Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (24.14)

༄༅། །ཧེ་རུ་ཀའི་ཞིང་དུ་འདྲེན་པའི་སྨོན་ལམ་ཡིད་ཀྱི་ཤིང་རྟ་ཞེས་བྱ་བ་བཞུགས།

༄༅། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ངོ་བོ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་གནས། མ་ལུས་འགྲོ་བ་ཐམས་ཅད་ཀྱི་རྨོངས་པའི་མུན་པ་དགག་པར་བྱེད་ཅིང་། མ་རུངས་པ་ཐམས་ཅད་འཇོམས་པའི་དཔའ་བོ་དཔལ་འཁོར་ལོ་སྡོམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་བཏུད་དེ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དྲང་སྲོང་ཁྲོས་པའི་གཟུགས་འཆང་མུན་པའི་མདོག་ལ་བསྐལ་པའི་མེ་འཕྲོ་འཇིག་རྟེན་གསུམ་གནོན་ཞིང་། །རིགས་ལྔས་བཀོད་པ་ཆེན་པོའི་མདུན་བསུས་དྲག་པོའི་གཙུག་ན་གཡས་བརྐྱང་ཞབས་ཀྱིས་གར་མཛད་པ། །དབང་ཕྱུག་ཆེན་པོའི་འབྱོར་པས་ཕྱུག་པའི་བཅུ་གཉིས་ཕྱག་བརྒྱངས་ཧ་ཧ་རྒོད་པའི་གདོང་བཞིའི་སྤྱན། །དག་པའི་ཆོས་ཀྱི་བུ་མོར་ཆགས་ནས་གསང་བ་ཀུན་བཤད་ཧེ་རུ་ཀ་དེར་ཕྱག་འཚལ་ལོ། །བནྡྷཱུ་ཛི་ཝ་ཀ་ཡི་མདངས་འཕྲོག་མ་ལུས་སྙིང་ལ་རྨོངས་པའི་མུན་པ་འགོག་བྱེད་པ། །ཟག་མེད་བདེ་བའི་ངང་དུ་རོལ་མཛད་འགྲོ་ལ་བརྩེ་ལྡན་ཐུགས་རྗེ་མངའ་བའི་སྤྱན་ཡངས་སྐུ། །ཐེ་ཚོམ་ཟུག་རྔུའི་དྲ་བ་གཅོད་ཕྱིར་ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་དབྱིངས་ལ་རོལ། །གཡོན་པ་ཐོད་པ་ཨིནྜས་གང་འཛིན་རྒྱལ་བ་སྐྱེད་བྱེད་ཡུམ་མཆོག་དེ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་འཁོར་ལོ་ལ་འཁོད་གཡས་བརྐྱང་ཞབས་ཀྱིས་གར་མཛད་པད་ཉི་རོ་གདན་ལ་བཞུགས་ནས། །དྲག་མོའི་གཟུགས་འཆང་ཞལ་གཅིག་ཕྱག་བཞི་ཐོད་པ་རྡོ་རྗེའི་འཕྲེང་བས་དབུ་ལ་བརྒྱན་བྱས་ཤིང་། །སྟོང་ཉིད་བདེ་བའི་ངང་དུ་རོལ་ཕྱིར་གཅེར་མོ་ཕྱག་རྒྱ་ལྔ་ཡིས་རབ་ཏུ་སྤྲས་གྱུར་པ། །སྣ་ཚོགས་གཟུགས་འཛིན་མ་རུངས་འཇོམས་མཛད་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་རྟག་ཏུ་ཕྱག་འཚལ་ལོ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྒྲོན། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་རྣམས། །དངོས་འབྱོར་ཡིད་སྤྲུལ་དཀྱིལ་འཁོར་ལྷ་ཚོགས་མཆོད། །དེ་ལྟར་བསྟོད་ཅིང་མཆོད་པའི་མཐུར་བརྟེན་ནས། །བདག་སོགས་འགྲོ་བ་སེམས་ཅན་མ་ལུས་ཀུན། །འདི་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཧེ་རུ་ཀ་ཡི་དམ་ཆོས་འཛིན་གྱུར་ཅིག །གཞན་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི། །ཚ་བས་ཉམ་ཐག་བསིལ་ཞིང་བདེ་བ་དང་། །གྲང་བས་ཉམ་ཐག་དྲོད་ཐོབ་ཚེ་འཕོས་ཏེ། །ཁྲག་འཐུང་ཆེན་པོའི་གོ་འཕང་བགྲོད་པར་ཤོག །ལོ་མ་རལ་གྲིའི་ནགས་ཚལ་དེ་དག་ཀྱང་། །ཙན་དན་ནགས་སོགས་མཛེས་པའི་ཤིང་གྱུར་ཏེ། །མི་སྙན་སྒྲ་རྣམས་སྙན་པར་ཐོས་བྱས་ནས། །འཁོར་ལོ་སྡོམ་པའི་ས་ལ་འཁོད་གྱུར་ཅིག །གཅན་གཟན་འཇིགས་དང་ཐིག་ནག་བསྡུས་འཇོམས་དང་། །ས་སྲེག་ལ་སོགས་དམྱལ་བའི་སྡུག་བསྔལ་ཀུན། །མྱུར་དུ་གྲོལ་ཏེ་བདེ་དང་ལྡན་གྱུར་ནས། །དཔའ་བོ་ཆེན་པོའི་གོ་འཕང་ཐོབ་གྱུར་ཅིག །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཇི་སྙེད་ཀྱང་། །བཀྲེས་པ་ཚིམ་ཞིང་སྐོམ་པ་ལས་གྲོལ་ཏེ། །སེར་སྣ་མེད་ཅིང་འབྱོར་པ་དང་ལྡན་ནས། །རི་ཁྲོད་ཆེན་པོའི་གོ་འཕང་ཐོབ་གྱུར་ཅིག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག་ཟ་དང་། །གླེན་ལྐུགས་བཀོལ་སྤྱོད་སྡུག་བསྔལ་ལ་སོགས་པ། །མ་ལུས་གྲོལ་ཏེ་བདེ་དང་ལྡན་གྱུར་ནས། །འཁོར་ལོ་མགོན་པོའི་ས་ལ་འཁོད་གྱུར་ཅིག །ལྷ་ལ་འཆི་འཕོ་ལྟུང་བྱེད་སྡུག་བསྔལ་དང་། །ལྷ་མིན་འཐབ་རྩོད་མཚོན་ཆ་འཕངས་རིགས་རྣམས། །མེ་ཏོག་ཆར་གྱུར་ཕྲག་དོག་ཞི་བྱས་ནས། །ཟླ་བའི་ཐོད་ཅན་གོ་འཕང་ཐོབ་པར་ཤོག །གཞན་ཡང་འཇིག་རྟེན་འདི་ནང་སྡུག་བསྔལ་དག །སྐྱེ་རྒ་ན་འཆི་དབུལ་ཕོངས་ལ་སོགས་པ། །མྱུར་དུ་གྲོལ་ཞིང་བདེ་བ་དང་ལྡན་ཏེ། །ཧེ་རུ་ཀ་ཡི་ས་ལ་འཁོད་གྱུར་ཅིག །དེ་ལྟར་སྨོན་པ་འདི་ཉིད་བཏབ་པའི་མཐུས། །བདག་སོགས་འཁོར་བའི་སེམས་ཅན་ཇི་སྙེད་པ། །མི་ཁོམ་གནས་སྤང་དལ་འབྱོར་རྙེད་བྱས་ཏེ། །ཧེ་རུ་ཀ་ཡི་དམ་ཆོས་སྤྱོད་པར་ཤོག །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེས་ནས་ཀྱང་། །དད་བརྩོན་ཤེས་རབ་སྙིང་རྗེ་ལྡན་པ་དང་། །སློབ་མའི་མཚན་ཚང་རྡོ་རྗེ་ཐེག་ཞུགས་ནས། །སྨིན་བྱེད་དབང་ཐོབ་རིམ་གཉིས་ལྡན་གྱུར་ཅིག །གཞན་ཡང་མ་རུངས་རྨོངས་པའི་སེམས་ཅན་རྣམས། །འཕྲིན་ལས་བཞི་ཡིས་གང་འདུལ་སྐུར་བསྟན་ཏེ། །རྫུ་འཕྲུལ་མངའ་བའི་ཐུགས་རྗེའི་སྤྱན་ཡངས་ཀྱིས། །འགྲོ་རྣམས་རྡོ་རྗེའི་ས་ལ་འཁོད་པར་ཤོག །ཧེ་རུ་ཀ་མཆོག་དུས་སུ་མཆོད་པའི་མཐུས། །བདག་ཀྱང་ཁྲག་འཐུང་ཆེན་པོའི་གན་བགྲོད་ནས། །སེམས་ཅན་ཀུན་གྱི་མགོན་སྐྱབས་དཔུང་གཉེན་དང་། །ཐར་པ་ཁྲིད་པའི་གྲོགས་དན་བྱེད་གྱུར་ཅིག །གཞན་ཡང་འཁོར་བའི་སེམས་ཅན་ཇི་སྙེད་པ། །མ་བསྒྲལ་བ་རྣམས་མྱུར་དུ་བསྒྲལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་བགྱིས་བྱས་ཏེ། །འགྲོ་རྣམས་འཁོར་ལོ་སྡོམ་པའི་ས་ཐོབ་ཤོག། །། ཅེས་པ་འདི་ཡང་བཀྲ་ཤིས་མོན་མོ་རྫའི་རི་ཁྲོད་དུ། འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ངག་གི་དབང་པོ་རྣམ་པར་རྒྱལ་བས་སྦྱར་བ། སེམས་ཅན་ཐམས་ཅད་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་གྱུར་ཅིག། ཉེས་ལྟུང་དྲི་མས་མ་གོས་ཤིང་། །རླབས་ཆེན་སྤྱོད་པ་རྫོགས་པ་དང་། །ཧེ་རུ་ཀ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་ཐོབ་པར་ཤོག། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact