན༽གཏེར་མ་ཆོས་སྤྱོད་ཀྱང་ཚང་སྟེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། མཆོད་དང་གཏོར་མ་ལ་སོགས་པའི། །ལས་དང་བྱ་བ་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་རྙེད་གྱུར་ལས། །ཐམས་ཅད་འདི་ཡིས་སྡུད་པར་ངེས། །ཞེས་སོ། །དེ་ཐམས་ཅད་སེམས་ཉིད་སྒོམ་པ་ལ་འདུས་ན། ཐབས་ཀྱི་རིམ་པ་མང་དུ་གསུངས་པ་རྣམས་ཇི་ལྟར་ཡིན་ཞེ་ན། དེ་ལྟ་བུའི་གནས་ལུགས་ལ་རྨོངས་པ་རྣམས་འཁྲིད་པའི་ཕྱིར་ཡིན། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྒྱུ་རྐྱེན་འབྲེལ་བར་བཤད་པ་དང་། །རིམ་པས་འཇུག་པར་བསྟན་པ་ཡང་། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་གྱིས་སྦྱང་དུ་ཅི་ཞིག་ཡོད། །ཅེས་དང་། བདེ་མཆོག་སྡོམ་འབྱུང་ལས་ཀྱང་། འདི་ལྟར་བདག་གིས་མཁའ་མཚུངས་པར། །རྟག་ཏུ་གྲོལ་བའི་བདག་ཉིད་ཐོབ། །ཅེས་དང་། ནམ་མཁའ་རིན་པོ་ཆེའི་མདོ་ལས་ཀྱང་། ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་མ་ཞུགས་ཀྱི་བར་ལས་དང་ལམ་ཐ་དད་མོད་ཀྱི། ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་ཕྱིན་ནས། ས་དང་ལམ་ཅུང་ཟད་དུ་ཡང་བགྲང་དུ་མེད་དེ། ཞེས་དང་ཇོ་བོས་ཀྱང་། གཅིག་ཏུ་མཉམ་བཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར་མི་བྱ། །ཞེས་སོ། །དེ་ལྟར་ན་ཆད་པར་ལྟ་བར་མི་འགྱུར་རམ་ཞེ་ན། དྲན་པ་ཉེར་བཞག་ལས། ཆད་པར་ལྟ་བ་གཉིས་ཏེ། ཡོད་པ་མེད་པར་འདོད་པའི་ཆད་ལྟ་དང་། མེད་པ་ཡོད་པར་འདོད་པའི་ཆད་པར་ལྟ་བའོ། །ཡོད་པ་མེད་པར་འདོད་པ་ནི། མཆོད་སྦྱིན་མེད་དོ། །ལས་དང་རྣམ་པར་སྨིན་པ་མེད། སྐྱེ་བ་སྔ་མ་དང་ཕྱི་མ་མེད་པར་འདོད་པའོ། །མེད་པ་ཡོད་པར་འདོད་པ་ནི། དབང་ཕྱུག་གམ་བྱེད་པ་པོས་བྱས་པར་འདོད་པའོ། །ཞེས་༼༢༣བ༽དང་། འཁོར་ལོ་བཅུ་པ་ལས་ཀྱང་། ལས་ཀྱི་རྣམ་སྨིན་རྒྱུ་འབྲས་མེད་འདོད་པ། །དེ་ནི་མུ་སྟེགས་ཆད་པར་ལྟ་བ་ཡིན། །ཤི་མ་ཐག་ཏུ་མནར་མེད་དམྱལ་བར་སྐྱེ། །དེ་ནི་རང་ཕུང་གཞན་ཡང་བརླག་པར་བྱེད། །ཅེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། ཆད་པར་ལྟ་བ་གང་ཞེ་ན། ཀུན་རྫོབ་ཏུ་ཡང་ལས་དང་རྣམ་པར་སྨིན་པའི་རྒྱུ་མཚན་མེད་པར་འདོད་པའོ། །ཞེས་དང་། རྟ་སྐད་བྱང་ཆུབ་སེམས་དཔས་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ལགས་ན། ཆད་པར་མི་འགྱུར་བ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་ཆད་པར་ལྟ་བ་ནི་རྒྱུ་མཚན་གསུམ་གྱི་ཆད་པར་ལྟ་བར་གྱུར་ཏེ། ལས་རྒྱུ་འབྲས་ལ་སོགས་པ་ཀུན་རྫོབ་ཙམ་དུ་ཡང་ཡོད་པ་འགོག་པ་དང་། མེད་པའི་ཕྱོགས་འབའ་ཞིག་ཏུ་ཞེན་པ་དང་། ཟབ་མོའི་ཆོས་ཀྱི་དོན་མ་རྟོགས་པར་སྟོང་པའོ་ཞེས་ཚིག་ཏུ་ཞེན་པའོ། །གསོལ་པ། འོ་ན་ཆད་པར་ལྟ་བ་ཇི་ལྟར་སྤོང་བ་ལགས། བཀའ་སྩལ་པ། ཀུན་རྫོབ་ཏུ་ལས་དང་རྣམ་པར་སྨིན་པ་མི་སླུ་བ་དང་། དོན་དམ་པར་མེད་པའི་དངོས་པོར་མ་གྲུབ་པ་དང་། ཟབ་མོའི་དོན་སེམས་ཀྱི་རང་བཞིན་སྐྱེ་འགག་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་ཉམས་སུ་མྱོང་བའོ། །ཞེས་དང་། ནོར་བུ་འཕྲེང་བའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ར་མ་ཎའི་སྙིང་པོས་གསོལ་པ། སྟོང་པ་ཁོ་ན་ལ་ཞེན་པས་ཆད་པར་ལྟ་བར་མི་འགྱུར་བ་ལགས་སམ། བཀའ་སྩལ་པ། དཔེར་ན་རྨི་ལམ་གྱི་གྲོང་ཁྱེར་ཡེ་ནས་མེད་པ་ལ། ཞིག་ནས་མེད་པ་ལྟ་ག་ལ་ཡོད། དེ་བཞིན་དུ་ཆད་པར་འཛིན་པའི་སེམས་ཡེ་ནས་དངོས་པོ་མེད་པ་ལ། དེ་མེད་པར་འཛིན་པའི་ཆད་པར་ལྟ་བ་ལྟ་ག་ལ་ཡོད། ཅེས་དང་། བི་རཱུ་པས། ཕྱག་རྒྱ་ཆེན་པོའི་ངང་ནས་༼༢༤ན༽ལྷན་ཅིག་སྐྱེས་པ་དེ། །མི་བསམ་མི་རིག་བདག་མེད་ངང་ལ་བཞག །ཆད་པར་མི་འགྱུར་ཉམས་སུ་མྱོང་བས་རང་གིས་རིག །རྟག་པར་མི་འགྱུར་མངོན་ཞེན་མེད་པས་ཟུང་དུ་འཇུག །ཅེས་སོ། །འོན་ཀྱང་གང་གི་གཅིག་ཅར་ནི་སྦྱོང་བྱེད་ཀྱི་ཐབས་ཡིན་གྱི་སྦྱངས་པའི་དག་པ་ནི་རིམ་གྱིས་ཐོབ་པར་འགྱུར་ཏེ། ལར་ཀར་གཤེགས་པ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་གསོལ་པ། རང་གི་སེམས་སྣང་བའི་རྒྱུད་ཅིག་ཅར་རམ་རིམ་གྱིས་འཇུག་པར་འགྱུར། བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་འཇུག་པས་དག་སྟེ། ཅིག་ཅར་བས་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱིས། ཅིག་ཅར་ནི་མ་ཡིན་ནོ། །དེ་བཞིན་དུ་རང་གི་སེམས་སྣང་བའི་རྒྱུད་ཀྱང་རིམ་གྱིས་དག་པར་འགྱུར་གྱི། ཅིག་ཅར་ནི་མ་ཡིན་ནོ། །ཞེས་སོ། །ཡང་ན་གོང་འོག་གཉིས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་གྱིའོ། །གསུམ་པ་ལ་གཉིས་ལས། དང་པོ་འབྲས་བུ་མངོན་དུ་བྱེད་པའི་དུས་ནི། དེ་ལྟར་བསྒོམས་པས་རབ་ཀྱིས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་ཅིང་། འབྲིང་གི་རབ་བར་དོར། འབྲིང་གི་འབྲིང་སྐྱེ་བ་གཉིས། འབྲིང་གི་ཐ་མས་སྐྱེ་བ་བདུན་ནམ་བཅུ་དྲུག་ན་ཐོབ་སྟེ། གུར་དང་གདན་བཞི་གཉིས་ཀ་ལས། རིན་ཆེན་སེམས་ནི་རབ་བསྐུལ་བས། །ཇི་ལྟར་ནམ་མཁའ་དྲི་མེད་སེམས། །སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་སངས་རྒྱས་སོ། །ཞེས་དང་། གཙུག་ཏོར་གྱི་མདོ་ལས་ཀྱང་། ཆོས་ཐམས་ཅད་མཚན་མ་མེད་པའི་ཡེ་ཤེས་ལ་བདེ་བར་གནས་པ་དེ་ནི་ལུས་འདི་བོར་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་དྲན་པ་དང་ལྡན་པར་འགྱུར་༼༢༤བ༽ཏེ། ཞེས་དང་། ཉི་ཟླ་གྲུབ་པ་ལས་ཀྱང་། རྣལ་འབྱོར་དབང་རབ་རྣམས་ཀྱིས་ནི། །དོན་དམ་ཕྱག་རྒྱ་ཆེ་བརྟེན་ནས། །མི་གཡོ་བསམ་གཏན་སྦྱོར་བ་ཡིས། །རྒྱུ་མཐུན་བདེ་སྟོང་ཏིང་འཛིན་སྒོམ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །མཆོག་གི་དངོས་གྲུབ་ཐོབ་པར་གསུངས། །ཞེས་དང་། རྡོ་རྗེ་རྩེ་མོ་ལས་ཀྱང་། བསྐལ་པ་གྲངས་མེད་པ་རུ་འབྱུང་། །ས་ཡི་ཕ་རོལ་ཕྱིན་པ་མཆོག །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདས། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། ཕ་རོལ་ཏུ་ཕྱིན་པའི་བསྐལ་པ་རབ་འབྱམས་ཀྱིས་འདའ་བའི་ས་དེ་དག་རིགས་སྔགས་འཆང་གིས་ཚེ་འདི་ཉིད་ལ་འགྲུབ་བོ། །ཞེས་དང་། ཨ་བྷི་དྷ་ནའི་རྒྱུད་ལས་ཀྱང་། ཕྱག་རྒྱ་ཆེ་ལ་ངེས་པར་རོ་ལ། །སྒོམ་པ་མངོན་དུ་གྱུར་པ་ཡིས། །རྣམ་གྲོལ་སངས་རྒྱས་ཐམས་ཅད་ཀྱང་། །སྐྱེ་བ་འདི་ལ་མངོན་དུ་འགྱུར། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས་ཀྱང་། ཡིད་ནི་རྡོ་རྗེའི་སྐུར་གྱུར་པས། །བར་དོ་ལས་ནི་གྲོལ་བར་འགྱུར། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས་ཀྱང་། ཡང་ན་ལུས་འདི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་དང་། བདེ་མཆོག་ལས་ཀྱང་། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་། དུས་འཁོར་ལས་ཀྱང་། རྣལ་འབྱོར་དབང་པོ་རབ་ཏུ་གཡོ་བའི་ཡིད་ལྡན་གལ་ཏེ་རྣལ་འབྱོར་མ་ཐོབ་ཤི་བར་གྱུར་ན་ནི། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །དེ་ཡི་སྔོན་དུ་གོམས་པས་སླར་ཡང་ཡེ་ཤེས་རྣལ་འབྱོར་མཆོག་ཏུ་རྒྱ་ཆེན་ཉམས་སུ་ལེན་པར་གྱུར། །ཡེ་ཤེས་ཐོབ་པར་གྱུར་ན་མི་ཟད་མཆོག་གི་གནས་ཏེ་སླར་ཡང་སྐྱེ་བ་མ་ཡིན་༼༢༥ན༽ལ། །ཞེས་དང་། དུས་འཁོར་འགྲེལ་ཆེན་ལས་ཀྱང་། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་ལྡན་པ་མ་ཡིན་པ་དང་། ཡང་དག་པའི་ཡེ་ཤེས་མ་བསྒོམས་ཀྱང་ངེས་པའོ། །ཞེས་དང་། གསང་བ་མཛོད་ལས་ཀྱང་། དབང་བསྐུར་ཡང་ཡང་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམས་ཀྱང་ནི་དངོས་གྲུབ་ཐོབ། །ཅེས་དང་། དམ་ཚིག་ལྔ་པ་ལས་ཀྱང་། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་དང་། རྡོ་རྗེ་རྩེ་མོ་ལས་ཀྱང་། ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདས། །སོ་སོ་སྐྱེ་ཡང་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་སོ། །དེ་དག་ནི་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་ཅིང་། ལམ་སྒྲུབ་པའི་དབང་དུ་བྱས་པ་ཡིན་ལ། ཐབས་ཀྱིས་མ་ཟིན་ན་དུས་རིང་ལ། མི་སྒྲུབ་ན་ཡོན་ཏན་མི་འབྱུང་ཞིང་། མི་དགེ་བ་སྤྱད་ན་ངན་སོང་དུ་ལྟུང་སྲིད་པར་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ནི་གཞུང་ལུགས་ཆེན་པོ་རྣམས་ནས་གསུངས་པ་ལྟར་ཁོང་དུ་ཆུད་པར་བྱའོ། །གཉིས་པ་འཐོབ་བྱའི་འབྲས་བུ་མཐར་ཐུག་ནི། སྐུ་གསུམ་མམ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན། ཕྲིན་ལས་སྲིད་མཐའི་བར་དུ་འབྱུང་བ་སྟེ། འོད་ཟེར་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་དགོངས་པ་ཡོངས་སུ་གྲུབ་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ལ་སྐུ་གསུམ་མངའ་བའོ། །ཆོས་ཀྱི་སྐུ་ནི་ཡོངས་སུ་དག་པའི་ཡེ་ཤེས་ཉིད་དུ་གནས་པ་ཙམ་ལ་བྱའོ། །ཞེས་དང་། ཆོས་ཉིད་ཀྱི་ཡེ་ཤེས་ལ་རྟོག་པ་མེད་ཀྱང་། སྨོན་ལམ་གྱི་དབང་གིས་སེམས་ཅན་སྐལ་བ་ཅན་རྣམས་ལ་གཟུགས་སྐུ་གཉིས་༼༢༥བ༽ཀྱིས་དོན་བྱེད་དོ། །ཞེས་དང་། མཚན་ཡང་དག་པར་བརྗོད་པ་ལས། མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང་། སྐུ་གསུམ་བསྟན་པའི་མདོ་ལས་ཀྱང་། སངས་རྒྱས་རྣམས་ནི་སྐུ་གསུམ་སྟེ། འདི་ལྟ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །ཞེས་དང་། དཔེར་ན་ནམ་མཁའ་ལས་ནི་སྤྲིན་འབྱུང་ངོ་། །སྤྲིན་ལས་ནི་ཆར་འབྱུང་ངོ་། །དེ་བཞིན་དུ་ཆོས་སྐུ་ལས་ནི་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ་། །ཞེས་དང་། རིན་ཆེན་འཕྲེང་བའི་རྒྱུད་ལས་ཀྱང་། ཆོས་སྐུ་སྤྲིན་མེད་ནམ་མཁའ་བཞིན། །སྐུ་གཉིས་སྤྲིན་དང་ཆར་གྱི་ཚུལ། །སྐུ་གཉིས་སེམས་ཅན་དོན་མཛད་པ། །སེམས་ཅན་གྱི་ལས་དང་སངས་རྒྱས་ཀྱི་སྨོན་ལམ་གྱི་སྟོབས། དེ་ཡི་སྟོབས་ཀྱིས་སྣང་བ་ལས། །ཡང་དག་ཉིད་ལ་སྣང་བ་མེད། །ཅེས་དང་། ཡེ་ཤེས་དགོངས་པའི་རྒྱུད་ལས། སྣ་ཚོགས་གསལ་བ་སྤྲུལ་པའི་སྐུ། །གསལ་ལ་འཛིན་མེད་ཆོས་ཀྱི་སྐུ། །བདེ་བར་ཤེས་པ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་བཞིན་གྱི། །དོན་ནི་རྟེན་དང་བཅས་པར་བསྟན། །ཞེས་དང་། སངས་རྒྱས་སའི་མདོ་ལས་ཀྱང་། སངས་རྒྱས་ཀྱི་ཡེ་ཤེས་ནི་རྣམ་པ་ལྔ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོགས་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་དང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས་ཀྱང་། དེ་ལ་མེ་ལོང་ཡེ་ཤེས་ནི། ༼༢༦ན༽དཔེར་ན་གཡའ་དག་མེ་ལོང་ལ། །གཟུགས་བརྙན་སྣང་བ་གསལ་བ་བཞིན། །དེ་བཞིན་སེམས་ཀྱི་མེ་ལོང་ལ། །ཉོན་མོངས་གཡའ་ནི་དག་བྱས་ནས། །ཆོས་རྣམས་གཟུགས་བརྙན་ལྟ་བུར་མཐོང་། །སེམས་ཀྱི་མེ་ལོང་གང་ཡིན་ལ། །སྒྱུ་མ་ཙམ་དུ་སྣང་བ་དེ། །ཐ་དད་མི་ཕྱེད་མཉམ་ཡེ་ཤེས། །མཉམ་ཉིད་ཡེ་ཤེས་གང་ཡིན་པའི། །ཀུན་རྫོབ་སྒྱུ་མ་ཙམ་དེ་ནི། །ལས་དང་མཚན་ཉིད་མ་འདྲེས་པ། །དེ་ཉིད་སོ་སོར་རྟོགས་ཡེ་ཤེས། །དེ་ཉིད་ནན་ཏན་སྒྲུབ་བྱེད་དེ། །དེ་ཉིད་དོན་གྲུབ་ཡེ་ཤེས་ཏེ། །ཐམས་ཅད་སྟོང་ཉིད་གཞན་མིན་ཏེ། །དེ་ཕྱིར་ཆོས་དབྱིངས་ཡེ་ཤེས་ཡིན། །ཞེས་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་ཀྱང་། ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་སྟེ་སེམས་ཅན་རྣམས་ལ་ཡང་མ་དག་པའི་དྲི་མ་དང་མ་བྲལ་བའི་སྐྱོན་དང་བཅས་པའི་ཆོས་ཀྱི་དབྱིངས་གཟིགས་ནས། སེམས་ཅན་རྣམས་ལ་རྣམ་པར་བརྩེ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་འཇུག་གོ །ཞེས་དང་། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས་ཀྱང་། ཟག་མེད་དབྱིངས་ལས་མ་གཡོས་ཀྱང་། །སྔོན་གྱི་སྨོན་ལམ་འཕེན་པ་ཡིས། །སེམས་ཅན་སྲིད་ལས་བསྒྲལ་བའི་ཕྱིར། །འཇིག་རྟེན་ཁམས་སུ་ཕྲིན་ལས་འཇུག །ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད། །ཁྱབ་ཅིང་རྟག་པར་དུས་ཀུན་ཏུ། །སངས་རྒྱས་ཕྲིན་ལས་བསམ་མི་ཁྱབ། །ཅེས་སོ། །ཇི་སྐད་དྲངས་པའི་ལུང་དེ་དག་ལས་རེ་རེས་ཀྱང་། གོང་འོག་གི་དོན་དུ་མ་སྟོན་པ་ཡང་མང་དུ་སྣང་བས་ཁོང་དུ་ཆུད་པར་བྱའོ།། །།མདོ་རྒྱུད་བསྟན་བཅོས་ཟབ་དོན་གངས་རིའི་ངོགས། །རྣམ་དཔྱོད་ལྷག་བསམ་ཉི་མའི་འོད་ཀྱིས་བཞུས། །མན་ངག་གངྒཱའི་ཆུ་རྒྱུན་ཀློང་ནས་བརྡོལ། །དད་ལྡན་སྐོམ་པ་༼༢༦བ༽ཀུན་གྱིས་བཏུང་བ་མཛོད། །དོན་མཆོག་བསྟན་པའི་སྤྱི་གཞུང་ལས་འཁྲུངས་ཤིང་། །འབྱམས་ཀླས་ཚིག་གིས་བསྒྲིབས་པའི་རོ་མཆོག་བརྒྱ། །ཉུང་འདུས་གསལ་བའི་མན་ངག་གཡོས་སུ་སྦྱར། །གུས་ལྡན་བཀྲེས་པ་ཡོད་ན་འདི་ལ་རོལ། །ལྟ་སྒོམ་སྤྱོད་འབྲས་གླིང་བརྒྱད་གསལ་བའི་གཞི། །མདོ་རྒྱུད་ལུང་གི་འོད་ཟེར་སྟོང་ལྡན་འདི། །གདམས་ཆུང་མེ་ཁྱེར་འོད་ཀྱིས་ཚིམ་པ་ཡི། །བླུན་སྒོམ་མུན་པར་འཁྱམས་པའི་སྣང་བ་མཛོད། །བླང་དོར་མ་ནོར་སྟོན་བྱེད་དགེ་བའི་བཤེས། །མི་ཤེས་དགྲ་ལས་རྒྱལ་བྱེད་གོ་མཚོན་དཔུང་། །ཡིད་ལ་འདོད་དགུ་སྒྲུབ་བྱེད་ཡིད་བཞིན་ནོར། །སྐལ་བཟང་རི་ཁྲོད་འགྲིམ་པའི་ཆ་རྐྱེན་མཛོད། །རྒྱལ་བའི་དགོངས་པ་ཟབ་ཅིང་རྟོགས་དཀའ་བ། །བདག་བློའི་སྟོབས་ཞན་བྱིས་པའི་ངང་ཚུལ་ཅན། །དེ་ཕྱིར་འདི་ལ་ནོངས་པའི་ཚོགས་མཆིས་སྲིད། །དབང་གྱུར་རྒྱལ་དང་རྒྱལ་སྲས་ཚོགས་ལ་བཤགས། །དེ་བྱུང་དགེ་བ་ནམ་མཁའི་ཁྱོན་ཡངས་ཀྱིས། །ཐོག་མེད་དྲིན་ལྡན་མར་གྱུར་འགྲོ་བའི་ཚོགས། །སེམས་དོན་གནས་ལུགས་རྟོགས་པའི་ལམ་ཞུགས་ཏེ། །སྐུ་གསུམ་ནོར་བུའི་གླིང་དུ་འཇུག་པར་ཤོག །རྒྱལ་བ་རྒྱལ་སྲས་གསུང་རབ་ནམ་མཁའི་ཀློང་། །ངེས་དོན་གསལ་བྱེད་ལུང་གི་ཉི་མ་ཤར། །མཐར་འཛིན་མུན་པའི་དྲྭ་བ་ཀུན་བསལ་ཏེ། །ཡང་དག་དོན་གྱི་སྣང་བ་རྒྱས་གྱུར་ཅིག །གང་གི་གསུང་རབ་རྒྱ་མཚོ་ཡངས་པ་ལས། །ཟབ་དོན་འཁྲུལ་མེད་མར་གྱི་སྙིང་པོ་བླངས། །གཉིས་འཛིན་མཚན་མའི་རླུང་གིས་འཁྲུལ་པ་རྣམས། །གདམས་པའི་བཅུད་འཐུངས་རྟོགས་པའི་ཁམས་རྒྱས་ཤོག །མདོ་རྒྱུད་གངས་རིའི་ངོས་ནས་ལེགས་འོངས་ཤིང་། །ཟབ་བཅུད་ཡན་ལག་བརྒྱད་ལྡན་བདུད་རྩིའི་རྒྱུན། །ལྟ་ངན་ལོག་པའི་དྲི་མ་རྣམས་བསལ་༼༢༧ན༽ཞིང་། །གནས་ལུགས་རྟོགས་པའི་མདངས་ཀྱིས་མཛེས་གྱུར་ཅིག །ཆོས་ཚུལ་འདི་ནི་མཁའ་ལྟར་ཀུན་ལ་ཁྱབ། །རྩི་སྨན་ཚོགས་ལྟར་ཕན་པ་གྲངས་མང་ཞིང་། །ཡིད་བཞིན་ནོར་ལྟར་འདོད་པའི་དོན་ཀུན་སྒྲུབ། །གངྒཱའི་ཆུ་ལྟར་རྒྱུན་མི་འཆད་པར་ཤོག །སེམས་དོན་སྙིང་པོའི་གནས་ལུགས་གསལ་བྱེད་ལུང་གི་ཉི་འོད་ཅེས་བྱ་བ། ཤིང་ཕོ་སྟག་གི་ལོ་གྲོ་ཞུན་ཟླ་བའི་ཉེར་ལྔ་ལ། སྨན་པའི་རྒྱལ་པོས་སྒམ་པོའི་གནས་སུ་བཀོད། ཤེས་བྱའི་གནས་ལ་མཁྱེན་པའི་འོད་སྟོང་འཕྲོ། །རབ་ཏུ་གུས་བྱེད་འདབ་སྟོང་རྒྱས་པའི་གཉེན། །རྡོ་རྗེའི་དོན་མཆོག་སྦྲང་རྩིའི་དཔལ་འཛིན་པའི། །དད་ཅན་རྐང་དྲུག་དགའ་བ་བསྐྱེད་ཕྱིར་བསྡེབས།། །།དགེའོ།།
