Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (24.6)

༄༅། །རོ་སྙོམས་ཁྲིད་ཀྱི་ས་བཅད་བཞུགས་སོ། །

༄༅། །འདིར་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་ཕྱུང་བ། །རྗེ་བཙུན་ནཱ་རོ་པ་ཆེན་པོའི་ཐུགས་ཀྱི་དགོངས་པ། ཞལ་གྱི་བདུད་རྩི། ནད་འདོན་རྟོག་པ་ལམ་ཁྱེར། རོ་སྙོམས་སྐོར་དྲུག་གི་གདམས་ངག་འདི་ཉིད་འཆད་པར་བྱེད་པ་ལ། ཡིད་ཆེས་ཤིང་ཁུང་བཙུན་པར་བྱེད་པ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམ་པ་གཉིས། གཉིས་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སྒོམ་པའོ། །གཉིས་པ་ལ་རྒྱུ་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་རྫོགས་པར་བྱེད་པ་མཎྜྻལ། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར། གཉིས་པ་དངོས་གཞི་ལ། རྣམ་རྟོག་ལམ་དུ་ཁྱེར་བ་ལྟས་ངན་གཡང་དུ་ལེན་པའི་གདམས་ངག ཉོན་མོངས་པ་ལམ་དུ་ཁྱེར་བ་དུག་བདུད་རྩིར་བསྒྱུར་བའི་གདམས་ངག ལྷ་འདྲེ་ལམ་དུ་ཁྱེར་བ་བར་ཆད་དངོས་གྲུབ་ཏུ་སྡུད་པའི་གདམས་ངག འཁོར་བའི་སྡུག་བསྔལ་ལམ་དུ་ཁྱེར་བ་བྱང་ཆུབ་སེམས་ཀྱི་གདམས་ངག ན་ཚ་ལམ་དུ་ཁྱེར་བ་འབྱུང་བ་རོ་སྙོམས་ཀྱི་གདམ་ངག །འཆི་བ་ལམ་དུ་ཁྱེར་བ་མ་བུ་ངོ་སྤྲོད་ཀྱི་གདམས་ངག་དང་དྲུག་གོ །དང་པོ་ལ། དབང་པོ་ཐ་མ་གཟིགས་མོ་བཞིའི་སྒོ་ནས་ཉམས་སུ་བླང་བ་དང་། དབང་པོ་འབྲིང་རྣམ་ཤེས་འཁྱམ་པོ་དང་སྲིད་པ་གསུམ་གྱི་ངོ་སྤྲོད་བྱས་ལ་ཉམས་སུ་བླང་བ། དབང་པོ་རབ་དུས་གསུམ་སངས་རྒྱས་ཀྱི་ངོ་སྤྲོད་བྱས་ལ་རང་རེས་རང་རེ་ངོ་ཤེས་པར་བྱ་བ་དང་གསུམ་མོ། །དང་པོ་ལ། ཉན་ཐོས་ཀྱི་ལྟ་སྟངས། སེང་གེའི། ཁྲོ་བོའི། མ་ཧཱ་དེ་བའི་ལྟ་སྟངས་སོ། །གཉིས་པ་ལ་ངོ་སྤྲོད་པ་དང་། ཉམས་སུ་ལེན་པ་གཉིས། དང་པོ་ལ་རྣམ་ཤེས་འཁྱམ་པོ་ལ་བརྟེན་ནས་ཕུང་མཁན་ངོས་འཛིན་པ་དང་། སྲིད་པ་གསུམ་གྱི་ངོ་སྤྲོད་དེ། གཉིས་པ་ཉོན་མོངས་ལམ་ཁྱེར་ལ། དབང་པོ་རབ་ཀྱི་ཉམས་ལེན། འབྲིང་གི ཐ་མའི་ཉམས་ལེན་ནོ། །དང་པོ་ལ་ཡང་རབ་དང་། རབ་ཀྱི་ཉམས་ལེན་གཉིས། གཉིས་པ་དབང་པོ་འབྲིང་ལ་དམིགས་པ་སྤྲོ་བ་དང་། ཟློག་སྒོམ་མོ། གསུམ་པ་ལ། ཞེ་སྡང་གི་གཉེན་པོར་བྱམས་པ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། གཏི་མུག་གི་གཉེན་པོར་སོ་སོར་རྟོགས་པའི་ཤེས་རབ་སྒོམ་པའོ། །ལྷ་འདྲེ་ལམ་ཁྱེར་ལ། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་བའི་སྤྱོད་པ། ཚོགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་དང་བཞི། གཉིས་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་ལ་གོས་སུ་ཅི་བགོ་བ། རྒྱན་དུ་ཅི་གདགས་པ། ཟས་སུ་གང་ཟ་བ། གྲོགས་སུ་གང་བཀྲི་བ། ཆོ་ག་གསུམ་བྱ་བའོ། །དངོས་གཞི་ལ། གནས་གང་དུ་འགྲོ་བ། སྤྱོད་ལམ་ཇི་ལྟ་བུས་འགྲོ་བ། སྤྱོད་པ་ཇི་ལྟར་བྱ་བ་དང་བཞི། བཞི་པ་ལ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་གསུམ་མོ། །རྗེས་ལ། ཞལ་གདམས་རྗེས་འཛིན་གཉིས། ཞལ་གདམས་ལ། བློས་རྟགས། ལམ་ཁྱེར། སྤོབས་ཆོག ཆོད་རྟག་ཚར་ཚད་དོ། །ཚོགས་སྤྱོད་ལ། རྒྱན་དུ་ཅི་གདགས་པ། གོས་སུ་གང་བགོ་བ། ལུས་ལ་ཇི་ལྟར་བྱ་བ། ལུས་སློང་བ་བྱུང་ན་ཇི་ལྟར་བྱ་བ། དུས་དང་ཟས་ཅི་ཟ་བ། རང་གི་གཟུགས་ཅིར་བསྒྱུར་བ། གྲོགས་གང་བཀྲི་བ། ལག་ཆར་ཅི་ཁྱེར་བ། དམ་ཚིག་གང་བསྲུང་བ། སྤྱོད་པ་གསུམ་ལས་གང་བྱ་བ། སྡུག་བསྔལ་ལམ་ཁྱེར་ལ། ཐ་མས་བདེ་སྡུག་ལས་སུ་སྒོམ་པ། འབྲིང་གིས་བདེ་སྡུག་ཡིད་ཀྱིས་བརྗེ་བ། རབ་ཀྱིས་བདེ་སྡུག་དངོས་སུ་བརྗེ་བའོ། །གཉིས་པ་ལ། བདག་གཞན་སྒོམ་པ་དང་། ཡིད་ཀྱིས་བདེ་སྡུག་བརྗེ་བའོ། །ན་ཚ་ལམ་ཁྱེར་ལ། ནད་ངོས་བཟུང་བ། གསོར་རུང་མི་རུང་གི་དམིགས་བསལ་བསྟན་པ། ནད་འདོན་པ་དང་གསུམ་མོ། །དང་པོ་ལ། བཤད་པའི་ངོས་འཛིན་རྣམ་པ་ལྔ། ངོ་སྤྲོད་ངོས་འཛིན་རྣམ་པ་ལྔ། མདོར་བསྡུས་ངོས་འཛིན་རྣམ་པ་གཉིས་སོ། །གསུམ་པ་ནད་འདོན་ལ། སྤྱིའི་ནད་འདོན། བྱེ་བྲག་སོ་སོའི་ནད་འདོན། ནད་འདོན་གྱི་མཇུག་བསྡུ་བའོ། དང་པོ་ལ་རབ་ལྟ་བས་འདོན་པ། འབྲིང་སྒོམ་པས་འདོན་པ། ཐ་མ་ལུས་ཀྱི་འཁྲུལ་འཁོར་གྱིས་འདོན་པ་དང་གསུམ། དང་པོ་ལ། ཡང་རབ་གཉེན་པོ་དང་བྲལ་བ། རབ་གཉེན་པོ་དང་འབྲེལ་བའོ། །གཉིས་པ་ལ་རོ་སྙོམས་བླ་མའི་རྣལ་འབྱོར་གཉེན་པོ་མཁའ་འགྲོ་སྡེ་བཞི། དམིགས་པ་ཆོས་ཉིད་སྐོར་གསུམ། ནད་འདོན་གྱི་དམིགས་ཕྲན་བརྟེན་པ་དང་བཞི། བཞི་པ་ལ། དམིགས་ཕྲན་དང་། ཕྱི་ནང་གསང་བའི་གཏུམ་མོ་ཉི་ཟླ་དྲུག་སྐོར་རོ། །བྱེ་བྲག་སོ་སོའི་ནད་འདོན་ལ། ལྷ་འདྲེའི་ནད་འདོན་དང་། རང་བཞིན་གྱི་ནད་འདོན་གཉིས། གཉིས་པ་ལ། འབྱུང་བ་འཁྲུགས་པའི་ནད་འདོན། ཉོན་མོངས་དུག་གསུམ་གྱི་ནད་འདོན། ལུས་ངག་ཡིད་གསུམ་གྱི་ནད་འདོན། རྣམ་རྟོག་གི་ནད་འདོན་ནོ། །འཆི་བ་ལམ་ཁྱེར་ལ། དབང་པོ་རབ་འོད་གསལ་ལ་འཕོས་པ་མངོན་དགའི་ས། འབྲིང་སྒྱུ་ལུས་ལ་འཕོས་པ་དུས་ཀྱི་ས། ཐ་མ་བསྐྱེད་རིམ་ལ་འཕོས་པ་སྐྱེ་བ་འཛིན་པའི་སའོ། །རྗེས་ལ། རླུང་གི་གེགས་སེལ་ཡིད་བཞིན་ནོར་བུ་དང་། གེགས་སེལ་བཀའ་རྒྱ་མའོ། །ཁྲིད་ཀྱིས་ས་བཅད་འདི་ཉིད་གོང་མའི་གསུང་མི་འཕྱུགས་པའི་ཆེད་དུ་པདྨ་དཀར་པོས་བྲིས་པས། ཉམས་ཁྲིད་མ་ཐོབ་པ་ལ་དཔེ་དམ་དུ་གྱིས་ཤིག །




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact