Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (22.3)

༄༅། །བསྲེ་འཕོའི་ལམ་དབྱེ་བསྡུ་བཞུགས་སོ། །

༄༅། །གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཟླ་བ་མིག་མེ་ཆུ་གཏེར་ཅན། །ཕུང་པོ་རོ་སྟེ་རི་བོ་ཀླུ། །རྩ་བ་ཕྱོགས་དང་ཉི་མ་ཞེས། །བླ་མ་དམ་པའི་ཞལ་སྔ་གསུངས། །ཚིགས་སུ་བཅད་པ། འདིའི་དོན་ནི། དབང་བཞིས་རྒྱུད་སྨིན་པར་བྱས་པ་ཞིག་གིས། ཐོག་མར་བསྐྱེད་རིམ་ལ་བརྟན་པ་ཐོབ་པར་བྱས་ཏེ། ཐུན་མོང་གི་དངོས་གྲུབ་བསྒྲུབས་ནས། གདོད་རྫོགས་པའི་རིམ་པ། སྒོམ་པར་བྱེད་པའམ། ཐོག་མ་ཉིད་ནས་རྫོགས་པའི་རིམ་པའམ། བསྐྱེད་རྫོགས་ཟུང་འཇུག་གིས་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་གང་ཡིན་ཀྱང་རུང་སྟེ། དེ་དག་གི་གྲོལ་བར་བྱེད་པའི་ལམ་ནི་གཏུམ་མོ་འབའ་ཞིག་གོ །ཟབ་མོའི་ལམ་དེ་ལ་ཞུགས་པ་དེ་དག་གིས། དཔྱིད་ཀྱི་ཐིག་ལེའི་སྣང་བས་ཨ་ཝ་དྷུ་ཏཱིའི་སྒོ་ཕྱེ། ཉི་ཟླའི་རྒྱུ་བ་གཡོ་མེད་དུ་བཅིངས། སྙིགས་མ་ཐམས་ཅད་དྭངས་མར་གནས་གྱུར། མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས། རྩ་ཐམས་ཅད་དབུ་མ་དང་། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་སོང་བའི་ཚེ། རྡོ་རྗེ་ཟླ་བ་ནོར་བུའི་རྩེ་མོ་ནས། གཙུག་ཏོར་གྱི་མཐར་བགྲོད་པའི་ཆ་བཅུ་དྲུག་དང་དུས་མཉམ་དུ། དམར་པོའི་ཆ་གཙུག་ཏོར་གྱི་རྩེ་ནས་ནོར་བུའི་མཐར་ཐུག་པར་བརྟན་པ་དང་། གཞན་དག་སྦ་བ་སྦུབས་སུ་ནུབ་པ་དང་གཙུག་ཏོར་རིམ་གྱིས་འཕགས་པར་བཤད་པ་སོགས་དངོས་གྲུབ་ཆེན་པོ་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །འགའ་ཞིག་ལ་གཏུམ་མོས་རླུང་སེམས་ལས་སུ་རུང་ཀྱང་དངོས་གྲུབ་ཀྱི་མཚན་མ་བདེ་བླག་ཏུ་རྙེད་པར་མ་གྱུར་ན། གྲུབ་པའི་དངུལ་ཆུ་དང་ཕྲད་མ་ཐག་ཏུ་ལྕགས་ལ་སོགས་པ་སྔར་གྱི་དངོས་པོ་བཏང་ནས་གསེར་དུ་འགྱུར་བ་བཞིན། ཕོ་ཉའི་ལམ་གྱི་གདམ་ངག་རྣོན་པོས་དཔྱིད་ཀྱི་ཐིག་ལེའི་སྟོབས་རྒྱས་པར་བྱས་ཏེ། སྔ་མ་བཞིན་གྱི་དངོས་གྲུབ་ཆེན་པོ་འགྲུབ་ཅིང་། ཚུལ་དེ་ཉིད་ཀྱིས་འགའ་ཞིག་འདོད་པ་ན་སྤྱོད་པའམ་འོག་མིན་གྱི་མཐར་ཐུག་པའི་དངོས་གྲུབ་བསྒྲུབས་ནས་ཚེ་ཉི་ཟླ་དང་མཉམ་པའོ། །ལྷག་པར་གྱུར་པའི་ཚེ་རྟེན་དེ་ལས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པ་ཡང་ཡོད་དོ། །དེ་བས་ན་ལས་རྒྱའི་རྣལ་འབྱོར་འདི་ནི་འདིར་གཏུམ་མོའི་བོགས་འདོན་དུ་བཤད་པ་ཡིན་ནོ། །དེ་གང་གིས་ཀྱང་ཆོག་པར་མ་གྱུར་ན། །གཏུམ་མོའི་རྣལ་འབྱོར་བསྒོམ་པའི་འབྲས་བུ་སྐྱེ་བའི་རིམ་པ་ལ་བརྟགས་ཏེ། ཅིག་ཅར་བའམ། རིམ་སྐྱེས་པའི་གང་ཟག་མ་འཆོལ་བར་ངོས་ཟིན་པར་བྱས་ནས། ཅིག་ཅར་བར་འདུག་ན། །ཅིག་ཅར་བའི་བསྲེ་བ་སྐོར་གསུམ་གྱིས་ཚེ་འདིར་འོད་གསལ་ལས་སྒྱུ་ལུས་སུ་ལངས་པའི་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་ཞིང་། །ཐ་མ་ཡང་བར་དོ་དང་པོར་འོད་གསལ་གྱི་མེས་དངོས་པོའི་བག་ཆགས་ཐམས་ཅད་བསྲེགས་ནས་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ཡིན་ནོ། །རྣལ་འབྱོར་པ་འདི་འཕོ་བའི་རྣལ་འབྱོར་གང་ལ་བརྟེན་ཀྱང་རབ་ཆོས་སྐུར་འཕོ་བ་ཞེས་བྱ་སྟེ། འཕོ་བའི་རྣམ་གཞག་འདི་དག་འབྲས་བུ་ལ་བལྟོས་ནས་བཞག་པ་ཡིན་ནོ། །རིམ་སྐྱེས་པའི་གང་ཟག་ཏུ་འདུག་ན། རིམ་སྐྱེས་པའི་བསྲེ་བ་སྐོར་གསུམ་གྱིས་སྲིད་པ་བར་མ་དོར་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པའམ། མ་ནུས་ན་སྐྱེ་བ་བླངས་ནས་གསང་ཆེན་གྱི་ལམ་བགྲོད་པར་བྱས་པ་འདི་གཉིས་ཀྱིས་གནད་གཅོད་ཀྱི་སྡུག་བསྔལ་ཆུང་བ་ལ་བསམས། འཕོ་བའི་རྣལ་འབྱོར་ལ་བརྟེན་པའི་ཚེ། རིམ་པ་བཞིན་འབྲིང་ལོངས་སྐུར་འཕོ་བ་དང་། ཐ་མ་སྐྱེ་བ་འཛིན་པའི་འཕོ་བ་ཞེས་བྱ་སྟེ། དེའི་འབྲས་བུ་ནི་དེ་གཉིས་སུ་ངེས་པར་འགྱུར་རོ། །རིམ་སྐྱེས་པ་དེ་ཉིད་ལས་ལྟོས་པའི་དབང་རྣོན་འགའ་ཞིག་གིས། ཉིན་པར་སྒྱུ་ལུས། མཚན་མོ་རྨི་ལམ་སྦྱངས་པས་ཀུན་རྫོབ་ཀྱི་བདེན་པ་མཐར་སོན་པའི་ཚེ་འོད་གསལ་དོན་དམ་པའི་བདེན་པ་ལ་བསླབས། དེ་མཐར་ཕྱིན་ནས་ཟུང་འཇུག་གི་རྣལ་འབྱོར་ལ་སློབ་བཞིན་པ་སློབ་པ་དང་། བསླབ་བྱ་སློབ་བྱེད་དང་བྲལ་བས་ཚེ་འདིར་མི་སློབ་པའི་གོ་འཕང་མངོན་དུ་བྱེད་པ་ཡང་ཡོད་དེ། འདི་ལ་གོང་མ་དག་སྦྱངས་པ་རིམ་སྐྱེས་པར་སྦྱངས་ཀྱང་སོང་བ་ཅིག་ཅར་བར་སོང་བ་ཞེས་གསུང་ངོ་། །འདིས་ནི་གལ་ཏེ་ཚེ་འདིར་མ་བགྲོད་ཀྱང་བར་དོ་དང་པོ་ས་བཅུ་གཉིས་སམ་བཅུ་གསུམ་གྱིས་ལམ་ལྷག་མ་རྣམས་རིམ་པ་བཞིན་དུ་བགྲོད་པར་ནི་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །དབང་པོ་ཤིན་ཏུ་རཏལ་པོ་ལམ་ཅི་ཙམ་བསྒོམས་ཀྱང་དྲོད་རྟགས་ཅུང་ཟད་ཐོབ་པར་མ་གྱུར་པ་དག་གམ། སྡིག་པོ་ཆེ་བཙན་ཐབས་སུ་ལུས་བཅོས་པས་འཕོས་པ་དག་ནི་གཟུགས་མེད་པ་ལ་སོགས་པའི་མཁའ་སྤྱོད་ཙམ་འགྲུབ་པ་ཡིན་ནོ། །གཞན་རླུང་སེམས་ལས་སུ་རུང་བ་འགའ་ཞིག གྲོང་འཇུག་གི་གདམ་ངག་གིས་ཕུང་པོ་འདི་རྒན་ཆེས་པ་ལ་སོགས་པའི་སྐྱོན་གྱིས་ལམ་བགྲོད་པར་མ་གྱུར་ན། གྲོང་གཞན་དུ་ཞུགས་ནས་གསང་སྔགས་ཀྱི་སྤྱོད་པ་ཟབ་མོ་ལ་སྤྱོད་ཅིང་ཇི་ཙམ་འདོད་པར་འཇིག་རྟེན་དུ་འདུག་ནས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འགྲུབ་པར་འགྱུར་བའོ། །དེ་དག་ཐམས་ཅད་ཀྱི་ལམ་གྱི་བོགས་སྤྱོད་པས་འདོན་པ་ལ་རོ་སྙོམས་སྐོར་དྲུག་ཏུ་བཤད་པའོ། །ལམ་གཞན་རྣམས་འབྲས་བུ་སྐྱེ་བའི་རིམ་པ་ལས་དབྱེ། གྲོལ་བའི་ལམ་ནི་གཏུམ་མོ་གཅིག་པུ་ཡིན་པས་ཟླ་བ་ཞེས་བྱ་སྟེ། རྗེ་མར་མི་ནས་ཆོས་རྗེ་གཙང་པའི་བར་གྱི་གདམ་ངག་སྨར་ཁྲིད་དུ་མཛད་པ་རྣམས་ཀྱིས་གསུངས་ཤིང་འདི་ལ་གཅེས་སྤྲས་སུ་བྱའོ། །ཁྲིད་ཚུལ་ཡང་ན། གྲོལ་ལམ་ལ་བསྲེ་བ་དང་འཕོ་བའོ། །དང་པོ་ལ། གཞིའི་བསྲེ་བ། ལམ་གྱི་བསྲེ་བ། འབྲས་བུའི་བསྲེ་བའོ། །འཕོ་བ་ནི། སྤྲོས་བཅས་གཟུགས་སྐུ་དང་། སྤྲོས་མེད་ཆོས་སྐུ། ཡིད་འོང་ཌཱ་ཀིའི་འཕོ་བ་དང་གསུམ་དུ་འགྱུར་རོ། །ཡང་ན། བསྲེ་བ་ལ། ཉིན་མོ་ལམ་དང་རང་བཞིན་བསྲེ་བ་གཏུམ་མོ་དང་སྒྱུ་ལུས་ཉིན་མོ་མི་འཁྲུལ་བར་བྱེད་པའི་གདམ་ངག་སྤྲུལ་སྐུའི་ལམ་ཁྱེར། མཚན་མོ་ལམ་དང་རང་བཞིན་བསྲེ་བ་རྨི་ལམ་དང་འོད་གསལ་གཉིད་མི་འཁྲུལ་བར་བྱེད་པའི་གདམ་ངག་ཆོས་སྐུའི་ལམ་ཁྱེར། བར་དོ་ལམ་དང་རང་བཞིན་བསྲེ་བ་བར་དོ་བློ་ཆོད་བར་དོ་མི་འཁྲུལ་བར་བྱེད་པའི་གདམ་ངག་ལོངས་སྐུའི་ལམ་ཁྱེར་དང་གསུམ་འཕོ་བ་ལ་རབ་འབྲིང་ཐ་མ་གསུམ་དུ་བཤད་དོ། །གྲོལ་ལམ་ལ་གཉིས་སུ་དབྱེ་བས་མིག་ཅེས་བྱ་སྟེ། མར་རྔོག་གི་ཞལ་སྔ་ནས་སོ། །ཡང་ན། དབང་པོ་རྣོན་པོ་བརྩོན་འགྲུས་ཅན་ཚེ་འདིར་སངས་རྒྱ་བར་བྱེད་པ་ཆོས་སྐུ་ཐུག་ཕྲད་ཀྱི་བར་དོ། །འབྲིང་ལེ་ལོ་ཅན་སྲིད་པ་བར་མ་དོར་སངས་རྒྱ་བར་བྱེད་པ་དག་པ་སྒྱུ་ལུས་ཀྱི་ངོ་སྤྲོད། དབང་པོ་ཐ་མ་ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་སངས་རྒྱ་བར་བྱེད་པ་མ་དག་པ་སྒྱུ་ལུས་ཀྱི་མཚམས་སྦྱོར་དང་གསུམ་མམ། ཡང་། རྒྱུད་མཐའ་དག་གི་དོན་ཡིད་བཞིན་གྱི་ནོར་བུ་རྣམ་པ་གསུམ་དུ་འདུ་བ་ནི་གསང་བ་སྦས་པའོ། །ཞེས་མར་མི་ཡབ་སྲས་གསུང་ལ། ཅིག་ཅར་བའི་བསྲེ་བ་གསུམ། རིམ་སྐྱེས་པའི་བསྲེ་བ་གསུམ། ཐོད་བརྒལ་བའི་བསྲེ་བ་སྐོར་གསུམ་ཞེས་དཔལ་ནཱ་རོ་པའི་གནས་པ་རྩའི་མན་ངག་ཏུའོ། །འདི་ནི་ལམ་གསུམ་དུ་ཕྱེ་བའི་ཕྱིར་མེ་ཞེས་བྱའོ། །ཡང་ན། བསྒོམས་ཏེ་སངས་རྒྱ་བ་གཏུམ་མོ་དང་སྒྱུ་ལུས། མ་བསྒོམས་པར་སངས་རྒྱ་བ་འཕོ་བ་དང་ལས་རྒྱ། གཉིད་ལོག་པས་སངས་རྒྱ་བ་རྨི་ལམ་དང་འོད་གསལ། རང་བཞིན་ཤེས་པས་སངས་རྒྱ་བ་བར་དོ་དང་ཕྱག་ཆེན་ཏེ་བཞིར་ཕྱེ་བས་ཆུ་གཏེར་ཅན་དུ་བརྗོད་པ་སྒྲ་བསྒྱུར་མར་པའི་ཞལ་སྔ་ནས་སོ། །ཡང་ན། གཏུམ་མོ་ལམ་གྱི་རྨང་རྡོ། །ལས་རྒྱ་ལམ་གྱི་བོགས་འདོན། གཉིད་དང་རྨི་ལམ་ལམ་གྱི་ཚོད་འཛིན། འཕོ་བ་ལམ་གྱི་སྐྱེལ་མ། བར་དོ་ལམ་གྱི་བསུན་མ་དང་ལྔར་རྗེ་སུམ་པས་མཛད་པས་ཕུང་པོ་ཞེས་བྱའོ། །ཡང་ན། འཁོར་འདས་བར་དོ་སྣང་བ་སྐྱེ་ཤིའི་བར་དོ་རང་བཞིན་ལམ་གྱི་བར་དོ་རྨི་ལམ་གཉིད་ཀྱི་བར་དོ། ཐ་མ་སྲིད་པའི་བར་དོ་དང་། སྐྱེ་གནས་བརྒྱུད་པའི་བར་དོའི་ཆོས་ཏེ། བར་དོའི་ཆོས་དྲུག་རྗེ་བཙུན་གྱི་འཕྲང་སྒྲོལ་དྲིས་ལན་དུ་གསུངས་པ་བཞིན་ནམ། ཡང་ན། གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་བར་དོ་འཕོ་བ་དང་དྲུག་ཏུ་ཕྱེ་བས་རོ་སྟེ་ཆོས་དྲུག་ཏུ་གྲགས་པ་མཛད་པ་པོ་ཀུན་གྱིས་སོ། །ཡང་ན། དེ་དྲུག་གི་ཁར་གྲོང་འཇུག་བསྣན་པའི་བདུན་པ་ནི་རི་བོ་སྟེ་ནཱ་རོའི་རྡོ་རྗེའི་མགུར་ནས་སོ། །ཡང་ན། གཏུམ་མོ་ལས་རྒྱ་སྒྱུ་ལུས་རྨི་ལམ་འོད་གསལ་བར་དོ་འཕོ་བ་གྲོང་འཇུག་བརྒྱད་དུ་གཏུམ་མོ་ཀ་དཔེ་ལས་བཤད་པ་ལམ་ཁྲིགས་ཆགས་ཀྱི་དབང་དུ་མཛད་པ་འདི་ལ་ཀླུ་ཞེས་བྱའོ། །ཡང་ན། དེའི་ཁར་ཟུང་འཇུག་བསྣན་པས་དགུར་ཡོན་ཏན་ཕུན་ཚོགས་ནས་སོ། །དེ་ལ་རྩ་ཞེས་བརྗོད་དོ། །ཡང་འབྲི་སྒོམ་གླིང་ཁ་བས། ལྟེ་བ་ལ་བརྟེན་ནས་གཏུམ་མོ་ལམ་ཁྱེར། སྙིང་གར་འོད་གསལ། མགྲིན་པར་སྒྱུ་ལུས་སྤྱི་བོར་གཞན་ལུས་ཟུང་འཇུག་རིམ་སྐྱེས་པ་ཅིག་ཅར་བ། མ་བསྒོམས་པར་སངས་རྒྱ་བ་འཕོ་བ། བརྒྱུད་ནས་སངས་རྒྱ་བ་གྲོང་འཇུག ལམ་གྱི་བར་ཆད་སེལ་བའི་གཟེར་ལྔ་སྟེ། བཅུར་དབྱེ་བར་མཛད་པ་འདི་ནི་ཕྱོགས་སོ། །ཡང་རྗེ་ཏི་བུའི་ཞལ་ནས་དངོས་པོའི་གནས་ལུགས་ལམ་གྱི་རིམ་པ་འབྲས་བུ་སྐྱེ་བའི་རིམ་པ། ལུས་ཟག་བཅས་སེམས་རྟོག་བཅས་འཁོར་བ་གནད་ཀྱི་གནད་ཀ་མྱ་ངན་ལས་འདས་པ་གནད་ཀྱི་གནད་ཀ །སྲིད་པ་འཕེལ་འགྲིབ་འཕོ་བ་གྲོང་འཇུག་རྨི་ལམ་བར་དོ་སྟེ་བཅུ་གཉིས་ལ་ནཱ་རོ་པའི་ལམ་ཐམས་ཅད་འདུས་པས་འདུས་པ་བཅུ་གཉིས་སོ། །ཞེས་གསུངས་པ་ཉི་མར་རྣམ་པར་བཤད་པ་ཡིན་ནོ། །སྤྱིར་རྨི་ལམ་ནི་སྒྱུ་ལུས་ཀྱི་བྱེ་བྲག་ཡིན་ཞིང་། འཕོ་བ་དང་གྲོང་འཇུག་གཅིག་ལ་གཅིག་དགོས་སུ་སོང་བས་གནད་ཀ་གཅིག་ཏུ་བབས་སོ། །དེ་ཡང་ནཱ་རོ་ཆོས་དྲུག་ཅེས་ཞེན་པ་དག་ལ་འོ་སྐོལ་རང་གི་བཤད་ཚུལ་རྙིང་པ་རྣམས་ན་ཆོས་དྲུག་ཏུ་འབྱེད་ཚུལ་གསལ་བར་མི་འདུག རྒྱ་གར་ན་ལྕམ་སྲིང་གཉིས་ཀྱི་ཆོས་དྲུག་ཏུ་གྲགས་ཞེས་ཟེར་ཏེ། མར་པ་ལོ་ཙཱ་སོགས་འབྱོན་མྱོང་བ་ཚོའི་གསུང་རྒྱུན་ལ་མི་སྣང་། ནཱ་རོའི་རྡོ་རྗེའི་མགུར་ལས་ཆོས་དྲུག་དྲིལ་བ་ཞེས་ཟེར་བ་ཆོས་ཚན་བདུན་ཡོད། མིང་དེ་ནི་ཕྱི་རབས་ཀྱི་རྣམ་ཐར་ཁོ་ནའི་སྐད་ཆར་འདུག འོན་ཀྱང་ཕྱི་རབས་ཀྱི་བཀའ་རྒྱུད་རིན་པོ་ཆེའི་བསྟན་འཛིན་རྣམས་ཀྱི་གསུང་ལས་བྱུང་ཞིང་། ནཱ་རོ་པའི་དངོས་སློབ་ནི་གུ་མའི་མན་ངག་ཏུ་བཤད་འདུག་པས་འགལ་བ་མེད། ཆོས་དྲུག་ཏུ་གྲགས་པ་ཇི་ལྟ་བ་ཤེས་པ་ལ་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཤེས་དགོས། དེ་མ་ཤེས་ན་ཡན་ལག་མ་ཚང་བའི་མིས་ཁོ་བོ་མཛེས་པའོ། །ཤིན་ཏུ་མཛེས་པའོ་ཞེས་སྨྲ་བ་དང་འདྲ། བླ་མ་གོང་མ་དག་གིས་གདམས་ངག་ཁ་རྒྱུགས་སུ་ཤོར་དོགས་ཡི་གེ་ཐམས་ཅད་དཀྲུགས་ནས་བཞག་པས། བརྒྱུད་ལྡན་གྱི་མན་ངག་མེད་ན། དཔེ་ཙམ་གྱིས་དོན་མི་སྟོན་པས་བློ་གསལ་དག་མན་ངག་དང་བརྒྱུད་པར་ལྡན་པའི་བླ་མ་གང་ཟག་ལམ་ལྔ་གཉིས་གཉིས་དབྱེ་བས་བཅུ། །གསུམ་མམ་གཉིས་འདུ་དབང་ལམ་སྤང་བྱས་བཞི། །དུས་ཀྱི་རྩེ་མོ་ཅན་དེ་གཞན་རྣམས་གཞན། །ཤེས་པའི་མི་གང་ལམ་འདིར་མཁས་པ་ཡིན།། ལེགས་པར་ཚོལ་ལ། ནོར་བ་མེད་པའི་ལག་ལེན་སྨར་ཁྲིད་དུ་ཞུས་ནས། དབེན་པའི་རི་བོ་སྒོམས་དང་ཚེ་འདིར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཐེ་ཚོམ་མེད་དོ། །ལམ་དབྱེ་བ་དང་བསྡུ་བའི་རྣམ་པར་གཞག་པ་པདྨ་དཀར་པོས་སྦྱར་བའོ།། །།བཀྲ་ཤིས།། །། ༄༅༅། །བསྲེ་འཕོའི་ལམ་འཇུག་ལྡོག་གི་རྣམ་བཤད་ཚིགས་སུ་བཅད་པ་བཞུགས་སོ།། གྲུབ་ཐོབ་ཟམ་མ་ཆད་པའི་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ་ལ་ཕྱག་འཚལ་ལོ། །ཇི་ལྟར་སྨན་པ་མཁས་པས་སྨན་བཞིན་དུ། །གང་ལ་གང་སྨན་མཁྱེན་པས་དེ་ལ་དེ། །འདོམས་མཛད་བླ་མའི་ཞབས་དང་རྒྱལ་རྣམས་ཀྱི། །ལམ་དེར་ལན་བརྒྱར་གཏུགས་ཏེ་ཕྱག་བགྱིའོ། །ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པའི་སར། །འཇུག་ལམ་སྐལ་བའི་དབང་གིས་ཐ་དད་པར། །གྲུབ་པའི་བདག་པོ་རྣམས་ཀྱི་ཞལ་སྐྱིན་ལས། །ཐོས་ཕྱིར་རྟོགས་པའི་རི་མོ་ག་ལ་ཡིན། །གང་ཟག་ལམ་ལྔ་གཉིས་གཉིས་དབྱེ་བས་བཅུ། །གསུམ་མམ་གཉིས་འདུ་དབང་ལམ་སྤང་བྱས་བཞི། །དུས་ཀྱི་རྩེ་མོ་ཅན་དེ་གཞན་རྣམས་གཞན། །ཤེས་པའི་མི་གང་ལམ་འདིར་མཁས་པ་ཡིན། །དཔྱིད་ཀྱིས་ཐིག་ལེས་འགྲུབ་ཅིང་ཕོ་ཉས་གཉིས། །མངོན་བྱང་གིས་གསུམ་སྒྱུ་མ་གསུམ་འཁྱུད་ཀྱི། །བཞི་དང་རིམ་པ་ལྔས་ནི་ལྔ་པ་ཏེ། །ཀུན་ཀྱང་རྗེས་འབྲང་བཅས་པས་རྣམ་པ་བཅུ། །ཕྱག་རྒྱ་ཆེ་དང་བྱང་ཆུབ་སེམས་བསྒོམས་དང་། །བསྲེ་བ་གསུམ་ལ་བསླབ་ཕྱིར་རྣམ་གསུམ་དང་། །རྣམ་གཉིས་གསུང་ལ་བསྙོན་པའི་བླ་ཅོལ་གྱིས། །གྲུབ་རིགས་ངལ་བ་བསྐྱེད་པའང་ས་འདིར་མཐོང་། །རྩ་རླུང་ཐིག་ལེའི་རྟེན་འབྲེལ་བསྒྲིགས་ནས་ཀྱང་། །བསྲེ་བ་གསུམ་གྱིས་འདོད་པའི་འབྲས་ཐོབ་པ། །ཅིག་ཅར་ཐོད་བརྒལ་རིམ་སྐྱེས་དབྱེ་བས་གསུམ། །སྦྱངས་དང་དང་པོའི་ལས་ཅན་ཉིད་ཀྱིས་གཉིས། །བུམ་གསང་ཤེས་རབ་དབང་དང་བཞི་པ་ཡི། །ལམ་རེས་འཇའ་ཚོན་ལྟ་བུའི་ལུས་འགྲུབ་ལ། །བསྒོམས་དང་མ་བསྒོམས་ཉལ་དང་རང་བཞིན་ཉིད། །ཤེས་པ་འདིས་གྲོལ་ལམ་གྱི་ཁྱད་པར་རོ། །སད་རྨི་གཉིད་སྟུག་སྙོམས་འཇུག་སྒྲིབ་པ་བཞི། །སྦྱོང་བའི་ལམ་བཞིའི་བགྲོད་པའང་སྔར་བཤད་བཞིན། །འདི་དང་བར་དོ་སྐྱེ་གཞན་གང་ལ་སྟེ། །མཆོག་ཐོབ་བྱེད་པ་དུས་ཀྱིས་ཕྱེ་བའོ། །རིམ་ལྔ་ཕྱག་རྒྱ་བཞི་དང་ཡན་ལག་དྲུག །གང་ལ་མོས་པ་དེ་ལ་འདི་ཉིད་ཀྱང་། །དེ་བཞིན་ཁྲིད་པས་བསྲེ་བ་འབུམ་ནག་ཅེས། །རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པ་ལས་ཐོས། །ནམ་ཡང་གཙོ་བོར་བཞག་པ་མ་གསུངས་པས། །བཙན་ཐབས་གྲོང་འཇུག་གཉིས་ནི་ཡན་ལག་ཡིན། །སྤྱོད་པའི་རིམ་པ་གཞན་དུ་བཤད་མཛད་ལ། །དེ་ལས་གཞན་རྣམས་དངོས་རྟགས་མ་ཕྱེ་བའོ། །རྡོ་རྗེ་འཆང་དབང་ཉིད་ཀྱིས་བཤད་པའི་ཚུལ། །གྲུབ་པའི་བདག་པོ་རྣམས་ལས་རིམ་འོངས་པ། །བླ་མའི་བཀའ་དྲིན་ཐོབ་ལས་ཤེས་པའི་ཚེ། །གཞན་གྱི་རྣམ་བཞག་སྨྱོན་པའི་གར་བཞིན་སོང་། །ཟབ་རྒྱས་ཀློང་གིས་དངངས་པ་ཕལ་མོ་ཆེ། །ཐར་ལམ་རྒྱ་མཚོར་གུས་པ་ལྷོད་གྱུར་མོད། །རྣམ་གྲོལ་ནོར་བུ་ལེན་ན་འདིར་འཇུག་ཅིང་། །རྒྱུས་ཤེས་དེད་དཔོན་བསྙེན་ལས་གཞན་དུ་ཅི། །ཡོངས་འཛིན་བྱིན་རླབས་ཉི་ཟེར་ལན་བརྒྱར་འཐུངས། །མན་ངག་གེ་སར་འབུམ་ཕྲག་ཅི་ཡང་འཛིན། །དོན་གཉེར་བུང་བའི་ཡིད་རྣམས་ཚིམ་བྱེད་པ། །སྙིགས་དུས་འདམ་འདིར་ད་ལྟ་པད་དཀར་ཙམ།། །།མངྒ་ལཾ།། །། ༄༅༅། །བསྲེ་འཕོའི་ལམ་འཇུག་ལྡོག་གི་བཤད་པ་རྗེ་བཙུན་ཞལ་གྱི་ལུང་བཞུགས་སོ།། གྲུབ་ཐོབ་ཟམ་མ་ཆད་པའི་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ་ལ་ཕྱག་འཚལ་ལོ། །ཇི་ལྟར་སྨན་པ་མཁས་པས་སྨན་བཞིན་དུ། གང་ལ་གང་སྨན་མཁྱེན་པས་དེ་ལ་དེ། །འདོམས་མཛད་བླ་མའི་ཞབས་དང་རྒྱལ་རྣམས་ཀྱི། །ལམ་དེར་ལན་བརྒྱར་གཏུགས་ཏེ་ཕྱག་བགྱིའོ། །ཇི་ལྟར་སྨན་པ་མཁས་པ་རྣམས་ཀྱིས་ནད་ཀྱི་རིགས་བློ་ཞིབ་མོས་བརྟགས་ནས་དེ་ལ་ཕན་པར་བྱེད་པའི་སྨན་ཀྱང་། རྒན་པ་དང་། བྱིས་པ་དང་། དར་མ་དག་གིས་ལུས་ཟུངས་ཀྱིས་ཇི་ཙམ་བཟོད་པ་དེ་ཙམ་ཞིག་བཏང་བས་བདེ་བར་བྱེད་ལ། གཞན་དུ་ནི་སྨན་ཉིད་དུག་ཏུ་སོང་བས་ཉམས་ཉེས་པར་འགྱུར་བར་མཐོང་བ་དེ་བཞིན་དུ། གདུལ་བྱ་རྣམས་ཀྱི་རིགས་དང་། བློ་དང་། སྐལ་བ་དང་། བག་ལ་ཉལ་གཟིགས་ནས། གང་ལ་གང་གིས་སྨན་པར་འགྱུར་བ་དེ་ལ། དེ་ཁོ་ནའི་ཆོས་སྟོན་པར་མཛད་པའི་བླ་མ་དམ་པ་དེ་དག་དང་། རྒྱལ་བ་ཐམས་ཅད་ཀྱིས་གཞན་གྱི་དོན་ལྷུར་མཛད་པའི་ཕྱིར། གང་དུ་གཤེགས་པས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་ཉིད་ཞར་གྱིས་བརྙེས་པའི་ལམ་དེ་ཉིད་དད་པས་ཕྱག་བྱ་བའི་གནས་ཡིན་གྱི། དེ་ལས་བཟློག་པ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱས་ནས། དེ་ལྟར་ས་བཅུ་གཉིས་ཀྱི་དབང་ཕྱུག་ཉིད་དུ་འཇུག་པའི་ཐབས་ཀྱི་ལམ་དེ་ཡང་གང་ཟག་གིས་སྐལ་བའི་དབང་གིས་གཅིག་ཏུ་མ་ངེས་པར་རྣམ་པར་དབྱེ་བ་དུ་མ་བརྒྱུད་པ་འདིའི་རྗེ་བཙུན་དམ་པ་རྣམས་ཀྱི་གསུང་ལས། གང་ཟག་བློ་ཡི་ཁྱད་པར་གྱིས། རིམ་སྐྱེས་པ་དང་ཅིག་ཅར་བ། །རིམ་སྐྱེས་པ་ཡི་སྨན་ཆེན་དེ། །ཅིག་ཅར་བ་ཡི་དུག་ཏུ་འགྱུར། །ཅིག་ཅར་བ་ཡི་སྨན་ཆེན་དེ། །རིམ་སྐྱེས་པ་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་ནི་བསྟན་པར་བྱ། །གང་ཟག་དང་པོའི་ལས་ཅན་ལ། །རིམ་སྐྱེས་པ་ནི་བསྟན་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཐོས་པ་ཉིད་ཀྱི་ཕྱིར། །བཤད་པར་བྱ་བ་འདི་དག་ཀྱང་། །བདག་ཉིད་འབའ་ཞིག་གི་ཀུན་ཏུ་རྟོག་པའི་པིར་གྱིས་རི་མོ་བྲིས་པ་ནི་མ་ཡིན་ནོ་ཞེས་སྟོན་པའི་ཆེད་དུ། ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པའི་སར། །འཇུག་ལམ་སྐལ་བའི་དབང་གིས་ཐ་དད་པར། །གྲུབ་པའི་བདག་པོ་རྣམས་ཀྱི་ཞལ་སྐྱིན་ལས། །ཐོས་ཕྱིར་རྟོག་པའི་རི་མོ་ག་ལ་ཡིན། །ཞེས་སྨྲས་སོ། །རྣམ་པར་དབྱེ་བ་དེ་དག་ཀྱང་། །དངོས་རྟགས་ཕྱེ་ནས་བཤད་ན། །གང་ཟག་ལམ་ལྔ་གཉིས་གཉིས་དབྱེ་བས་བཅུ། །གསུམ་མམ་གཉིས་འདུ་དབང་ལམ་སྤང་བྱས་བཞི། །དུས་ཀྱི་རྩེ་མོ་ཅན་ཏེ་གཞན་རྣམས་གཞན། །ཤེས་པའི་མི་གང་ལམ་འདིར་མཁས་པ་ཡིན། །གང་ཟག་གི་རིགས་ལ་བལྟོས་ནས་ལམ་ལྔ་དང་། །དེ་དག་རྗེས་འབྲང་བཅས་པས་བཅུ་དང་། གསུམ་དང་། གཉིས་དང་། དབང་གི་ལམ། ལམ་གྱི་ཁྱད་པར། སྤང་བྱའི་སྒྲིབ་པ་ལ་བལྟོས་པ་རྣམས་ནི་བཞི་དང་། འབྲས་བུ་ཐོབ་པའི་དུས་ལ་བལྟོས་པ་གསུམ་སྟེ། རྣམ་པར་ཕྱེ་སྟེ་བཤད་པ་ཡིན་ལ། གཞན་རྣམས་ནི་དངོས་བཏགས་མ་ཕྱེ་བ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་མདོར་བསྡུས་པས་བསྟན་ནས། རྒྱས་པར་བཤད་འདོད་པས། དཔྱིད་ཀྱི་ཐིག་ལེས་འགྲུབ་ཅིང་ཕོ་ཉས་གཉིས། མངོན་བྱང་གིས་གསུམ་སྒྱུ་མ་གསུམ་འཁྱུད་ཀྱིས། །བཞི་དང་རིམ་པ་ལྔ་ནི་ལྔ་པ་སྟེ། །གང་གིས་རྫོགས་པའི་རིམ་པ་ལས་ཀྱི་གཏུམ་མོའི་རྣལ་འབྱོར་ལ་གནས་པས། ཉི་ཟླའི་རྒྱུ་བ་འགོག་པར་བྱས་པས་མལ་དུ་ཟིན་པ་ན་བྱང་ཆུབ་ཀྱི་སེམས་རླུང་གི་བཞོན་པ་ཅན་རྣམས་ནང་དུ་བགྲོད་པས། རྩ་སྣ་ཚོགས་སུ་འདུས་པའི་ཐུན་མོང་གི་རྟགས་ཅི་རིགས་པ་འབྱུང་བ་ཡིན་ནོ། །དེ་ནས་རླུང་གི་འཁོར་ལོ་རྣམས་སུ་ཡོད་པའི་ཀུན་འདར་མའི་མདུད་པའི་ཕུག་ནས་དྷཱུ་ཏཱིའི་ཁྱིམ་དུ་ཞུགས་ཏེ། ལྟེ་འོག་གི་རླུང་གི་སྤྲོས་པ་དང་བྲལ་ཞིང་། རང་བཞིན་མེད་པའི་ངོ་བོ་རྒྱལ་བ་ཐམས་ཅད་ཀྱི་སྐྱེད་པར་བྱེད་པ་མོ་རྡོ་རྗེ་ཕག་མོ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་གྱི་ཐིག་ལེ་བསྐུལ་བས། དེའི་འོད་ཀྱིས་གཉིས་སྤངས་ཀྱི་རྩ་ཏིལ་གྱི་མར་མེ་དང་འདྲ་བའི་འོད་ཟེར་གྱི་རང་བཞིན། ཆུ་ཤིང་གི་མེ་ཏོག་ལྟར་ཁ་ཅུང་ཟད་བྱེ་བ་པདྨའི་མདུད་པའི་ནང་དུ་སོན་པའི་ཆ་ལ་བལྟོས་ནས་རྣམ་པར་བཞག་པའི་ཁ་ནི་འོག་ཏུ་བརྐྱང་བ། ཁ་དེའི་ནང་ན་གནས་པ་མི་མཐུན་པའི་རྟོག་པ་གཞོམ་པའི་དཔའ་བོ་ཧེ་རུ་ཀའི་རང་བཞིན་བདེ་བ་འབྱུང་བའི་ས་བོན་ནི། ལུས་ཅན་རྣམས་སྙིང་དགའ་བའི་བདེ་བའི་དགའ་སྟོན་འབར་བར་བྱེད་པའི་ཕྱིར་དཔྱིད་དེ། དེ་གདུང་ནས་ཁ་བ་ལྟ་བུར་བསིལ་བའི་འོད་ཅན་གྱི་བདུད་རྩིའི་ཟེར་མ་འཛག་པ་ཕག་མོ་ལ་རེག་པས་སོས་པ་བཞིན་དུ་གྱུར་ནས། དེའི་འོད་ཀྱིས་ཆེར་བསྐུལ་བས་ཡབ་ཡུམ་སྙོམས་པར་འཇུག་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་ནི། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཟ་ཞིང་སྒྲིབ་བྲལ་དུ་བྱེད་པས་དཔྱིད་ཀྱང་ཡིན་ལ། ཐིག་ལེ་ཡང་ཡིན་པས་དཔྱིད་ཀྱི་ཐིག་ལེ་ཞེས་བྱའོ། །དེ་ལྟར་ཏི་ལ་ཀའི་འོད་ཟེར་སྐྲའི་རྩེ་མོ་བརྒྱ་སྟོང་དུ་གཤགས་པ་ཙམ་དུ་ཕྲ་བའི་ལུས་ཅན་གྱི་དཔའ་མོས་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་ཞིང་ཁམས་ཐམས་ཅད་དུ་ཞུགས་ཏེ་གློག་གི་ཟེར་མ་དང་མཉམ་པའི་འོད་ཀྱིས་གང་བར་བྱེད་ལ། ཚུལ་དེས་སྦྱངས་པའི་རྩའི་ཞིང་རྣམས་བདེ་ཆེན་ཟླ་བའི་འོད་ཀྱི་དཔའ་བོས་ཁྱབ་པར་བྱས་ནས། དེ་ལྟར་དཔའ་བོ་དང་དཔའ་མོ་རྣམས་ཞིང་དེ་དག་ཏུ་སྙོམས་པར་འཇུག་པས་ཡོན་ཏན་བརྒྱད་ཀྱི་རྟོགས་པ་མངོན་དུ་གྱུར་པའི་ཁྱད་པར་གྱི་ཉམས་མཐར་ཐུག་པ་ཡིན་ཅིང་། དེའི་ཚེ་ཐུན་མོང་གི་གྲུབ་པ་བརྒྱད་དང་། ཞི་རྒྱས་ལ་སོགས་པའི་ལས་ཆེན་བཅུ་གཉིས་སོགས་དངོས་གྲུབ་ཕྲན་ཚེགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་བོ། །དེ་ནས་ཤིན་ཏུ་མྱུར་བ་ཉིད་དུ་རྡོ་རྗེ་ནོར་བུ་ནས་ལྟེ་བའི་བར་དུ་འཛག་མེད་ཀྱི་བྱང་སེམས་འཕེལ་བཞིན་པས་སྟེང་དུ་འགྲོ་སྟེ། བདེ་སྟོང་གི་ཡེ་ཤེས་ཕུལ་དུ་བྱུང་བ་འགུགས་པར་བྱེད་ལ། ཆུང་ངུས་ལྟེ་བར་རྒྱུ་མཐུན། འབྲིང་པོས་སྙིང་གར་རྣམ་སྨིན། ཆེན་པོས་མགྲིན་པར་སྐྱེས་བུ་བྱེད་པ། ཆེན་པོའི་ཆེན་པོས་དཔྲལ་བར་དྲི་མ་མེད་པ་ཉིད་ཀྱིས་མཆོག་གི་གཏུམ་མོ་མཐར་ཕྱིན་པ་བཅོམ་ལྡན་འདས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ། གཙུག་ཏོར་གྱི་རྩ་པདྨ་འདབ་མ་བཞི་རུ་ཡང་དག་པར་འབྱུང་བ་ཡིན་ནོ། །ཡན་ལག་བདུན་ནི། ལོངས་སྤྱོད་རྫོགས་པ་དང་། ཡང་དག་པར་སྦྱོར་བ་དང་། བདེ་བ་ཆེན་པོ་དང་། རང་བཞིན་མེད་པ་དང་། ཐུགས་རྗེས་གང་བ་དང་། རྒྱུན་མི་འཆད་པ་དང་། འགོག་པ་མེད་པའོ། །དེ་ལ་ཡན་ལག་དང་པོ་གསུམ་ནི། ཕར་ཕྱིན་ཐེག་པ་དང་ཐུན་མོང་མ་ཡིན་པ་ཡིན་ལ། ལྷག་མ་རྣམས་ནི་ཐུན་མོང་པའོ། །དེ་ཡང་གཡས་གཡོན་ཕུང་ཁམས་ཀྱི་རླུང་འགགས་པའམ། ཡང་ན་སྙིང་གའི་རྩ་མདུད་བྷྲུཾ་ཨཾ་ཛྭིཾ་ཁཾ་ཧཱུྃ་དང་། མགྲིན་པའི་ལཱཾ་མཱཾ་བཱཾ་ཏཱཾ་པཱཾ་ལྔའི་རྩ་མདུད་བཤིག་པར་བྱེད་པས། དེ་བཞིན་གཤེགས་པ་ལྔ་དང་། སྤྱན་ལ་སོགས་པ་ཡུམ་ལྔ་བསྲེགས་པར་ཡང་བརྗོད་དོ། །དེ་ལྟར་དཔའ་བོ་དང་དཔའ་མོ་རྣམས་རླུང་ལ་ཞོན་ནས་རྩ་འཁོར་ལོ་ཕྱིར་འགྲོ་བའི་ཚེ། ནུབ་པ་དང་། སྡུད་པ་དང་། ཐིམ་པ་དང་། གཉིད་ལོག་པའི་སྐབས་བཞིན། ནང་དུ་འོང་བ་ན། འཆར་བ་དང་། བསྐྱེད་པ་དང་། སད་པའི་སྐབས་བཞིན་ནོ། །དོན་འདི་དག་གཞུང་ཉིད་ལས། སྲོག་འགོག་པ་དང་ལྡན་བྱས་པས། །སྐད་ཅིག་ཉིད་ལ་འབར་འགྱུར་ཏེ། །འཇིག་རྟེན་ཁམས་རྣམས་མཆོད་པའི་གནས། །རྡོ་རྗེ་འཛིན་པར་རང་ཉིད་འགྱུར། །ཞེས་སོགས་རྒྱས་པར་གསུངས་ཤིང་། །བུག་པ་མེད་པའི་སྣོད་ཀྱི་མར་མེ་ཆེར་འབར་ཞིང་། །བུག་པ་དང་བཅས་ན་དེ་ལས་བཟློག་པ་ཡིན་ནོ། །ཇི་ལྟར་ཆུ་དང་བཅས་པའི་མར་མེའི་སྡོང་བུ་ལ་བུམ་པ་བཟང་པོ་བཀབ་པ་ན་ཆུ་ཐམས་ཅད་གྱེན་དུ་གཤེགས་པར་འགྱུར་བའི་དཔེས་ཀྱང་ལེགས་པར་རྟོགས་པར་བྱའོ། །ཚུལ་དེས་བྱང་སེམས་སྟེང་དུ་གཤེགས་པས་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་ཅིང་། གཙུག་ཏོར་བལྟར་མི་མངོན་པ་འགྲུབ་སྟེ། མཉམ་པར་མ་རུངས་དཔྲལ་བ་ཅན། །དྷཱུ་ཏཱིར་ཚུད་ན་བྱང་སེམས་རྒྱུན་མི་འབབ། ཅེས་གསུངས་སོ་ཞེས་ཆོས་རྗེས་སོ། །དེ་ལྟར་གཏུམ་མོའི་ལམ་འདི་ཉིད་ཁོ་ནས་དབང་རྣོན་སྦྱངས་པ་ཅན་རྩ་རླུང་ཐིག་ལེའི་སྟོབས་ལྷག་པར་དུ་གྱུར་པ། གྲོལ་ལམ་ལ་མོས་པ་རྣམས་རྣམ་པ་ཐམས་ཅད་མཁྱེན་པའི་སར་མྱུར་བ་ལས་ཀྱང་མྱུར་བ་ཉིད་དུ་འཇུག་པར་བྱེད་པའི་ལམ་མཆོག་ལས་ཀྱང་མཆོག་ཏུ་གྱུར་པའི་ཁྲིད་ཚུལ་ཏེ་དང་པོའོ།། །། ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་སྦྱིན་པར་བྱེད་པའི་ཕོ་ཉ་མོ་པདྨ་ཅན་ལ་སོགས་པ་མཆོག་གང་ཡང་རུང་བ་དང་ཡང་དག་པར་སྦྱར་བའི་ཆོ་གས་ཉི་མ་གཞན་སྒྲུབ་པ་པོ་རང་ཉིད་ཀྱི་ལྟེ་བའི་འོག་ཏུ་གནས་པའི་རྒོད་མ་ཁའི་མེ་གཟུགས་དང་། འོ་མ་དང་ཆུ་བཞིན་རོ་གཅིག་ཏུ་འདྲེས་པ་ཉིད་ཀྱིས་འཛིན་པས་ཤིན་ཏུ་འབར་བར་འགྱུར་ལ། དེ་ཉིད་ཀྱིས་སྙིགས་མའི་ཁམས་ཇི་སྙེད་པ་ཟོས་ཤིང་དྭངས་མར་བྱས་ཏེ། དཔལ་ལྡན་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བཞུ་བ་སྦྱོར་བ་དང་། གཞན་དང་། བདག་དང་། གསང་བའི་གདན་བཞིར་འབབ་བཞིན་པས་རྡོ་རྗེ་ནོར་བུའི་མཐར་ཐུག་པའི་སྣ་རྩེར་གཤེགས་ལ། དེ་ནས་འཛག་མེད་དུ་གཟུང་བའི་སྐད་ཅིག་གང་ནས་ཇི་ལྟར་འོག་ཏུ་གཤེགས་པ་དེ་བཞིན་དུ། ནོར་བུའི་རྩེ་མོ་ནས་གཙུག་ཏོར་གྱི་མཐར་ཐུག་པའི་སྟོང་པ་བཞིའི་ཡུལ་སར་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་འགྲོས་བཞིས། མི་གནས་པའི་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་དུ་གཤེགས་ལ། དམར་ཆ་གཙུག་ཏོར་གྱི་རྩེ་ནས་འཛག་མེད་དུ་འཆིངས་ནས། ནོར་བུའི་སྣ་རྩེ་དང་། དེ་ནས་གཙུག་ཏོར་གྱི་རྩེའི་བར་དུ་གང་བ་ཅིག་ཅར་དུའོ། །ཚུལ་དེ་ལ་ཡན་ལག་བཅུ་གཉིས་ཀྱི་རླུང་དང་། ཐིག་ལེའི་འཕོ་བ་བཅུ་དྲུག་འགགས་པའི་དེ་བཞིན་གཤེགས་པར་ཡང་བརྗོད་ཅིང་། དབང་པོ་དྲུག་སེམས་དཔའ་དང་། ཕུང་པོ་ལྔ་སངས་རྒྱས་དང་། འབྱུང་བ་ལྔ་ཡུམ་ལྔའི་རང་བཞིན་གྱི་འབྲས་བུའི་རྡོ་རྗེ་འཛིན་པར་གྱུར་པ་ཡིན་ནོ། །རྟ་གདོང་གི་མེས་རྒྱ་མཚོའི་ཆུ་མ་ལུས་པ་ཟ་བ་བཞིན་དུ། འདིས་ཀྱང་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་སྒྲིབ་བྲལ་ཏུ་ཟ་བ་ཉིད་ཀྱི་ཕྱིར་རྒོད་མ་ཁའི་མེ་གཟུགས་ཞེས་བྱའོ། །དེ་ཡང་གཞུང་ཉིད་དུ། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱ། ཞེས་དང་། བསྒོམས་ན་སངས་རྒྱ་ཀུན་ཀྱང་རྒྱ། མ་བསྒོམས་རྒྱ་ན་རྒྱ་བ་ཡིན། ཞེས་བྱ་བ་ལ་སོགས་པས་གསལ་བར་གསུང་ཤིང་། རྗེ་བཙུན་ཆེན་པོས། ཟག་མེད་བདེ་བས་གང་བའི་ལམ། །གསལ་སྟོང་དངོས་གྲུབ་འབྱུང་བའི་ལམ། །མི་རྟོག་སྤྲོས་བྲལ་ཆོས་སྐུའི་ལམ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་ལམ། །གསལ་སྟོང་སྣ་ཚོགས་སྤྲུལ་སྐུའི་ལམ། །བདེ་གསལ་མི་རྟོག་ཟུང་འཇུག་ལམ། །མགྱོགས་བྱེད་ཕོ་ཉ་དེ་ལ་བྱ། །ཞེས་ཕོ་ཉ་ལྟ་བུས་དངོས་གྲུབ་ཆེན་པོའི་གོ་འཕང་དུ་བགྲོད་པར་བྱེད་པའི་ལམ་འདི་ཡང་། དབང་རྣོན་སྦྱངས་པ་ཅན་རྩ་རླུང་ཐིག་ལེ་སྟོབས་ལྷག་པར་གྱུར་པ་ཆགས་ཅན་རྣམས་རྗེས་སུ་འཛིན་པའི་ཁྲིད་ཚུལ་ཏེ་གཉིས་པའོ།། །། ཡང་ཡོད་མེད་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་རྣམ་པར་སྤངས་པ། མཐའ་བྲལ་དུ་ཞེན་པའང་བཀག་པའི་མཆོག་ཏུ་ཟབ་པའི་དེ་ཁོ་ན་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བ་རྙོག་པ་དང་བྲལ་བ། ཉི་མ་དང་། ཟླ་བ་དང་། མེ་དང་ནོར་བུའི་འོད་ཀྱི་ངོ་བོ་ཉིད་བཞིན་དུ་ཤིན་ཏུ་གསལ་བ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མིག་གིས་མཐོང་བས་ཕྱི་ནང་གི་དངོས་པོ་ཐམས་ཅད་རང་བཞིན་གྱི་འོད་གསལ་བ་དེ་ཉིད་ཀྱི་ངང་དུ་རོ་གཅིག་པའི་ཚུལ་གྱིས་མངོན་པར་རྫོགས་ཤིང་མངོན་པར་བྱང་ཆུབ་པས། མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་བྱ་ལ། འོད་གསལ་གྱི་མེས་དངོས་པོའི་བག་ཆགས་ཐམས་ཅད་བསྲེགས་པ་ཞེས་བྱ་བར་ཡང་བརྗོད་དོ། །དེ་ལྟ་བུའི་འོད་གསལ་དེ་ལས་མུན་པའི་སྣང་བ། སྣང་བ་ཉེ་བར་ཐོབ་པ། དེ་ལས་གསལ་བ་ཉི་མའི་འོད་ཀྱི་སྣང་བ་ཚ་བའི་ངོ་བོ་ཉིད་སྣང་བ་མཆེད་པ། དེ་ལས་གསལ་བ་ཟླ་བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བ་སྣང་བས་ཁྱབ་པའི་ཤེས་རབ་ཀྱི་ཡེ་ཤེས་འབྱུང་ངོ་། །དེ་བས་ན་སྟོང་པ་བཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བ་ལྟ་བུས་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས། ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་བཅད་དུ་མེད་པ་དང་། གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་ཉིད་འཕོ་བ་མེད་ཅིང་ཟག་པ་མེད་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བར་གྱུར་པ་འདོད་པ་ཙམ་གྱིས་དབང་དུ་གྱུར་པ་ཐོབ་པ། ཆུ་ལས་ཉ་འཕར་བ་ལྟ་བུའམ། མྱུར་བར་གཉིད་ལོག་ཅིང་སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་གྱུར་པའི་གཟུགས་ཀྱི་བདག་ཉིད་ཅན་ནི་རྡོ་རྗེ་འཆང་ཞེས་བྱ་བ་སློབ་པའི་ཟུང་འཇུག་གི་སྐུ། གཟུགས་ཕྲ་རེག་ན་ཡང་བ་དང་། །ཁྱབ་དང་ཡང་དག་ཐོབ་པ་དང་། །རབ་ཏུ་སྣང་དང་བརྟན་པ་དང་། །དབང་བསྒྱུར་འདོད་དགུར་བསྒྱུར་བ་སྟེ། དབང་ཕྱུག་བརྒྱད་ཅེས་འདིར་བཤད་དོ། །ཞེས་པའི་ཡོན་ཏན་དང་ལྡན་པར་བཞེད་དོ། །དེ་ནས་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ལ། མྱུར་དུ་མི་སློབ་པའི་སར་ཕྱིན་པར་བྱ་བའི་ཕྱིར། དེའི་རྣལ་འབྱོར་ལ་བསླབས་ནས་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་བླ་ན་མེད་པ་ཐོབ་པར་འགྱུར་ཞིང་། དེའི་ཚེ། སྐུ་དང་གསུང་གི་དབང་ཕྱུག་དང་། །ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་གནས། །ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱན། །འདི་ནི་འབྲས་བུའི་དབང་ཕྱུག་བརྒྱད། །ཅེས་པའི་ཡོན་ཏན་གྱིས་བརྒྱན་པའོ། །དེ་ལྟར་ཡང་གཞུང་ཉིད་ལས། སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པར་ནི་མི་སློབ་གཉིས། །མི་སློབ་པར་ནི་གྱུར་ཙ་ན། འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། ཞེས་དང་། ཀླུ་སྒྲུབ་ཀྱིས། ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལ་འང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཐམས་ཅད་མཁྱེན་པར་དེ་གནས་འགྱུར། ཞེས་གསུངས་སོ། །དེ་ལྟར་མངོན་པར་བྱང་ཆུབ་པའི་ལམ་འདིས་དབང་རྣོན་སྦྱངས་པ་ཅན་ཟུང་འཇུག་གི་ལམ་ལ་མོས་པ་རྣམས་ཁྲིད་པའི་ཚུལ་ཏེ་གསུམ་པའོ།། །། ཡང་། སྣང་བ་ལ་རྩལ་སྦྱོང་བ་སྣང་བ་སྒྱུ་མ། རྨི་ལམ་ལ་རྩལ་སྦྱོང་བ་རྨི་ལམ་སྒྱུ་མ། བར་དོ་ལ་རྩལ་སྦྱོང་བ་བར་དོ་སྒྱུ་མ་སྟེ། སྒྱུ་མ་གསུམ་འཁྱུད་ཅེས་བྱ་ལ། དེ་ལྟ་བུའི་སྒྱུ་མ་གསུམ་འཁྱུད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་ཀྱི་གཟུགས་བརྙན་ཡང་དག་པའི་སྒྱུ་ལུས་མཐོང་བར་འགྱུར་ཞིང་། དེ་ལ་རྗེས་སུ་ཆགས་པས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་བཀོད་ཅིང་བལྟས་པས་ཁམས་གསུམ་པོ་ཐམས་ཅད་དེ་ཉིད་དུ་མ་ལུས་པར། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་སུ་ཡང་དག་པར་མཐོང་བར་འགྱུར་རོ། །ཚུལ་དེས་སྡུག་བསྔལ་མཐའ་ཡས་བསྐྱེད་པའི་རྟོག་པའི་ཡོལ་བ་སྟུག་པོ་ཡིད་སྒྲིབ་པར་བྱེད་པ་དེ་དག་བདེ་བ་དང་ལྡན་པའི་དེ་ཉིད་དུ་དེངས་པར་བྱས་པས་ཟག་པ་མེད་པའི་བདེ་བ་ཆེན་པོ་ཤིན་ཏུ་རྒྱས་པ་མཐོང་བར་འགྱུར་ཏེ། དཔེར་ན་བུམ་ནང་གི་མར་མེ་བུམ་པ་བཅག་པས་མར་མེ་གསལ་བར་མཐོང་བར་འགྱུར་བ་བཞིན་ནོ། །དེ་བས་ན་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་འདི་དང་། དོན་དམ་པ་རྣམ་པ་མེད་པའི་བདེ་བ་ཆེན་པོ་དབྱེར་མེད་དུ་གྱུར་པ་དེའི་ཚེ། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་བཞི་འཛག་མེད་དུ་གྱུར་པའི་ས་རབ་ཏུ་དགའ་བ་ནས། ས་བཅུ་གསུམ་གྱི་དབང་ཕྱུག་ལ་གནས་པ་རྡོ་རྗེ་འཆང་ཆེན་པོར་འགྱུར་བ་ཡིན་ནོ། །དེ་ཡང་གཞུང་ལས། སྒྱུ་མ་ལྟ་བུའི་ལུས་བསྒོམས་ལ། །སློབ་པ་དང་ནི་མི་སློབ་གཉིས། །ཞེས་དང་། རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། ཞེས་དང་བརྟག་གཉིས་ལས། སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་གསུངས་ཤིང་། ཚུལ་འདིས་དབང་རྣོན་སྦྱངས་པ་ཅན་མཚན་མ་མེད་པ་ལ་མོས་པ་འདོད་པའི་དངོས་གྲུབ་ཆེན་པོར་ཁྲིད་པའི་ཚུལ་ཏེ་བཞི་པའོ།། །། ཡང་། བསྐྱེད་པའི་རིམ་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ནས། ངག་དབེན་ལ་འཇུག་གི པི་ཝང་གི་ཁོག་པ་ལེགས་པར་སྦྱངས་པ་ལས་སྒྲ་འབྱུང་གི མ་སྦྱངས་ན་མི་འབྱུང་པ་བཞིན་ནོ། །དེ་ལྟར་གསུང་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་པས་འཇིག་རྟེན་ཆོས་བརྒྱད་ཀྱིས་མི་འཆིང་ཞིང་། ཟིལ་གྱིས་མནན་ནས་ས་བརྒྱད་པ་ཐོབ་པར་འགྱུར་ཏེ། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། ཞེས་སོ། དེ་ལྟར་ངག་ཐ་མལ་གྱི་རླུང་རྒྱུ་བ་དང་། ཕྱི་རོལ་གྱི་བཟླས་པ་དང་། ཐ་མལ་གྱི་ངག་ཏུ་རྟོག་པས་དབེན་པས་སམ། ངག་གི་རང་བཞིན་རླུང་སྒྲ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་འབྱེད་པའི་ཕྱིར་ངག་དབེན་ནོ། །དེ་ལྟར་ངག་དབེན་གྱིས་སེམས་ཀྱི་བཞོན་པ་རླུང་དབང་དུ་འདུས་པས་སེམས་དབེན་གྱི་ཏིང་ངེ་འཛིན་འབྱུང་ངོ་། །དེ་ལྟར་སེམས་དབེན་གྱི་ཏིང་ངེ་འཛིན་མཐར་ཕྱིན་པས་མཉམ་བཞག་ཏུ་སེམས་བདེ་གསལ་ཏུ་རིག་ཅིང་མྱོང་བ་བཞིན་དུ། རྗེས་ཐོབ་ཏུ་ཡང་ཡུལ་རབ་འབྲིང་ཐ་མ་གསུམ་ཅིར་སྣང་ཐམས་ཅད་བདེ་བར་འཆར་ཏེ། རྡོ་རྗེ་ཕྲེང་བར། དེ་བས་གཉིས་མེད་མཐོང་བ་ཡིས། །རྣལ་འབྱོར་པས་ནི་ཡེ་ཤེས་གསུམ། །མཐོང་ཕྱིར་དམན་དང་བར་མ་དང་། །དམ་པའི་ཡུལ་ལ་འཇུག་པར་འགྱུར། ཞེས་སོ། དེ་བས་ན་སེམས་གཟུང་འཛིན་ནམ། བདག་དང་བདག་གིར་འཛིན་པས་སམ། ཐ་མལ་གྱི་སྣང་བས་དབེན་པའི་ཕྱིར་སེམས་དབེན་ནོ། །དེས་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པས་སེམས་དབེན་གྱི་ཏིང་ངེ་འཛིན་ལ་གནས་པས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་གོ །དེས་ཕུང་ཁམས་ཕྱི་ནང་གི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ལྷའི་སྐུར་མཐོང་ཞིང་། དེ་བརྟན་ནས་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་འོད་ཟེར་ལྔས་བརྒྱན་པའི་མཚན་དཔེས་སྤྲས་པའི་སྐུ་མཐོང་བ་ན་མཐར་ཐུག་པ་སྟེ། དེ་ལྟ་བུའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག་པའི་ཚེ་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་ཅིང་། དེ་ལས་འོད་གསལ་དོན་དམ་པའི་བདེན་པ་ལ་འཇུག་གི དེ་ཡང་ཇི་སྲིད་ཐོ་རངས་ཀྱི་ཐུན་མཚམས་ནས་ཉི་མ་མ་ཤར་བར་ཐམས་ཅད་སྟོང་པ་དང་། ཉི་མ་ཤར་བ་སྣང་བ་མཆེད་པ་དང་། ནུབ་པའི་ཐུན་མཚམས་མ་རིག་པ་དང་། ཟླ་ཤར་སྣང་བ་སྟེ་ཕྱིའི་མངོན་པར་བྱང་ཆུབ་པ་དང་། ནང་གི མངོན་བྱང་ནི། དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པ་མཐོང་ངོ་། གཉིས་པ་ནི། སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི། སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི། སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། དེས་ནས་མུན་པ་དང་བྲལ་བའི་སྐད་ཅིག་མ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱིས་མིག་གིས་མཐོང་ངོ་། །དེ་ལྟར་ཡང་། སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློབ་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར། ཞེས་སོ། དེ་ལ་བསླབ་པ་མཐར་ཕྱིན་ནས། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཐམས་ཅད་ལས་གྲོལ་ནས་ས་བཅུ་གཉིས་པ་ཐོབ་པས་གཙང་མའི་གནས་སུ་འགྲོ་སྟེ། རིམ་པ་གཉིས་པར། མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། སངས་རྒྱས་ཞིང་ནས་མི་ལྡོག་པའི། །ཚེ་འདི་ཉིད་ལ་ཐམས་ཅད་མཁྱེན། །ཞེས་སྲིད་པ་ཐ་མར་པར་གསུངས་སོ། །དེ་ལྟར་དོན་དམ་པའི་བདེན་པའི་རྟོགས་པ་མ་ཐོབ་ཀྱི་བར་དུ་སྣང་བ་གསུམ་རྣམ་པར་མ་དག་པས་རྣམ་ཤེས་ཀྱི་ཀུན་ཏུ་རྟོག་པ་ཡོད་ལ། དེས་ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་གྱིས་ཡང་སྲིད་ལེན་པས་འཁོར་བར་ཕྱིར་བཟློག་པར་འགྱུར་རོ། །དོན་དམ་པའི་བདེན་པ་མངོན་སུམ་དུ་བྱས་པས་སྣང་བ་གསུམ་རྣམ་པར་དག་ནས་སྣང་བ་མེད་པ་ལས་ལངས་ཏེ། ཟུང་འཇུག་ཏུ་གནས་པའི་རིམ་གྱིས། སངས་རྒྱས་ཀྱི་བྱ་བ་མངོན་གསུམ་དུ་བྱས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱི་བརྒྱན་ནས་གནས་པར་འགྱུར་རོ། །ཚུལ་དེ་ཡང་གཞུང་ལས། བསྐྱེད་རིམ་གཞུང་ལས་ཤེས་པར་བྱ། །ངག་དབེན་པ་ཡི་རླུང་བསྒོམ་པ། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་བྱ་ལ་སོགས་པ་ཤིན་ཏུ་རྒྱས་པར་བཤད་ཅིང་། རྗེ་བཙུན་གྱིས་ཀྱང་། དཔེར་ན་སྐས་ཀྱི་རིམ་པའམ། །མཛུབ་ཀྱིས་ཟླ་སྟོན་ཇི་བཞིན་ནམ། འཕོང་གི་སློབ་དཔོན་ཇི་ལྟ་བར། །རིམ་གྱིས་འབྱུང་གིས་ཅིག་ཅར་མིན། ཞེས་གསུངས་སོ། །ཅིའི་ཕྱིར་ལུས་དབེན་འདིར་མ་དྲངས་ཞེ་ན། བསྐྱེད་རིམ་གྱི་ཁོངས་སུ་འདུ་ལ། དེ་ནི་རིམ་པ་གཞན་ཏེ། རིམ་པ་ལྔ་ནི་རྫོགས་པའི་རིམ་པའི་དབང་དུ་བྱས་པའོ། །བསྐྱེད་རིམ་གྱིས་ས་བརྒྱད་པ་ཐོབ་པར་བཤད་པ་ཡང་། བསྐྱེད་རིམ་ལ་གནས་ནས་རྡོར་བཟླས་བྱེད་པས། རྡོར་བཟླས་དེའི་ཡན་ལག་ཏུ་དགོངས་ནས་བཤད་པས་འགལ་བ་མེད་དོ། །ཚུལ་འདིས་དབང་རྣོན་དང་པོའི་ལས་ཅན་རྣམས་ཁྲིད་པར་བྱེད་པའི་ཚུལ་ཏེ་ལྔ་པའོ།། །། ཀུན་ཀྱང་རྗེས་འབྲང་བཅས་པས་རྣམ་པ་བཅུ། དེ་ཡང་གཏུམ་མོ་འབའ་ཞིག་གིས་ཟག་པ་མེད་པའི་བདེ་བ་རྙེད་པར་དཀའ་ན་ལས་ཀྱི་ཕྱག་རྒྱས་བོགས་ངེས་པར་འདོན་དགོས་ཤིང་། ཕོ་ཉ་ལ་ཡང་སྒོམ་པའི་སྐྱེད་ཞན་པ་ན་ལུས་བསྒྲུབ་པ་དང་། སེམས་བསྒྲུབ་པའི་མན་ངག་གི་ཁྱད་པར་བསྣན་པས་འགྲུབ་ཅིང་། དེ་གཉིས་དང་སྒྱུ་ལུས་ལ་སོགས་པ་ལྷག་མ་གསུམ་ཀར་སྤྱོད་པས་བོགས་འདོན་པའི་ཕྱིར། དེ་བསྟན་པས་ཁྲིད་ཚུལ་ལྔ་དང་། རྩ་རླུང་ལས་སུ་རུང་ཞིང་དམིགས་པ་རྣོན་པོ་གར་གཏད་དུ་ཟིན་པ་དག་ལ་སེམས་རླུང་གི་རྟ་ལ་ཞོན་ནས་གང་འདོད་ཀྱི་སར་འཕོ་ནུས་པའི་ཕྱིར། འཕོ་བ་དང་གྲོང་འཇུག་ཐམས་ཅད་ཀྱི་རྗེས་འབྲང་དུ་སྟོན་པས་ལྔའོ། །དེ་དག་ཀྱང་། གཞུང་ཉིད་ལས་ཀྱང་། རིག་མ་མཚན་ལྡན་གྲོགས་སུ་གཅེས། ཞེས་བྱ་ལ་སོགས་པ་ལམ་སོ་སོའི་ཐད་དུ་གསལ་བར་གསུངས་ཤིང་། རྗེས་བཙུན་གྱིས་ཀྱང་། དེ་ལ་བསྒོམ་སྐྱེད་མ་བྱུང་ཞིང་། །ཏིང་འཛིན་བརྟན་པར་མ་གྱུར་ན། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལ། །ཞེས་དང་། སྤྱོད་པ་ལ་ཡང་གཉིས་ཡིན་ཏེ། སྤྱད་དུ་ཡོད་དང་མེད་པའོ། །ཞེས་གསུངས་ཞིང་། གཞན་ཡང་། གཞུང་ལས། གྲོང་དུ་འཇུག་དང་འཕོ་བ་དང་། ཞེས་གསུངས་པས་རྗེས་འབྲང་དང་བཅས་ཏེ་ཁྲིད་པའི་ཚུལ་ནི་བཅུའོ།། །། ཕྱག་རྒྱ་ཆེ་དང་བྱང་ཆུབ་སེམས་བསྒོམ་དང་། བསྲེ་བ་གསུམ་ལ་བསླབ་ཕྱིར་རྣམ་གསུམ་དང་། །དེ་ཡང་། སྣ་སྟོང་ལྷན་སྐྱེས། གསལ་སྟོང་ལྷན་སྐྱེས། རིག་སྟོང་ལྷན་སྐྱེས་ལ་སོགས་པས་ལྷན་ཅིག་སྐྱེས་པར་གང་ཞིག་བརྗོད་པའི་ཚོགས་པ་ཐམས་ཅད་རང་བཞིན་ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་ཆེན་པོ་འདིར་སྡོམ་པ་སྟེ། སྦྱོར་བར་བྱེད་པའི་བདེ་སྟོང་ཟུང་དུ་འཇུག་པའི་ཕྱག་རྒྱ་དེ་ཉིད་གོང་ན་གཞན་མེད་པ་ཉིད་ཀྱིས་ཆེན་པོའང་ཡིན་པས་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ཉིད་བརྗོད་བྱར་བྱེད་པས་ན་ལམ་འདི་ཡང་ལྷན་ཅིག་སྐྱེས་སྦྱོར་རོ་ཞེས་བརྗོད་དོ། །ཚུལ་འདི་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །ལྷན་ཅིག་སྐྱེས་པ་དེར་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཡོ་གི་སྙིང་རྗེ་ཐབས་སུ་འགྱུར། །ཞེས་གསུངས་སོ། །དེ་ལྟར་ལམ་འདིར་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱིས་མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་རྙེད་ཅིང་། བླ་མ་དམ་པའི་བཀའ་དྲིན་སྙིང་ལ་ཞེན་པས། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་གནས་ལུགས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་ལ། དེ་ལ་ཅུང་ཟད་གོམས་པར་མ་གྱུར་པས། རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་ངོ་། །དེ་ཡང་ཆུ་བོའི་རྒྱུན་ནམ། མར་མེའི་རྩེ་མོ་བཅིངས་པ་ལྟར། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་ཉིན་མཚན་རྟག་ཏུ་མཉམ་པར་བཞག་པས། ཆོས་ཐམས་ཅད་རོ་མཉམ་པའི་ངོ་བོ་ཉིད་དུ་མ་རོ་གཅིག་གི་རྣལ་འབྱོར་འཆར་ལ། དེའི་ཚེ་རྗེས་ཐོབ་ནི་སྟོང་པར་གནས་སོ། །དེ་བར་མ་ཆད་པ་ཉིད་ཀྱིས་བསྐྱངས་པས་གོམས་པར་གྱུར་ན། བསྒོམ་དུ་མེད་ཅིང་ཐུགས་རྗེ་ཆེན་པོའི་རང་བཞིན་གྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་རོ། །གནས་སྐབས་དེ་ན་མཉམ་བཞག་དང་རྗེས་ཐོབ་མེད་ཅིང་། ཆོས་ཀྱི་སྐུ་ཉིད་ལ་རྒྱུན་པར་གནས་ལ། གཞན་གྱི་དོན་བླ་ན་མེད་པ་ཡང་དག་པར་མཛད་པ་ཡིན་ནོ། །དེ་བས་ན་ལམ་འདི་ནི་ཤེས་དང་ཤེས་པར་བྱ་བའི་ཆོས་ཇི་སྙེད་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་བདག་ཉིད་གཅིག་ཏུ་ཡང་དག་པར་སྦྱར་ནས། ཐ་མི་དད་པ་ཉིད་དུ་བྱེད་པ་ལ་ཤིན་ཏུ་དཔའ་བ་ཡིན་ཅིང་། ཚུལ་འདི་ཉིད་གྲུབ་པ་དང་སྙིང་པོའི་སྐོར་གྱི་གཞུང་མང་པོར། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་དབུགས་དབྱུང་ཞིང་རྒྱས་འདེབས་པ་ཞེས་གསུངས་ཤིང་། གཞུང་ལས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། ཞེས་སོགས་དང་། དེ་ལྟར་རྟོགས་པའི་ངང་ཉིད་ལས། །ངོ་བོ་ཉིད་དུ་བདེ་བ་ཅན། སངས་རྒྱས་ལྔ་ཡི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །རྟོགས་པ་མཉམ་རྗེས་མེད་པ་དང་། །ནམ་མཁའི་རྣལ་འབྱོར་བདག་ཉིད་ཆེ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག །མི་གནས་མྱ་ངན་འདས་པ་ཡིན། །ཞེས་དང་། རྗེ་བཙུན་གྱིས། ཞི་གནས་ལ་སོགས་བསྒོམ་ཡོད་མིན། །སྐྱོན་ཡོན་གཉིས་ཀྱང་འབྱུང་བ་ཡིན། །འཆོས་ཐབས་གྲངས་ནི་མང་མོད་ཀྱང་། །རྟོགས་པའི་གོ་ཆ་གཙིགས་སུ་ཆེ། །ཞེས་དང་། ཉམས་མྱོང་གི་ཁྱད་པར་སྐྱེས། འབྲས་བུ་སྤྲོས་བྲལ་རྟོགས། །ཁྱད་པར་ནི་རབ་འབྲིང་གསུམ། རབ་ཀྱི་ཡོན་ཏན་ནི་མཉམ་བཞག་དང་རྗེས་ཐོབ་མེད། ཆོས་སྐུ་རྒྱུན་པར་གནས། འབྲིང་གི་ཡོན་ཏན་ནི། རྗེས་ཐོབ་སྟོང་པར་གནས། ཐ་མའི་ཡོན་ཏན་ནི། རྗེས་ཐོབ་སྒྱུ་མར་མཐོང་། །ཡང་དག་ལ་ཁྱད་མེད་ཀྱང་། རྣམ་རྟོག་ལ་ཁྱད་དུ་སྣང་། ཆུ་བོའི་རྒྱུན་བཞིན་དུ་ཡུན་དུ་བསྲིང་བར་གསུངས། །ཞེས་དང་། ཡང་། ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། །འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའི་དོན་ལ་ངོ་སྤྲོད་བགྱིས། །ནང་རིག་པ་རྟེན་མེད་གཅེར་བུ་འདི། །འགྱུ་བ་དྭངས་སངས་ལྟ་བའི་གདེངས། །འོད་གསལ་སྟོང་པར་བློ་ཐག་ཆོད། །ང་སྐྱེ་འཆི་གཉིས་ལ་ཉམ་ང་མེད། །ཅེས་གསུངས་སོ། །ཡང་། དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་ལ་དྲན་པ་ཉེ་བར་བཞག་པ་བཞི། རྩོལ་བ་ལས་བྱུང་བའི་ལམ་ལ་ཡང་དག་པར་སྤོང་བ་བཞི། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི། མངོན་པར་རྟོགས་པ་དང་སྦྱོར་བའི་ལམ་ལ་དབང་པོ་ལྔ། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ལ་སྟོབས་ལྔ། མངོན་པར་རྟོགས་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན། རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ལ་འཕགས་ལམ་ཡན་ལག་བརྒྱད་དེ། བྱང་ཕྱོགས་སོ་བདུན་དང་བཅས་པའི་སྒོམས་པ་བྱང་ཆུབ་ཀྱི་སེམས་འདྲིས་པའི་དོན་དུ་གོམས་པར་བྱ་བས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པར་བཤད་ཅིང་། ཚུལ་དེས་ལས་དང་པོའི་ས་དང་། མོས་པས་སྤྱོད་པའི་ས་དང་། དེ་ལས་རིང་དུ་འཕགས་པ་ས་རབ་ཏུ་དགའ་བ་ནས་རིམ་གྱིས་ཀུན་ཏུ་འོད་དམ། རྡོ་རྗེའི་ས་མངོན་དུ་བྱེད་དོ། །ཀུན་ཏུ་འོད་ས་བཅུ་གཅིག་པ་ཡིན་ལ། འདིར་ས་བཅུ་གསུམ་པར་བཤད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། ས་བཅུ་པ་ཙམ་ནི་ཆོས་སྤྲིན། ཁྱད་པར་ལམ་ནི་དཔེ་མེད། རྒྱུན་མཐའ་ནི་ཡེ་ཤེས་ལྡན། ཀུན་ཏུ་འོད་རྡོ་རྗེའི་ས་དང་། ཡང་ལས་དང་པོ་པ་དང་། མོས་སྤྱོད་ཀྱི་ས་གཉིས་བསྣན་པས་བཅུ་གསུམ་དུ་ཨ་བྷ་ཡས་བཤད་ལ། བཅུ་གཅིག་གི་སྟེང་དུ་མོས་སྤྱོད་བསྣན་པའི་བཅུ་གཉིས་པ་ནི་བྷ་ཝ་བྷ་དྲ་ལ་སོགས་པ་དགྱེས་རྡོར་གྱི་འགྲེལ་མཛད་མང་པོས་བཤད་པའི་ཕྱིར་རོ། །ཚུལ་འདི་འགའ་ཞིག་ཕྱག་རྒྱ་ཆེན་པོའི་ལམ་རིམ་དུ་བཞེད་ཀྱང་། རྗེ་བཙུན་གྱིས་སྒྱུ་མའི་ལམ་རིམ་དུ་གསུངས་ཏེ། ང་མི་ཁོམ་བརྒྱད་ལ་འཇིགས་འཇིགས་ནས། མི་རྟག་འཁོར་བའི་ཉེས་དམིགས་བསྒོམས། སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུགས་གཏད། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བསྐྱེད། །ཐབས་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་པས། །བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད། །སྣང་བ་ཅིར་སྣང་སྒྱུ་མར་རྟོགས། །ང་ངན་སོང་གསུམ་ལ་ཉམ་ང་མེད། །ཅེས་གསུངས་སོ། །ཡང་གཏུམ་མོ་ལམ་གྱི་རྨང་རྡོར་བྱས་ནས། བསྲེ་བ་གསུམ་ལ་རིམ་གྱིས་སྦྱངས་ནས་ཐ་མལ་གྱི་ཡུལ་ཡུལ་ཅན་གྱི་དྲི་མ་དབྲལ་ཏེ། དག་པའི་ཡུལ་ཡུལ་ཅན་གྱི་སྣང་བ་རབ་འབྱམས་ལ་བསླབས་ནས་མཐར་ཕྱིན་པའི་ཚེ། མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཏེ། རྗེ་བཙུན་གྱིས། ང་གློ་བུར་ཚེ་ལ་འཇིགས་འཇིགས་ནས། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་འགྲིགས། །གནས་བསྲེ་བ་གསུམ་ལ་སྦྱངས་པ་ཡིས། །ཚོགས་དྲུག་གི་སྣང་བ་འགགས་པའི་ཚེ། །ཆོས་སྐུ་ངོ་སྤྲོད་ཀྱི་གདེངས་ཡོད་དེ། །ཤེས་རྒྱུད་ཚངས་པའི་ལམ་ནས་འདོན། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕོ། །དུས་ད་ལྟ་ཤི་ཡང་ཉམ་ང་མེད། །ཅེས་སོ། །ཡང་། ལྟ་བས་གཏན་ལ་དབབ་པའི་ལམ་དང་། སྒོམ་པས་ཉམས་སུ་བླང་པའི་ལམ་གཉིས་སམ། ཐབས་ལམ་གྱི་ཁྲིད་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཁྲིད་ཅེས་རྗེ་བཙུན་མར་པ་ཡབ་སྲས་ཀྱི་གསུངས་པ་འདི་ལ་བསྙོན་ནས། འགའ་ཞིག་ཕྱག་རྒྱ་ཆེན་པོ་མཻ་ཏྲི་ཞབས་ལས་བརྒྱུད་པར་སྨྲ་བ་དང་། ལ་ལ་དག་ཇོ་བོ་རྗེ་ནས་དང་། གཞན་དག་རྗེ་ཟླ་འོད་གཞོན་ནུའི་ཞལ་སྔ་ནས་ཉིད་ཀྱི་བརྩམས་ཆོས་སུ་སྨྲ་བ་སོགས་སྐྱེས་བུ་གཉིད་ལོག་པ་དང་མཚུངས་པའི་བླ་ཅོལ་གྱིས་གྲུབ་རིགས་ཀྱི་གདུལ་བྱ་དག་ངལ་བ་སྐྱེད་པའི་ཡིག་རིས་དུ་མ་མཐོང་ངོ་ཞེས། རྣམ་གཉིས་གསུང་ལ་བསྙོན་པའི་བླ་ཅོལ་གྱིས། གྲུབ་རིགས་ངལ་བ་སྐྱེད་པའང་ས་འདིར་མཐོང་། ཞེས་སྨྲས་སོ། །རྩ་རླུང་ཐིག་ལེའི་རྟེན་འབྲེལ་བསྒྲིགས་ནས་ཀྱང་། །བསྲེ་བ་གསུམ་གྱིས་འདོད་པའི་འབྲས་ཐོབ་པ། །ཅིག་ཅར་ཐོད་བརྒལ་རིམ་སྐྱེས་དབྱེ་བས་གསུམ། སྦྱངས་དང་དང་པོའི་ལས་ཅན་ཉིད་ཀྱིས་གཉིས། །དེ་ཡང་རྩ་རླུང་ཐིག་ལེ་གསུམ་གྱིས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་གྱི་སྟོབས་ཀྱིས་མཆོག་གི་གཏུམ་མོ་མངོན་དུ་བྱས་པ་ན། ཅིག་ཅར་བའི་བསྲེ་བ་སྐོར་གསུམ་སྟེ། བླ་མ་དམ་པས་ངོ་སྤྲད་པས་གནས་ལུགས་ལྟ་བའི་དོན་གོ་བ་དང་། མཚོན་བྱེད་ལམ་གྱི་འོད་གསལ་ལ་སྦྱངས་པས་ཚེ་འདིར་དང་བར་དོ་ཚུན་ལ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་སྟེ། ཅིག་ཅར་བ་ཡི་བསྲེ་སྐོར་གསུམ། །ཐུགས་ཀྱི་བདག་ཉིད་ཆོས་ཀྱི་སྐུ། །ཞེས་སོ། །ཡང་གཏུམ་མོ་ལ་བརྟེན་ནས་ཁྱད་པར་གྱི་ཉམས་ཐོད་བརྒལ་དུ་ཤར་བས་ན་ཐོད་བརྒལ་བའི་བསྲེ་བ་སྐོར་གསུམ་སྟེ། བསྐྱེད་རིམ་ལྷའི་སྐུ་ལ་དམིགས་པ་གསལ་བས་ཡང་དག་པའི་སྒྱུ་མ་དང་རྨི་ལམ་གྱི་དེ་ཁོ་ན་ཉིད་ལ་སྦྱངས་པས་ཚེ་འདིར་འམ་བར་དོ་གཉིས་པ་ཚུན་ཆད་དུ་འོད་གསལ་ལས་སྒྱུ་ལུས་སུ་ལངས་པའི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་ནས། སྐྱེ་བ་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །དེ་ལྟར་ཡང་། ཐོད་བརྒལ་བ་ཡི་བསྲེ་སྐོར་གསུམ། ལོངས་སྐུ་སྐུ་ཡི་བདག་ཉིད་ཅན། ཞེས་སོ། །ཡང་གཏུམ་མོ་ལ་བརྟེན་ནས་ཐུན་མོང་གི་རྟགས་རྫོགས་ཀྱང་། ལམ་གོང་མ་རྣམས་རྙེད་པར་དཀའ་ན། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་གསུམ་པ་རྫོགས་པའི་དོན་ཉམས་སུ་མྱོང་བས། ཕྲག་དོག་དང་མིག་སེར་སྦྱངས་ནས། རིམ་སྐྱེས་པའི་བསྲེ་བ་སྐོར་གསུམ་སྟེ། སྒྱུ་ལུས་དང་། རྨི་ལམ་ལ་བསླབས་པས། བར་དོ་གཉིས་པར་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་སྐལ་བ་མཉམ་པའི་རིག་འཛིན་དུ་འགྱུར་བའམ། གདམ་ངག་དྲན་པའི་གནད་ཀྱིས་རང་ཉིད་བདེ་སྟོང་གི་ཉམས་དང་མི་འབྲལ་བར་གཉེན་པོའི་རྩལ་མཐར་ཕྱིན་པས་ལས་ཀྱི་སྣང་བ་མི་འཆར་ཞིང་། མངལ་བཟང་པོ་འདམས་ནས་བསམ་བཞིན་དུ་སྐྱེ་བ་ལེན་པ་ནི་སྐྱེ་བ་སྤྲུལ་པའི་སྐུ་སྟེ། ཚེ་ཕྱི་མ་ནས་སྐྱེ་བ་བཅུ་དྲུག་ཚུན་ཅི་རིགས་པར་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། རིམ་སྐྱེས་པ་ཡི་བསྲེ་སྐོར་གསུམ། །སྤྲུལ་པའི་གསུང་གིས་བྱེད་པར་འགྱུར། །ཞེས་སོ། །རྣམ་པ་གསུམ་པོ་དེ་ཡང་། སྦྱངས་པ་ཅན་ཅིག་ཅར་བའི་རིགས་དང་། ལས་དང་པོ་པ་རིམ་སྐྱེས་པའི་རིགས་གཉིས་སུ་བསྡུས་ནས། ཅིག་ཅར་བ་ཡི་བསྲེ་བ་སྐོར་གསུམ་དང་། རིམ་སྐྱེས་པའི་བསྲེ་བ་སྐོར་གསུམ་དུ་གསུངས་ལ། དེ་ཡང་ལམ་དང་རང་བཞིན་གཅིག་ཏུ་འདྲེ་བར་བྱེད་པའི་ཕྱིར་བསྲེ་བ་དང་། ཉིན་མཚན་བར་དོ་གསུམ་གྱི་དབྱེ་བས་སྐོར་གསུམ་དང་། ལམ་གྱི་ཆ་ལག་ཏུ་གྱུར་པས་འཕོ་བ། དེ་ལྟ་བུའི་གདམ་ངག་གི་གནད་ཀྱིས་དབང་རྣོན་གྱི་གང་ཟག་སོ་སོ་སྐྱེ་བོའི་ས་ནས་ཚེ་གཅིག་གིས་རྡོ་རྗེའི་སར་མཚམས་སྦྱོར་བར་བྱེད་པས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཞེས་བྱ་སྟེ། ལོ་ཙཱ་བ་ཆེན་པོས། སྒོ་སྲུངས་ཀྱི་ནཱ་རོ་པཎ་ཆེན་ལ། རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་ཞུས། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཐོབ། ཅེས་བཤད་པ་ཡིན་ནོ། །བསྡུ་བའི་ཚེ། ཐོད་བརྒལ་བ་རིམ་སྐྱེས་པའི་ཁོངས་སུ་བསྡུ་སྟེ། ཅུང་ཟད་སྦྱངས་པ་དམན་པའི་དབང་གིས་སོ། །དབང་རྣོན་སྦྱངས་པ་ཅན་གཞན་རྗེས་སུ་འཛིན་ནུས་པ་ལ། རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་དབང་དུ་བྱས་ཏེ་བཤད་པ་དང་། ཀུ་སུ་ལི་རང་ཉིད་ཀྱི་བསྒོམ་བྱར་བྱེད་པ་ཙམ་ལ་བྱིན་རླབས་དང་འབྲེལ་བ་སྙན་རྒྱུད་ཀྱི་དབང་དུ་བྱས་ཏེ་བཤད་པ་གཉིས་སུ་ཡང་འདུ་བ་ཡིན་ནོ། །བུམ་གསང་ཤེས་རབ་དབང་དང་བཞི་པ་ཡི། །ལམ་རེས་འཇའ་ཚོན་ལྟ་བུའི་ལུས་འགྲུབ་པ་ལ། །བུམ་དབང་གི་ལམ་ནི་བསྐྱེད་པའི་རིམ་པ་དང་། གསང་དབང་གི་ལམ་དུ་གཏུམ་མོ་དང་སྒྱུ་ལུས། དབང་གསུམ་པའི་ལམ་དུ་ཕོ་ཉ་དང་། དབང་བཞི་པའི་ལམ་དུ་ཕྱག་རྒྱ་ཆེན་པོ་དང་འོད་གསལ་རྣམ་པར་གཞག་པ་ཡིན་ལ། དེ་ཐམས་ཅད་ཀྱིས་ཀྱང་འཇའ་ཚོན་ལྟ་བུའི་ལུས་ཚེ་གཅིག་ལ་མངོན་དུ་བྱེད་པ་ཡོད་པས་དེ་སྐད་དུ་བརྗོད་ཀྱི། བསྐྱེད་རིམ་གྱིས་བསྒྲུབ་པའི་འཇའ་ལུས་དེ་ཉིད། འདོད་པའི་ལྷའམ་གཟུགས་ཀྱི་ལྷ་རྣམས་དང་། ཁྱད་པར་གྱི་ཆོས་འདྲ་བ་ཉིད་ཀྱིས། དེ་དག་དང་སྐལ་བ་མཉམ་པའི་རིག་འཛིན་དུ་བཞག་པ་ཡིན་ལ། གསང་དབང་གི་ལམ་མན་ཆད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་འཇའ་ལུས་སུ་བཞག་པ་དང་། མི་སློབ་པའི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཀྱི་སྐུ་དང་གཅིག་ཏུ་གྱུར་པ་དེ་ཉིད་ལའང་འཇའ་ལུས་ཀྱི་ཐ་སྙད་བཞག་ལ། དེ་བས་ན་དེ་གསུམ་པོ་རིམ་པ་བཞིན་མཁའ་སྤྱོད་ཆུང་འབྲིང་ཆེན་པོར་བཞག་པ་ཡིན་ནོ། །བསྒོམས་དང་མ་བསྒོམས་ཉལ་དང་རང་བཞིན་ཉིད། །ཤེས་པ་འདིས་གྲོལ་ལམ་གྱི་ཁྱད་པར་རོ། །གཏུམ་མོ་དང་སྒྱུ་ལུས་ལྟ་བུ་ནི་ཡུན་དུ་བསྒོམས་པས་གྲོལ་བར་འགྱུར་ལ། མ་བསྒོམས་ན་ནི་མ་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་ནི་གདམ་ངག་གི་གནད་ཟིན་ན་ཡུན་ལ་བལྟོས་མི་དགོས་པ་ཉིད་ཀྱིས་མ་བསྒོམས་ཀྱང་གྲོལ་བར་བཞག་ལ། རྨི་ལམ་དང་འོད་གསལ་ནི་ཉལ་བ་ལ་བལྟོས་པའི་ཕྱིར་ཉལ་བས་གྲོལ་བ་སྟེ། དཔེར་ན་སློབ་དཔོན་ལྭ་ཝ་པས་ལོ་བཅུ་གཉིས་སུ་མནལ་བས་གྲུབ་པ་བརྙེས་པ་བཞིན་ནོ། །བར་དོ་དང་ཕྱག་ཆེན་ནི་རང་བཞིན་ཤེས་པ་ཉིད་ཀྱིས་གྲོལ་བ་སྟེ། བར་དོ་ལ་བར་དོར་ངོ་ཤེས་ནས་ལམ་དྲན་པ་ཙམ་གྱིས་གྲོལ་བར་འགྱུར་བས་བར་དོ་བློ་ཆོད་དང་། ཕྱག་ཆེན་ལ་ཡང་གནས་ལུགས་ངོ་མ་ཤེས་པ་ལ་འཁོར་བ་དང་། ཤེས་ནས་མྱ་ངན་ལས་འདས་པ་ཉིད་དུ་བཞག་པས། ཚུལ་འདི་ཡང་ལམ་གྱི་ཁྱད་པར་ཉིད་ལས་རྣམ་པར་ཕྱེ་བར་མཐོང་ངོ་། །དེ་ཡང་རྡོ་རྗེ་འཆང་མར་པའི་ཞལ་སྔ་ནས། བསྒོམས་ནས་འཚང་རྒྱ་བ་གཏུམ་མོ་དང་སྒྱུ་ལུས། མ་བསྒོམས་པར་འཚང་རྒྱ་བ་འཕོ་བ་དང་ལས་རྒྱ། །གཉིད་ལོག་པས་འཚང་རྒྱ་བ་རྨི་ལམ་དང་འོད་གསལ། རང་བཞིན་ཤེས་པས་འཚང་རྒྱ་བ་བར་དོ་དང་ཕྱག་ཆེན། ཞེས་གསུངས་སོ། །སད་རྨི་གཉིད་སྟུག་སྙོམས་འཇུག་སྒྲིབ་པ་བཞི། །སྦྱོང་པའི་ལམ་བཞིའི་བགྲོད་པའང་སྔར་བཤད་བཞིན། གཉིད་སད་པའི་གནས་སྐབས་ཀྱི་སྒྲིབ་པ་སྦྱོང་བའི་ལམ་གཏུམ་མོ །རྨི་ལམ་གྱི་དྲི་མ་སྦྱོང་བ་རྨི་ལམ། གཉིད་སྟུག་གི་དྲི་མ་སྦྱོང་བ་འོད་གསལ། སྙོམས་འཇུག་གི་དྲི་མ་སྦྱོང་བ་གཞན་ལུས་ཏེ། དཔེར་ན་དངུལ་ཆུའི་དགྲ་མེ་ཡིན་ཀྱང་། མེ་དང་བྲལ་ན་དངུལ་ཆུ་འཆིང་བར་མི་ནུས་པ་བཞིན་ནོ། །སྐབས་འདིར་རྨི་ལམ་གྱི་ཁོངས་སུ་སྒྱུ་ལུས་ཀྱི་ལམ་མཐའ་དག་འདུས་པར་བཤད་པ་ཡིན་ནོ། །ཚུལ་དེ་ཡང་གཞུང་ལས། དུས་ཀྱི་གནད་ནི་བཞི་ཡིན་ཏེ། ཞེས་སོགས་ཀྱིས་གསུངས་ཤིང་། ལམ་དེ་དག་གིས་འབྲས་བུ་ཇི་ལྟར་བགྲོད་པའི་ཚུལ་བཤད་ཟིན་ནོ།། །། འདི་དང་བར་དོ་སྐྱེ་གཞན་གང་ལ་སྟེ། མཆོག་ཐོབ་བྱེད་པ་དུས་ཀྱིས་ཕྱེ་བའོ། །ཚེ་འདི་ལ་འཚང་རྒྱ་བ། སྲིད་པ་བར་མ་དོར་འཚང་རྒྱ་བ། སྐྱེ་བ་གཞན་བརྒྱུད་ནས་འཚང་རྒྱ་བ་གསུམ་ཡིན་ལ། དེ་དག་རེ་རེའང་ཞིབ་མོར་ཕྱེ་ན་གསུམ་གསུམ་དུ་ཡང་འགྱུར་ཏེ། དང་པོའང་སྒོམ་ཡུན་དང་བཅས་པ་དང་། ཡུན་ལ་མ་བལྟོས་པ་དང་། གཉིད་ལོག་པས་འཚང་རྒྱ་བར་འགྱུར་བ་གསུམ་ཡིན་ལ། གཉིས་པ་ཡང་བར་དོ་དང་པོ་འཆི་བ་འོད་གསལ་ཆོས་ཀྱི་སྐུར་འཚང་རྒྱ་བར་དང་། བར་དོ་གཉིས་པར་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བ་དང་། གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུར་འཚང་རྒྱ་བ་དང་གསུམ། །ཕྱི་མར་འཚང་རྒྱ་བ་དང་། སྐྱེ་བ་བདུན་པར་འཚང་རྒྱ་བ་དང་། ཕྱི་མཐའ་སྐྱེ་བ་བཅུ་དྲུག་པར་འཚང་རྒྱ་བས་ལྷག་མའང་གསུམ་དུ་འགྱུར་རོ། །དེ་ཡང་རྡོ་རྗེ་འཆང་མར་པའི་ཞལ་སྔ་ནས། དབང་པོ་རབ་བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་བར་བྱེད་པ་ཆོས་སྐུ་ཐུག་ཕྲད་ཀྱི་བར་དོ། །དབང་པོ་འབྲིང་ལེ་ལོ་ཅན་སྲིད་པ་བར་དོ་འཚང་རྒྱ་བར་བྱེད་པ་དག་པ་སྒྱུ་ལུས་ཀྱི་ངོ་སྤྲོད། དབང་པོ་དམན་པ་ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བར་བྱེད་པ་མ་དག་པ་སྒྱུ་ལུས་ཀྱི་མཚམས་སྦྱོར་དང་གསུམ་ཞེས་གསུངས་ལ། ཚུལ་འདི་ནི་འབྲས་བུ་ཐོབ་པའི་དུས་ལ་བལྟོས་ནས་རྣམ་པར་བཞག་པ་མཛད་པ་ཉིད་ཀྱི་ཕྱིར་དུས་ཀྱིས་ཕྱེ་བའོ། །རིམ་ལྔ་ཕྱག་རྒྱ་བཞི་དང་ཡན་ལག་དྲུག །གང་ལ་མོས་པ་དེ་ལ་འདི་ཉིད་ཀྱང་། །དེ་བཞིན་འཁྲིད་པས་བསྲེ་བ་འབུམ་ནག་ཅེས། །རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པ་ལས་ཐོས། ལམ་འདི་ཉིད་ཀྱང་ཕ་རྒྱུད་དང་སྒོ་བསྟུན་ནས་རིམ་པ་ལྔ་དང་། མ་རྒྱུད་དང་བསྟུན་ནས་ཕྱག་རྒྱ་བཞི་དང་། གཉིས་སུ་མེད་པའི་རྒྱུད་སྡེ་དང་བསྟུན་ནས་སྦྱོར་བ་ཡན་ལག་དྲུག་གིས་འཆད་དོ། །རིམ་པ་ལྔ་ནི་གོང་དུ་བཤད་པ་ཡིན་ལ། ལས་དང་། ཆོས་དང་ཕྱག་རྒྱ་ཆེན་པོ་དང་། དམ་ཆིག་གི་ཕྱག་རྒྱ་བཞིའི་ཚུལ་འདི་ཉིད་ནི་མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞིས་འཆད་ཅེས་རྡོ་རྗེ་འཆང་མར་པའི་དབང་གི་ཞལ་གདམས་ལས་བཤད་དོ། །སྦྱོར་བ་ཡན་ལག་དྲུག་ནི། སོར་སྡུད། །བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་ནོ། །དེ་ཡང་གཞུང་ལས། དེ་ནས་ཡན་ལག་དྲུག་བསྒོམ་སྟེ། ཞེས་གསུངས་པའི་དོན་ཡིན་ལ། ལམ་འདིས་རྒྱུད་སྡེ་རབ་འབྱམས་ཀྱི་བརྗོད་བྱའི་དོན་ཐམས་ཅད་མ་ཚང་བ་མེད་པ་ཉིད་དུ་བསྟན་པས། གང་ལ་མོས་པ་རྣམས་དེ་དང་དེ་ཉིད་ཀྱིས་འཁྲིད་པས་བསྲེ་བ་འབུམ་ནག་ཅེས་བྱ་བ་ལམ་སྐོར་ཤིན་ཏུ་རྒྱ་ཆེ་བ་ཡིན་ནོ། །ཞེས་རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པའི་ཞལ་ལས་ཐོས་སོ། །ནམ་ཡང་གཙོ་བོར་བཞག་པ་མ་གསུངས་པས། བཙན་ཐབས་གྲོང་འཇུག་གཉིས་ནི་ཡན་ལག་ཡིན། སྤྱོད་པའི་རིམ་པ་གཞན་དུ་བཤད་མཛད་ལ། དེ་ལས་གཞན་རྣམས་དངོས་རྟགས་མ་ཕྱེ་བའོ། །འཕོ་བ་གྲོང་འཇུག་གཉིས་ནི་ལམ་གཞན་ལ་མ་བལྟོས་པར་གྲོལ་བར་བྱེད་ནུས་པ་ནམ་ཡང་མ་གསུངས་པ་ཉིད་ཀྱིས་ལམ་གྱི་ཡན་ལག་ཏུ་གྱུར་པ་ཡིན་ནོ། །འོ་ན་འཕོ་བ་མ་བསྒོམས་པར་འཚང་རྒྱ་བར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ལམ་སྦྱངས་པ་ཅན་ལ་དགོངས་པས་ཏེ། ཅིག་ཅར་བའི་ལམ་ལ་སྦྱངས་པ་ཉིད་ཀྱིས་འཕོ་བ་བྱས་པས་འོད་གསལ་ཆོས་སྐུ་ལ་འཕོས་པ་ཞེས་དང་། ཐོད་བརྒལ་བ་ཞིག་གིས་འཕོ་བ་བྱས་ན་ལོངས་སྐུར་འཕོ་བ་དང་། རིམ་སྐྱེས་པ་ཞིག་གིས་འཕོ་བ་བྱས་ན་སྐྱེ་བ་འཛིན་པ་སྤྲུལ་སྐུའི་འཕོ་བ་ཞེས་བྱ་བར་འགྱུར་ལ། ལམ་གྱི་བག་ཆགས་གཞན་མེད་པས་གཟུགས་མེད་པ་ཙམ་གྱི་མཁའ་སྤྱོད་ཐོབ་པར་རྗེ་བཙུན་རས་ཆུང་ཞབས་ཀྱིས་བཤད་པས་སོ། །གྲོང་འཇུག་ནི་སྦྲུལ་པགས་པ་བརྗེ་བ་ལྟར་ཚེ་གཅིག་གིས་ལུས་རྙིང་པ་དོར་ནས་རགས་པའི་ལུས་རྟེན་གསར་པ་དུ་མ་ལ་འཇུག་པར་བྱེད་པས་ཤིན་ཏུ་ངོ་མཚར་མོད། ལམ་གཞན་སྔོན་དུ་མི་སོང་བས་འདི་ཉིད་ཀྱང་མི་འགྲུབ་ཅིང་། དེ་གྲུབ་ཀྱང་གཞན་ལ་མ་བལྟོས་པར་མཆོག་གྲུབ་པ་ཞིག་མ་མཐོང་ངོ་། །སྤྱོད་པའི་རིམ་པ་ནི་རྣམ་པ་བཞིར་གསུངས་ཤིང་། རོ་སྙོམས་སྐོར་དྲུག་གིས་རྒྱས་པར་གཏན་ལ་ཕབ་ལ། དེ་ཉིད་ལམ་འདིའི་ཆ་ལག་ཡིན་པས། རྟོག་པ་ལམ་ཁྱེར་ནད་འདོན་གྱི་སྐོར་ཞེས་ཐབས་ལམ་གནད་ཀྱི་སྐོར་དྲུག་གི་ཡ་གྱལ་དུ་ཆོས་རྗེའི་དཀར་ཆག་ཚིག་གི་མེ་ཏོག་ཏུ་དྲངས་པ་ཡིན་ནོ། །གདུལ་བྱ་དང་། དབང་དང་། ལམ་དང་། སྤང་བྱ་ལ་སོགས་པའི་དངོས་རྟགས་ཕྱེ་ནས་བཤད་པ་ནི་འདི་དག་ཡིན་ལ། གཞན་རྣམས་ནི་དངོས་རྟགས་མ་ཕྱེ་བ་ཉིད་དུ་རིག་ནས་ཇི་བཞིན་དུ་བཤད་པར་ནུས་ན་ལམ་འདི་ལ་མཁས་པ་ཡིན་ནོ། །རྡོ་རྗེ་འཆང་དབང་ཉིད་ཀྱིས་བཤད་པའི་ཚུལ། །གྲུབ་པའི་བདག་པོ་རྣམས་ལས་རིམས་འོངས་པ། །བླ་མའི་བཀའ་དྲིན་ཐོབ་ལས་ཤེས་པའི་ཚེ། གཞན་གྱི་རྣམ་གཞག་སྨྱོན་པའི་གར་བཞིན་སོང་། །རྡོ་རྗེ་འཆང་དབང་ཉིད་ཀྱིས་ཇི་ལྟར་བཤད་པའི་ལམ་གྲུབ་པའི་བདག་པོ་ཏིལ་གྱི་ཞབས་དང་། ཇོ་བོ་དཔལ་ལྡན་ནཱ་རོ་པ་ལས། །ལོ་ཙཱ་བ་ཆེན་པོས་གསན་ཅིང་། རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེས་སྐུ་ཉམས་སུ་བསྟར་བ། འཇའ་ཚོན་ལྟ་བུའི་སྐུ་ཅན་རྗེ་བཙུན་རྡོ་རྗེ་གྲགས་པ་དང་། དཔལ་ཟླ་འོད་གཞོན་ནུ་ཡབ་སྲས་ཀྱིས་རྒྱས་པར་མཛད་ཅིང་། ཆོས་ཀྱི་རྗེས་རྣམ་པར་བཤད་པ། ཁྱབ་བདག་རྡོ་རྗེ་སེམས་དཔའ་དང་གང་གིས་ཀྱང་ཐ་དད་དུ་རྣམ་པར་དབྱེ་བར་མི་ནུས་པའི་ཡོངས་འཛིན་ངག་གི་དབང་པོ་དཔལ་ལྡན་འབྲུག་པ་ཞེས་སྲིད་པ་གསུམ་ན་སྙན་པར་གྲགས་པ་དེ་དང་། ལྷ་དང་བླ་མས་རྗེ་བཙུན་མི་ཏྲ་ཛོ་ཀིའི་རྣམ་པར་འཕྲུལ་པར་ལུང་བསྟན་པ་བརྙེས་པའི་བླ་མ་དམ་པ་ཨ་ཝ་དྷཱུ་ཏཱི་པའི་བཀའ་དྲིན་ཐོབ་པས་ཇི་ལྟ་བ་བཞིན་ཤེས་པར་གྱུར་པ་ན། གཞན་གྱི་རྣམ་པར་གཞག་པ་ལ་བརྒྱུད་པའི་མན་ངག་དང་འབྲེལ་མེད་པ། སྨྲས་པ་ཉིད་དུ་མཐོང་བས་དེ་དག་སྨྱོན་པའི་གར་བཞིན་དུ་སོང་ངོ་། །ཟབ་རྒྱས་ཀློང་གིས་དངངས་པའི་ཕལ་མོ་ཆེ། །ཐར་ལམ་རྒྱ་མཚོར་གུས་པ་ལྷོད་གྱུར་མོད། །རྣམ་གྲོལ་ནོར་བུ་ལེན་ན་འདིར་འཇུག་ཅིང་། །རྒྱུས་ཤེས་དེད་དཔོན་བསྙེན་ལས་གཞན་དུ་ཅི། །ཟབ་པ་དང་རྒྱ་ཆེ་བ་མི་ཟད་པའི་ཀློང་ཆེན་པོ་སྣ་ཚོགས་པས་འཇིགས་ཤིང་དངངས་སྐྲག་སྟེ། ཐར་པའི་ལམ་གྱི་རྒྱ་མཚོ་ཆེན་པོ་འདིར་གུས་པ་ལྷོད་པར་གྱུར་མོད། དེ་ལྟ་ནའང་ཚེ་གཅིག་གི་བླ་ན་མེད་པའི་གོ་འཕང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལེན་པར་འདོད་ན། ཇི་ལྟར་བཤད་པ་ལམ་ཕྲ་ཞིབ་ཀྱི་རྒྱུས་ཤེས་པའི་དེད་དཔོན་ལ་བརྟེན་ནས་འདིར་ཞུགས་པ་ལས། འདོད་པའི་དོན་བདེ་བླག་ཏུ་འགྲུབ་པའི་ཐབས་གཞན་ཅི་ཞིག་ཡོད། ཅེས་སྨྲས་སོ། །དེ་ལྟར་བཤད་པའི་དེད་དཔོན་ཀྱང་། །ཡོངས་འཛིན་བྱིན་རླབས་ཉི་ཟེར་ལན་བརྒྱར་འཐུངས། །མན་ངག་གེ་སར་འབུམ་ཕྲག་ཅི་ཡང་འཛིན། །དོན་གཉེར་བུང་བའི་ཡིད་རྣམས་སིམ་བྱེད་པ། །སྙིགས་དུས་འདམ་འདིར་ད་ལྟ་པད་དཀར་ཙམ། །སྦྱངས་དང་ལྷན་སྐྱེས་བློ་གྲོས་ཀྱིས་འབྱོར་ཞིང་། །སྐྱེ་བར་ཕྱོགས་འདིར་འཇུག་ལ་གོམས་པའི་ཕྱིར། །གཞན་ཕན་རིན་ཆེན་འཛིན་འདོད་སྐལ་བཟང་གི །དེད་དཔོན་ཉིད་དུ་ཁོ་བོ་ཅིས་མི་འོས། །རྣམ་རྟོག་རྙོག་ཆུས་བདུད་རྩིའི་རྒྱ་མཚོ་ནི། །དྲི་མར་བྱེད་པ་རིང་དུ་བཟློག་པའི་ཕྱིར། །ཡབ་རྗེ་བཀའ་རྒྱུད་བླ་མའི་ལུང་ཁྱོངས་ནས། ས་འདིར་ཕོ་ཉར་འོངས་པ་པད་དཀར་ཡིན། །འོན་ཀྱང་དོན་གཉེར་སྦྲང་རྩི་འཛིན་རྣམས་དང་། །མ་ཕྲད་ཤ་སྦྲང་ལང་ལོང་གཡེང་བ་ལ། །སུན་ནས་པད་དཀར་དྲི་བསུང་ཞིམ་པོ་ཡང་། །ཕྱོགས་སུ་སྤྲོ་བའི་རྩོམ་པ་བཤོལ་ལམ་སྙམ། །ལུང་རིགས་དཀར་ནག་སྤུ་རིས་ཕྱེད་གྱུར་ཅིང་། །མན་ངག་མིག་འབྲས་དྭངས་པོས་ལེགས་བལྟས་པས། །གཞུང་ལུགས་ངོ་མཚར་ལྟད་མོས་ཚིམ་པའི་གཏམ། །སྙིགས་དུས་ལོང་བའི་ཁྲོད་འདིར་བརྫུན་དུ་ཆེ། མུ་ཅོར་སྨྲ་ལ་མགྲིན་པ་བཏེག་པས་ཆུ་སྐྱར་རྣམས་ནི་ཁེངས་ལྡན་ཞིང་། །འགྱུར་ཁུགས་གསལ་མིན་སྐད་གསང་མཐོན་པོས་ངུར་པའི་ཁྱུ་ཡང་རྒྱགས་གྱུར་ལ། །འབྲེལ་མེད་ང་རོས་ཙ་ཤའི་འཕྲེང་བ་ལྷག་པར་སྙེམས་འཆང་དུས་ཀྱི་མཚོར། །ལེགས་བཤད་མགྲིན་རྔས་ཅི་ཞིག་བྱ་ཞེས་ངང་པའི་རྒྱལ་པོ་སྤངས་པ་བཞིན། །ཕྱོགས་འཛིན་ནག་པོའི་འཕེལ་བས་ཉམས་གྱུར་པའི། །ཐུབ་བསྟན་ཟླ་ཚེས་ཤིན་ཏུ་ཕྲ་བའི་ལུས། །ལེགས་བཤད་ཐུན་མཚམས་གོས་དམར་གྱིས་བཟུང་བའི། །སྣང་བས་འགྲོ་རྣམས་དབུགས་འབྱིན་བྱེད་གྱུར་ཅིག །དེ་ལྟར་བསྲེ་འཕོའི་ལམ་འཇུག་ལྡོག་གི་རྣམ་པར་བཤད་པ་ཉུང་ངུ་འདི་ཡང་དགེ་སློང་པདྨ་དཀར་པོས་རྒྱལ་བྱེད་ཀྱི་ཚལ་དུ་སྦྱར་བའི་དགེ་བས་འགྲོ་བ་ཐམས་ཅད་ཡང་དག་པའི་ལམ་ལ་འཇུག་པར་གྱུར་ཅིག། །།མངྒ་ལཾ།། །། ༄༅༅། །ལམ་གུང་མཐུན་སྒྲིག་པའི་རབ་ཏུ་བྱེད་པ་བཅུ་དྲུག་པ་བཞུགས་སོ།། གང་གི་ཞལ་སྐྱིན་སྙིང་ལ་ཆགས་རྣམས་ཀྱི། །རྡོ་རྗེ་འཆང་གི་དགོངས་པའི་དཀྱིལ་ལོན་པས། །ཚེ་འདིར་སངས་རྒྱས་བླ་བས་རྙེད་གྱུར་པའི། །རིང་ལུགས་མཛད་པ་མར་པ་ལོ་ཙཱར་འདུད། །ཞིབ་མོར་བསྙད་ན་ཚིག་ཤུན་འབའ་ཞིག་ཏུ། །ཟད་པའི་གཞན་ཟེར་ཆུ་ཤིང་ནགས་དོར་ནས། །ལུང་རིགས་སྦྲུལ་འཁྲིལ་མན་ངག་ས་མཆོག་གི །འཁྲི་ཤིང་འདི་ལ་རྒྱུད་ཀྱི་སྙིང་པོ་སློང་། །བརྒྱད་ནི་ལྔ་བཞི་དྲུག་གསུམ་བརྒྱད་ཀྱིས་བཤད། །གཉིས་ཕྱེ་གཅིག་བསྒྲིལ་བཞི་གསུམ་ཤེས་པར་བྱ། །བགྲང་བཞི་བཅུ་ལ་གཅིག་གསུམ་བཞི་ལྔ་གཉིས། །དྲུག་བསྣན་བཞིར་བསྡུས་རྒྱུད་ཀྱི་སྙིང་དུ་མཐོང་། །ཕྱེད་ནི་ཐོབ་བྱེད་ཐབས་གྱུར་དང་པོར་ཏེ། །བཤད་པའི་གཞི་ནི་རྣམ་པ་བརྒྱད་པོ་ལ། །ཚུལ་བཞི་སྤྱི་དང་བྱེ་བྲག་གཉིས་གར་སྦྱར། །གཞན་མ་རྣམས་ནི་དེ་ཡིས་གཉིས་པ་ལའོ། །ལྷག་མ་གཉིས་ནི་རྟོགས་པའི་ཆོས་སུ་བཞག །སྔ་མ་གསུམ་ཡིན་བར་གྱི་གསུམ་པོས་ལྔ། །འོག་མ་གཉིས་ནི་བཤད་བགྲོས་གཉིས་པ་སྟེ། །དཔེ་ལ་སོགས་པས་བཞི་པོ་དག་ཏུ་བསྟན། །གཏུམ་མོ་ལས་རྒྱ་སྒྱུ་མ་རྨི་ལམ་དང་། །འོད་གསལ་བར་དོ་འཕོ་བ་གྲོང་འཇུག་གཞི། །རྡོར་བཟླས་སེམས་དམིགས་བདེན་གཉིས་ཟུང་འཇུག་ལྔ། །ལས་ཆོས་ཕྱག་རྒྱ་ཆེ་དང་དམ་ཚིག་བཞི། །སོར་བསམ་སྲོག་འཛིན་རྗེས་ཏིང་ཡན་ལག་དྲུག །དབྱིབས་སྔགས་ཆོས་ཀྱི་རྣལ་འབྱོར་གསུམ་སྦྱར་བྱ། །རྒྱས་པར་དབང་བཞི་དེ་ཉིད་རྣལ་འབྱོར་བཞི། །རྡོ་རྗེ་བཞི་དང་སེམས་དཔའ་ཧེ་རུ་ཀ། །ཡན་ལག་གདན་བཞི་བཟང་པོ་རིམ་པ་བཞི། །རྣམ་ཐར་ཚད་མེད་བཞི་དང་མཁྱེན་པ་བཞི། །གླེང་གཞི་དམ་ཚིག་བཞི་ཡང་རིམ་པས་སོ། །རིམ་ལྔར་སྟོང་བཞིའི་ཡུལ་ས་གཙོ་བོ་སྟེ། །ཕྱག་རྒྱ་བཞིར་ནི་དགའ་བཞིའི་འགྲོས་གཉིས་དང་། སྦྱོར་བ་དྲུག་ཏུ་མཉམ་པ་མཆོག་ཏུ་བཤད། །དམན་ཟབ་འཐར་ཐུག་གསུམ་གྱིས་རྣལ་འབྱོར་གསུམ། །དངོས་དང་རྗེས་མཐུན་དབང་གིས་བརྒྱད་དུ་བསིལ། །འཇིག་རྟེན་པ་དང་འདས་པའི་ལམ་གྱིས་གཉིས། མཐར་ཐུག་གཅིག་ཏུ་ཤེས་བྱས་ཁྱད་པར་བཞི། །བརྩོན་པ་གསུམ་གྱིས་འབྲས་ཐོབ་ཚུལ་ཡང་བསྟན། །གདུལ་བྱ་སྣ་ཚོགས་འདུལ་ལ་བཀྲི་ཚུལ་དང་། །དུ་མའི་མིང་གིས་བཏགས་པ་མ་གཏོགས་པ། །བཤད་བྱ་འདི་ལས་གཞན་དུ་མེད་པའི་གཏམ། །རྡོ་རྗེ་སེམས་ཉིད་བླ་མར་བྱོན་པས་གསུངས། །བཅུ་གཅིག་ཕ་རོལ་ཕྱིན་པའི་གཞུང་གི་དོན། །བཅུ་གསུམ་མན་ཆད་རྒྱུད་སྡེར་གྲགས་པའི་གཏམ། །འགལ་མེད་ཀུན་གྱིས་སངས་རྒྱས་འགྲུབ་པ་འདི། །ཆོས་ཀུན་སྒྱུ་མར་བཤད་པའི་ཕྱག་རྒྱ་ཡིན། །བཅུ་གསུམ་རྒྱུད་ལུང་འཕགས་ཡིན་འགྲེལ་མཛད་འགས། །གཞན་དུའང་བཀྲལ་ཞིང་དབང་གིས་བཅུ་བཞི་དང་། །ཟླ་བའི་དག་པས་བཅོ་ལྔར་གསུངས་པ་ཡིན། །གནས་སོགས་མིང་གིས་རབ་དགའ་ལ་སོགས་དང་། །ཀུན་ཏུ་འོད་སོགས་ཕར་ཕྱིན་བྱང་ཕྱོགས་དང་། །སྦྱར་བ་ཡན་ལག་བཅུ་གཉིས་དག་པ་དང་། །དུས་སྦྱོར་རླུང་འགགས་བཅུ་གཉིས་བདེན་དོན་ས། དགའ་བ་བཞི་ལ་བཞི་བཞིར་ཕྱེ་བ་ལ། །དེ་ཉིད་བཅུ་དྲུག་རིག་པའི་ས་ཞེས་བྱ། །རྣམ་པ་གཉིས་ལ་རྒྱུ་འབྲས་དབྱེ་བ་གཉིས། །འབྱེད་པ་རྒྱལ་བའི་ལུགས་ལ་གསལ་བར་མཐོང་། །བསམ་གཏན་བཞི་དང་འབྲས་བུ་བཞི་དང་གཞན། །དཔེ་ཡིས་བསྙད་པའི་རྣམ་པ་བཞི་རུ་བསྟན། །བླ་མའི་གསུང་གི་གཅེས་པ་ཟབ་མོ་རྣམས། །མི་བརྗེད་སྙིང་གི་ཐིག་ལེར་གཟུང་བ་ང་། །ད་ནི་གཞན་ལ་ཕན་པའི་ཆེད་ཀོ་ནར། །ཡི་གེར་བཏབ་འདི་པདྨ་དཀར་པོས་སོ།། །།མངྒ་ལཾ།། །། ༄༅༅། །ལམ་གུང་མཐུན་སྒྲིག་པའི་རབ་ཏུ་བྱེད་པ་བཅུ་དྲུག་པའི་རྣམ་གཞག་པད་དཀར་ཟིལ་པ་ཞེས་བྱ་བ་བཞུགས་སོ།། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་ཞལ་སྐྱིན་སྙིང་ལ་ཆགས་རྣམས་ཀྱིས། །རྡོ་རྗེ་འཆང་གི་དགོངས་པའི་དཀྱིལ་ལོན་པས། ཚེ་འདིར་སངས་རྒྱས་བླ་བས་རྙེད་གྱུར་པའི། །རིང་ལུགས་མཛད་པ་མར་པ་ལོ་ཙཱར་འདུད། །དབང་པོ་རྣོན་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཤིན་ཏུ་གཅེས་པའི་གསུང་ངག་གི་སྙིང་བརྣགས་པའི་རྒྱུས་རྡོ་རྗེ་འཆང་གི་དགོངས་པ་ཇི་བཞིན་དུ་ལོན་པས་ཚེ་འདི་ཉིད་ལ་རྫོགས་པའི་སངས་རྒྱས་སླ་བར་གྲུབ་པ་མཐོང་ནས་མི་ཕྱེད་པའི་དད་པས་རིང་ལུགས་དེ་གསུང་བ་པོ་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཞེས་མཚན་དོན་དང་ལྡན་པ་དེ་ལ་འདུད་དོ། །དེ་ལ་བཏུད་ནས་ཅི་བྱ་ཞེ་ན། ཞིབ་མོར་བསྙད་ན་ཚིག་ཤུན་འབའ་ཞིག་ཏུ། །ཟད་པའི་གཞན་ཟེར་ཆུ་ཤིང་ནགས་དོར་ནས། །ལུང་རིགས་སྦྲུལ་འཁྲིལ་མན་ངག་ས་མཆོག་གི །འཁྲི་ཤིང་འདི་ལ་རྒྱུད་ཀྱི་སྙིང་པོ་སློང་། །ཚིག་གི་ཤུན་པ་ཉིད་དུ་ཟད་པས་དོན་ལ་རྟོག་པའི་ཤེས་རབ་ཀྱི་རལ་གྲིས་དཔྱད་མི་བཟོད་པའི་གཞན་ཟེར་གྱིས་བསྟན་པ་ཆུ་ཤིང་གི་ནགས་དོར་ནས། ལུང་དང་རིགས་པའི་སྦྲུལ་གྱི་སྦུབས་ན་གནས་པའི་ཡང་དག་ཕུལ་གྱི་གདམས་ངག་ཙན་དན་ས་མཆོག་གི་འཁྲི་ཤིང་འདི་ལས་རྒྱུད་སྡེའི་ཡལ་ག་དང་ཡལ་ག་ཁྲེའུ་ལྟ་བུར་གྱེས་པའི་ལུས་ཇི་སྙེད་པའི་ངེས་པའི་སྙིང་པོ་གཅིག་ཏུ་འཁྲིལ་བ་དེ་སློང་བར་འདོད་པའི་བསམ་པས་སོ། །སྙིང་པོ་དེ་གང་ཡིན་སྙམ་ན། བརྒྱད་ནི་ལྔ་བཞི་དྲུག་གསུམ་བརྒྱད་ཀྱིས་བཤད། །གཉིས་ཕྱེ་གཅིག་བསྒྲིལ་བཞི་གསུམ་ཤེས་པར་བྱ། །བགྲང་བཞི་བཅུ་ལ་གཅིག་གསུམ་བཞི་ལྔ་གཉིས། །དྲུག་བསྣན་བཞིར་བསྡུས་རྒྱུད་ཀྱི་སྙིང་དུ་མཐོང་། །ཞེས་སྡོམས་སུ་བྱས་པ་འདིའོ། །ཚིགས་སུ་བཅད་པ་དེ་ལས། ཕྱེད་ནི་ཐོབ་བྱེད་ཐབས་གྱུར་དང་པོར་ཏེ། །རྐང་པ་གཉིས་ནི་ཐོབ་བྱེད་ཀྱི་ཐབས་གུང་མཐུན་སྒྲིག་པ་ཡིན་པས་དང་པོར་བསྟན་ཅིང་། དེ་ཡང་། བཤད་པའི་གཞི་ནི་རྣམ་པ་བརྒྱད་པོ་ལ། །ཚུལ་བཞི་སྤྱི་དང་བྱེ་བྲག་གཉིས་ཀར་སྦྱར། །གཞན་མ་རྣམས་ནི་དེ་ཡི་གཉིས་པ་ལའོ། །བཤད་པར་བྱ་བའི་གཞི་ཟུང་འཇུག་གི་ལམ་བརྒྱད་ལ། ལྔ་ནས་གསུམ་གྱི་བར་དུ་བསྟན་པའི་ཚུལ་བཞི། སྤྱི་དང་བྱེ་བྲག་ཉིས་གཉིས་སུ་སྦྱར་ཞིང་། །བརྒྱད་ནས་གསུམ་གྱི་བར་ནི་བྱེ་བྲག་འབའ་ཞིག་ལ་སྦྱར་རོ། །ལྷག་མ་གཉིས་ནི་རྟོགས་པའི་ཆོས་སུ་བཞག རྐང་པ་གཉིས་དེས་ཐོབ་པའི་རྟོགས་པ་ལ་ཕྱེ་བ་ཉིད་དོ། །དེ་ལའང་དེ་སྔ་མ་གསུམ་ཡིན་བར་གྱི་གསུམ་པོས་ལྔ། །འོག་མ་གཉིས་ནི་བཤད་བགྲོས་གཉིས་པ་སྟེ། །དཔེ་ལ་སོགས་པས་བཞི་པོ་དག་ཏུ་བསྟན། །བཅུ་གཅིག་པ་ནི་མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་གསུམ་ལས་ཕྱེའོ། །བར་མ་གསུམ་ལ་ནི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་བསྣན་པའི་ལྔའོ། །འོག་མ་གཉིས་ལ་ནི་རྒྱུ་འབྲས་ཀྱིས་ཕྱེ་བས་འཕགས་པའི་ས་ཇི་ལྟ་བ་བཞིན་དུ་སོ་སོ་སྐྱེ་བོ་ལའང་བརྩི་བའོ། །དེ་ཡང་དཔེ་དང་སོགས་པའི་སྒྲས་འབྲས་བུ་དང་དྲི་མ་ཟད་པའི་ཚུལ་གྱིས་བཞིར་ཡང་བསྡུའོ་ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ། གཏུམ་མོ་ལས་རྒྱ་སྒྱུ་མ་རྨི་ལམ་དང་། །འོད་གསལ་བར་དོ་འཕོ་བ་གྲོང་འཇུག་གཞི། །གཏུམ་མོ་དང་། །ལས་རྒྱ་དང་། སྒྱུ་ལུས་དང་། རྨི་ལམ་དང་། འོད་གསལ་དང་། བར་དོ་དང་། འཕོ་བ་དང་། གྲོང་འཇུག་བརྒྱད་ནི་བཤད་པར་བྱ་བའི་གཞིའོ། །དེ་དག་དང་། རྡོར་བཟླས་སེམས་དམིགས་བདེན་གཉིས་ཟུང་འཇུག་ལྔ། ལས་ཆོས་ཕྱག་རྒྱ་ཆེ་དང་དམ་ཚིག་བཞི། །སོར་བསམ་སྲོག་འཛིན་རྗེས་ཏིང་ཡན་ལག་དྲུག །དབྱིབས་སྔགས་ཆོས་ཀྱི་རྣལ་འབྱོར་གསུམ་སྦྱར་བྱ། །རིམ་པ་ལྔ་དང་། ཕྱག་རྒྱ་བཞི་དང་། ཡན་ལག་དྲུག་དང་སྒྱུ་མ་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་གསུམ་ནི་སྦྱར་བར་བྱ་སྟེ། དེ་ཡང་ལམ་བརྒྱད་པོ་སྤྱི་དང་སྦྱར་བ་དང་། བྱེ་བྲག་སོ་སོ་ལ་སྦྱར་བ་གཉིས་ལས། དང་པོ་བཤད་པར་བྱ་སྟེ། ཕ་རྒྱུད་གསང་བ་འདུས་པ་ལས་གསུངས་པའི་རྫོགས་རིམས། རིམས་པ་ལྔ་ཞེས་བྱ་བ། རྡོ་རྗེའི་བཟླས་པ། སེམས་དབེན་སྒྱུ་ལུས་ཀུན་རྫོབ་ཀྱི་བདེན་པ། འོད་གསལ་དོན་དམ་པའི་བདེན་པ། ཟུང་འཇུག་དང་ལྔའོ། །འོ་ན་ལུས་དབེན་མེད་དམ་ཞེ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྐྱེད་རིམ་གྱི་ཟླ་ལ་བསྡུས་པའི་དེའི་རྗེས་སུ་འབྲངས་ཤིང་། ཟླ་བ་གྲགས་པས་རྡོར་བཟླས་བསྐྱེད་རིམ་དུ་བསྡུས་ནས་ལྔར་མཛད་དོ། །འོན་ཀྱང་ལུས་དབེན་ཐ་མལ་གྱི་ལུས་འདི་སངས་རྒྱས་ཀྱི་སྐུ་དབྱེ་བསྡུ་སྣ་ཚོགས་པར་བྱེད་པ་ཉིད་དེ། འདིར་སྟོང་ར་བསྒོམ་པ་ཉིད་དམ། ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱི་གྲུབ་པའི་ལྷར་ཤེས་པར་བྱ་བ་ཉིད་དེ། །རྡོར་བཟླས་ནི་རླུང་སྔགས་སྟོང་པ་དབྱེར་མེད་པ་སྟེ། རླུང་སྦྱོར་བ་བཞིའམ། གནད་ལྔས་དབུ་མ་དང་གོང་བུ་གཅིག་ཏུ་བྱེད་པའོ། །སེམས་དབེན་ནི་སྣང་གསུམ་སྟོང་གསུམ་དུ་ཐིམ་པའི་སེམས་བདེ་བ་རང་རིག་པ་ཙམ་སྟེ། གཏུམ་མོ་ལ་དམིགས་པས་ཉམས་ཀྱི་གཏུམ་མོ་རྣམ་པར་མི་རྟོག་པ་སྐྱེས་པ་ཉིད་དམ། ལས་ཀྱི་ཕྱག་རྒྱས་སོ། །སྒྱུ་ལུས་ནི་ཁམས་གསུམ་པ་ཐམས་ཅད་རྒྱུ་མར་ཤར་བ་ཉིད་དེ། རིམ་ལྔར་མཉམ་བཞག་སྒྱུ་མ་ཞེས་གསུངས་པ་ནི་འདིའི་རྫོགས་རིམ་སྒྱུ་མར་གསུངས་ལ། གཞན་སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་གསུམ་གྱི། སྣང་བ་སྒྱུ་མ་ལ་མ་དག་པ་དང་དག་པའི་སྒྱུ་ལུས་ཞེས་གསུངས་པའི་དག་པའི་སྒྱུ་ལུས་ནི་བསྐྱེད་རིམ་སྒྱུ་མའོ། །རྨི་ལམ་སྒྱུ་མ་ནི་རྨི་ལམ་གྱི་གདམས་པའོ། །བར་དོ་སྒྱུ་མ་ནི་བར་དོ་གཉིས་པ་དང་གསུམ་པའོ། །དེ་དག་ཀྱང་མངོན་པར་རྟོགས་པའི་རིམ་པ་ཞེས་གསུངས་ཤིང་། རང་ཉིད་ལྷག་པར་གནས་པའི་ཚུལ་ནི་དཀར་ཁྲིད་ནག་ཁྲིད་སོགས་སུ་གསུངས་པ་དང་གནད་གཅིག་གོ །འོད་གསལ་ནི་འཁོར་འདས་ཐམས་ཅད་ཆོས་ཉིད་སྟོང་པའི་རང་འོད་སེམས་ལ་གསལ་བར་རྟོགས་པ་སྟེ། འདིར་གསུངས་པའི་ལམ་གྱིས་འོད་གསལ་ལོ། །ཟུང་འཇུག་ནི། དེ་ལྟ་བུའི་འོད་གསལ་ལས་ཤེས་བཞིན་དུ་སྒྱུ་ལུས་སུ་ལངས་པ། འདིར་འབྲས་བུའི་འོད་གསལ་དུ་གསུངས་པའི་སློབ་པ་དང་མི་སློབ་པའི་ཟུང་འཇུག་གོ །འཕོ་བ་དང་གྲོང་འཇུག་དེར་ཡང་ལམ་གྱི་ཆ་ལག་གིས་གསུངས་ཤིང་འདིར་ཡང་ཤེས་པར་བྱའོ། །དེ་ཡང་བསྐྱེད་རིམ་མམ་ལུས་དབེན་གྱིས་ལུས་ཐ་མལ་དུ་ཞེན་པ་བཟློག རྡོར་བཟླས་ཀྱིས་ངག་གམ་རླུང་། སེམས་དབེན་གྱིས་སེམས་དང་སེམས་བདེན་པར་ཞེན་པ། སྒྱུ་ལུས་ཀྱིས་སྒྱུ་མ་ཙམ་དུ་ཞེན་པ། འོད་གསལ་གྱིས་རྟག་ཆད་ཀྱི་མཐའ་སྤང་བའི་ཕྱིར་ཟུང་འཇུག་སྟེ། སྦྱང་གཞི་ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔ་སྦྱང་བའི་ཕྱིར་དང་། །སྦྱོང་བྱེད་ལམ་ལྔ་སྦྱང་བ་དང་། །སྦྱངས་འབྲས་ལྔ་རྟོགས་པའི་ཕྱིར་དང་། རིགས་ལྔ་ཐོབ་པའི་ཕྱིར་དུ་རིམ་པ་ལྔའི་གྲངས་ངེས་མཛད་དོ། །འོན་ཀྱང་གཏུམ་མོ་དང་ལས་རྒྱ་འཕོ་བ་གསུམ་བསྡུས་པ་ལས་མ་གསུངས། འདིར་དེ་གསུམ་ཤིན་ཏུ་རྒྱས་ལ་གཞན་རྣམས་ནི་འདྲ་བ་ཉིད་དོ། །ཞར་ལ་དྲིལ་བུ་པའི་བདེ་མཆོག་ཏུ་གསུངས་པའི་རིམ་པ་ལྔའི་རང་བྱིན་གྱིས་རློབས་པའི་རིམ་པ་དང་། སྣ་ཚོགས་རྡོ་རྗེའི་རིམ་པ་གཉིས་ནི་སེམས་དམིགས་པ་མེད་པ་ལ་བརྟན་པར་གྱུར་པས་སྣ་ཚོགས་པའི་གཟུགས་འཆར་བར་བྱེད་པ་སྟེ། སྒྱུ་ལུས། ནོར་བུ་འགེངས་པའི་རིམ་པ་ནི་ཕྱག་རྒྱ་ལས་བྱུང་བའི་བདེ་བ་ཆེན་པོ་མཐར་ཕྱིན་པ་སྒྲུབ་པ་སྟེ་ལས་རྒྱའོ། །ཛཱ་ལནྡྷ་རའི་རིམ་པ་ནི། ཛ་ལ་ཐུང་དུ་ཆུ། ཛཱ་ལ་རིང་པོ་ནི་དེའི་ཅིག་ཤོས་མེ་ཡིན་པས་འབར་བ་འཛིན་པ་གཏུམ་མོའོ། །བསམ་གྱིས་མི་ཁྱབ་པའི་རིམ་པ་ནི། སེམས་ཀྱི་གནས་ལུགས་དྲི་མ་མེད་པ་མངོན་དུ་བྱེད་པ་འོད་གསལ་ལོ། །ཕྱི་རོལ་གྱི་ཤེས་རབ་མ་ནི་ལས་ཀྱི་ཕྱག་རྒྱ། ནང་གི་ཤེས་རབ་མ་ཨ་ཝ་དྷཱུ་ཏཱི་སྟོང་པ་ཉིད་དང་རོ་གཅིག་པ་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་ཆོས་ཀྱི་ཕྱག་རྒྱ་སྟེ། གཏུམ་མོ་དང་སྒྱུ་ལུས། །བདེ་བ་ཆེན་པོའི་རང་བཞིན་གྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་ཆེན་པོ་སྟེ་འོད་གསལ། དེ་ལས་དོན་དམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་པར་སྤྲུལ་པ་དམ་ཚིག་གི་ཕྱག་རྒྱ་སྟེ། འབྲས་བུའི་འོད་གསལ་ལམ་ཟུང་འཇུག་གོ །ཕ་རྒྱུད་དུ་གསུངས་པ། རྒྱུ་དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་རྒྱ་ལས་འབུར་དུ་དོད་པ་ལྟ་བུ་འབྱུང་བ་ནི་ལས་རྒྱ། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པ་ཆོས་རྒྱ། སྒྱུ་ལུས། དམ་ཚིག་རང་གི་ཡོན་ཏན་གྱི་ཚོགས་ཀྱི་དངོས་གྲུབ་སྒྲུབ་པ་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པས་སངས་རྒྱས་ཀྱི་ཞིང་སྦྱོང་བར་བྱེད་པ་བྱང་ཆུབ་སེམས་དཔའི་དམ་ཚིག་དང་། དེ་བཞིན་གཤེགས་པའི་དམ་ཚིག་སེམས་ཅན་ཡོངས་སུ་དག་པར་མཛད་པའི་འཕྲིན་ལས་དེ་ལས་མི་འདའ་བ་དམ་རྒྱ་སྟེ་གཏུམ་མོ། དེ་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོ་རང་བཞིན་མེད་པ་སྟོང་པ་ཉིད་ཟུང་དུ་ཚུད་པས་ཕྱག་རྒྱ་ཆེན་པོ་འོད་གསལ་ལོ། །ངེས་ཚིག་ནི། མུ་དྲ་རྒྱས་འདེབས་པས་ཕྱག་རྒྱའམ། ཡང་ན། མུ་དམ་བདེ་བའི་ཕྱག་རྒྱ། རཱ་ཏི་སྟེར་བས་ན་ཕྱག་རྒྱའོ། །འོ་དང་འཁྱུད་པ་ལ་སོགས་པའི་ལས་བྱེད་པས་ན་ལས། སེམས་འཛིན་པའམ་གདུལ་བྱ་རྗེས་སུ་འཛིན་པར་བྱེད་པས་ན་ཆོས། ཕྱག་རྒྱ་ཡིན་ལ་ཡོན་ཏན་གྱི་ཆེ་བ་ཡང་ཡིན་པས་ཕྱག་ཆེན། འདའ་བར་བྱ་བ་མ་ཡིན་པའམ། འདུས་པའམ། ཡང་དག་པར་ཚོགས་པས་ན་དམ་ཚིག་གོ །སོར་སྡུད་ནི། དབང་པོ་ཡུལ་ལ་མི་འཇུག་པར་རང་གི་བདག་ཉིད་ཁོ་ན་ལ་གནས་པ་དང་། སྟོང་པ་རང་གི་རིག་པ་ཁམས་གསུམ་སངས་རྒྱས་ཀྱི་རང་བཞིན་དུ་བྱིན་གྱིས་བསླབས་པའི་གཟུགས་བརྙན་ལ་རྟོག་པ་བསམ་གཏན་ཏེ། རྫོགས་རིམ་སྒྱུ་མ་དང་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་པའོ། །སྲོག་རྩོལ་ནི། སྲོག་གཡོན་པ་དང་གཡས་པའི་རྩར་རྒྱུ་བ་མེད་པར་དབུ་མར་དབྱེར་མེད་པའི་ཡན་ལག་གི་བཟླས་པར་བྱེད་པ་དང་། དཔྲལ་བར་སྲོག་འགྲོ་འོང་མེད་པར་འཛིན་པས་ན་འཛིན་པ་དང་། དེ་གཉིས་ཀྱི་སྟོབས་ཀྱིས་ལྟེ་བར་གནས་པའི་གཏུམ་མོ་འབར་བ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་པྲ་ཕབ་པ་ལྟ་བུའི་རྣམ་པ་ནམ་མཁའི་མཐིལ་མཐའ་དག་ཁྱབ་པར་སྤྲོ་ཞིང་ལྟ་བ་རྗེས་དྲན་ཏེ། གཏུམ་མོ་ཡིན་ལ། ཐ་མ་འདིར་ལས་ཀྱི་ཕྱག་རྒྱ་ཡང་འདུའོ། །བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པའི་སྐད་ཅིག་རྫོགས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་རྟོགས་པས་ན་ཏིང་ངེ་འཛིན་འོད་གསལ་ལོ། །སྦྱང་གཞི་ཕུང་པོ་དྲུག སྦྱངས་འབྲས་རིགས་དྲུག་གིས་སྦྱོང་བྱེད་ཡན་ལག་དྲུག་བཤད་པ་དུས་ཀྱི་འཁོར་ལོར་གཙོ་བོར་གསུངས་པའོ། འཕོ་བ་ལ་བཙན་ཐབས་ཞེས་གསུངས། ལམ་ལྷག་མ་རྣམས་ནི་རྒྱུད་ཀྱི་ཕྱོགས་འདིར་མི་གསལ་ལོ། །རྫོགས་ཆེན་པ་དག་ཐོད་བརྒལ་གྱི་ཉམས་ཞེས་ཟེར་བ། འདིར་སྒྱུ་ལུས། །ཁྲེགས་གཅོད་ཀྱི་མིང་། འོད་གསལ་ཉིད་དུ་ཤེས་པར་བྱའོ། །སྒྱུ་འཕྲུལ་ཆེན་མོ་ལས། དབྱིབས་དང་སྔགས་དང་ཆོས་ཀྱི་རྣལ་འབྱོར་གསུམ་གསུངས་པའི། དབྱིབས་ནི་རང་བཞིན་དབྱིབས་ཀྱི་རྣལ་འབྱོར་དང་། སྤྲུལ་པ་དབྱིབས་ཀྱི་རྣལ་འབྱོར་ཞེས་གསུངས་ལ། ཕུང་པོ་ཁམས་སྐྱེ་མཆེད་རགས་པར་སྣང་བ་དོན་དམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྦྱོང་བ་སྒྱུ་མ་སུམ་འཁྱུད། སྔགས་ཀྱི་རྣལ་འབྱོར་ལ་སྟེང་སྒོ་དང་འོག་སྒོ་གཉིས་ཀྱི་དང་པོ་གཏུམ་མོས་རླུང་འབྱུང་འཇུག་གནས་པ་གསུམ་ཐིག་ལེ་ནཱ་དའི་ཙཎྜྻ་ལིར་བསྒྱུར་ནས། འོག་སྒོ་ལས་རྒྱས་བྱང་ཆུབ་ཀྱི་སེམས་ཞུ་བ་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་གནས་པ་རྡོ་རྗེ་ཡང་དག་པར་བླང་བ་ལ་ཆོས་ཀྱི་རྣལ་འབྱོར་གྱིས། །རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་ཡེ་ཤེས་ཟུང་དུ་འཇུག་པའི་མེས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་རྒྱས་བཏབ་པ་འོད་གསལ་ལོ། །སྦྱང་གཞི་ལུས་ངག་ཡིད་དམ། རྩ་རླུང་ཐིག་ལེ་གསུམ་དུ་ངེས་པ་དང་། སྦྱངས་འབྲས་སྐུ་གསུམ་དང་། རིགས་གསུམ་གྱི་དབང་དུ་མཛད་ནས་གསུམ་དུ་གསུངས་སོ། །ཡང་དགྱེས་པའི་རྡོ་རྗེར། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱིས་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པས། སྐུ་གསུང་ཐུགས་རྡོ་རྗེའི་རྣལ་འབྱོར་གསུམ་ནི་ཐོད་བརྒལ་བའི་བསྲེ་བསྐོར་གསུམ་སྐུ་ལོངས་སྤྱོད་རྫོགས་པ། རིམ་སྐྱེས་པའི་བསྲེ་བ་སྐོར་གསུམ་གསུང་སྤྲུལ་སྐུ། ཅིག་ཅར་བའི་བསྲེ་བསྐོར་གསུམ་ནི་ཐུགས་ཆོས་ཀྱི་སྐུར་ཡང་གསུངས་པ་ཡིན་ནོ། རྒྱས་པར་དབང་བཞི་དེ་ཉིད་རྣལ་འབྱོར་བཞི། །རྡོ་རྗེ་བཞི་དང་སེམས་དཔའ་ཧེ་རུ་ཀ །ཡན་ལག་གདན་བཞི་བཟང་པོ་རིམ་པ་བཞི། །རྣམ་ཐར་ཚད་མེད་བཞི་དང་མཁྱེན་པ་བཞི། གླེང་གཞི་དམ་ཚིག་བཞི་ཡང་རིམ་པས་སོ། །ད་ནི་རྒྱས་པར་སྤྲོ་ན། གཏུམ་མོ་བུམ་དབང་སྟེ་སད་པ་སྒྲིབ་བྲལ་དུ་བྱེད་པས་སོ། །སྒྱུ་ལུས་དང་། རྨི་ལམ་གསང་དབང་སྟེ་རྨི་ལམ། འོད་གསལ་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་གཉིད་སྟུག ལས་རྒྱ་དབང་བཞི་པ་སྟེ་བཞི་པའི་གནས་སྐབས་སྒྲིབ་བྲལ་དུ་བྱེད་པས་སོ། །ཡང་ན། སྒྱུ་ལུས་དང་རྨི་ལམ་རྩ་དང་ལུས་དག་པར་བྱེད་པ་བུམ་དབང་། གཏུམ་མོ་རླུང་དང་ངག་དག་པར་བྱེད་པས་གསང་དབང་། ལས་རྒྱ་ཐིག་ལེ་དང་ཡིད་དག་པར་བྱེད་པས་གསུམ་པ། འོད་གསལ་ཟག་པ་དང་བཅས་པའི་ཡེ་ཤེས་དག་པར་བྱེད་པ་དབང་བཞི་པར་འགྱུར་རོ། །བདག་གི་དེ་ཁོ་ན་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་པས་འོད་གསལ། སྔགས་ཀྱི་དེ་ཁོ་ན་ཉིད་ནི་མི་འགྱུར་བའི་ཡེ་ཤེས་ཆེན་པོ་ཟད་སྐྱེ་ལ་སོགས་དང་བྲལ་བའི་ནཱ་ད་སྟེ་གཏུམ་མོ། ལྷའི་དེ་ཁོ་ན་ཉིད་ནི་ཕུང་ཁམས་སྐྱེ་མཆེད་རྣམ་པར་དག་པའི་དཀྱིལ་འཁོར་ཏེ་སྒྱུ་མ་རྨི་ལམ། འདུས་པར་རིགས་གསུམ་གྱི་དབང་དུ་བྱས་ནས་དེ་ཁོ་ན་ཉིད་གསུམ་པོ་དེ་ལས་མ་གསུངས་ཀྱང་། །དགྱེས་པ་རྡོ་རྗེར་རིགས་བཞིའི་དབང་དུ་བྱས་ནས་ཡེ་ཤེས་ཀྱི་དེ་ཁོ་ན་གཉིས་པ་ཐམས་ཅད་དང་བྲལ་བའི་ཕྱག་རྒྱ་ཆེན་པོས་འཁྱུད་པའི་ཡེ་ཤེས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལས་རྒྱའོ། །རྣལ་འབྱོར་ནི་སྒྱུ་ལུས། རྗེས་སུ་རྣལ་འབྱོར་ནི་གཏུམ་མོ། །ཤིན་ཏུ་རྣལ་འབྱོར་ནི་ལས་རྒྱ། རྣལ་འབྱོར་ཆེན་པོ་ནི་འོད་གསལ་ཏེ། གཤིན་རྗེ་དགྲ་ནག་གི་རྒྱུད་ལས། དང་པོར་རྣལ་འབྱོར་བསྒོམས་པར་བྱ། །རྗེས་སུ་རྣལ་འབྱོར་གཉིས་པར་ཏེ། །རྫོགས་པའི་རྣལ་འབྱོར་གསུམ་པའོ། །རྣལ་འབྱོར་ཆེན་པོ་བཞི་པའོ་ཞེས་གསུངས་པ་རྫོགས་རིམ་དུ་བཀྲལ་བའོ། །ཡང་རྣལ་འབྱོར་བཞི། བྲམ་ཟེ་དཔལ་འཛིན་གྱིས། དབྱིབས་དང་སྔགས་དང་བྱིན་རླབས་དང་། །རྣམ་དག་ཡེ་ཤེས་ཞེས་བྱ་བས། སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་པའང་དེ་བཞིན་དུ་སྦྱར་རོ། །རྩ་དབུ་མར་དག་པ་སྐུ་རྡོ་རྗེ། རླུང་གཞོམ་དུ་མེད་པ་ནཱ་དའི་སྐད་དུ་དག་པ་གསུང་རྡོ་རྗེ། ཐིག་ལེ་འཛག་མེད་དུ་དག་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཐུགས་རྡོ་རྗེ། དེ་གསུམ་དབུ་མར་མི་ཕྱེད་པ་ཡེ་ཤེས་ཀྱི་རྡོ་རྗེ་ནི། སྒྱུ་ལུས། གཏུམ་མོ། ལས་རྒྱ། འོད་གསལ་རིམ་པ་བཞིན་ནོ། །རྡོ་རྗེ་སེམས་དཔའ་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་བདེ་བ་རྡོ་རྗེ་སྟེ་ཤེས་པ་ཡིན་ལ། སྲིད་པ་གསུམ་པོ་གཅིག་པ་ཉིད་ནི་སེམས་དཔའ་སྟེ་ཤེས་བྱ་ཡིན་ལ། དེ་གཉིས་གཅིག་ཏུ་གྱུར་པའི་མཆོག་ཏུ་མི་འགྱུར་བ་དོན་ཆེན་པོ་མངོན་བྱང་། སེམས་དཔའ་ཆེན་པོ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་སེམས་དཔའ། རྣམས་ཀྱིས་ཡོངས་སུ་རྫོགས་པའི་འདོད་ཆགས་ནི་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་བདག་བྱིན་རླབས། བྱང་ཆུབ་སེམས་དཔའ་ནི་སྟོང་ཉིད་སྙིང་རྗེའི་བདག་ཉིད་ནི་བྱང་ཆུབ། དེ་ལ་གནས་པ་ནི་སེམས་དཔའ་སྟེ། ཉོན་མོངས་པ་འཇོམས་པར་བྱེད་པ་ཕོ་ཉའོ། །དམ་ཚིག་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་འཆིང་བ་ནི་དམ་ཚིག དེ་གང་གིས་ཟ་བའམ་གནས་པ་སེམས་དཔའ་སྟེ་ཙཎྜྻ་ལིའོ། །དེ་ཡང་དབང་མདོར་བསྟན་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བཤད། །འདིར་ནི་དོན་ཆེན་བཅོམ་ལྡན་འདས། །སེམས་དཔའ་སྲིད་པ་གསུམ་གཅིག་ཉིད། །མཆོག་ཏུ་མི་འགྱུར་བར་བརྗོད་བྱ། །དེ་བཞིན་མཆོག་ཏུ་མི་འགྱུར་རྫོགས། །ས་རྣམས་ཀྱིས་ནི་ཡོངས་རྫོགས་པ། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །བྱང་ཆུབ་ལ་གནས་སེམས་དཔའ་ནི། བྱང་ཆུབ་སེམས་དཔའ་མི་གཡོ་དེས། །ཉོན་མོངས་ལ་སོགས་ཞེ་སྡང་འཇོམས། །ཞེ་སྡང་ཆེན་པོ་སྒྲ་ཆེ་བ། །དམ་ཚིག་བདུད་རྩི་ཁུ་བ་སྟེ། །དེ་ཡིས་འཛག་མེད་ཟ་བ་ནི། །དམ་ཚིག་སེམས་དཔའ་ཚུལ་འདི་ཡིས། །གཏི་མུག་བློ་ཡིས་གཏི་མུག་སེལ། །ཞེས་དང་། སེམས་དཔའ་གཞན་གསུམ་བརྟག་པ་གཉིས་པར་དངོས་སུ་གསུངས་ཤིང་། བྱང་ཆུབ་སེམས་དཔའ་ནི་ཞར་གྱིས་གསུངས་སོ། །བྱང་ཆུབ་སེམས་དཔའི་འགྲེལ་པ་དང་བསྟུན་ནས། ཧེ་རུ་ཀ་ཕྱག་གཉིས་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྡོ་རྗེ་དོན་དམ་བདེན་པ། ཕྱག་བཞི་པ་ཆོས་སྐུ་ཐུགས་རྡོ་རྗེ་བཙན་ཐབས། ཕྱག་དྲུག་པ་ལོངས་སྐུ་དཔྱིད་ཀྱི་ཐིག་ལེ། ཕྱག་བཅུ་དྲུག་པ་སྤྲུལ་པའི་སྐུ་ཀུན་རྫོབ་ཀྱི་བདེན་པའམ། བླ་མའི་བཞེད་པ། སྤྲུལ་པའི་སྐུ་སྐུ་རྡོ་རྗེ་ཕྱག་དྲུག་པ་དཔྱིད་ཐིག ལོངས་སྐུ་གསུང་རྡོ་རྗེ་ཕྱག་བཞི་པ་ཀུན་རྫོབ། ཆོས་སྐུ་ཕྱག་གཉིས་པ་ཐུགས་རྡོ་རྗེ། དོན་དམ་བདེན་པ་འོད་གསལ། སྙིང་པོ་དགྱེས་པའི་རྡོ་རྗེ་ཕྱག་བཅུ་དྲུག་པ་ཡེ་ཤེས་ཀྱི་རྡོ་རྗེ་བཙན་ཐབས་ཀྱི་ལམ་མོ། །སྔགས་ཀྱི་བཟླས་པ་དགང་བ་དང་དབྱུང་བ་དང་བུམ་པ་ཅན་གྱི་རྣལ་འབྱོར་ནི་བསྙེན་པ་གཏུམ་མོ། རྡོ་རྗེ་དང་པདྨ་སྦྱར་བ་ལས་སྐྱེས་པའི་བདུད་རྩི་ཉེར་སྒྲུབ་སྒྱུ་ལུས་དགའ་བ་ལ་སོགས་པའི་དབྱེ་བས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་རྣམས་དང་པདྨ་རོ་མཉམ་པར་གྱུར་པར་བསྒོམ་པ་བསྒྲུབ་པ་ལས་རྒྱ། ཤེས་རབ་དང་སྦྱར་བས་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའི་བདེ་བ་ལ་གནས་པ་བསྒྲུབ་པ་ཆེན་པོ་འོད་གསལ་ལོ། དེ་ལྟར་ཡང་འདུས་པའི་རྒྱུད་ཕྱི་མ་ལས། བསྒྲུབ་བྱ་སྒྲུབ་པ་ཡང་དག་སྦྱོར། །གང་ཡིན་དེ་ནི་བསྙེན་པར་བཤད། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བར་བསྒྲུབ་པ་ཞེས་བཤད་དོ། །ཡི་གེ་ཧཱུྃ་དང་ཕཊ྄་ལྡན་པས། །བསྐྱོད་པ་བསྒྲུབ་པ་ཞེས་བཤད་ལ། །ངོ་བོ་ཉིད་རང་སྒོ་ཞི་བ། །བསྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་ཤིང་། དུས་འཁོར་དང་བྱང་སེམས་ཀྱི་འགྲེལ་པས། རྩ་རླུང་ཐིག་ལེ་གསུམ་སྦྱངས་པ་དང་དེ་གསུམ་གོང་བུ་གཅིག་པའི་ལམ་ལ་ཡན་ལག་བཞིར་གསུངས་སོ། །བདག་གི་གདན་སྙིང་རྗེ་ཐབས་ཡིན་པས་གཏུམ་མོ། །གཞན་གྱི་གདན་ཤེས་རབ་སྟོང་པ་ཡིན་པས་སྒྱུ་ལུས། སྦྱོར་བའི་གདན་དེ་གཉིས་དབྱེར་མེད་དུ་བསྒྲུབ་པ་ཕྱག་རྒྱ། དེ་ཁོ་ན་ཉིད་ཀྱི་གདན་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་འོད་གསལ་ལོ། །གཞན་གྱི་གདན་ནི་ཤེས་རབ་བརྗོད། བདག་གི་གདན་ནི་ཐབས་སུ་སྟེ། །འདི་དག་གཉིས་མེད་གྱུར་པ་ནི། །རྣལ་འབྱོར་གདན་དུ་རྣམ་པར་གནས། །དེ་ལས་སྐྱེས་པ་དེ་ཉིད་གདན། །དེ་སྤངས་པ་ནི་གང་གྱུར་ལ། ལྷན་ཅིག་སྐྱེས་པར་ཀུན་ཏུ་བསྒྲགས། །ངག་གི་ལམ་གྱི་སྤྱོད་ཡུལ་མིན། །ཞེས་རྒྱུད་ལས་གསུངས་པས་སོ། །དེ་བཞིན་དུ་བདག་གི་བཟང་པོ་དང་། །གཞན་གྱི་བཟང་པོ་དང་། དུས་ཀྱི་བཟང་པོ་དང་ཡེ་ཤེས་ཀྱི་བཟང་པོ་བཞི་ཡང་འགྲོས་དེ་ཉིད་ཀྱིས་སྦྱར་ལ། རྒྱུད་ཀྱི་རིམ་པ་དང་། སྔགས་ཀྱི་རིམ་པ། །གཏུམ་མོ་དང་ལས་རྒྱ། ཡེ་ཤེས་ཀྱི་རིམ་པ་སྒྱུ་མ་སུམ་འཁྱུད། །གསང་བའི་རིམ་པ་འོད་གསལ་ལོ། འདས་པ་དང་མ་འོངས་པའི་ཤེས་བྱ་སྟོང་པ་ཡིན་ལ། དེ་མཐོང་བའི་དངོས་པོ་སྟོང་པ་ཉིད་དེ། དེ་འཛིན་པའི་ཤེས་པ་སྒྱུ་ལུས་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའོ། །མཚན་མ་ནི་མཚན་མ་དང་ཕྱག་རྒྱ་སྟེ། རྣམ་པར་རྟོག་པའི་རྒྱུ་ཡིན་ལ། དེ་ཡང་རྒྱུའི་ངོ་བོ་མེད་པ་ཉིད་དུ་ཤེས་པ་མཚན་མ་མེད་པའི་རྣམ་པར་ཐར་པ་གཏུམ་མོ། །སྨོན་པ་ནི་འབྲས་བུ་ལ་ཡིད་འདུན་པ་སྟེ། བདེ་བ་དོན་དུ་གཉེར་བ་ཡིན་ལ། ཆགས་པ་དང་ཆགས་བྲལ་གྱི་ཆ་གང་ལ་ཡང་མི་གནས་པས་འཛག་པ་མེད་པར་གྱུར་པ་ནི། སྨོན་པ་མེད་པའི་རྣམ་པར་ཐར་པ་སྟེ་ལས་རྒྱའོ། །རྩ་དང་རླུང་དང་ཐིག་ལེ་དང་འཛག་པ་དང་བཅས་པའི་བདེ་བ་ནི་མངོན་པར་འདུ་བྱ་བ་ཡིན་ལ། དེ་ལྟར་འགྲོས་བཞི་དབུ་མར་ཐིམ་པ་འདུས་མ་བྱས་པ་སྟེ། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་འོད་གསལ་ལོ། །ཆགས་བྲལ་ཉམས་པའི་ཆགས་པ་མི་འགྱུར་པའི་བདེ་བ་ལ་གནས་པའི་མཚན་ཉིད་ཅན་སྙིང་རྗེ་སྟེ་གཏུམ་མོ། ཞེ་སྡང་ཉམས་པའི་བདག་ཉིད་ཅན་བྱམས་པ་སྟེ་སྒྱུ་ལུས། གཏི་མུག་ཟད་པའི་བདག་ཉིད་ཅན་འགྱུར་བ་མེད་པ་དགའ་བ་འོད་གསལ། །བདེ་བ་ཉམས་པ་ཟད་པའི་བདག་ཉིད་འགྱུར་བ་མེད་པའི་བདེ་བའི་རང་བཞིན་བཏང་སྙོམས་ཏེ་ལས་རྒྱའོ། །རྡོ་རྗེ་སྙིང་འགྲེལ་ལས། སྟོང་པ་ཉིད་དང་མཚན་མ་མེད། །དེ་བཞིན་སྨོན་པ་མེད་དང་སླར། །མངོན་པར་འདུས་མ་བྱས་དེ་རྣམས། །རྣམ་པར་ཐར་པ་བཞི་རུ་བསྒྲགས། །སྙིང་རྗེ་དེ་བཞིན་བྱམས་པ་དང་། །དགའ་དང་དེ་བཞིན་བཏང་སྙོམས་དང་། །དེ་རྣམས་ཚངས་པའི་གནས་བཞི་སྟེ། །ཆོས་ཀུན་ཡོངས་སུ་བཏགས་པ་ལས། སྒྲིབ་པ་མེད་པའི་ཆོས་ཀྱི་ནི། །དེ་ཡིས་གཉིས་མེད་བཏགས་པའོ། །ཞེས་དང་། སངས་རྒྱས་ཐོད་པ་ལས། བལྟ་བར་ལྡན་པ་སྙིང་རྗེར་འགྱུར། །འཁྱུད་པ་ཡི་ཡང་བྱམས་པ་སྟེ། །དྲུག་པའི་སྦྱོར་བདག་དགའ་བ་ཡང་། །ཆགས་པར་བྱེད་པའང་དེ་བཞིན་ནོ། །གཉིས་དག་ཚོགས་པའི་སྐད་ཅིག་གང་། །དེ་བཏང་སྙོམས་སུ་བདག་གིས་བཤད། །འདི་ལྟར་གྱུར་པའི་རྣལ་འབྱོར་དང་། །ལྡན་པ་ནད་ཀྱིས་ཇི་ལྟར་འཇོམས་ཞེས་སོ། །ཤེས་བྱ་ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པ་སྟེ་འོད་གསལ། །མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་གནས་པས་ན་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མཁྱེན་པ་རྣམ་མཁྱེན་ཏེ་ལས་རྒྱ། མཐའ་ཡས་པའི་སྐད་ཀྱིས་སེམས་ཅན་ལ་བྱང་ཆུབ་ཀྱི་ལམ་སྟོན་མཁྱེན་པ་ལམ་མཁྱེན་པ་སྟེ་གཏུམ་མོ། །མཐའ་ཡས་པའི་སྐུ་རྫུ་འཕྲུལ་གྱི་རྣམ་པ་ཐམས་ཅད་སྤྲུལ་ཞིང་སྤྲོ་བ་མཁྱེན་པས་ན་གཞི་ཐམས་ཅད་མཁྱེན་པ་སྒྱུ་ལུས་སོ། །ཨེ་ཡིག་གིས་ལས་རྒྱ་དང་ལྷ་མོ་སྤྱན་མ། ཝཾ་ཡིག་གིས་ཆོས་རྒྱ་གཏུམ་མོ་དང་སྒྱུ་མ་སུམ་འཁྱུད་མཱ་མ་ཀཱི། མཱ་ཡིག་གིས་ཕྱག་རྒྱ་ཆེན་པོ་འོད་གསལ་དང་གོས་དཀར་མོ། །ཡ་ཡིག་གིས་དམ་ཚིག་གི་ཕྱག་རྒྱ་ཟུང་འཇུག་དང་སྒྲོལ་མ་སྟེ། །བརྟག་གཉིས་ལས། ཨེ་ཡི་རྣམ་པས་ལྷ་མོ་སྤྱན། །ཝཾ་གི་རྣམ་པས་བདག་མོར་བརྗོད། །མཱ་ཡིས་ལྷ་མོ་གོས་དཀར་མོ། །ཡ་ཡི་རྣམ་པ་སྒྲོལ་མ་སྟེ། ཞེས་དང་། ཀུན་ཏུ་ཁ་སྦྱོར་ལས། ཨེ་ནི་ས་རུ་ཤེས་བྱར་ཏེ། ལས་ཀྱི་ཕྱག་རྒྱ་དང་ནི་སྤྱན། །ཞེས་སོགས་རྒྱས་པར་གསུངས་སོ། །འདུས་པ་ལས། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡི། །དམ་ཚིག་བཞི་པོ་བསྲུང་བར་བྱ། །ཤ་ཆེན་རྟག་ཏུ་བཟའ་བྱ་སྟེ། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་པའི་དོན། ལུས་ཀྱི་ཐིག་ལེ་སད་པའི་གནས་སྐབས་སྐྱེད་བྱེད་དེ་ཉིད་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དགའ་བ་བཞིའི་དབྱེ་བས་སྐུའི་དམ་ཚིག་བཞི་ཡིན་ལ། དེ་འཛག་པ་མེད་པ་བསྲུང་བ་གཏུམ་མོ། །དེས་གསང་བར་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ཀྱིས་གཅིག་ཏུ་འདུས་པ་འཛག་པ་མེད་པར་གཟུང་བས་ཤ་ཆེན་འདུ་བྱེད་ཀྱི་ཕུང་པོ་སྒྲིབ་བྲལ་དུ་ཟ་བའོ། །འགྱུར་བ་མེད་པ་གསུང་རྡོ་རྗེ། དམ་ཚིག་བཞི་པོ་བསྲུང་བར་བྱ། བཤང་གཅི་རྟག་ཏུ་བཟའ་བྱ་སྟེ། འདི་ནི་གསང་བ་རྨད་བྱུང་ཆེ། །གསུང་གི་ཐིག་ལེ་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ་མཆོག་ཏུ་དགའ་བ་བཞིའི་དབྱེ་བ་ཅན་ལྟེ་བར་གཅིག་ཏུ་འདུས་པ་ཀུན་རྫོབ་ཀྱི་བདེན་པས་འཛག་མེད་དུ་བསྲུང་བས་བཤང་བ་གཟུགས་ཕུང་དང་། གཅི་བ་རྣམ་ཤེས་ཀྱི་ཕུང་པོ་སྒྲིབ་བྲལ་དུ་བཟའ་བ་གསུང་གི་དམ་ཚིག རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེ། །དམ་ཚིག་བཞི་པོ་བསྲུང་བར་བྱ། །ཁྲག་དང་ཁུ་བ་ཡང་དག་ལྡན། །བརཏལ་ཞུགས་བརྟན་པས་ཡང་དག་བཟའ། །ཐུགས་ཀྱི་ཐིག་ལེ་གཉིད་སྟུག་གི །གནས་སྐབས་སྐྱེད་པར་བྱེད་པ་ཁྱད་པར་གྱི་དགའ་བ་བཞིའི་དབྱེ་བས་སྙིང་གར་ཐིག་ལེའི་གཟུགས་ཀྱིས་གཅིག་ཏུ་འདུས་པ་དོན་དམ་པའི་བདེན་པས་འཛག་མེད་དུ་བསྲུངས་བས་ཁྲག་ཚོར་བའི་ཕུང་པོ་དང་། ཁུ་བ་འདུ་ཤེས་ཀྱི་ཕུང་པོ་སྒྲིབ་བྲལ་དུ་ཟ་བ་ཐུགས་ཀྱི་དམ་ཚིག་གསུམ་འདུས་པར་གསུངས་ལ། དེའི་སྟེང་དུ་དུས་འཁོར་ལས། མི་ཕྱེད་ལམ་ལ་གནས་པ་ཡི། །དམ་ཚིག་བཞི་པོ་བསྲུང་བར་བྱ། །གོ་ཀུ་ལ་སོགས་རྟག་ཏུ་བཟའ། །དམ་ཚིག་འདི་ནི་འདའ་བར་དཀའ། །ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པ་ལྷན་ཅིག་སྐྱེས་པའི་དགའ་བའི་དབྱེ་བས་རྣམ་པ་བཞི་མགྲིན་པ་དང་སྤྱི་བོར་གཅིག་ཏུ་འདུས་པ་ལས་རྒྱས་འཛག་མེད་དུ་བཅིངས་པས། གོ་ཀུ་ལ་སོགས་པའི་སྒྲས་དབང་པོ་དྲུག་ཡུལ་དྲུག་རྣམ་ཤེས་དྲུག་དང་ཁམས་བཅོ་བརྒྱད་སྒྲིབ་བྲལ་དུ་བཟའ་བ་ཡེ་ཤེས་ཀྱི་དམ་ཚིག་གོ །ཡང་ན། དགྱེས་པའི་རྡོ་རྗེར། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་གསུངས་པའི་སྲོག་ཆགས་དངོས་འཛིན། དེའི་སྲོག་གཅོད་པ་དངོས་པོར་ལྟ་བ་ལས་ལོག་པ་སྟོང་པ་ཉིད་དུ་འཇུག་པར་བྱེད་པས། སྒྱུ་ལུས་སྐུའི་དམ་ཚིག བརྫུན་མི་བདེན་པའི་སྟེ། མཐའ་ཡས་པའི་སྐད་ཀྱིས་ཆོས་སྟོན་པའི་གཞོམ་དུ་མེད་པའི་གསུང་རྣམ་པ་ཐམས་ཅད་པས་སྨྲ་བར་བྱེད་པ་གཏུམ་མོ་གསུང་གི་དམ་ཚིག མ་བྱིན་པར་ལེན་པ་སོ་སོ་རང་རིག་པའི་ཡེ་ཤེས་ཏེ། དེས་གཙུག་ཏོར་ནས་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་ཆགས་པས་བཞུ་བ་གསང་བའི་སྣ་རྩེའི་མཐར་ཐུག་པར་གཤེགས་པ་འཛག་པ་མེད་པར་བྱས་ཏེ་གཙུག་ཏོར་དུ་ལེན་པ་ལས་རྒྱ་ཐུགས་ཀྱི་དམ་ཚིག་གོ །གཞན་རྡོ་རྗེ་སེམས་དཔའ། དེའི་བུད་མེད་སྟོང་པ་ཉིད་ཀྱི་བདེ་བ་ཆེན་པོ་ལ་འཁྱུད་པ། བསྟེན་པ་སྟེ་ཟུང་འཇུག་འོད་གསལ་ཡེ་ཤེས་རྡོ་རྗེའི་དམ་ཚིག་གོ །འདི་ལྟ་བུའི་གནད་ཤེས་ན་རྡོ་རྗེ་ཐེག་པའི་སྒོར་དབང་བསྐུར་ལས་གཞན་པའི་ཆོས་མེད་པ་དང་། བསྐྱེད་རྫོགས་ཀྱང་དེ་ཁོ་ན་ཡིན་པས། དབང་མེད་པ་ལ་དངོས་གྲུབ་མེད། བྱེ་མ་གཙིར་ལ་མར་མི་འབྱུང་། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་ན། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། ཞེས་གསུངས་པའི་དགོངས་པ་ལོན་པར་འགྱུར་རོ། །རིམ་ལྔར། སྟོང་བཞིའི་ཡུལ་ས་གཙོ་བོར་ཏེ། །ཕ་རྒྱུད་རིམ་པ་ལྔའི་ཕྱོགས་འདིར། རླུང་དང་སེམས་ལ་གནད་དུ་བསྣུན་ནས་སྟོང་པ་བཞིའི་ཡུལ་བཙལ་ནས་ཟུང་འཇུག་བསྒྲུབ་པ་གཙོ་ཆེ་ལ། ཕྱག་རྒྱ་བཞིར་ནི་དགའ་བཞིའི་འགྲོས་གཉིས་དང་། །མ་རྒྱུད་ཕྱག་རྒྱ་བཞིའི་གདམས་པར་རྩ་དང་ཐིག་ལེ་ལ་གནད་དུ་བསྣུན་ནས་དགའ་བ་བཞིའི་འགྲོས་བཞི་འཐུར་འབབ་དང་གྱེན་དུ་འཛེག་པ་གཉིས་ཀྱི་མཆོག་གི་དངོས་གྲུབ་བསྒྲུབ་པ་གཙོ་ཆེའོ། །སྦྱོར་བ་དྲུག་ཏུ་མཉམ་པ་མཆོག་ཏུ་བཤད། །སྟོང་པ་དང་བདེ་བ་ཆ་མཉམ་པའི་ལམ་གྱིས་འདོད་པའི་དངོས་གྲུབ་བསྒྲུབ་པ་ཡིན་ནོ། །དམན་ཟབ་མཐར་ཐུག་གསུམ་གྱི་རྣལ་འབྱོར་གསུམ། །དམན་པ་དབྱིབས་ལ་ཟབ་པ་སྔགས། །མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ཏེ། །ཞེས་གསུངས་པས་འདིར་ཡང་ཆ་མཉམ་པ་གཙོ་བོ་ཡིན་ལ། བསྲེ་སྐོར་གྱི་མཆོག་འདིར། ཆོས་དྲུག་གཞུང་གི་དམིགས་པས་སྟེང་སྒོ་རྣམ་པར་ཤེས་པའི་བཞོན་པ་སྲོག་རྩོལ་ཉི་ཟླའི་རླུང་སྦར་ཟིན་དུ་བྱས་ནས་དབུ་མ་སྒྲ་གཅན་གྱི་ཁྱིམ་དུ་བཅུག་པས། ཡིད་ཀྱི་གཡོ་བ་གཟུང་འཛིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཞི་བ་དམར་ཆ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱིས་འཁོར་བ་ལ་མི་གནས་པ་དང་། ལས་ཀྱི་ཕྱག་རྒྱ་ལམ་རྫོགས་པར་བསྟན་པས་འོག་གི་སྒོ་ཐུར་སེལ་བྱང་ཆུབ་སེམས་ཀྱི་བཞོན་པ་དུང་ཅན་གྱི་མས་སྣར་གཟུང་བས་བདེ་བ་ཆེན་པོའི་ཡེ་ཤེས་ལུས་ལ་འབར་ཏེ་དཀར་ཆ་རྣམས་པར་དག་པའི་ཡེ་ཤེས་སྙིང་རྗེ་ཐབས་ཀྱིས་ཕ་རོལ་ཏུ་སོན་པས་ཞི་བ་ལ་མི་གནས་པས་དང་། འབྲས་བུ་ཟུང་འཇུག་གི་ལམ་གྱི་སྒྲ་གཅན་རྣམ་པར་དག་པའི་མཉམ་པ་ཉིད་མ་ནིང་གི་གོ་འཕང་ཡང་དག་པའི་ཡེ་ཤེས་ལྔའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཤིན་ཏུ་གནས་པར་གྲུབ་པར་བྱེད་པ་ཉིད་དོ། །དེ་ལྟར་སྤྱིར་སྦྱར་ནས། ད་ནི་བྱེ་བྲག་ཏུ་སྦྱར་བ་བཤད་དེ། ལུས་ལྷ་དང་རྩ་འཁོར་ལོ་བསྒོམས་པ་ལུས་དབེན། རླུང་འཇུག་གནས་ལྡང་བ་གསུམ་རྡོར་བཟླས། ཨ་ཤད་ལ་དམིགས་པ་སེམས་དབེན། དེ་ལས་ཐུན་མོང་དང་ཁྱད་པར་གྱི་ཉམས་ཤར་བ་སྒྱུ་ལུས་མཆོག་གི་གཏུམ་མོ་འོད་གསལ། དེ་མཐར་ཕྱིན་པ་ཟུང་འཇུག་གོ །ཕྱག་མཚན་བསྒོམ་པའི་ཙཎྜྻཱ་ལི་ཞེས་པ་ལུས་རླུང་སེམས་གསུམ་འཇུག་པ་གཅིག་པས་གནད་དུ་བསྣུན་པ་ལས་རྒྱ། དེ་ལས་རྟགས་མཚན་ཇི་སྙེད་པ་ཤར་བ་སེམས་ཀར་འཇོག་པའི་ཙཎྜྻཱ་ལི་ཆོས་རྒྱ། དེ་ལས་སེམས་ཀྱི་གནས་ལུགས་མཐོང་བ་ཐིག་ལེ་ནཱ་དའི་ཙཎྜྻཱ་ལི་ཕྱག་ཆེན། དེ་ཉིད་ལས་འགྲོས་བཞི་ཐིམ་པ་གཉུག་མ་དོན་གྱི་ཙཎྜྻཱ་ལི་དམ་ཚིག་གི་ཕྱག་རྒྱའོ། །ཐུན་མོང་གི་ཉམས་སོར་སྡུད། ཁྱད་པར་བསམ་གཏན། དབུ་མར་ཞུགས་པ་སྲོག་རྩོལ། གནས་པ་འཛིན་པ། དབུ་མའི་མེ་སྟོབས་སུ་གྱུར་པ་རྗེས་དྲན། མཆོག་གི་གཏུམ་མོ་ཏིང་ངེ་འཛིན་ནོ། །ལུས་ལྷར་བསྒོམ་པ་དབྱིབས་ཀྱི་རྣལ་འབྱོར། གཏུམ་མོ་ལམ་དུ་བྱེད་པ་སྔགས། ཕྱག་རྒྱ་ཆེན་པོའི་གཏུམ་མོ་ཆོས་ཀྱི་རྣལ་འབྱོར་གསུམ་མོ། །དངོས་དང་རྗེས་མཐུན་དབང་གིས་བརྒྱད་དུ་གསིལ། ཞེས་པས། མཚན་མ་རྫས་ཀྱི་ཙཎྜྻཱ་ལི་བསྒོམ་པ་གཏུམ་མོ། །འབར་འཛག་ལས་ཀྱི་ཙཎྜྻཱ་ལི་ལས་རྒྱ། ཉམས་ཀྱི་ཙཎྜྻཱ་ལི་སྒྱུ་ལུས། དེ་ལ་གོམས་པས་གཉིད་ལམ་དུ་ལོངས་པ་རྨི་ལམ། དེ་ནས་མཆོག་གི་ཙཎྜྻཱ་ལི་འོད་གསལ། སྐྱེ་ཤི་རྨི་ལམ་སྲིད་པ་བར་མ་དོ་དང་བསྲེ་ནུས་པ་བར་དོ། །ས་གོང་ནས་གོང་དུ་འཕོ་བ་འཕོ་བ། ཟག་བཅས་ཀྱི་ལུས་དྭངས་མ་འཇའ་ལུས་སུ་ཞུགས་པ་གྲོང་འཇུག་གོ །དང་པོ་དྲུག་དངོས། ཐ་མ་གཉིས་རྗེས་མཐུན་ནོ། །ཚུལ་འདིས་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ།། །། ལས་རྒྱ་ལ་རང་དང་ཕྱག་རྒྱ་ལྷར་བསྐྱེད་པ་ལུས་དབེན། ངག་སྔགས་ཀྱི་འདུ་ཤེས་ངག་དབེན། སེམས་ཆོས་ཀྱི་འདུ་ཤེས་སེམས་དབེན། སྙོམས་པར་ཞུགས་པས་རླུང་སེམས་དབུ་མར་ཚུད་པའི་རྟགས་སྒྱུ་ལུས། ཡིད་ནང་དུ་ཚུད་པས་འགྱུར་བ་མེད་པའི་བདེ་བ་རྙེད་པ་འོད་གསལ། དེ་མཐར་ཕྱིན་པ་ཟུང་འཇུག ཕྱི་རོལ་གྱི་མི་མོ་དང་ཕྲད་པ་ལས་རྒྱ། ནང་གི་ཤེས་རབ་མ་དང་ཕྲད་པ་ཆོས་རྒྱ། བདེ་བ་ཆེན་པོ་གསང་བའི་ཤེས་རབ་མ་དང་ཕྲད་པ་ཕྱག་ཆེན། དེ་མཐར་ཕྱིན་པའི་མས་བརྟན་གྱི་དགའ་བ་བཞི་པའི་མཐའ་ལོགས་ལྷན་ཅིག་སྐྱེས་པའི་དགའ་བའི་ཤེས་རབ་མ་དེ་ཁོ་ན་ཉིད་དམ་ཚིག་གི་ཕྱག་རྒྱའོ། །རྟགས་སྣ་ཚོགས་སོར་སྡུད། བདེ་བ་གཅིག་པུ་ལ་རྟོག་པ་བསམ་གཏན། སྲོག་གསང་བའི་སྣ་རྩེར་ཟིན་པ་སྲོག་རྩོལ། སྲོག་ཐུར་གོང་བུ་གཅིག་ཏུ་འདྲེས་པ་འཛིན་པ། རྗེས་སུ་ཆགས་པ་རྗེས་དྲན་ཐིག་ལེ་འཛག་པ་མེད་པ་ཏིང་ངེ་འཛིན་ནོ། །མཉམ་པ་གསུམ་དབྱིབས། རྗེས་སུ་ཆགས་པའི་མེ་སྔགས། སོ་སོ་རང་རིག་པས་འཛག་པ་མེད་པའི་བདེ་བ་རྙེད་པ་ཆོས་ཀྱི་རྣལ་འབྱོར་རོ། །རྗེས་སུ་ཆགས་པའི་མེ་གཏུམ་མོ། །ཨེ་ཝཾ་ཁ་སྦྱོར་ལས་རྒྱ། དེ་ལས་དུ་སོགས་ཀྱི་རྟགས་འཆར་བ་སྒྱུ་མ། ཆོས་ཐམས་ཅད་བདེ་བའི་གཉིད་ཀྱི་ནང་དུ་འཆར་བ་རྨི་ལམ། རྣམ་པར་རྟོག་པ་དང་ཡེ་ཤེས་རོ་མཉམ་དུ་འདྲེས་པ་བར་དོ། །མས་བརྟན་གྱི་དགའ་བ་གོང་ནས་གོང་དུ་ཕྱིན་པ་འཕོ་བ། གསེར་འགྱུར་གྱི་རྩིས་ཟིན་པ་བཞིན། རྣམ་སྨིན་གྱི་ལུས་ཟུང་འཇུག་གི་སྐུ་གྱུར་པ་གྲོང་འཇུག་གོ། །། སྒྱུ་ལུས་ལ། བསྐྱེད་རིམ་སྒྱུ་མ་ལུས་དབེན། རླུང་ཟིན་པ་ངག་དབེན། སེམས་འཆིངས་པ་སེམས་དབེན། རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་མཐོང་བ་ཀུན་རྫོབ་བདེན་པ། དངོས་པོ་དང་དངོས་པོ་མེད་པར་འཛིན་པ་འགགས་པས་རྣམ་པར་མེད་པ་འོད་གསལ་འཆར་བ་དོན་དམ་བདེན་པ། དེ་གོམས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གོ །རླུང་སེམས་ལུས་གསུམ་གནད་ལ་དབབ་པ་ལས་རྒྱ། དེ་ལས་ཤར་བའི་བསྐྱེད་རིམ་སྒྱུ་མ་དང་། སྟོང་གཟུགས་ཆོས་རྒྱ། དེ་ལས་སེམས་ཀྱི་གནས་ལུགས་རིག་ནས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྦྱོང་བ་ཕྱག་ཆེན། དེ་ལས་ཤེས་བཞིན་དག་པའི་སྒྱུ་ལུས་སུ་ལངས་པ་དམ་རྒྱའོ། །སྒོ་ལྔའི་རྣམ་ཤེས་ནང་དུ་སྡུད་པ་སོར་སྡུད། སྟོང་གཟུགས་ལ་སེམས་རྩེ་གཅིག་པ་བསམ་གཏན། རླུང་ཟིན་པ་སྲོག་རྩོལ། དབུ་མར་གནས་པ་འཛིན་པ། སྟོང་པ་ཉིད་ཀྱི་མེས་དངོས་པོར་ལྟ་བ་ཐམས་ཅད་བསྲེག་པ་རྗེས་དྲན། ཆོས་ཐམས་ཅད་སྒྱུ་མའི་དབྱིངས་སུ་ཐིམ་པ་ཏིང་ངེ་འཛིན། བསྐྱེད་རིམ་སྒྱུ་མ་དབྱིབས། རྫོགས་རིམ་སྒྱུ་མ་སྔགས། མཐར་ཐུག་སྒྱུ་མ་ཆོས་སོ། །རྡོ་རྗེ་མེ་ལ་སྲོག་ཞུགས་པ་གཏུམ་མོ། །དེས་བདག་གཞན་བྱིན་གྱིས་བརླབས་པ་ལས་རྒྱ། དོན་དམ་པའི་ལྷར་གྱུར་པ་བདག་བྱིན་རླབས། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་མཐོང་བ་རྨི་ལམ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པ་ཟད་པའི་རྣམ་པ་མེད་པ་མངོན་དུ་བྱས་པ་འོད་གསལ། སྐྱེ་འཆི་རྨི་ལམ་གྱི་འདུ་བྱ་བ་ཟད་པ་བར་དོ། །གཉིས་ཆོས་གཉིས་མེད་དུ་འཕོ་བ་འཕོ་བ། རྣམ་པ་མེད་པ་ལས་ཤེས་བཞིན་རྣམ་པ་དང་བཅས་པའི་ལྷར་ལྡང་བ་གྲོང་འཇུག་གོ། །། རྨི་ལམ་ལ། ལུས་ལྷར་གསལ་བ་ལུས་དབེན། རླུང་བཅིང་བ་ངག་དབེན། དམིགས་པ་ལ་རྩེ་གཅིག་པ་སེམས་དབེན། རྨི་ལམ་གྱི་སྦྱང་སྤེལ་སྒྱུ་མ། རྨི་ལམ་གྱི་དེ་ཁོ་ན་ཉིད་འོད་གསལ། ཉིན་མཚན་ཁྱད་པར་མེད་པར་བརྟན་པ་ཟུང་འཇུག་གོ །འཛིན་པ་ལས་རྒྱ། སྦྱང་སྤེལ་སྒྱུ་མར་བསླབ་པ་ཆོས་རྒྱ། རྨི་ལམ་གྱི་དེ་ཁོ་ན་ཉིད་ཕྱག་ཆེན། དེ་ལ་གོམས་པ་ཉལ་བ་དང་ལོག་པ་ཁྱད་པར་མེད་པ་དམ་རྒྱའོ། །ཚོགས་དྲུག་གི་སྣང་བ་སྡུད་པ་སོར་སྡུད། རྨི་ལམ་ལ་རྨི་ལམ་དུ་རྟོགས་པ་བསམ་གཏན། རླུང་མགྲིན་པར་འཆིངས་པ་སྲོག་རྩོལ། དམིགས་པ་གར་གཏད་དུ་ཟིན་པ་འཛིན་པ། རྨི་ལམ་སྒྱུ་མར་དྲན་པ་རྗེས་དྲན། རྨི་ལམ་གྱི་དེ་ཁོ་ན་ཉིད་ཏིང་ངེ་འཛིན་ནོ། །འཛིན་པ་དབྱིབས། སྦྱང་སྤེལ་སྒྱུ་མར་བསླབ་པ་སྔགས། དེ་ཉིད་མཐར་ཐུག་གོ །དྲན་པའི་མེ་གཏུམ་མོ། །སྦྱང་སྤེལ་གྱི་ལས་ལས་རྒྱ། རྨི་ལམ་སྒྱུ་མར་འབྱོངས་པ་སྒྱུ་ལུས། ཉལ་ལོག་ཁྱད་པར་མེད་པར་ཐམས་ཅད་རྨི་ལམ་དུ་རྟོགས་པ་རྨི་ལམ། དེ་ཁོ་ན་ཉིད་འོད་གསལ། རྨི་ལམ་བར་དོ་བར་དོ། །རྨི་ལམ་ནས་ཞིང་ཁམས་གང་འདོད་དུ་འཕོ་བ་འཕོ་བ། རྨི་ལམ་འོད་གསལ་དུ་འཇུག་པ་གྲོང་འཇུག་གོ། །། འོད་གསལ་ལ། ལུས་ལྷར་ལྡང་བ་ལུས་དབེན། རླུང་སྙིང་གར་འཆིངས་བ་ངག་དབེན། སྣང་གསུམ་སྟོང་གསུམ་དུ་ཐིམ་པ་ལ་སེམས་ཟིན་པ་སེམས་དབེན། དེ་ལས་ཕྱི་རྟགས་ནང་རྟགས་སྒྱུ་ལུས། བཞི་པ་འོད་གསལ་ངོ་ཤེས་པ་འོད་གསལ། དེ་ཉིད་ཤེས་བཞིན་དག་པའི་སྒྱུ་ལུས་སུ་ལངས་པ་ཟུང་འཇུག་གོ །འཛིན་པའི་མན་ངག་ལས་རྒྱ། སྣང་གསུམ་སྟོང་གསུམ་དུ་ཐིམ་པའི་རང་བཞིན་ཆོས་རྒྱ། བཞི་པའི་འོད་གསལ་ཕྱག་ཆེན། དེ་ལས་ཟུང་འཇུག་ཏུ་ལྡང་པ་དམ་རྒྱའོ། །སྣང་གསུམ་སྟོང་གསུམ་དུ་སྡུད་པ་སོར་སྡུད། དེ་ལ་སེམས་རྩེ་གཅིག་པ་བསམ་གཏན། རླུང་སྙིང་ག་ནས་དབུ་མར་འཇུག་པ་སྲོག་རྩོལ། དེར་གནས་པ་འཛིན་པ། འོད་གསལ་གྱི་རྟོགས་པ་རྗེས་དྲན། དེ་ལས་ཟུང་འཇུག་ཏུ་བཞེངས་པ་ཏིང་ངེ་འཛིན་ནོ། །འོད་གསལ་གྱི་མེས་དངོས་པོ་ཐམས་ཅད་བསྲེགས་པས་གཏུམ་མོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་སྦྱོར་བ་ལས་རྒྱ། དེ་ཡང་དག་པའི་སྒྱུ་ལུས་དཀྱིལ་འཁོར་གྱི་ལྷ་ཇི་སྙེད་པར་བཞེངས་པ་སྒྱུ་ལུས། དེ་ལས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཁྱེན་པ་རྨི་ལམ། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་འོད་གསལ། མ་བུ་གཅིག་ཏུ་འདྲེས་པ་བར་དོ། །མ་དག་པ་ཐམས་ཅད་དག་པར་འཕོ་བ་འཕོ་བ། སངས་རྒྱས་ཀྱི་མཛད་པ་ཇི་སྙེད་པ་ལ་འཇུག་པ་གྲོང་འཇུག་གོ །བར་དོ་ལ་རྣམ་སྣང་ལ་སོགས་པའི་དམ་པ་རིགས་བརྒྱ་ཐིམ་པ་ལ་རྟོག་པ་ལུས་དབེན། འབྱུང་བཞིའི་རླུང་ཐིམ་པ་ངག་དབེན། སྣང་བ་གསུམ་ཐིམ་པ་སེམས་དབེན། བཞི་པ་འོད་གསལ། དེ་ལས་ཤེས་བཞིན་དུ་ལྡང་བ་ཟུང་འཇུག་བར་དོ་གཉིས་པ་མན་ཆད་སྒྱུ་ལུས་སོ། །འཆི་བ་ལམ་དུ་བྱེད་པའི་བསམ་གཏན་ལས་རྒྱ། རྟོགས་པའི་འོད་གསལ་ཆོས། རང་བཞིན་འོད་གསལ་ཕྱག་ཆེན། དེ་ལས་ཟུང་འཇུག་ཏུ་ལྡང་བ་དམ་ཚིག་གོ །ཐིམ་རིམ་སོར་སྡུད། དེ་ལ་མ་ཡེངས་པ་བསམ་གཏན། རླུང་སྙིང་གར་ཐིམ་པ་སྲོག་རྩོལ། །དེས་གནས་པ་འཛིན་པ། འོད་གསལ་དང་བར་དོའི་གདམ་ངག་དྲན་པ་རྗེས་དྲན། ཟུང་འཇུག་གི་སྐུར་འཚང་རྒྱ་བ་ཏིང་ངེ་འཛིན་ནོ། །འཆི་བ་འོད་གསལ་ཆོས་ཀྱི་རྣལ་འབྱོར། བར་དོ་ལོངས་སྐུ་སྔགས། སྐྱེ་བ་སྤྲུལ་སྐུ་དབྱིབས་སོ། །རླུང་སེམས་དབུ་མར་འདུས་ནས་གཏུམ་མོ་གྱེན་དུ་འབར་བ་གཏུམ་མོ། །དཀར་ཆ་འཐུར་དུ་བབས་དཀར་དམར་ཕྲད་པ་ལས་རྒྱ། འོད་གསལ་ཤར་བ་འོད་གསལ། བར་དོ་སྒྱུ་ལུས། མངལ་དུ་བདེན་འཛིན་མེད་པར་ཞུགས་པ་རྨི་ལམ། འོད་གསལ་ལས་ལམ་གོང་དུ་འཕོ་བ་འཕོ་བ། ཟུང་འཇུག་གི་སྐུ་ཐོབ་པ་གྲོང་འཇུག་གོ། །། འཕོ་བ་ལ། ལྷ་ལུས་དབེན། རླུང་ངག་དབེན། དམིགས་པ་སེམས་དབེན། འཕོ་བ་སྒྱུ་ལུས། བསམ་དུ་མེད་པ་འོད་གསལ། དེ་ལས་གང་འདོད་ཀྱི་ལུས་གྲུབ་པ་ཟུང་འཇུག་གོ །སྔ་མ་གསུམ་པོ་ལས། བར་མ་ཆོས། བཞི་པ་ཕྱག་ཆེན། ལྔ་པ་དམ་ཚིག་གོ །རླུང་སེམས་འཇུག་པ་གཅིག་ཏུ་སྡུད་པ་སོར་སྡུད། དེ་ལ་མ་ཡེངས་པ་བསམ་གཏན། སྲོག་དབུ་མར་གཞུག་པ་སྲོག་རྩོལ། སྤྱི་བོར་འཕང་བ་འཛིན་པ། བླ་མའི་ཐུགས་དང་གཉིས་སུ་མེད་པ་རྗེས་དྲན། དེ་ཉིད་འོག་མིན་གྱི་ཞིང་དུ་རྡོ་རྗེ་འཆང་ཆེན་པོར་གྱུར་པ་ཏིང་ངེ་འཛིན་ནོ། །ལུས་ལྷ་དབྱིབས། ངག་རླུང་སྔགས། སེམས་དམིགས་པ་ཆོས་སོ། །རླུང་སེམས་གཅིག་ཏུ་འདྲིལ་ནས་གྱེན་དུ་འཕང་པ་གཏུམ་མོ། །བླ་མའི་ཐུགས་དང་གཉིས་སུ་མེད་པར་སྦྱོར་བ་ལས་རྒྱ། དེ་ལས་ཧཱུྃ་ཡིག་གི་རྣམ་པ་སྒྱུ་ལུས། བསམ་དུ་མེད་པ་རྨི་ལམ། འོད་གསལ་དུ་འཕོ་བ་འོད་གསལ། བར་དོ་ལོངས་སྐུར་འཕོ་བ་བར་དོ། །རྣམ་ཤེས་ཕུང་པོ་ལས་གཞན་དུ་སོང་བ་འཕོ་བ། སྐྱེ་བ་སྤྲུལ་པའི་སྐུ་གང་འདོད་པ་བླངས་བ་གྲོང་འཇུག་གོ། །། གྲོང་འཇུག་ལ། ལུས་ལྷར་སྒོམ་པ་ལུས་དབེན། རླུང་ངག་དབེན། དམིགས་པའི་འགྲོ་འོང་སེམས་དབེན། སྒྱུ་མ་ལྟ་བུའི་བློས་འཇུག་པ་སྒྱུ་ལུས། འདིའི་སྣང་བ་ནུབ་པ་འོད་གསལ། ཕ་རོལ་དུ་ཞུགས་པ་ཟུང་འཇུག་གོ །སྦྱང་བ་ལས་སད་པ་ཆོས། གྲོང་དུ་ཞུགས་པ་ཕྱག་ཆེན། དེ་ལྟར་ལངས་པའི་ལུས་ལྷའི་རང་བཞིན་དུ་བྱིན་གྱིས་བརླབ་པ་དམ་རྒྱའོ། །འདིའི་འཇུག་པ་སྡུད་པ་སོར་སྡུད། དེ་ལ་རྩེ་གཅིག་པ་བསམ་གཏན། རླུང་སྲོག་རྩོལ་ཕ་རོལ་གྱི་ལུས་འཛིན་པ་འཛིན་པ། དེ་ལ་དྲན་པ་རྙེད་པ་རྗེས་དྲན། དེ་ཉིད་ལྷའི་རང་བཞིན་དུ་ལྡང་བ་ཏིང་ངེ་འཛིན་ནོ། །ཆོས་ཐམས་ཅད་སྒྱུ་མར་དྲན་པ་ཆོས། དེ་རླུང་གིས་ཕ་རོལ་གྱི་ལུས་ལ་འཕང་བ་སྔགས་ཕ་རོལ་གྱི་ལུས་ལ་རྣམ་པར་ཤེས་པ་ཞུགས་པ་དབྱིབས་སོ། །རླུང་སྦྱང་བ་གཏུམ་མོ། །དམིགས་པ་ལ་འབད་པ་ལས་རྒྱ། སྒྱུ་མ་དྲན་པ་སྒྱུ་ལུས་དང་སད་པ་རྨི་ལམ། འདིའི་སྣང་བ་ཐིམ་པ་འོད་གསལ། གཞན་གྱི་ལུས་དང་རང་སེམས་འདྲེས་པ་བར་དོ། །འདིས་ལས་འཕོས་པ་འཕོ་བ། གྲོང་དུ་ཞུགས་ནས་ལྡང་བ་གྲོང་འཇུག་གོ །འཇིག་རྟེན་པ་དང་འདས་པའི་ལམ་གྱིས་གཉིས། །གཏུམ་མོ་ལ་ཁྱད་པར་གྱི་ཉམས་མན་ཆད་འཇིག་རྟེན་པའི་ལམ། མཆོག་གི་གཏུམ་མོ་འཇིག་རྟེན་ལས་འདས་པའི་ལམ། ལས་རྒྱ་ལ་ཡས་བརྟན་གྱི་ལྷན་སྐྱེས་ཚུན་ཆད་འཇིག་རྟེན་པ་དང་། མས་བརྟན་ཕན་ཆད་འདས་ལམ། སྒྱུ་ལུས་ལ་རྫོགས་རིམ་སྒྱུ་མ་མན་ཆད་འཇིག་རྟེན་པ། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་འདས་ལམ། རྨི་ལམ་ལ་སྒྱུ་མར་འབྱོངས་པ་མན་ཆད་འཇིག་རྟེན་པ། དེ་ཁོ་ན་ཉིད་འདས་པ། འོད་གསལ་ལ་ཉམས་ཀྱི་འོད་གསལ་འཇིག་རྟེན་པ། རྟོགས་པའི་འོད་གསལ་འདས་པའོ། །བར་དོ་ལ་གསུམ་པ་འཇིག་རྟེན་པ། དང་པོ་འདས་པ། གཉིས་པ་ལ་འོད་གསལ་ངོས་ཟིན་ན་འདས་པ། མ་ཟིན་ན་འཇིག་རྟེན་པའོ། འཕོ་བ་དང་པོ་གཉིས་འདས་པ། གསུམ་པ་འཇིག་རྟེན་པ། གྲོང་འཇུག་ལ་འོད་གསལ་རྟོགས་པས་གྲོང་དུ་ཞུགས་པ་འདས་པ། མ་རྟོགས་པར་སྒྱུ་ལུས་འབྱོངས་པས་ཞུགས་པ་འཇིག་རྟེན་པའོ། །མཐར་ཐུག་གཅིག་ཏུ་ཤེས་བྱ། ལམ་བརྒྱད་པོ་དེ་གང་ལས་ཕྱིན་ཀྱང་མཐར་ཐུག་ཏུ་བགྲོད་པའི་ལམ་ནི་གཅིག་ཏུ་ཟད་དེ། མཆོག་གི་གཏུམ་མོ་དང་། མས་བརྟན་གྱི་དགའ་བ་དང་། གཉིས་བསྡུས་ཀྱི་ཆོས་སྒྱུ་མར་འབྱོངས་པ་དང་། རྨི་ལམ་གྱི་དེ་ཁོ་ན་ཉིད་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་སྐུར་འཕོས་པ་ཞེས་བྱ་བ་དང་། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །འོད་གསལ་ལ་དུས་འཁོར་དུ་སྟོང་གཟུགས་ལ་འོད་གསལ་ཞེས་གསུངས་པ་ནི་སྒྱུ་ལུས་ཡིན་ལ། འདིར་འོད་གསལ་ཞེས་གསུངས་པ་དང་། དེར་རྣམ་པ་དང་རྣམ་པ་མེད་པ་ཟུང་དུ་འཇུག་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཏིང་ངེ་འཛིན་ཞེས་གསུངས་པ་གཅིག་པ་ཉིད་དོ། །ཁྱད་པར་བཞི་འདས་པའི་ལམ་དེ་མཐར་ཕྱིན་པའི་རྣམ་པ་ཐམས་ཅད་མཁྱེན་པར་བྱེད་པའི་ཁྱད་པར་བཞི་ནི་བསྒོམས་པས་འཚང་རྒྱ་བ། མ་བསྒོམས་པར་འཚང་རྒྱ་བ། གཉིད་ལོག་པས། རང་བཞིན་ཤེས་པས་འཚང་རྒྱ་བའོ། །གཏུམ་མོ་ལ། ལས་ཀྱི་གཏུམ་མོ་ནི་བསྒོམས་པས་འཚང་རྒྱ་བ། ཐོད་བརྒལ་གྱི་གཏུམ་མོ་ལ་གནད་ཟིན་ན་མྱུར་བར་གྲོལ་བས་མ་བསྒོམས་པར་འཚང་རྒྱ་བ། དེ་ལ་གོམས་པ་ན། ཉལ་དང་ལོག་པའི་ཁྱད་པར་ལས། རྟག་ཏུ་རྨི་ལམ་འདྲ་བར་འགྱུར། ཞེས་ཉིན་མཚན་ཁྱད་མེད་པ་ཉམས་ལེན་གྱིས་ཟིན་པ་གཉིད་ལོག་པས་འཚང་རྒྱ་བ། མཆོག་གི་གཏུམ་མོ་ངོ་འཕྲོད་པས་ཆོག་པས་རང་བཞིན་ཤེས་པས་འཚང་རྒྱ་བ་ཞེས་བྱའོ། །ལས་རྒྱ་ལ་འཛག་པའི་བདེ་བ་ཙམ་ནི་ཡུན་དུ་སྦྱངས་པས་འཛག་མེད་དུ་དག་པའི་ཕྱིར་བསྒོམས་ཏེ་འཚང་རྒྱ་བ། གསང་བའི་སྣ་རྩེར་རང་རིག་པའི་ཡེ་ཤེས་ཀྱིས་མཆོག་ཏུ་མི་འགྱུར་བའི་བདེ་བ་ངོ་འཕྲོད་པ་རང་བཞིན་ཤེས་པས། དེ་ལ་བརྟན་པས་གཉིད་ལོག་པས་དང་། ཕྱག་རྒྱ་མཆོག་དང་ཕྲད་པ་ལས་ཡུད་ཀྱིས་མངོན་དུ་བྱེད་པ་ཡོད་པ་མ་བསྒོམས་པར་འཚང་རྒྱ་བའོ། །སྒྱུ་ལུས་ལ། བསྐྱེད་རིམ་སྒྱུ་མ་བསྒོམས་པས་དང་། རྫོགས་རིམ་སྒྱུ་མ་མ་བསྒོམས་པས་དང་། བརྟན་པ་གཉིད་ལོག་པས་དང་། མཐར་ཐུག་སྒྱུ་མ་ངོ་འཕྲོད་པས་སོ། །རྨི་ལམ་ལ། འཛིན་པ་བསྒོམས་པས་དང་། འབྱོངས་པ་མ་བསྒོམས་པས་དང་། གོམས་པས་ཉིན་མཚན་ཁྱད་མེད་པ་གཉིད་ལོག་པས་དང་། དེ་ཁོ་ན་ཉིད་ངོ་འཕྲོད་པས་སོ། །འོད་གསལ་ལ། ཉིན་མོའི་འོད་གསལ་བསྒོམས་པས་དང་། མཚན་མོའི་འོད་གསལ་མ་བསྒོམས་པས་དང་། དེ་ལ་གོམས་ནས་གཉིད་ལོག་པས་དང་། འཆི་བ་འོད་གསལ་ངོ་ཤེས་པས་སོ། །བར་དོ་གསུམ་པ་བསྒོམས་པས་དང་། གཉིས་པ་མ་བསྒོམས་པས་དང་། དང་པོ་ངོ་ཤེས་པས་དང་། རྨི་ལམ་བར་དོ་གཉིད་ལོག་པས་སོ། །འཕོ་བ་རབ་ངོ་འཕྲོད་པ། འབྲིང་མ་བསྒོམས་པ། ཐ་མ་བསྒོམས་པས། རྨི་ལམ་གྱི་འཕོ་བ་གཉིད་ཉལ་བས་སོ། །གྲོང་འཇུག རབ་འོད་གསལ་ལས་ཟུང་འཇུག་ཏུ་འཇུག་པའི་གྲོང་འཇུག་ནི་རང་བཞིན་ཤེས་པས་དང་། རྣམ་སྨིན་གྱི་ལུས་གཞན་ལ་འཇུག་པ་བསྒོམས་པས་དང་། ཐོད་བརྒལ་ནསའཇའ་ལུས་སུ་འཇུག་པ་མ་བསྒོམས་པས་དང་། རྨི་ལམ་ལས་ལྷ་ལ་སོགས་པའི་སྐུར་འཇུག་པ་གཉིད་ལོག་པས་སོ། །བརྩོན་པ་གསུམ་གྱིས་འབྲས་ཐོབ་ཚུལ་ཡང་བསྟན། གཏུམ་མོ་ལ། མཆོག་གི་གཏུམ་མོ་མངོན་དུ་བྱས་པ་དང་། དེ་བཞིན་ཡིད་ནང་དུ་ཆུད་པ་དང་། མཐར་ཐུག་སྒྱུ་མ་དང་། རྨི་ལམ་གྱི་དེ་ཁོ་ན་ཉིད་དང་། འོད་གསལ་ངོས་ཟིན་པ་དང་། བར་དོའི་ནང་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་འདྲེས་པ་དང་། འཕོ་བ་རབ་དང་། གྲོང་འཇུག་རྣམས་ཚེ་འདིར་འཚང་རྒྱ་བའི་ལམ། ཐོད་བརྒལ་གྱི་གཏུམ་མོ་དང་། ཡས་བརྟན་གྱི་དགའ་བ་ངོ་འཕྲོད་པ་དང་། ཐོད་བརྒལ་སྒྱུ་མ་དང་། རྨི་ལམ་འབྱོངས་པ་དང་། ཉམས་ཀྱི་འོད་གསལ་དང་། སྲིད་པ་བར་དོ་དང་། འཕོ་བ་འབྲིང་དང་། བར་དོའི་གྲོང་འཇུག་རྣམས་སྲིད་པ་བར་མ་དོར་འཚང་རྒྱ་བའི་ལམ་ཞེས་བྱའོ། །ཐུན་མོང་གི་ཉམས་དང་། མ་དག་པའི་སྒྱུ་ལུས་དང་། རྨི་ལམ་ཟིན་པ་ཙམ་དང་། ཉམས་ཀྱི་འོད་གསལ་སྐྱེས་ཙམ་དང་། བར་དོ་གསུམ་པ་དང་། འཕོ་བ་དང་། གྲོང་ཚེ་གཞན་དུ་འཇུག་པ་རྣམས་ཀྱིས་ནི་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ཞེས་བྱའོ། །གདུལ་བྱ་སྣ་ཚོགས་འདུལ་ལ་བཀྲི་ཚུལ་དང་། དུ་མའི་མིང་གིས་བཏགས་པ་མ་གཏོགས་པ། །བཤད་བྱ་འདི་ལས་གཞན་དུ་མེད་པའི་གཏམ། །རྡོ་རྗེ་སེམས་ཉིད་བླ་མར་བྱོན་པ་གསུང་རྒྱལ་བ་རྣམས་ཐབས་ལ་མཁས་པས་ཟུང་འཇུག་གི་ལམ་བརྒྱད་པོ་འདི་ཉིད་བཀྲི་ཚུལ་གོ་རིམ་སློག་པ་དང་། མིང་གཞན་དང་གཞན་བསྙད་ནས་བཤད་པར་མཛད་པ་མ་གཏོགས་རྒྱུད་སྡེ་གང་དུ་ཡང་དོན་གཞན་ཞིག་བཤད་པར་བྱར་ཡོད་པ་མ་ཡིན་ནོ་ཞེས། རྡོ་རྗེ་སེམས་དཔའ་ཉིད་བདག་གི་བླ་མར་བྱོན་པ། རྗེ་ངག་གི་དབང་པོའི་ཞལ་སྔ་ནས་དང་། རྗེ་བཙུན་བཙུན་མོ་ཅན་གསུང་ངོ་། །ཞེས་བརྗོད་དོ། །ད་ནི་ལམ་དེ་དག་གིས་བསྒྲུབས་པའི་རྟོགས་པ་ས་ལམ་དུ་རྣམ་པར་བཤད་པར་བྱ་སྟེ། བཅུ་གཅིག་ཕ་རོལ་ཕྱིན་པའི་གཞུང་གི་དོན། ས་བཅུའི་གཅིག་ཏུ་གསུངས་པ་ནི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་གྲགས་པ་སྟེ། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་བསྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱངས་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །བགྲོད་པའི་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱི་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་གསུངས་ལ། དེ་ཡང་། ས་དང་པོ་ལ་གནས་པས་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ནུས་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་རྣམས་ཀྱིས་བྱིན་གྱིས་བརླབས་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་བསྐྱོད་པར་བྱེད་པ་དང་། སྣང་བར་བྱེད་པ་དང་། དེ་དག་ཏུ་འགྲོ་བར་བྱེད་པ་དང་། སེམས་ཅན་བརྒྱ་སྦྱོངས་བར་བྱེད་པ་དང་། ཆོས་ཀྱི་སྒོ་བརྒྱ་སྟོན་པ་དང་། བསྐལ་པ་བརྒྱར་འཇུག་པ་དང་། བསྐལ་པ་བརྒྱའི་སྔོན་དང་ཕྱི་མཐའ་ཤེས་པ་དང་། ལུས་བརྒྱ་སྟོན་པ་དང་། ལུས་རེ་རེ་ལ་བྱང་སེམས་ཀྱི་འཁོར་བརྒྱ་བརྒྱ་སྟོན་པ་སྟེ་བརྒྱ་ཕྲག་བཅུ་གཉིས་སུ་གསུངས་ཤིང་། ས་གཉིས་པ་ལ་སོགས་པར་སྟོང་དང་འབུམ་ལ་སོགས་པར་གསུངས་སོ། །ས་དང་པོ་མཐོང་བའི་ལམ་དང་། གཞན་དགུ་བསྒོམ་པའི་ལམ་དང་། བཅུ་གཅིག་པ་མི་སློབ་ལམ་མོ། །བཅུ་གསུམ་མན་ཆད་རྒྱུད་སྡེར་གྲགས་པའི་གཏམ། བཅུ་ནས་བཞིའི་བར་དུ་བགྲངས་པ་དེ་དག་ནི་སྔགས་ཀྱི་ཐེག་པ་ལ་གྲགས་པའི་གཏམ་སྟེ། ཇི་ལྟར་མདོ་ནས་གསུངས་པའི་ས་བཅུ་གཅིག་དང་། སྔགས་ནས་གསུངས་པ་གཉིས་གུངས་མཐུན་པར་ཤེས་ན་མདོ་ལམ་རང་གིས་ཀྱང་རྫོགས་པའི་སངས་རྒྱས་འགྲུབ་པ་ལ་སོགས་པ་ཤེས་པར་འགྱུར་ཞིང་། དེས་དབང་པོ་རྣོན་པོ་རྣམས་ལ་ཕྱོགས་གཅིག་ཏུ་འཛིན་པ་དགྲོལ་བར་ནུས་པའི་ཕྱིར། འགལ་མེད་ཀུན་གྱིས་སངས་རྒྱས་འགྲུབ་པ་འདི། །ཆོས་ཀུན་སྒྱུ་མར་བཤད་པའི་ཕྱག་རྒྱ་ཡིན་ཞེས་སྨྲས་སོ། །བཅུ་གསུམ་རྒྱུད་ལུང་འཕགས་ཡིན་འགྲེལ་མཛད་འགས། །གཞན་དུའང་བཀྲལ་ཞིང་། །དེ་ཡང་རྡོ་རྗེ་འཛིན་པའི་ས་བཅུ་གསུམ། མངོན་སྤྱོད་བླ་མ་ལས། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། ཞེས་གསུངས་པའི་ས་ནི་འཕགས་པའི་ས་འབའ་ཞིག་ཡིན་ལ། དགོངས་པ་ལུང་སྟོན་ལས་ཀྱང་། སངས་རྒྱས་རྣམས་ཀྱིས་གང་བརྟེན་པ། སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་གསུངས་སོ། །ཨ་བྷ་ཡའི་མན་ངག་སྙེ་མ་ལས། ཆོས་ཀྱི་སྤྲིན་གྱི་མཐར་ཐུག་པའི་བྱང་ཆུབ་སེམས་དཔའི་ས་རྣམས་ཀྱི་འབྲས་བུའི་གནས་སྐབས་ཀྱི་སངས་རྒྱས་ཀྱི་ས་བཅུ་གཅིག་པ་ཞེས་པས་བཅུ་གཅིག་པའོ། །མོས་པས་སྤྱོད་པའི་ས་དང་ལྷན་ཅིག་བཅུ་གཉིས་པའོ། །ལས་དང་པོ་པའི་ས་དང་ལྷན་ཅིག་བྱས་པས་བཅུ་གསུམ་པའོ། །ཡང་ན། ཁྱད་པར་གྱི་ལམ་གྱི་ངོ་བོས་དཔེ་མེད་པའི་ས་དང་ལྷན་ཅིག་བཅུ་གཉིས་པ་ལ་སངས་རྒྱས་ཀྱི་སར་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཅན་དུ་ཡེ་ཤེས་ལྡན་པའི་ས་དང་བཅུ་གསུམ་མོ་ཞེས་པ་ནི། ཇི་ལྟར་གདུལ་བྱའི་བསམ་པས་མདོ་དང་རྒྱུད་ལ་སོགས་པར་རྣམ་པར་གཞག་པའོ་ཞེས་གསུངས་པས། ཚོགས་ལམ་ཚོགས་ཀྱི་ས་དང་། སྦྱོར་ལམ་མོས་པས་སྤྱོད་པའི་ས་བཅུ་གཅིག་གི་སྟེང་དུ་བསྣན་ནས་བཅུ་གསུམ་དུ་མཛད་ཅིང་། དཔེ་མེད་པ་དང་ཡེ་ཤེས་ལྡན་གཉིས་ཀ་ས་བཅུ་གཅིག་པ་ཐམས་ཅད་མཁྱེན་པའི་སར་འདུས་པའམ། ཡང་ན། ས་བཅུ་པའི་ཁྱད་པར་ལམ་དཔེ་མེད། རྒྱུན་མཐའ་བར་ཆད་མེད་ལམ་ཡེ་ཤེས་ལྡན་གྱི་ས་ཡིན་པར་བྱས་ནས་བཅུ་པས་བསྡུས་པར་བཞེད་དོ། །འདིར། ཁམས་འདུས་པ་དང་པོ་ཚོགས་ལམ་ཆུང་ངུ་། བར་པ་འབྲིང་། ཐ་མ་ཆེན་པོ་སྟེ། དེའི་དུས་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་མཐོང་བས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཞེས་བྱ་ལ། དེ་གསུམ་ཀ་རྩའི་ཞིང་དུ་རླུང་དང་ཁམས་དཀར་དམར་ཚོགས་པའི་དབང་གིས་ཚོགས་ཀྱི་ས་ཞེས་བྱའོ། །དེ་ནས་གཏུམ་མོའི་རྦ་རླབས་བརྟན་པའི་དྲོད་ཀྱིས་རྩ་ཐམས་ཅད་ཁ་ཕྱེ་བ་དྲོད་དང་། བྱང་ཆུབ་ཀྱི་སེམས་བཞུ་བ་སྤྱི་བོ་ནས་རྐང་པའི་མཐིལ་གྱི་བར་དུ་ཁྱབ་བ་རྩེ་མོ་དང་། དཀར་དམར་ཕྲད་པའི་བདེ་བ་ཟག་པ་དང་བཅས་པའི་རང་བཞིན་ལས་རྐྱེན་གཞན་གྱིས་མི་གཡོ་བ་བཟོད་པ་དང་། མགྲིན་པ་དང་སྙིང་ག་དང་གསང་བའི་སྣ་རྩེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་འཛིན་ནུས་པ་ཆོས་མཆོག་སྟེ། ཐིག་ལེ་དཀར་དམར་སྙོམས་པར་འཇུག་པའི་དོན་གྱིས་སྦྱོར་བའི་ལམ་དང་། ཟག་པ་དང་བཅས་པའི་བདེ་བ་ལ་བདེ་བ་ཆེན་པོར་མོས་པས། མོས་པས་སྤྱོད་པའི་ས་ཞེས་བྱའོ། །དེས་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ས་བཅུ་གཅིག་ཏུ་གསུངས་པ་དང་། འདིར་བཅུ་གསུམ་ལ་སོགས་པར་གསུངས་པ་མི་འགལ་ལ། འགའ་ཞིག་ཕ་རོལ་ཏུ་ཕྱིན་པའི་ས་ཀུན་ཏུ་འོད་ནི་རྒྱུ་ལ་འབྲས་བུའི་མིང་གིས་སངས་རྒྱས་སུ་བཏགས་པ་ཡིན་གྱི། སངས་རྒྱས་དངོས་མིན་ནོ་ཞེས་ཟེར་བ་མི་འཐད་དེ། མན་སྙེ་དང་། །བྷ་ཝ་བྷ་དྲས་མཛད་པའི་ཀྱེ་རྡོར་གྱི་འགྲེལ་པར། ཀུན་ཏུ་འོད་སངས་རྒྱས་ཀྱི་སར་གསུངས་ཤིང་། མུ་ཏིག་ཕྲེང་བར་ཡང་བཅུ་གཅིག་པ་སངས་རྒྱས་ཀྱི་སར་གསུངས་སོ། །དབང་གི་བཅུ་བཞི་དང་། བཤད་རྒྱུད་རྡོ་རྗེ་འཕྲེང་བར་དབང་བསྐུར་རྣམ་པ་བཅུ་བཞི་སྟེ། དབང་བསྐུར་རེ་རེ་ས་རེའོ། ཞེས་དབང་གི་རྣམ་དག་ལ་དགོངས་ནས་ས་བཅུ་བཞིར་གསུངས་པ་ཡང་། ཚོགས་ལམ་དད་པའི་ས་དང་། སྦྱོར་ལམ་མོས་པའི་ས་གཉིས། འཕགས་པའི་ས་དགུ། བཅུ་པ་ལ་བཅུ་པ་ཙམ་དང་། ཁྱད་པར་ལམ་དང་། བར་ཆད་མེད་ལམ་གསུམ་དུ་ཕྱེ་བའི་དང་པོ་གཉིས་བཅུ་པར་བསྡུས། བར་ཆད་མེད་ལམ་བཅུ་གཅིག་པ་དང་། ཀུན་ཏུ་འོད་ས་བཅུ་གཉིས་པར་བྱས་ནས་བཅུ་བཞིར་གསུངས་པའོ། །ཟླ་བའི་དག་པས་བཅོ་ལྔར་གསུངས་པ་ཡིན། ཡེ་ཤེས་ཐིག་ལེ་ལས་ཟླ་བའི་ཆ་དག་པའི་ས་བཅོ་ལྔར་བཤད་དེ། རྒྱུད་དེ་ཉིད་ལས། མོས་པས་སྤྱོད་པ་ས་དང་པོ། གཉིས་པ་རབ་ཏུ་དགའ་བ། གསུམ་པ་དྲི་མ་མེད་པ། བཞི་པ་འོད་བྱེད་པ། །ལྔ་པ་འོད་འཕྲོ་བ། དྲུག་པ་སྦྱང་དཀའ་བ། བདུན་པ་མངོན་དུ་གྱུར་པ། བརྒྱད་པ་རིང་དུ་སོང་བ། དགུ་པ་མི་གཡོ་བ། བཅུ་པ་ལེགས་པའི་བློ་གྲོས། དེ་རྣམས་ནི་བྱང་ཆུབ་སེམས་དཔའི་སའོ། །ཆོས་ཀྱི་སྤྲིན་སངས་རྒྱས་ཀྱི་ས་དང་། ཀུན་ཏུ་འོད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་དང་། ཀུན་ཏུ་སྣང་བ་མཆེད་པའི་འོད་ནི་དཔལ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་ས། ཀུན་ཏུ་སྣང་བ་ཐོབ་པའི་འོད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ས། བརྗོད་དུ་མེད་པ་ཚད་མེད་པ་ནི་བདེ་བ་ཆེན་པོའི་ས་སྟེ། དེ་ཀུན་དགའ་བའི་བྱེ་བྲག་ལ། སར་ནི་ཀུན་ཏུ་བཏགས་པའོ། །ཞེས་གསུངས་པ་འདིར། དད་པ་དང་མོས་པ་འཇུག་པ་གཅིག་པའི་དབང་གིས་ཚོགས་སྦྱོར་ལ་མོས་པའི་ས་ཞེས་གཅིག་ཏུ་བྱས་ནས་བྱང་ཆུབ་སེམས་དཔའི་ས་བཅུ། ཀུན་ཏུ་འོད་དང་སྐུ་གསུམ་ས་གསུམ་སྟེ། ས་བཞི་རྫོགས་པའི་སངས་རྒྱས་ཀྱི་ས་སྟེ་བཅོ་ལྔར་གསུངས་པ་ཡིན་ནོ། །གནས་སོགས་མིང་གིས་རབ་དགའ་ལ་སོགས་དང་། །ཀུན་ཏུ་འོད་སོགས་ཕར་ཕྱིན་བྱང་ཕྱོགས་དང་། །སྦྱར་བ་ཡན་ལག་བཅུ་གཉིས་དག་པ་དང་། །དུས་སྦྱོར་རླུང་འགགས་བཅུ་གཉིས་བདེན་དོན་ས། །དགྱེས་རྡོར་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚནྡོ་ཉེ་བའི་ཚནྡོ་དང་། དེ་བཞིན་འདུ་བ་ཉེ་འདུ་དང་། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདི་ནི་གཞན་གྱིས་བརྗོད་མི་བྱ། ཞེས་རྡོ་རྗེའི་ལུས་འདི་ལ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚནྡོ་དང་ཉེ་བའི་ཚནྡོ། འདུ་བ་དང་ཉེ་བའི་འདུ་བ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དེ། གནས་ཆེན་པོ་རྣམས་ཀྱི་རྩ་མདུད་གྲོལ་བའི་རིམ་པས་ས་བཅུ་གཉིས་སུ་གསུངས་པ་སྟེ། ས་དང་པོ་ནི་གནས་ཀྱི་མིང་གིས་གསུངས་པ། གནས་ནི་རྟེན་ཏེ་འཁོར་བ་ཐོག་མ་མེད་པས་བརྒྱུད་པ་རྣམས་སུ་མ་མཐོང་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་མཐོང་བའི་ལམ་ཞེས་བྱ་ཞིང་། འདིའི་རབ་ཏུ་དགའ་བ་མང་སྟེ་ས་དང་པོའི་ཏིང་ངེ་འཛིན་དང་མངོན་ཤེས་ལ་སོགས་པའི་རང་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་དང་། སྦྱིན་པའི་ཕར་ཕྱིན་ལ་བརྟེན་ནས་སེམས་ཅན་དཔག་ཏུ་མེད་པའི་སེམས་ཚིམ་པར་བྱེད་པ་གཞན་དོན་ཕུན་སུམ་ཚོགས་པའི་རྟེན་ཡིན་པས་ན་གནས་སོ། །མཐོང་བའི་དོན་མ་ཡེངས་པར་བསྒོམས་པས་སྒོམ་པའི་ལམ་སྟེ། ས་གཉིས་པ་ནི། ཉེ་བའི་གནས་ཏེ། དེ་ལ་ཉེ་བ་ཞེས་པ་ཡུལ་དང་ཡུལ་ཉེ་བ་ནི་མ་ཡིན་ཏེ། ཕན་ཚུན་ཕན་གདགས་བྱ་འདོགས་བྱེད་དང་འབྲེལ་བའི་སྒོ་ནས་ཉེ་བར་བཞག་པ་སྟེ། ཕྱིའི་གནས་དང་། ཉེ་བའི་གནས་དང་། ཉེ་བའི་གནས་ནི་དེ་ན་གནས་པའི་རྣལ་འབྱོར་མ་རྣམས་ཕན་ཚུན་ཕན་འདོགས་པར་བྱེད་པས་ཉེ་བར་བརྟགས་ནས་ཡུལ་ལའང་བཤད་ཅིང་། ནང་དུ་རྒྱུས་ཀྱང་འབྲས་བུ་ལ་ཕན་འདོགས་པར་བྱེད་ལ། འབྲས་བུ་རྒྱུའི་ཕན་གདགས་བྱར་ཐ་སྙད་བྱེད་པའི་ཕྱིར། གནས་དང་ཉེ་བའི་གནས་སུ་བརྗོད་ཅིང་། དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ལ་སོགས་པའང་ཤེས་པར་བྱའོ། །དེས་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་བརྟེན་ནས་དགེ་བཅུ་རྣམ་པར་དག་པའི་ཕྱིར་དང་། ཏིང་ངེ་འཛིན་དང་མངོན་ཤེས་ལ་སོགས་པ་རྣམས་དབང་དུ་བྱེད་པའི་རྟེན་ཡིན་པས་ཉེ་བའི་གནས་སོ། །ས་གསུམ་པ་ནི། ཞིང་སྟེ། ཇི་ལྟར་ཞིང་ལས་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེད་པ་བཞིན་དུ་བཟོད་པའི་ཕར་ཕྱིན་རབ་ཀྱི་མཐར་ཐུག་པས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཆོས་ཀྱི་སྣང་བ་ཆེན་པོ་སྐྱེ་བས་ཞིང་ངོ་། །ས་བཞི་པ་ནི། བརྩོན་འགྲུས་ཀྱི་ཕར་ཕྱིན་གྱིས་སྔར་ལས་ཡོན་ཏན་ལྷག་པར་སྐྱེ་བས་ན་ཉེ་བའི་ཞིང་ངོ་། །ས་ལྔ་པ་ནི། ཚནྡོ་ཧ་སྟེ། དེ་ལ་ཚནྡོ་ནི་སྨོན་པའམ་འདུན་པ་སྟེ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་སྨོན་པའོ། །ཨུ་ཧ་ནི་ཇི་ལྟར་སྨོན་པ་བཞིན་དུ་བདག་གིས་བྱའོ་ཞེས་གོ་གྱོན་པའི་དོན་ནོ། །དེས་ན་བསམ་གཏན་གྱི་ཕར་ཕྱིན་ལ་བརྟེན་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་འཚོལ་བ་ལ་མངོན་པར་སྦྱོར་ཞིང་རྫོགས་པར་བྱེད་པས་ཚནྡོ་ཧའོ། །ས་དྲུག་པ་ནི་ཤེས་རབ་ཀྱི་ཕར་ཕྱིན་མངོན་དུ་གྱུར་པ་ལ་བརྟེན་ནས་སྔར་བཤད་པའི་ཡོན་ཏན་ལ་ཤིན་ཏུ་མངོན་པར་སྦྱོར་བས་ཉེ་བའི་ཚནྡོ་ཧའོ། །ས་བདུན་པ་ནི་འདུས་པ་སྟེ། འདུས་པར་བྱེད་པས་ན་འདུས་པ་ཡིན་ལ། དེའང་ཐོབ་པར་བྱེད་པའི་དོན་ནོ། །དེས་ན་ཐབས་ཀྱི་ཕར་ཕྱིན་ལ་བརྟེན་ནས་བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པའི་ཡོན་ཏན་རྣམས་མཚན་མ་མེད་ཅིང་རྩོལ་བས་འདུས་པར་བྱེད་པས་ན་འདུས་པའོ། །ས་བརྒྱད་པ་ནི་ཉེ་བའི་འདུས་པ་སྟེ། སྨོན་ལམ་གྱི་ཕར་ཕྱིན་ལ་བརྟེན་ནས་སྣོན་བཅུད་ཀྱི་ཞིང་ཡོངས་སུ་དག་པ་འབད་མེད་ལྷུན་གྲུབ་ཏུ་ཐོབ་པར་བྱེད་པས་ཉེ་བའི་འདུས་པའོ། །ས་དགུ་པ་ནི་དུར་ཁྲོད་དེ། བདག་མེད་པས་དུར་ཁྲོད་དང་འདྲ་བས་དུར་ཁྲོད་དོ། །དེ་ཡང་སྟོབས་ཀྱི་ཕར་ཕྱིན་ལ་བརྟེན་ནས་ཆོས་ཐམས་ཅད་བདག་མེད་པར་རང་གིས་རྟོགས་ནས་གཞན་ལ་སྟོན་པས་རང་གཞན་གྱི་དོན་རྫོགས་པར་བྱེད་པའི་ཕྱིར་དུར་ཁྲོད་དོ། །ས་བཅུ་པ་ནི་ཉེ་བའི་དུར་ཁྲོད་དེ། ཡེ་ཤེས་ཀྱི་ཕར་ཕྱིན་གྱིས་རང་གཞན་གྱི་དོན་མཐར་ཕྱིན་པ་དང་མཐར་ཐུག་པའི་དབང་པོ་རྫོགས་པར་བྱེད་པས་ན་ཉེ་བའི་དུར་ཁྲོད་དོ། །ས་བཅུ་གཅིག་པ་ནི་འཐུང་སྤྱོད་དེ། འཐུང་བ་ནི་ཉོན་མོངས་པ། སྤྱོད་པ་ནི་དགེ་བ་ལ་སྤྱོད་པར་བྱེད་པ་སྟེ། དེས་པདྨའི་ཕར་ཕྱིན་གྱིས་ཉོན་མོངས་པའི་ཕུང་པོ་གཅོད་པར་བྱེད་པས་ན་འཐུང་གཅོད་དོ། །ས་བཅུ་གཉིས་པ་ནི་རྡོ་རྗེ་ལས་ཀྱི་ཕར་ཕྱིན་གྱིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པས་ཉེ་བའི་འཐུང་སྤྱོད་དོ། །དེ་ལྟར་ཡང་སམྦུ་ཊ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཚནྡོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །འདུས་པ་རིང་དུ་སོང་བ་སྟེ། །ཉེ་བའི་འདུས་པ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུ་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ལ་སོགས་པ་གང་གསུངས་པ། །ཕྱི་དང་ནང་དུ་བསམ་པར་བྱ། །འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་ས་ལ་སྦྱར་བ་དོན་གྱིས་གོ་བར་དགོངས་ནས་དངོས་སུ་མ་གསུངས་ལ། འགྲེལ་པ་ཀུ་མུ་དར། འཐུང་སྤྱོད་དཔེ་མེད་ཡེ་ཤེས་ཏེ། །ཉེ་བའི་འཐུང་སྤྱོད་ཡེ་ཤེས་ཆེ། །ཞེས་ལུང་དུ་དྲངས་པས་སོ། །བཅུ་གཉིས་པ་འདིར་བསླབ་བྱ་སློབ་བྱེད་མེད་པས་མཐར་ཐུག་པའི་ཕྱིར་མི་སློབ་པའི་ལམ་ཞེས་བྱའོ། །འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་ཐ་མར་བཤད་པ་འགྲེལ་པ་དང་བཤད་པའི་རྒྱུད་ཀྱི་དབང་དུ་བྱས་པ་སྟེ། རྩ་རྒྱུད་དུ་རང་གར་འཇུག་པ་དགག་པའི་ཆེད་དུ་གོ་རིམ། འཁྲུགས་མར་གསུངས་པའམ། ཡང་ན། རྩ་རྒྱུད་དང་བཤད་རྒྱུད་མ་འཐུན་པ་གོ་རིམ་གཅིག་ཏུ་ཞེན་པ་བཟློག་པ་སྟེ། རྒྱུད་སྡེ་སོ་སོར་གནས་སོགས་ངོས་འཛིན་ཚུལ་མི་མཐུན་པ་བཞིན་ནོ། །དང་པོར་སེམས་ཅན་གྱི་དོན་དང་རྗེས་སུ་འབྲེལ་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བརྙེས་པས་དགའ་བ་དང་བདེ་བ་རྒྱ་ཆེན་པོ་ཐོབ་པའི་ཕྱིར་རབ་ཏུ་དགའ་བའོ། །གཉིས་པར། འཛག་པའི་བདེ་བ་ཐམས་ཅད་སྐྱེས་པས་ཆགས་པ་ལ་སོགས་པ་ཚུལ་ཁྲིམས་འཆལ་པའི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའོ། །གསུམ་པ། ཏིང་ངེ་འཛིན་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པར་རབ་ཏུ་གསལ་བར་ཐོབ་པ་སྟེ། ཐོས་བསམ་དང་། འཛིན་པ་དང་། ཏིང་ངེ་འཛིན་ལ་དབང་བྱེད་པས་ན་འོད་བྱེད་པའོ། །བཞི་པར་བྱང་ཆུབ་ཀྱི་ཕྱོགས་མཐུན་ལ་མཁས་པའི་ཤེས་རབ་ཀྱི་མེས་ཉོན་མོངས་པ་བག་ཆགས་དང་བཅས་པའི་བུད་ཤིང་སྲེགས་པར་བྱེད་པས་ན་འོད་འཕྲོ་བའོ། །ལྔ་པར། སྔར་གྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམས་པས་ཐོབ་པར་དཀའ་བ་ཉོན་མོངས་པ་དང་བྲལ་བའི་དབང་གྱུར་ཐོབ་པས་ན་སྦྱང་དཀའ་བའོ། །དྲུག་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་བསྒོམ་ཞིང་མཚན་མ་སྣ་ཚོགས་ཡིད་ལ་མི་བྱེད་པའི་ས་མངོན་དུ་བྱེད་པས་ན་མངོན་དུ་གྱུར་པའི་སའོ། །འདུན་པར་རྟག་ཏུ་མཚན་མ་མེད་པ་ཡིད་ལ་བྱེད་པས་མཚན་མར་འཛིན་པའི་ས་ལས་རིང་དུ་སོང་ཞིང་རྣམ་པར་དག་པའི་ས་ལ་འཇུག་པས་ན་རིང་དུ་སོང་བའོ། །ས་བརྒྱད་པ་ནི། མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་མཚན་མ་དང་ཉོན་མོངས་པའི་ཚོགས་དང་ལས་ཀྱི་རླུང་གིས་ཀྱང་མི་གཡོ་བའི་ཕྱིར་མི་གཡོ་བའོ། །དགུ་པར་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་བས་ཁ་ན་མ་ཐོ་བ་མེད་པའི་སོ་སོ་ཡང་དག་པར་རིག་པ་བཞིའི་བློ་གྲོས་རྒྱ་ཆེན་པོ་ཐོབ་པས་ན་ལེགས་པའི་བློ་གྲོས་སོ། །བཅུ་པར་གཟུངས་དང་ཏིང་ངེ་འཛིན་གྱི་མཛོད་དུ་གྱུར་པ་སྤྲིན་རུམ་འཐུག་པོ་ལྟ་བུ་ནས་སེམས་ཅན་གྱི་ཁམས་ནམ་མཁའ་ལྟ་བུ་ལ་ཆོས་ཀྱི་ཆར་གྱིས་ཚིམ་པར་བྱེད་པས་ན་ཆོས་ཀྱི་སྤྲིན་ནོ། །བཅུ་གཅིག་པར་ཉོན་མོངས་པ་ཕྲ་མོའི་སྒྲིབ་པ་སྤངས་པས་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཉོན་མོངས་པ་འཇོམས་པར་བྱེད་པས་སངས་རྒྱས་སའོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་མངོན་པར་རྫོགས་པའི་བྱང་ཆུབ་པ་ཐོབ་པའི་ཕྱིར་ས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་ས་འམ་ཀུན་ཏུ་འོད་ཀྱི་སའོ། །ཡང་། དང་པོ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འཛག་བདེ་མ་རིག་པའི་མུན་པ་སེལ་བའི་ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུ་ཡིན་པས་ཀུན་ཏུ་འོད་ཅེས་བྱའོ། །གཉིས་པ་བྱང་ཆུབ་སེམས་ཀྱི་ཟླ་བ་འཛག་པའི་དྲི་མ་དང་བྲལ་བའི་འོད་གསལ་མངོན་དུ་གྱུར་པས་བདུད་རྩི་འོད་ཀྱི་སའོ། །གསུམ་པ་ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་པ་ལ་གནས་པས་ནམ་མཁའ་འོད་ཀྱི་སའོ། །བཞི་པ་ལྷག་པའི་བསམ་པ་བརྟན་པོས་སྦྱོར་བས་རྟོག་པས་མི་བྱེད་པའི་ཡིད་དགའ་བ་དང་ལྡན་པས་ན་རྡོ་རྗེ་འོད་ཀྱི་སའོ། །ལྔ་པ་མངོན་པར་དབང་བསྐུར་བ་ལ་གནས་པས་ན་རིན་ཆེན་འོད་ཀྱི་སའོ། །དྲུག་པ་པདྨ་བཞིན་དུ་སེམས་རང་བཞིན་གྱིས་དག་ཅིང་དྲི་མ་མེད་པའི་ཆོས་ཡོངས་སུ་འཛིན་པས་ན་པདྨ་འོད་ཀྱི་སའོ། །བདུན་པ་སངས་རྒྱས་ཀྱི་འཕྲིན་ལས་བྱེད་པའི་ཕྱིར་ལས་ཀྱི་འོད་ཀྱི་སའོ། །བརྒྱད་པ་ས་བདུན་པ་མན་ཆད་ཀྱི་དཔེ་ལས་འདས་པ་ཡེ་ཤེས་ཁྱད་པར་ཅན་སྐྱེས་པའི་ཕྱིར་དཔེ་མེད་ཀྱི་སའོ། །དགུ་པ་དཔེ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་དཔེ་སོ་སོར་རྟོགས་པར་བྱེད་པས་དཔེ་ལྡན་གྱི་སའོ། བཅུ་པར་སངས་རྒྱས་ཀྱི་ས་དང་འདྲ་བའི་ཡེ་ཤེས་བླ་ན་མེད་པ་དང་ལྡན་པའི་ཕྱིར་ཤེས་རབ་འོད་ཀྱི་སའོ། །བཅུ་གཅིག་པ་སྒྲིབ་པའི་མུན་པ་མཐའ་དག་སེལ་བ་རབ་ཏུ་འོད་གསལ་དང་ལྡན་པས་ཐམས་ཅད་མཁྱེན་པའི་སའོ། །བཅུ་གཉིས་པ་རྣལ་འབྱོར་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་སོ་སོ་རང་གིས་རིག་པའི་སའོ། །དེ་ལྟར་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ནི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་བྱེད་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་བྱ་བ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་གསུངས་པས་སོ། །དེ་ལ་གནས་ལ་སོགས་པ་ནི་ཡོན་ཏན་སྐྱེད་པའི་རྒྱུའི་ཆ་ནས་མིང་དུ་བཏགས་ལ། རབ་ཏུ་དགའ་བ་ལ་སོགས་པ་ནི་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པའོ། །ཀུན་ཏུ་འོད་ལ་སོགས་པ་ནི་དཔེ་དང་ཆོས་མཐུན་པར་རང་གི་ངོ་བོ་བསྟན་པའོ། །དེ་ཡང་། ས་དང་པོ་ཐོབ་པས་འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པ་མཐོང་བ་ཡིན་ཅིང་། ས་གཉིས་པ་ནས་བཅུ་གཅིག་པའི་བར་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཉིས་ནས་ཉིས་འགྱུར་དུ་བགྲེས་པས་སྟོང་ཉི་ཤུ་རྩ་བཞིའི་བར་དུ་མཐོང་ཞིང་ས་བཅུ་གཉིས་པ་ནས་ཐམས་ཅད་གཟིགས་པར་གསུངས་ལ། མདོར་ཞིང་ཁམས་བརྒྱ་མཐོང་བ་སྤྲུལ་སྐུའི་ཞིང་གི་དབང་དུ་མཛད་ལ། འདིར་གཅིག་ཅེས་གསུངས་པ་ལོངས་སྐུའི་ཞིང་ཡིན་པས་སྔགས་ཀྱི་ཚུལ་འདི་ནས་གསུངས་པ་ཆེས་ལྷག་པ་ཡིན་ནོ། །ཞེས་བདག་གི་བླ་མ་དམ་པའི་ཞལ་ལས་སོ། །ས་དེ་དག་ཏུ་རྫོགས་པར་འགྱུར་བའི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟར། སྦྱིན་པ་ནི། ཕྱི་ནང་གི་དངོས་པོ་མཐའ་དག་ཡོངས་སུ་གཏོང་ཞིང་རྣམ་པར་རྟོག་པའི་སྤྲོས་པ་དང་། ཡིད་ཀྱི་རྣམ་འཕྲུལ་མཐའ་དག་གཏོང་བའོ། །ཚུལ་ཁྲིམས་ནི། ལས་རྒྱ་དང་འགྲོགས་ཀྱང་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པའོ། །བཟོད་པ་ནི། ཕ་རོལ་གྱི་ཡུལ་ལ་མངོན་པར་ཞེན་པ་མེད་པའོ། །བརྩོན་འགྲུས་ནི། གཡས་གཡོན་གྱི་རླུང་བཅུ་དབུ་མར་བཅིངས་པའོ། །བསམ་གཏན་ནི། ལྷན་ཅིག་སྐྱེས་པའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་གནས་པའོ། །ཤེས་རབ་ནི་གཞོམ་དུ་མེད་ཅིང་ཀུན་ཏུ་སོན་པའི་གསུང་ཐམས་ཅད་པའོ། །ཐབས་ནི། ཕྱག་རྒྱའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཡན་ལག་གསལ་བའི་དོན་དུ་བཙན་ཐབས་ཀྱི་སྦྱོར་བས་ཐིག་ལེ་འགོག་པའོ། །སྟོབས་ནི། བདེ་བ་ཆེན་པོའི་མཐུས་སྲིད་པ་གསུམ་མཐར་བྱེད་པའོ། །སྨོན་ལམ་ནི། ཏིང་ངེ་འཛིན་གྱི་ཡན་ལག་གསལ་བས་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐད་ཅིག་འབྱུང་བས་ན་རང་གཞན་གྱི་དོན་ཐམས་ཅད་རྫོགས་པའོ། །ཡེ་ཤེས་ནི། ནོར་བུའི་ལྟེ་བའི་ནང་ནས་བརྩམས་ཏེ་ལོག་ནས་གཙུག་ཏོར་གྱི་བར་གྱི་བདེ་བ་ཆེན་པོའོ། །རིན་པོ་ཆེ་པདྨའི་ཕ་རོལ་ཏུ་ཕྱིན་པ་ནི། ཉོན་མོངས་པའི་ཕུང་པོ་ཐམས་ཅད་ཉེ་བར་ཞི་བས་འཁོར་བ་ལ་མི་གནས་པའོ། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྙིང་རྗེའི་ཕུང་པོ་རྫོགས་པ་སྲིད་པའི་སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་པའི་འཕྲིན་ལས་ཞི་བ་ལ་མི་གནས་པའོ། །སའི་ཁམས་ཀྱི་རླུང་དང་རྩ་དང་ཐིག་ལེ་ལ་སོགས་པ་སྒྲིབ་བྲལ་དུ་གྱུར་པ་ནི་ལུས་དྲན་པ་ཉེར་བཞག མེའི་ཁམས་སྒྲིབ་བྲལ་དུ་གྱུར་པ་ཚོར་བ་དྲན་པ་ཉེ་བར་བཞག་པ་གཉིས་དང་པོ། ཆུའི་ཁམས་སྒྲིབ་བྲལ་དུ་དག་པ་སེམས་དང་། རླུང་གི་ཁམས་སྒྲིབ་བྲལ་དུ་དག་པ་ཆོས་དྲན་པ་ཉེ་བར་བཞག་པ་གཉིས་གཉིས་པའོ། །དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཡན་ལག་གསུམ་ནི་གསུམ་པ། དྲན་པ་དང་ཆོས་རབ་ཏུ་འབྱེད་པ་དང་། བརྩོན་འགྲུས་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཡན་ལག་བཞི་ནི་བཞི་པ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ལྔ་པ། ཡང་དག་སྤོང་བཞི་དྲུག་པ། དབང་པོ་ལྔ་བདུན་པ། སྟོབས་ལྔ་བརྒྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་ནི་དགུ་པ་དང་བཅུ་པའམ། རྫུ་འཕྲུལ་གྱི་རྐང་པ་བཞི་ས་དང་པོ། དད་པ་དང་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་གྱི་དབང་པོ་བཞི་གཉིས་པ། ཤེས་རབ་ཀྱི་དབང་པོ་དང་དད་པའི་སྟོབས་གཉིས་གསུམ་པ། བརྩོན་འགྲུས་དང་དྲན་པའི་སྟོབས་བཞི་པ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ལྔ་པ། ཏིང་ངེ་འཛིན་དང་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དྲུག་པ། དགའ་བ་དང་ཤིན་ཏུ་སྦྱང་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་པ། ཆོས་རབ་ཏུ་འབྱེད་པ་དང་དྲན་པ་ཡང་དག་བྱང་ཆུབ་ཡན་ལག་ནི་བརྒྱད་པ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཡང་དག་པའི་ལྟ་བ་འཕགས་ལམ་ཡན་ལག་གཉིས་དགུ་པ། ཡང་དག་པའི་རྟོག་པ་དང་ངག་གཉིས་བཅུ་པ། ཡང་དག་པའི་ལས་ཀྱི་མཐའ་དང་། འཚོ་བ་དང་རྩོལ་བ་དང་། དྲན་པ་བཞི། ཡང་དག་པར་སྤོང་བ་བཞི་བཅུ་གཅིག་པ། དྲན་པ་ཉེར་བཞག་བཞི་དང་། ཡང་དག་པའི་ཏིང་ངེ་འཛིན་བཅུ་གཉིས་པར་གསུངས་པ་ཕྱག་རྡོར་གྱིས་དང་སྔ་མ་དུས་འཁོར་དབང་ལེ་ལས་སོ། །གཞུའི་དུས་སྦྱོར་གྱི་རླུང་བརྒྱ་ཕྲག་བཅོ་བརྒྱད་འགགས། རྒ་ཤིའི་རྟེན་འབྲེལ་དག་པ་ས་དང་པོ། །བྱང་ཆུབ་ཀྱི་སེམས་གསང་གནས་ཀྱི་ཕྱེད་དུ་བརྟན། སྡིག་པའི་དུས་སྦྱོར་དང་སྐྱེ་བ་འགགས་གསང་གནས་རིལ་པོར་བརྟན་པ་གཉིས་པ། སྲང་དང་བུ་མོའི་དུས་སྦྱོར་དང་། སྲིད་པ་ལེན་པ་འགོག་པའི་ས་གཉིས་ཏེ་བཞི། ལྟེ་བར་བྱང་སེམས་བརྟན། སེང་གེ་དང་། ཀརྐ་ཊ་དང་སྲེད་པ་དང་ཚོར་བ་འགགས་སྙིང་གར་ས་གཉིས་ཏེ་དྲུག འཁྲིགས་པ་དང་གླང་དང་རེག་པ་དང་སྐྱེ་མཆེད་དྲུག་འགགས་པའི་མགྲིན་པར་ས་གཉིས་ཏེ་བརྒྱད། ལུག་དང་ཉ་དང་མིང་གཟུགས་དང་རྣམ་པར་ཤེས་པ་དཔྲལ་བར་འགགས་པའི་ས་གཉིས་ཏེ་བཅུ། བུམ་པ་དང་ཆུ་སྲིན་དང་འདུ་བྱེད་དང་མ་རིག་པ་གཙུག་ཏོར་ཏུ་འགགས་པའི་ས་གཉིས་ཏེ་ས་བཅུ་གཉིས་ལ་བདེན་དོན་རྣམ་པ་བཅུ་གཉིས་རིག་པ་ཞེས་བྱ་སྟེ། ལུས་ངག་ཡིད་དབེན་པའི་རྒྱུ་མཐུན་གྱི་དབྱེ་བས་སྤྲུལ་པའི་སྐུ་གསུམ་དང་། རྣམ་སྨིན་ལ་སྣང་བ་དང་། སོ་སོར་སྣང་བ་དང་། རང་བཞིན་གྱིས་སྣང་བ་མེད་པའི་དབྱེ་བས་ལོངས་སྐུ་གསུམ་དང་། སྐྱེས་བུ་བྱེད་པ་ལ་སེམས་དང་སེམས་བྱུང་དང་མ་རིག་པ་འགགས་པའི་དབྱེ་བས་ཆོས་སྐུ་གསུམ་དང་། བྲལ་འབྲས་ལ། དགའ་བ་གཉིས་དང་། ཁྱད་དགའ་དང་། ལྷན་ཅིག་སྐྱེས་པའི་དགའ་བའི་དྲི་བྲལ་གྱི་དབྱེ་བས་ཡེ་ཤེས་སྐུ་གསུམ་སྟེ། བསྲེ་སྐོར་དུ་ཐིག་ལེའི་དབང་དུ་མཛད་པའི་ས་བཅུ་གཉིས་གསུངས་པ་དང་གནད་གཅིག་གོ །དུས་འཁོར་རྩ་རྒྱུད་ལས། སྲོག་ལ་སོགས་རླུང་མ་དག་པ། ཡན་ལག་བཅུ་གཉིས་རིགས་འབྱུང་བ། དེ་རྣམས་ཁྱིམ་དུ་ཡང་དག་བཤད། དེ་རྣམས་ལ་ནི་གཟའ་རྣམས་འབྱུང་། །རྣམ་པ་བཅུ་གཉིས་འཁོར་ལོ་ནི། །ཡན་ལག་བཅུ་གཉིས་སྲིད་པར་བཤད། ཡན་ལག་བཅུ་གཉིས་འགགས་པ་ཡིས། །འཇིག་རྟེན་འདྲེན་པ་རྫོགས་སངས་རྒྱས། །ཞེས་གསུངས་ཤིང་། དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་། ནོར་བུའི་སྣ་རྩེར་རླུང་བུམ་པ་ཅན་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་འཆིང་བར་ནུས་པས་རླུང་ཉི་ཁྲི་ཆིག་སྟོང་དྲུག་རྒྱ་འགགས་པ་ནི་རྒྱུའི་ཡན་ལག་བཅུ་གཉིས་འགགས་པའི་ས་སྟེ་འཇིག་རྟེན་པའི་ལམ་ཉིད་ལ་ཕྱེ་བའོ། གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང་། བསྐྱེད་པའི་རིམ་ལ་གནས་པ་ཡི། །རབ་ཏུ་དགའ་བ་ནས་བརྩམས་ཏེ། །མངོན་དུ་གྱུར་པའི་བར་དུ་བགྲོད། །རིང་དུ་སོང་བ་དྲུག་པ་ནས། །མི་གཡོ་བ་ཡི་བར་དག་ཏུ། །སྦྱོར་བ་གསུམ་གྱིས་ངེས་པར་སྦྱང་། །ལས་ལ་སྦྱོར་བ་ས་བརྒྱད་པ། །སྣང་བ་གསུམ་ལ་ཞུགས་པ་དག །ས་བཅུ་ལ་ནི་ངེས་གནས་པ། །རང་བཞིན་བརྒྱ་དང་དྲུག་ཅུ་པོ། །འོད་གསལ་བ་ལ་ཐིམ་གྱུར་པས། །སྦྱང་བྱ་སྦྱོང་བྱེད་གཉིས་ལ་ནི། །སློབ་དང་མི་སློབ་རྣམ་གཉིས་ཀྱིས། །བཅུ་གཅིག་བཅུ་གཉིས་བདེ་གཤེགས་ལམ། །དེར་གནས་བདེ་བ་ཆེན་པོ་ཡིས། །བཅུ་གསུམ་རྡོ་རྗེ་འཛིན་ལ་གནས། །ཞེས་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་ཐོབ་ལ་འོད་གསལ་མངོན་དུ་མ་བྱས་པ་ས་བཅུ་གཉིས་པ་ཐོབ་པར་གསུངས་པ་དང་གནད་གཅིག་གོ །མན་སྙེར། འཐུང་སྤྱོད་མོས་སྤྱོད་ཀྱི་ས་དང་། ཉེ་བའི་འཐུང་སྤྱོད་སངས་རྒྱས་ཀྱི་སར་བཤད་པ་དང་། རིན་པོ་ཆེ་པདྨའི་ཕ་རོལ་ཏུ་ཕྱིན་པ་མོས་སྤྱོད་ལ་སྦྱར་བར་གཞན་ནས་བཤད་པ་གནད་གཅིག་ཅིང་། སློབ་དཔོན་ཤཱནྟི་པ་དང་། །བྷ་ཝ་བྷ་དྲ་དང་། ཀ་ཡ་ཧྶྭ་བགྲེས་པོ་རྣམས་ཀྱིས་མོས་པས་སྤྱོད་པའི་ས་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། ཀུན་ཏུ་འོད་ཀྱི་ས་བཅུ་གཅིག་ཡིན་ནོ་ཞེས་འབྱུང་བ། ཕྱག་ན་རྡོ་རྗེས་ཆོས་ཀྱི་སྤྲིན་ཐོབ་ཀྱང་དབུགས་སྟོང་བརྒྱད་བརྒྱ་པ་གཉིས་མ་འགགས་པར་བཤད་པ་དང་མ་མཐུན་པ་འདིར་བྱང་ཆུབ་སེམས་དཔའི་འགྲེལ་པ་བཞིན་གཟུང་ངོ་། །རྒྱུའི་ས་ལ་རླུང་འགགས་པ་ནི་ཡོན་པོའི་རྒྱུ་བ་ཡིན་ལ། འདིར་མཉམ་རྒྱུའི་འཕོ་བ་འགགས་པའོ། །དགའ་བ་བཞི་ལ་བཞི་བཞིར་ཕྱེ་བ་ལ། །དེ་ཉིད་བཅུ་དྲུག་རིག་པའི་ས་ཞེས་བྱ། །རྣམ་པ་གཉིས་ལ་རྒྱུ་འབྲས་དབྱེ་བ་གཉིས། །འབྱེད་པ་རྒྱལ་བའི་གཞུང་ལ་གསལ་བར་མཐོང་། །སྲོག་ཐིག་ལེར་བཅུག་པས་རྡོ་རྗེ་བསླང་བའི་བདེ་བ་སྐྱེ་ལ། དེ་ལས་དགའ་བ་བཞི། གཙུག་ཏོར་ནས་སྨིན་མཚམས་ཀྱི་བར་དུ་བརྟན་པ་དགའ་བ། ཚེས་ལྔ་སྙིང་གའི་བར་དུ་མཆོག་དགའ། ཚེས་བཅུ་གསང་བའི་བར་དུ་ཁྱད་དགའ་སྟེ། བཅོ་ལྔ། རྡོ་རྗེ་ནོར་བུའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་ཆ་བཅུ་དྲུག་པ་དེ་འཛིན་པའི་སྟོབས་ཀྱིས་ཕྱི་རོལ་ཏུ་མི་འཛག་པ་ན་མི་འགྱུར་བའི་བདེ་བ་ཆགས་པ་དང་། གཙུག་ཏོར་ལ་གནས་པའི་བདེ་བ་དང་། ཞུ་བ་དང་ཆགས་བྲལ་འཛག་པ་ལ་མི་གནས་པས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་གཙུག་ཏོར་ནས་ནོར་བུར་རྫོགས་པ་རྒྱུའི་དེ་ཉིད་བཅུ་དྲུག་རིག་སྟེ། འཇིག་རྟེན་པའི་ལམ་ལ་ཕྱེ་བའོ། །དེ་བཞི་ཡང་། འདོད་པ་དང་། དགའ་བ་དང་། གཡོ་བ་དང་། འདར་བ་བཞི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དགའ་བ་བཞིའོ། །གང་བ་དང་། མཆོག་དགའ་དང་། སྐྱེ་བ་དང་ནུབ་པ་བཞི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་མཆོག་དགའ་བཞིའོ། །འབར་བ་དང་། ཁྱད་པར་དགའ་བ་དང་། བརྒྱལ་བ་དང་། ཐིག་ལེ་སྟེ་བཞི་སྐུ་གསུང་ཐུགས་བཞི་ཡེ་ཤེས་ཀྱི་ཁྱད་དགའ་བཞིའོ། །ཨོཊྚྷ་དང་། ལྷན་ཅིག་སྐྱེས་དགའ་དང་། གཉིད་དང་། ནཱ་ད་སྟེ་བཞི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའ་བཞིའོ། །དེ་ཡང་དུས་འཁོར་དུ་རྒྱས་པར་གསུངས་ཤིང་། ཕྱག་ཆེན་ཐིག་ལེ་ལས་ཀྱང་། སྐུ་དང་དགའ་བ་འདར་བ་དང་། ཞུ་དང་ཀུན་དགའ་དེ་བཞིན་ནོ། །ཞེས་འདི་རྣལ་འབྱོར་དང་པོ་སྟེ། །འདོད་པའི་དགའ་བའི་ངེས་པའོ། །གང་བ་དགའ་བ་དེ་བཞིན་དུ། །བརྟན་ཞིང་གཡོ་བ་མཆོག་དེ་བཞིན། །ཞེས་འདི་རྣལ་འབྱོར་གཉིས་པ་སྟེ། །འཆོག་ཏུ་དགའ་བའི་ངེས་པའོ། །འབར་དང་དགའ་དང་ཐིག་ལེ་དང་། །གཉིད་ཡུར་ཞེས་ཁྱད་པར་དེ་བཞིན། །ཞེས་འདི་རྣལ་འབྱོར་གསུམ་པ་སྟེ། །ཁྱད་པར་དགའ་བའི་ངེས་པའོ། ཨོཊྚྷ་དགའ་བ་ནཱ་ད་དང་། །རང་བཞིན་ལྷན་སྐྱེས་དེ་བཞིན་ནོ། །ཞེས་འདི་རྣལ་འབྱོར་བཞི་པར་བཤད། །ཅེས་གསུངས་པས་སོ། །དེ་ཡང་། རྡོ་རྗེའི་རྩེ་མོར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་ཟད་པ་དག་པའི་སྐུ། ནོར་བུར་ཐུགས་ཀྱི་ཐིག་ལེ་གཉིད་ལོག་པ་ཟད་པ་ཆོས་ཀྱི་སྐུ། གསང་བར་གསུང་གི་ཐིག་ལེ་རྨི་ལམ་ཟད་པ་ལོངས་སྤྱོད་རྫོགས་པའི་སྐུ། ལྟེ་བར་སྐུའི་ཐིག་ལེ་སད་པའི་གནས་སྐབས་ཟད་པ་སྤྲུལ་པའི་སྐུ་སྟེ། དེ་དག་ཀྱང་དགའ་བ་བཅུ་དྲུག་སྒྲིབ་བྲལ་དུ་དག་པས་སྐུ་བཅུ་དྲུག་ཐབས་ཀྱི་ཆའོ། །ཡང་ལྟེ་བར་བཞི་པའི་གནས་སྐབས་ཟད་པ་ཡེ་ཤེས་རྡོ་རྗེ། སྙིང་གར་གཉིད་སྟུག་ཟད་པ་ཐུགས་རྡོ་རྗེ། མགྲིན་པར་རྨི་ལམ་ཟད་པ་གསུང་རྡོ་རྗེ། དཔྲལ་བར་སད་པ་ཟད་པ་སྐུ་རྡོ་རྗེ་སྟེ། རེ་རེའང་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་བཞིར་དབྱེ་བས་རྡོ་རྗེ་བཅུ་དྲུག་ཤེས་རབ་ཀྱི་ཆ་སྟེ། སྤྲུལ་སྐུ་དང་ཡེ་ཤེས་རྡོ་རྗེ་ཐབས་ཤེས། ལོངས་སྐུ་དང་ཐུགས་རྡོ་རྗེ། ཆོས་སྐུ་དང་གསུང་རྡོ་རྗེ། དག་པའི་སྐུ་དང་སྐུ་རྡོ་རྗེ་ཐབས་ཤེས་སོ། །དེ་དག་ནོར་བུ་ནས་གཙུག་ཏོར་དུ་རྫོགས་པ་འབྲས་བུའི་དེ་ཉིད་བཅུ་དྲུག་རིག་པའི་ས་ཞེས་བྱ་བ་འཕགས་པའི་ལམ་འབའ་ཞིག་གོ །དབང་མདོར་བསྟན་ལས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །རྣམ་པ་བཅུ་དྲུག་མི་འགྱུར་བའོ། །རྣམ་པ་བཅུ་གཉིས་ས་རྣམས་ཀྱིས། །རྫོགས་ནས་གཉིས་སུ་མེད་པའི་མཆོག །ཆ་རྣམས་ཀྱིས་ནི་རྫོགས་པའི་སེམས། །རྣམ་པ་བཅུ་དྲུག་མི་འགྱུར་བ། །ཞེས་སོ། བཅུ་དྲུག་དང་བཅུ་གཉིས་ཀྱི་ས་ནི། ལྟེ་བར་ས་བཞི་པ་ཚུན་མཐུན་ལ། སྙིང་གར་གཉིས་ལ་བཞི་དང་། མགྲིན་པར་གཉིས་ལ་བཞི་དང་། དཔྲལ་བར་གཉིས་དང་། གཙུག་ཏོར་གྱི་གཉིས་མཐུན་པས། དང་པོ་མཐོང་ལམ། ཕྱི་མ་རྫོགས་པའི་སངས་རྒྱས་ཀྱིས། གཞན་རྣམས་བསྒོམ་པའི་ལམ་དུ་ཤེས་པར་བྱའོ། །བསམ་གཏན་བཞི་དང་འབྲས་བུ་བཞི་དང་གཞན། །དཔེ་ཡིས་བསྙད་པའི་རྣམ་པ་བཞི་རུ་བསྟན། སྐུའི་ཐིག་ལེ་འཛག་མེད་དུ་འཆིངས་པ་བསམ་གཏན་དང་པོ། གསུང་གི་གཉིས་པ་དང་། ཐུགས་ཀྱི་གསུམ་པ་དང་། ཡེ་ཤེས་ཀྱི་བཞི་པ་སྟེ། མཚན་བརྗོད་ལས། རྣམ་པ་ཀུན་ལྡན་རྣམ་པ་མེད། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །བསམ་གཏན་བཞི་པའི་རྩེ་མོ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། ཞེས་གསུངས་པའོ། །ལྟེ་བར་བྱང་སེམས་མས་བརྟན་པ་ལས་སྐྱེས་པའི་དགའ་བ་སྲ་བ་བདེ་བ་ལས་འབྲས་བུ་བདེ་བ་ཆེན་པོ་བྱུང་བའི་ཕྱིར་རྒྱུ་མཐུན་ཏེ་ས་བཞི། སྙིང་གར་མས་བརྟན་པ་རྒྱུ་ཆུང་བ་མུན་པས་ཟིལ་གྱིས་མནན་པ་གཉིད་འཐུག་པོ་ལས་དེ་དང་མི་འདྲ་བའི་འབྲས་བུ་ཆེན་པོ་ཤིན་ཏུ་འོད་གསལ་བར་སྨིན་པའི་ཕྱིར་རྣམ་སྨིན་གྱི་འབྲས་བུ་ས་བཅུ་དྲུག་པའི་དབང་དུ་བྱས་ན་བཞི་བཅུ་གཉིས་པའི་གཉིས། མགྲིན་པར་མས་བརྟན་པ་མཐའ་ཡས་པའི་སྐད་ཀྱིས་ཆོས་སྟོན་པར་བྱེད་པས་སམ། དེ་ལྟ་བུའི་རྒྱུ་འབྲས་ཀྱང་སྐྱེས་བུའི་རྩོལ་བ་ལ་རག་ལས་པའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ས་བཞིའམ་གཉིས། སྤྱི་བོར་མས་བརྟན་པ་སྒྲིབ་པ་རྣམ་པར་བྲལ་བས་མཐའ་ཡས་པའི་སྤྲུལ་པ་སྟོན་ནུས་པའི་ཕྱིར་རམ། སྤྱི་བོར་རྒྱུན་གྱི་དྲི་མ་མེད་པའི་གནས་སུ་ཕྱིན་པའི་ཕྱིར་དྲི་མ་མེད་པའི་འབྲས་བུའི་ས་བཞི་བསྡུས་པར་བཤད་དེ། དེ་ཡང་། དགྱེས་རྡོར་ལས། ཇི་ལྟར་བྱས་པ་དེ་བཞིན་སྤྱོད། རྒྱུ་མཐུན་ཞེས་ནི་རབ་ཏུ་གྲགས། ལས་ཆུང་འབྲས་བུ་ཆེ་བའི་ཕྱིར། །རྣམ་པར་སྨིན་པ་དེ་ལས་བཟློག །རྣལ་འབྱོར་དག་ཕྱིར་དྲི་མེད་ཉིད། །བསྐྱོད་པ་སྐྱེས་བུ་བྱེད་པ་ཉིད། །ཅེས་གསུངས་པ་དང་། ཨེ་ཝཾ་ཞེས་བྱ་རྒྱུ་མཐུན་པ། ཆོས་ཀྱི་འཁོར་ལོ་རྣམ་པར་སྨིན། །ལོངས་སྤྱོད་སྐྱེས་བུ་བྱེད་པ་ཉིད། །བདེ་ཆེན་འཁོར་ལོ་བྲལ་བ་ཡིན། །རྒྱུ་མཐུན་ལ་སོགས་བྱེ་བྲག་གིས། །འབྲས་བུ་བཞི་རུ་གསུངས་པ་ཡིན། ཞེས་སོ། མོས་པས་སྤྱོད་པ་མཐའ་དག་ནི་དེ་ཁོ་ན་ཉིད་ལ་སྤྲིན་ཕག་གི་ཉི་མ་ལ་རྟོག་པ་ལྟ་བུ་ཡིན་པའི་ཕྱིར་སྤྲིན་ལྟ་བུ། མ་དག་ས་བདུན་ཉོན་མོངས་པའི་ཡིད་ཀྱིས་མ་དག་པས་གཉིས་སྣང་གི་ཞེན་པ་ཕྲ་མོས་བསླད་པའི་ཕྱིར་སྒྱུ་མ་ལྟ་བུ་དང་། དག་པའི་ས་ལྷན་ཅིག་སྐྱེས་པའི་གཉིད་ཀྱི་ལོག་པ་ལས་ཆོས་ཐམས་ཅད་དེའི་ངང་དུ་འཆར་བའི་ཕྱིར་རྨི་ལམ་ལྟ་བུ། འབྲས་བུའི་ས་ནི་ཆོས་ཐམས་ཅད་རྣམས་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་གཉིད་སད་པ་ལྟ་བུར་ཤེས་པར་བྱ་སྟེ། དགྱེས་རྡོར་ལས། དང་པོ་སྤྲིན་དང་འདྲ་བ་ཡིན། །གྲུབ་པ་སྒྱུ་མ་ལྟ་བུར་འགྱུར། གཉིད་ལོག་སད་པ་ལྟ་བུ་དང་། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །ཞེས་གསུངས་པས་སོ།། །། བླ་མའི་གསུང་གི་གཅེས་པ་ཟབ་མོ་རྣམས། །མ་བརྗེད་སྙིང་གི་ཐིག་ལེར་བཟུང་བ་ཡང་། །ད་ནི་གཞན་ལ་ཕན་པའི་ཆེད་ཁོ་ནར། །ཡི་གེར་བཏབ་འདི་པདྨ་དཀར་པོས་སོ། །གདུལ་བྱའི་ཡིད་ཀྱི་འཛིན་མ་ཇི་སྙེད་པ། དེ་སྙེད་ཆོས་ཚུལ་ཆུ་བོས་ངོམས་བྱས་ནས། ངེས་དོན་རྒྱ་མཚོར་བསྒྲིལ་འདི་དཀར་བརྒྱུད་པ། བསྟན་འཛིན་གདེངས་ཅན་དབང་པོའི་རིང་ལུགས་ལོ། །བློ་གྲོས་པདྨའི་སྦུབས་ལས་འོངས་པ་ལེགས་བཤད་བུ་མོ་མཚམས་སྦྱོར་སྐྲ་ཡི་འཕྲེང་བ་འབྲེལ་པ་འཁྱོག་ཚིག་ལན་བུས་རབ་མཛེས་ཤིང་། །ཟབ་དང་རྒྱ་ཆེའི་ཟུར་ཕུད་ལྔ་ལྡན་ལུང་གི་མུ་ཏིག་ཆུན་པོས་སྤྲས་ཤིང་ཕུལ་བྱུང་རིགས་པའི་ཨུཏྤལ་སྔོན་པོའི་རྣ་རྒྱན་འཆང་། བསྡུས་དོན་གསེར་གྱི་སྐེ་རགས་དམ་བཅིངས་རྒྱས་བཤད་དྲི་མེད་གོས་བཟང་གྱོན་པ་མཁས་པའི་སྙིང་རྣམས་ཆགས་བྲལ་དཀའ་ཐུབ་ཉམས་བྱེད་པའི། །ཚིག་དོན་བཞིན་རས་བལྟ་བས་མི་ངོམས་གྲུབ་པའི་འདྲེན་བྱེད་དག་ལ་བདུད་རྩིར་འཆར་བར་གྱུར་འདི་རྟག་ཏུ་ས་ལ་གནས་གྱུར་ཅིག ལེགས་པར་བཤད་པ་པད་དཀར་ཟིལ་པ་ཞེས་བྱ་བ། །ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མའི་འདུན་ས། དཔལ་ཧེ་རུ་ཀའི་བཞུགས་གནས་རང་བྱུང་གི་ཕོ་བྲང་ཆེན་པོ་དེ་ཝི་ཀོ་ཊར་སྦྱར་བ་འདི་ཡང་། བསྟན་པ་རིན་པོ་ཆེ་གནས་པ་དེ་སྲིད་དུ་དར་བར་གྱུར་ཅིག། །།མངྒལཾ།། །།
བསྲེ་འཕོ་ལས་འཁོར་བ་འཇུག་ལྡོག་གི་གདམས་ངག་ཡེ་ཤེས་སྤྱན་སྒྲུབ་ཅེས་བྱ་བ་བཞུགས་སོ།། ཆོས་རེའི་ཁམས་ཞུགས་ཀུན་འགྲོ་ཉིད་དེ་འཁོར་འདས་གནད་ཀ་འདི་ཙ་ནའང་། །གཉིས་སུ་མེད་ན་སྤང་བླང་གར་མཆིས་རྣལ་མའི་ལམ་ཁྱེར་མཛུབ་མོའི་རྩེས། །རྟོག་གེའི་བློས་བཞག་འགལ་འདུའི་རྡུལ་སྦྱངས་སེམས་ཀྱི་མེ་ལོང་གཙང་གདང་བ། །སྐུ་མེད་པ་དང་སྐུ་བཅས་པ་སྟེ་རྫོགས་པའི་སངས་རྒྱས་ངོ་མར་འདུད། ཀུན་རྨོངས་བྱས་སྙམ་ཡུས་པའི་བརྫུན་གྱི་རི། །བདེན་དོན་རྡོ་རྗེའི་ལྕེ་ཕབ་བཤིག་མཁན་ནི། །ད་ལྟ་ས་ལ་བཀའ་བརྒྱུད་ལུགས་བཟང་པོའི། །དཔལ་ལྡན་རཱ་ཧུ་ལ་ལས་གཞན་པ་སུ། །འཁོར་བར་འཇུག་པ་དང་། འཁོར་བ་ལྡོག་པ་ལ་རྨོངས་པ་བསལ་བའི་ཕྱིར་ཇོ་བོ་ནཱ་རོ་པའི་གནད་ཀ་བཞིའི་གདམས་ངག་བཤད་པར་བྱའོ། །དེ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བཤད་པ་དང་། ངོ་བོ་ཉིད་གསུམ་གྱི་སྒོ་ནས་བཤད་པའོ། །དང་པོ་ལ་ལུགས་འབྱུང་འཁོར་བ་གནད་ཀྱི་གནད་ཀ ལུགས་བཟློག་མྱ་ངན་ལས་འདའ་བ་གནད་ཀྱི་གནད་ཀ་གཉིས་དང་པོ་ལ། ཡན་ལག་རྣམ་པར་དབྱེ་བ་དང་། ཡན་ལག་བསྡུ་བ་དང་། ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ་དང་། བདག་པོ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཅན་དུ་བསྟན་པ་བཞི་ལས། དང་པོ་ནི། མདོ་སྔགས་ཐམས་ཅད་དུ་མ་རིག་པ་མ་བྱུང་ན་འདུ་བྱེད་ཀྱང་མི་འབྱུང་བ་ཞིག་ན་ཞེས་ནས། སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤི་འི་བར་དུ་ཡང་མི་མངོན་ཏེ། འདི་ལྟར་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་སྐྱེ་ཞིང་འབྱུང་བར་འགྱུར་ཏེ་ནས་རྒ་ཤིའི་བར་དུ་བཤད་པའི་བཅུ་གཉིས་པའོ། །འདིས་ནི་བདག་ཉིད་དང་གཞན་ལས་དང་། དེ་གཉིས་པ་ལས་དང་། རྒྱུ་མེད་ལས་འབྱུང་བར་འདོད་པ་ཐམས་ཅད་བཀག་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་སྒྲུབ་པར་བྱེད་པས་རྟེན་འབྲེལ་ལོ། །ཡན་ལག་དང་པོའི་མ་རིག་པ་ནས་རིམ་པ་བཞིན་གང་ལ་བྱ་ན། སློབ་དཔོན་ཀླུ་གྲུབ་ཀྱིས། གང་ཞིག་རིལ་སོགས་འདུ་ཤེས་པ། །དེ་ནི་མ་རིག་སྲིད་གསུམ་སྒྲིབ། །མི་ཤེས་ལས་ནི་འདོད་ཆགས་དང་། །ཞེ་སྡང་གཏི་མུག་མངོན་དུ་བྱེད། །ཅེས་གསུངས་ལ། དབྱིག་གཉེན་གྱིས་བློ་གྲོས་མི་ཟད་པའི་མདོའི་འགྲེལ་པར། དེ་ལ་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་ནི་མ་རིག་པ་ཞེས་བྱའོ་འདུ་བྱེད་ནི་དེར། དེ་ལྟར་ཀུན་ཏུ་གཏི་མུག་པའི་རྒྱུས་ལུས་དང་ངག་དང་ཡིད་ཀྱིས་ལས་རྣམ་པ་སྣ་ཚོགས་པ་བྱེད་པ་ནི་འདུ་བྱེད་དོ། །ཡང་ན་འདུ་བྱེད་རྣམ་པ་གསུམ་སྟེ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་དང་། བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་དང་། ཡང་དེ་ལ་མའི་མངལ་དུ་དང་པོ་ཉིད་དུ་སྐད་ཅིག་མ་གཅིག་ལ་ཞུགས་པའི་སེམས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་བག་ཆགས་ཀྱིས་ཡོངས་སུ་བགོས་པ། སྔོན་གྱི་ལས་ཀྱིས་འཕངས་པའི་ས་བོན་ཐམས་ཅད་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་འདིར་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བའི་རྣམ་པར་ཤེས་པ་ཡིན་པར་དགོངས་སོ། །དེ་ནས་སྐད་ཅིག་གཉིས་པ་ཕན་ཆད་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་དང་བཅས་པའི་རྣམ་པར་ཤེས་པ་ནི་མིང་དང་གཟུགས་སོ། །དེ་ལ་མིང་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་ནི་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་སྟེ། དེ་གཉིས་གཅིག་ཏུ་བསྡོམས་ནས་མིང་དང་གཟུགས་ཞེས་བྱའོ། །མིང་གི་སྐྱེ་མཆེད་ནས་ཡིད་ཀྱི་བར་དྲུག་ནི་སྐྱེ་མཆེད་དྲུག་གོ །ཡང་། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་དུས་མཉམ་པ་ཉིད་དུ་ཚོགས་པ་ནི་རེག་པའོ། །དེ་ལ་དབང་པོ་དང་ཡུལ་ནི་རྒྱུའི་མཚན་ཉིད་དོ། དེ་གཉིས་ལ་བརྟེན་ནས་དེ་མ་ཐག་ཏུ་རྣམ་པར་ཤེས་པ་ནི་འབྲས་བུའི་མཚན་ཉིད་དོ། །བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་མྱོང་བ་ནི་ཚོར་བའོ། །ཡང་། སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་ཀྱང་ཚྭ་ཆུ་འཐུངས་པ་དང་འདྲ་བར་ངོམས་པ་དང་ཚིམ་པ་མེད་པ་ནི་སྲེད་པ་ཞེས་བྱའོ། འདི་ལ་ལྟ་བའི་སྲེད་པ། མངོན་པར་དགའ་བའི། མངོན་པར་ཆགས་པའི་སྲེད་པ་གསུམ་རིམ་པ་བཞིན་འདས་མ་འོངས་ད་ལྟར་བཤད་པ་དང་། འདོད་པའི་སྲེད་པ། སྲིད་པའི་མི་སྲིད་པར་སྲེད་པ། ལྟ་བའི་སྲེད་པ་བཞིར་ཕྱེ་ནས་དང་པོ་མཐོང་བ་དང་། བསྒོམས་པའི་ལམ་གྱིས་སྤང་བར་བྱ་བའི་འདོད་པའི་འདོད་ཆགས། གཉིས་པ་དེ་གཉིས་ཀྱི་སྤང་བྱ་གཟུགས་དང་གཟུགས་མེད་ཁམས་ཀྱི་འདོད་ཆགས། གསུམ་པ་ཐར་པས་མངོན་པར་ཆགས་པ་དང་། བཞི་པ་འཇིག་ཚོགས་ལ་སོགས་ལྟ་བ་ལྔ་ལ་ཆགས་པ་ལ་བཤད་པའི། འཇིག་ལྟ་ནི་དེ་ཉིད་དུ། དེ་ལ་འཇིག་ཚོགས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཕུང་པོ་དང་ཚོགས་སུ་གྱུར་པ་ལ་བྱ་སྟེ། དེ་ལ་བདག་ཡོད་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །འཇིག་ཚོགས་ལ་ལྟ་བ་དེ་ཉིད་རྩ་བ་ཡིན་པས་ན་འཇིག་ཚོགས་ལ་ལྟ་བའི་རྩ་བ་སྟེ། ལྟ་བར་གྱུར་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ལྟ་བ་དེའི་རྩ་བ་ལས་བྱུང་བ་ནི། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོའི་བར་དག་སྟེ། འཇིག་ཚོགས་ཀྱི་ལྟ་བའི་རི་རྩེ་མོ་ཉི་ཤུ་ཞེས་བཤད་པ་ཡང་དེར། གཟུགས་བདག་ཏུ་ལྟ་བ་དང་། བདག་གཟུགས་དང་ལྡན་པ་དང་གཟུགས་བདག་གི་ཡིན་པ་དང་། གཟུགས་ལ་བདག་གནས་པར་ལྟ་བ་དང་། དེ་བཞིན་ཚོར་བ་ལ་སོགས་པའི་ཕུང་པོ་ལྷག་མ་བཞི་ལ་ཡང་ཐུན་ཐུན་དུ་སྦྱར་ཏེ་ཞེས་པའོ། །ཡང་ལེན་པ་ཡང་རྣམ་པ་བཞི་སྟེ། འདོད་པ་ལེན་པ་དང་། ཚུལ་ཁྲིམས་དང་བརཏལ་ཞུགས་ལེན་པ་དང་། ལྟ་བ་ལེན་པ་དང་། བདག་ཏུ་སྨྲ་བ་ལེན་པའོ། །དེ་ལ་འདོད་ཆགས་རྣམ་པ་གསུམ་ནི་འདོད་པ་ལེན་པའོ། ཞེས་བྱ་སྟེ། འདོད་པའི་འདོད་ཆགས་དང་། ཆོས་ཀྱི་ཡུལ་གྱི་འདོད་ཆགས་སོ། །འདོད་པའི་འདོད་ཆགས་ནི་སྐྱེས་པ་དང་བུད་མེད་གཉིས་ཀྱི་གཉིས་སྤྲོད་པ་ལ་ཆགས་པའོ། །མུ་སྟེགས་ཅན་གྱི་ཆོས་ལ་ཆགས་པ་ནི་ཆོས་ཀྱི་འདོད་ཆགས་སོ། །འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་ནི་ཡུལ་གྱི་འདོད་ཆགས་སོ། །ཁྱི་དང་བ་ལང་ལ་སོགས་པའི་དཀའ་ཐུབ་འཛིན་པ་ནི་ཚུལ་ཁྲིམས་དང་བརཏལ་ཞུགས་ལེན་པ་ཞེས་བྱའོ། །ཆད་པ་དང་ལྟ་བ་ལ་སོགས་པ་ལྟ་བ་སྣ་ཚོགས་པ་ལ་ཞུགས་པ་ནི་ལྟ་བ་ལེན་པའོ། །བདག་ཡོད་པར་ལྟ་ཞིང་ཆགས་པ་ནི་བདག་ཏུ་སྨྲ་བ་ལེན་པ་ཞེས་བྱའོ། །ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་པའི་ལས་རྣམ་པ་སྣ་ཚོགས་ཀྱི་བག་ཆགས་བསགས་པ་ནི་སྲིད་པ་ཞེས་བྱ་སྟེ། དེ་ཡང་འདོད་པའི་སྲིད་པ་དང་། གཟུགས་ཀྱི་གཟུགས་མེད་པའི་སྲིད་པ་སྟེ་རྣམ་པ་གསུམ་མོ། །ལས་ཀྱི་བག་ཆགས་རྣམ་པ་སྣ་ཚོགས་པ་བསགས་པའི་ཁྱད་པར་ལ་ཉིང་མཚམས་སྦྱོར་བ་དེ་དང་དེ་དག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་མངོན་པར་གྲུབ་པ་ནི་སྐྱེ་བ་ཞེས་བྱའོ། །མེར་མེར་པོ་དང་། ནུར་ནུར་པོ་དང་། མཁྲང་འགྱུར་དང་། རྐང་ལག་འགྱུས་པ་ནས། གཞོན་ནུ་དང་། ལང་ཚོ་དར་ལ་བབ་པའི་སྟོབས་དང་མཐུ་དང་གཟི་བརྗིད་དང་། མདངས་ལ་སོགས་པ་གཞན་དུ་འགྱུར་ཏེ་ཉམས་པ་རྒ་བའོ། ཞེས་དང་། ཡང་ཤི་བ་ནི་ཚེ་དང་དྲོད་དང་རྣམ་པར་ཤེས་པ་མེད་པར་གྱུར་པའོ་ཞེས་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་ནི་རྒ་ཤིའི་ཡན་ལག་ཏུ་གཏོགས་ཏེ། དེ་ལ་འཛའ་བ་དང་བྲལ་བ་དང་། མི་འཛའ་བ་དང་ཕྲད་པའི་རྣམ་པར་རྟོག་པ་ལས་སྐྱེས་པའི་སེམས་ཀྱི་གདུང་བ་ནི་མྱ་ངན་ཞེས་བྱའོ། །སེམས་ཀྱི་གདུང་བའི་རྒྱུ་ལས་ཚིག་ཏུ་སྨྲ་བ་སྣ་ཚོགས་འབྱིན་པ་ནི་སྨྲེ་སྔགས་འདོན་པའོ། །ཁམས་རྣམས་འཁྲུགས་པས་ཡུལ་མངོན་དུ་གྱུར་པ་ལ་ཡང་དབང་པོས་འཛིན་པར་མི་ནུས་ཤིང་རྨོངས་པའི་གནོད་པས་རེག་པར་འགྱུར་བ་ནི་སྡུག་བསྔལ་བ་ཞེས་བྱའོ། །ཡུལ་མངོན་དུ་མ་གྱུར་པ་རྣམས་དབང་པོས་གཟུང་བར་ཆགས་པར་སྐྱེ་བ་ནི་ཡིད་མི་བདེ་བའོ། །ཞེ་སྡང་ལས་བྱུང་བའི་རྒྱུས་ལུས་དང་སེམས་ཉོན་མོངས་པར་གྱུར་པ་ནི་འཁྲུགས་པ་ཞེས་བྱའོ། །ཞེས་དང་། ཡང་། ཡིད་ལ་བྱེད་པ་དང་ལྡན་པ་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་དེ་ལ་སོགས་པའི་སྔོན་རྒྱལ་པོའི་ཞབས་འབྲིང་བྱེད་བྱེད་པ་ལ་སོགས་པས་དབེན་པ་དང་། ཚོང་བྱེད་བྱེད་པ་ལས་ཁེ་མེད་པ་ལ་སོགས་པ་ཉེས་པ་བྱས་པ་རྣམས་དྲན་ནས་མི་དགའ་བ་ནི་འཁྲུག་པ་ཞེས་བྱའོ། །ཞེས་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས་ཇི་ལྟར་གསུངས་པ་འདི་བཞིན། ཀླུ་སྒྲུབ་ཀྱིས་སཱ་ལུ་ལྗང་པའི་མདོ་འགྲེལ་དུ་ཡང་། མྱོང་པ་ཅུང་ཟད་འབྲེལ་པ་ནི། ས་བོན་རྣམ་པར་ཤེས་པར་བརྗོད། །མ་ཡི་མངལ་དུ་རིམ་བཞིན་འཕེལ། །མིང་གཟུགས་མྱུ་གུ་སྐྱེད་པར་བྱེད། །རྐྱེན་རྣམས་མ་ཚང་མེད་པ་དང་། །རྒྱུ་རྣམས་འགལ་བ་མ་ཡིན་ལས། སྒྱུ་མ་བདག་མེད་འཛིན་མེད་པར། །སྐྱེ་བ་ཡང་ནི་ཡོད་པ་ཡིན། །མིག་གི་རྣམ་པར་ཤེས་པ་ཡང་། རྒྱུ་ལྔ་པོ་ཡིས་འབྱུང་བ་སྟེ། །མིག་དང་གཟུགས་དང་དེ་བཞིར་སྣང་། །ནམ་མཁའ་དེས་སྐྱེད་ཡིད་ལ་བྱེད། །ལྔ་པོ་མ་ཚང་མེད་པ་ལས། མིག་གི་རྣམ་པར་ཤེས་པ་འབྱུང་། །ཞེས་གསུངས་ཤིང་། ས་བོན་ཐམས་ཅད་ཀྱི་ཀུན་གཞི་མའི་མངལ་དུ་སྐྱེ་བར་འདིར་ཡང་འབྱུང་ངོ་། །ད་ནི་དེ་དག་དང་འདིར་བསྟན་མདོ་རྒྱས་སུ་ཡོད་པ་སྟོན་ཏེ། དང་པོ་དེར་མ་རིག་པ་ཙམ་པོ་ཞིག་ལས་མ་བཤད་ལ། འདིར་ནི་འབུམ་ལྔར། རང་ལས་བག་ཆགས་ཀྱིས་བཅིངས་པའི། རྣམ་ཤེས་རླུང་དང་ལྡན་པ་ནི། །ཤི་ནས་སླར་ཡང་འབྱུང་བར་འགྱུར། ཞེས་པ་སྐྱེ་བ་སྔ་མའི་གནས་སྐབས་ཀྱི་མ་རིག་པ་ས་བོན་ལྟ་བུ་དེ་འགག་པ་དང་དུས་མཉམ་དུ་ཕྱི་མའི་མ་རིག་པ་ལྡང་ལ། དེ་ནི་དེ་ཁོ་ན་ཉིད་ཀྱི་མི་མཐུན་ཕྱོགས་ངོས་མ། དེ་འཇོམས་པ་ལ་དེ་ཁོ་ན་ཉིད་མཐོང་བ་ཞིག་ཀ་དགོས་པས། བཀའ་རྒྱུད་རིན་པོ་ཆེ་འཁོར་འདས་ལག་པའི་ལྟོ་རྒྱབ་ལྟ་བུར་བཞེད་པ་ཡང་གནད་ཀ་འདིས་སོ། །དེ་ཙམ་གྱི་རྣམ་ཤེས་ནི་མི་ཤིགས་པའི་ཐིག་ལེར་བཞག་ཅིང་། དེའི་བྱེད་པའི་ལས་དེ་ལ་རླུང་། །དེ་ཀ་འདུ་བྱེད་དུ་བཞག་ནས། །རླུང་ཞེས་བྱ་བ་ལས་ཀུན་བྱེད་དང་དེ་ཡང་རྟེན་བྱེད་པས་རྩ། གཡོ་བས་རླུང་། བརྟེན་པའམ་ཡོན་ཏན་གྱི་ངོས་ནས་ཐིག་ལེ་ཡིན་པས་མི་ཤིགས་པའི་ལུས་ངག་ཡིད་འཁོར་བ་ཇི་སྲིད་དུ་འཇུག དེ་ཡང་ལས་ཉོན་གྱིས་ཁ་བདག་བྱས་ནས་ཉོན་མོངས་པའི་ཡིད་དུ་འགྱུར་ཏེ། ལས་ཉོན་གྱི་ཁ་བདག་བྱས་པ་ཡང་། ཚེ་སྔ་མ་དག་གི་ལས་འགགས་ཀྱང་ནུས་པའི་ཤུགས་མ་འགགས་པ། ཆང་བཏུངས་ཟིན་ནས་མྱོས་པ། ཕྱིས་འབྱུང་ཁ་ལྟ་བུ་ལ་སྲིད་པ་ཞེས་བྱ་ལ། དེས་མངལ་དུ་སྐྱེད་པའི་སྐད་ཅིག་དང་པོ་ས་བོན་ཐམས་ཅད་པའི་རྣམ་ཤེས་སུ་གྲུབ། དེའི་ཚེ་བརྒྱད་པ་ཀུན་གཞིའི་རྣམ་ཤེས་ཞེས་གསུངས་པའི་དགོངས་གཞི་དེ་རྙེད་དོ། །དེ་ས་བོན་ཐམས་ཅད་པར་བཞག་པ་ནི། དམ་པ་དང་པོར་ཐིག་ལེ་ཟླ་བ་ཁུ་བ་སྐུ། རྣམ་པར་བཅད་པ་ཉི་རྡུལ་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་རྗོད། །ཅེས་མངལ་དུ་ཞུགས་པའི་སྐད་ཅིག་དང་པོ་ལ་ཟླ་བ་དང་ཕྱིས་ཉི་མ་རྣམ་ཤེས་སྒྲ་གཅན་གྱིས་འཛིན་པར་བཤད་པའི་གནད་ཀྱིས་སང་རགས་པའི་ལུས་ངག་ཡིད་ཐམས་ཅད་སྐྱེད་པའི་ས་བོན་དྲུང་པོ་ཡིན་ནོ། །དེའི་སྔོན་གྱི་སྲིད་པ་དེ་ལ་ཉོན་མོངས་པའི་ཡིད་དུ་འཇོག་པ་ཡང་། ཁམས་བཞིའི་མཚུངས་ལྡན་དུ་བཞུགས་པ་སྟེ། རེག་པ་སྲ་བའི་བག་ཆགས་ཀྱིས། ས་ནི་དེ་ལས་སྐྱེས་ཞེས་བརྗོད། །སེམས་ཞུ་ཆུ་ཡི་ཁམས་ཡིན་ལ། །བསྐྱོད་པ་ལས་ནི་དྲོད་འབྱུང་སྟེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །ཞེས་པའི་འགྲོ་བའི་སྐད་ཅིག་དེ་ནས་སྐྱེ་བའི་འགོ་བརྩམས། ས་བོན་ཐམས་ཅད་པའི་རྣམ་ཤེས་དེར་གྲུབ་པ་ཡིན་ནོ། །དེ་བས་ན་སྐྱེ་བ་སྔ་མའི་འཆི་ཀ་ནས་འགོ་བརྩམས་པ་ནི་རགས་པ་སྟེ། བར་དུ་བར་སྲིད་ཀྱིས་བཅད་པས་སོ། །གང་བར་སྲིད་དུ་གྲུབ་པ་དེ་ཡང་། དེ་ཀའི་སྐྱེ་སྲིད་ཡིན་ལ། མི་སོགས་ལ་བལྟོས་ནས་ནི་མ་ཡིན་ཏེ། དེའི་འཆི་བ་བཞིན་ནོ། །གང་སྐྱེ་བར་མ་གྲུབ་ན་དེ་འཆི་བར་ཡང་མི་འགྲུབ་ཅིང་། དེའི་དུས་ཀྱི་རིམ་པ་དེ་ཀའི་རྒ་བར་འོང་ལ། དེ་བས་ན་བར་སྲིད་ཉིད་ལ་ཡང་ཞིབ་པར་ན་ཡན་ལག་བཅུ་གཉིས་ཚང་བ་ཞིག་ཤེས་དགོས་ཏེ། དེར་མིང་གཟུགས་སྐྱེ་མཆེད་དྲུག་རེག་ཚོར་རྣམས་མེད་ན་བར་དོའི་རྟེན་ལ་ལས་གསར་དུ་གསོག་པ་ཡང་ཁས་ལེན་ནུས་པ་དཀའ་བར་འགྱུར་རོ། །ཞིབ་པར་བརྩིས་ན་བར་དོའི་འཆིང་བ་དང་། འདིའི་ཐོག་མའི་མ་རིག་པ་དུས་མཉམ་དེ་ཡང་ཟླ་བ་ལ་འཇུ་བ་ཙམ་བར་སྲིད་འགག་ཁ་ཉི་མ་སྒྲ་གཅན་གྱིས་བཟུང་བ་ནས་ཤི་བར་བརྩི་དགོས་ཏེ་ས་བོན་ཁ་སྦྱར་གྱི་བདེ་བ་ནམ་མཁའི་ཁམས་ཀྱིས་བྱིན་གྱིས་བརླབས་པས་སོ། །བདེ་བ་དེས་བྱིན་གྱིས་རློབས་པ་རྣམས་པར་ཤེས་པ་ཆང་རོས་མྱོས་པ་ལྟ་བུར་གྱུར་པའོ། །དེ་བས་ན་འདིའི་མ་རིག་པ་དུག་གསུམ་འདུ་བྱེད་ལས། རྣམ་ཤེས་སྡུག་བསྔལ་དུ་བཞག་པ་དང་སྐྱེ་བ་རྣམས་དུས་མཉམ་པ་སྟེ། ཀླུ་སྒྲུབ་ཀྱི་རྟེན་འབྲེལ་སྙིང་པོའི་འགྲེལ་པར། ཉོན་མོངས་པ་དང་། ལས་དང་སྡུག་བསྔལ་བ་རྣམས་གཅིག་ལ་གཅིག་བརྟེན་པ་མདུང་ཁྱིམ་གྱི་ཚུལ་དུ་གསུམ་པོ་དག་ཏུ་ཟད་པར་འགྱུར་རོ། །ཟད་པ་ཞེས་བྱ་བ་ནི་མ་ལུས་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་འབྱུང་ལ། རྟེན་འབྱུང་ལྷག་མ་རྣམས་ལ་ཡང་ཚུལ་འདི་ཤེས་དགོས་སོ། །ཉོན་མོངས་པ་ཡོད་པའི་དུས་ལས་མེད། ལས་ཡོད་པའི་དུས་ཉོན་མོངས་པ་མེད། སྡུག་བསྔལ་ཡོད་པའི་དུས་སུ་ལས་མེད་ན་གསུམ་པོ་མདུང་ཁྱིམ་གྱི་ཚུལ་དུ་སུས་ཀྱང་མི་འགྲུབ་བོ། དེ་བཞིན་དབྱིག་གཉེན་གྱིས་ཀྱང་། རྒྱུ་དང་རྐྱེན་ལ་བརྟེན་ནས་དུས་མཉམ་འབྲས་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། ཞེས་བཤད་དོ། །རགས་པའི་དབང་དུ་ནི་མངལ་དུ་རེག་པ་མི་འཇོག་ལ། ཕྲ་བའི་དབང་དུ་ནི་འཇོག་དགོས་ཤིང་། རྒ་ཤི་བར་དུ་ཡང་ཡིན་ནོ། །རགས་པའི་རླུང་དུས་སྦྱོར་གྱི་མཚན་ཉིད་ཅན་རྣམས་ནི་མངལ་ནས་ཕྱིར་འཕོ་བའི་འགོ་མཉམ་དུ་རྫོགས་པ་ནས་བརྩི་ལ། སྟེ་བ་ལ་སོགས་པར་གནས་པའི་དུས་སྦྱོར་གྱི་དབང་དུ་བྱས་པ་ནི་དེར་ཡང་ཡོད་ཅིང་། མདོར་ན་སྐད་ཅིག་མ་འཆར་རིམ་ཐམས་ཅད་ལ་ཡང་ཚང་བ་རྡོ་རྗེ་ཐེག་པའི་གསང་ཚིག་གོ །གཉིས་པ་ནི། ཀླུ་གྲུབ་ཀྱིས། མ་རིག་སྲེད་ལས་རྣམ་པར་ཤེས། །དེ་དག་གོ་རིམ་བཞིན་དུ་བཤད། །རྒྱུད་ལས་རྣམ་ཤེས་ས་བོན་ཏེ། །ལས་ནི་ཞིང་དུ་གསུངས་པ་ཡིན། །དང་པོ་སྲེད་པ་ཉོན་མོངས་པའི། །ངོ་བོས་རྒྱུར་ནི་ཡང་དག་བཤད། །ལས་དང་ཉོན་མོངས་རྣམ་པར་ཤེས། །ས་བོན་ཉིད་དུ་རྣམ་པར་གནས། །ལས་ནི་ས་བོན་རྣམ་ཤེས་ཀྱིས། །ཞིང་གི་བྱ་བ་ཡང་བྱེད་དོ། །སྲེད་པས་རྣམ་ཤེས་ཞེས་བྱ་ཡི། །ས་བོན་དེ་མ་ཐག་རླན་བྱེད། །མ་རིག་ས་བོན་རྣམ་པར་ཤེས། བརླན་པས་བརྟེན་པ་འདེབས་པར་བྱེད། །ཅེས་གསུངས་ལ། དབྱིག་གཉེན་གྱིས་བཅུ་གཉིས་སུ་ཕྱེ་བ་དེ་ཡང་། བསྡུས་ན་ཡན་ལག་གཉིས་སུ་བལྟ་སྟེ། རིང་བའི་རྒྱུ་དང་ཉེ་བའི་རྒྱུའོ། །དེ་ལ་རིང་བའི་རྒྱུ་ནི། དཔེར་ན་ས་བོན་དང་མྱུ་གུ་ལྟ་བུ་སྟེ། །འབྲས་བུ་དང་ཐག་རིང་བའི་ཕྱིར་རོ། །ཉེ་བའི་རྒྱུ་ནི་མེ་ཏོག་ལ་སོགས་པ་ལྟ་བུ་སྟེ། འབྲས་བུ་དང་ཐག་ཉེ་བའི་ཕྱིར་རོ། །དེ་ལ་རིང་བའི་རྒྱུ་ཡང་རྣམ་པ་གསུམ་དུ་བལྟ་སྟེ། ཇིས་འདེབས། ཇི་འདེབས། ཇི་ལྟར་འདེབས་པའོ། །ཇིས་འདེབས་ཞེ་ན། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པས་འདེབས་སོ། །ཇི་འདེབས་ཞེ་ན། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་རྣམས་འདེབས་སོ། །ཇི་ལྟར་འདེབས་ཞེ་ན། མ་རིག་པ་ལས་བྱུང་བའི་འདུ་བྱེད་ཀྱིས་ཇི་སྒྲུབ་པའི་བག་ཆགས་ཀུན་གཞི་ལ་འདེབས་སོ། །ཉེ་བའི་རྒྱུ་ཡང་རྣམ་པ་གསུམ་དུ་བལྟ་སྟེ། ཇིས་མངོན་དུ་ཕྱུང་། ཇི་མངོན་དུ་ཕྱུང་། ཇི་ལྟར་མངོན་དུ་ཕྱུང་པའོ། །དེ་ལ་ཇིས་མངོན་དུ་ཕྱུང་བ་ནི། སྲེད་པ་དང་ལེན་པ་དང་སྲིད་པས་མངོན་དུ་ཕྱུང་ངོ་། །ཇི་མངོན་དུ་ཕྱུང་བ་ནི་སྐྱེ་བའོ། །ཇི་ལྟར་མངོན་དུ་ཕྱུང་བ་ནི། སྲེད་པ་དང་ལེན་པས་ཀུན་གཞི་ལ་བཏབ་པའི་ས་བོན་སྲིད་པ་མེ་ཏོག་ལྟ་བུར་ཁ་བྱེ་ཞིང་འབུ་བར་འབྱིན་ཏེ། དེ་དག་གི་ཉེས་དམིགས་ནི་རྒ་ཤིའོ། །ཞེས་བཤད་ཅིང་། འབུམ་ལྔར་སྒོང་སྐྱེས་དང་ནི་མངལ་སྐྱེས་དང་། སྲིད་པར་སྐྱེ་བའི་རིམ་པ་གཉིས། །ཚངས་པའི་སྒོ་ང་སྒོང་སྐྱེས་བརྗོད། །འཇིག་རྟེན་ཁམས་ནི་ཡང་དག་འབྱུང་། །བུད་མེད་མངལ་ནས་སྐྱེས་པ་ཡང་། །གཉིས་པ་མངལ་ནས་སྐྱེས་པའོ། །དང་པོ་སྟོང་ཉིད་བྱང་ཆུབ་ནི། འཆི་ཁར་འཕོ་བ་ལ་འདེབས་པ། །མ་ཡི་མངལ་དུ་ཁུ་བ་རྡུལ། །གཉིས་པ་ས་བོན་བསྡུ་བའོ། །སྲོག་རླུང་རྣམ་པར་ཤེས་པ་ཉིད། །ལྔ་པོ་རྣམས་ཀྱི་ལུས་རྫོགས་པ། གཟུགས་བརྙན་རྫོགས་པར་བརྗོད་པར་བྱ། །རྣམ་ལྔ་མངོན་པར་རྫོགས་བྱང་ཆུབ། །ཨ་ཝ་དྷཱུ་ཏཱི་བདེ་བ་རྒྱལ། །ཕྱི་ཡི་སྐྱེ་མཆེད་ལོངས་སྤྱོད་ཆེ། །བདེ་བ་ཆེན་པོས་སད་བྱེད་དེ། །ཞེས་སོ། ཕྱི་ཡི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། འདིར་སྒོང་སྐྱེས་ཀྱི་སྒྲས་བསྟན་ཏེ། ནང་གི་རྟེན་འབྲེལ་ལས་མངལ་སྐྱེས་གཙོ་བོར་བཤད་པའི་ཚེ། འཆི་ཀར་ཞེས་པ་ནི་ཚེ་སྔོན་གྱི་དགེ་སྡིག་ཤས་ཆེ་ཆུང་གིས་འདིར་དགེ་བ་ཤས་ཆེ་ཆུང་དུ་སོང་། འདིར་གང་ཤས་ཆེ་བས་འཕངས་པའི་སྣང་བ་དེར་འོང་། འཕོ་བ་ཞེས་པ་ཕྱི་དབུགས་ཆད་པའི་སྐད་ཅིག་དེ་འགགས་པ་ཇིས་འདེབས་པའོ། །ཇི་འདེབས་ན་བག་ཆགས། གང་ལ་འདེབས་ན་རྒྱུའི་རྒྱུད་འོད་གསལ་བར་ཏེ། དེ་ངོ་མི་ཤེས་པར་བྱེད་པས་སོ། དེ་ཡང་འཆི་སྲིད་དང་འགོ་མཉམ་པ་སྟེ། ཀླུ་སྒྲུབ་ཀྱིས། འགགས་དང་སྐྱེ་བ་འགོ་མཉམ་སྟེ། །སྲང་མདའི་མགོ་མཇུག་མཐོ་དམན་བཞིན། །ཞེས་པ་བཞིན་ནོ། །འདིར་ཡང་ཁྱད་བྱུང་། རེག་པ་ཕྱིས་འབྱུང་བ། འབུམ་ལྡར། ས་དང་ཆུ་དང་མེ་རླུང་གིས། །རྨི་ལམ་གནས་སྐབས་རང་བཞིན་ལས། བྱིས་པ་དེ་རྣམས་ཀྱིས་བླང་བ། མ་ཡི་མངལ་ནས་ཕྱིར་འབྱུང་སྟེ། །སད་པའི་གནས་སྐབས་ཐོབ་པ་ནི། །མིང་ལ་སོགས་པ་བྱིན་བརླབས་པ། རྣམ་ཤེས་དྲུག་པ་རབ་སད་པས། །ཡུལ་ལྔ་པོ་རྣམས་འཛིན་པར་བྱེད། །ཅེས་སོ། །གསུམ་པ་ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ་ནི། ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། ཞེས་གསུངས། དབྱིག་གཉེན་གྱིས། དེ་ལ་མ་རིག་པ་དང་། སྲེད་པ་དང་ལེན་པ་གསུམ་ནི་ཉོན་མོངས་པར་བསྡུའོ། །འདུ་བྱེད་དང་། རྣམ་པར་ཤེས་པ་དང་སྲིད་པ་གསུམ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུ་སྟེ། རྣམ་པར་ཤེས་པ་ཡང་ལས་ཀྱི་བག་ཆགས་ཀྱི་རྟེན་ཡིན་པས་དེར་བསྡུའོ། །ལྷག་མ་རྣམས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པར་བསྡུའོ། །ཞེས་གསུངས་པ་རགས་པའི་རྟེན་ལ་ཡན་ལག་བཅུ་གཉིས་ཀྱི་དབང་དུ་བྱས་ལ། འདིར་ནི་རྒ་ཤི་ནས་མ་རིག་པ་ལ་ཐུག་གི་བར། ལུས་ངག་ཡིད་དང་ཡེ་ཤེས་ཀྱི་ཐིག་ལེའི་རྣམ་འགྱུར་དུ་སྡུད་པས་རྩ་བའི་དྲི་མ་བཞི། སད་རྨི་གཉིད་འཐུག་བཞི་པའོ། །མི་ཤིགས་པའི་ལུས་ངག་ཡིད་ཡེ་ཤེས་རང་གི་བྱ་བ་ནི་དེ་མ་ཡིན་ཏེ། ལས་ཉོན་གྱི་ཁ་བདག་བཏང་བ་ནས་འཚང་རྒྱ་ཀ་བའི་བར་རོ། །བཞི་པ་བདག་པོ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཅན་དུ་བསྟན་པ་ནི། ཀླུ་གྲུབ་ཀྱིས། ཞིང་དང་རླན་དང་འདེབས་བྱེད་རྣམས། །རྣམ་པར་ཤེས་པ་འདི་བྱ་དང་། །རྣམ་ཤེས་བདག་འདིས་སྙམ་པ་མེད། དབྱིག་གཉེན་གྱིས། བདག་པོ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་བསྟན་པའི་ཕྱིར་གཡོ་བ་མེད་པ་དང་། བྱེད་པ་མེད་པ་ལ་སོགས་པ་གསུངས་ཏེ། གཡོ་བ་མེད་པ་ནི་མ་རིག་པ། འདི་ལྟར་བདག་གིས་འདུ་བྱེད་སྐྱེད་དོ་སྙམ་དུ་མི་སེམ་ལ། འདུ་བྱེད་ཀྱང་འདི་ལྟར་བདག་ནི་མ་རིག་པས་སྐྱེད་དོ་སྙམ་དུ་སེམ་པ་མེད་པའི་ཕྱིར་རོ། །བྱེད་པ་མེད་པ་ནི། མ་རིག་པ་ལ་སོགས་པ་སྐྱེད་པའི་རྐྱེན་ཙམ་བྱེད་པ་ཡིན་ཡང་། འདུ་བྱེད་སྐྱེད་པ་ལ་བྱེད་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། བདག་པོ་མེད་པ་ཞེས་བྱ་བ་ནི་དེ་དག་ལ་དབང་ཕྱུག་ལ་སོགས་པ་དབང་བྱེད་པར་གྱུར་པའི་མཚན་ཉིད་ཀྱི་བདག་པོ་གང་ཡང་མེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་མེད་པ་ཞེས་བྱ་བ་ནི། བདག་དང་སེམས་ཅན་དང་གང་ཟག་ལ་སོགས་པ་སྙིང་པོར་གྱུར་པ་གང་མཆིས་ཀྱང་བྱིན་གྱིས་བརླབས་པའི་ཕྱིར་རོ། །ཆོས་ཇི་ལྟར་གནས་པ་བཞིན་དུ་འབྱུང་སྟེ་ཞེས་བྱ་བ་ནི་རྒྱུ་གང་ཡིན་པ་ལས་འབྲས་བུ་གང་འབྱུང་བ་ཞེས་གསུངས་ལ། འདི་རྟེན་འབྲེལ་སྙིང་པོར། སྟོང་པ་ཁོ་ནའི་ཆོས་རྣམས་ལ། སྟོང་པའི་ཆོས་རྣམས་བྱུང་བར་ཟད། །ཅེས་དང་། འབུམ་ལྔར་འབྲས་བུས་བྱེད་རྒྱུའི་འབྲེལ་པ་ནི། རྣམ་པར་དཔྱད་ན་དམིགས་སུ་མེད། །ཅེས་གསུངས་པའི་དཔྱད་ཚུལ། །རང་བཞིན་གྱི་བདག་མེད་པའི་ཆོས་དེ་ཁོ་ན་དག་ལས། རང་བཞིན་གྱི་བདག་མེད་པའི་ཆོས་རྣམས་འབྱུང་བའི་དཔེ། བླ་མའི་ཁ་ཏོན་ལས་སློབ་མས་གོ་བ་དང་། མར་མེ་ལས་མར་མེ་མཆེད་པ་དང་། བཞིན་ལས་མེ་ལོང་གི་གཟུགས་བརྙན་འབྱུང་བ་དང་། རྒྱ་ལས་རྒྱའི་འབུར་དང་། མེ་ཤེལ་ལས་མེ་དང་། ས་བོན་ལས་མྱུ་གུ་དང་ཤིང་ཏོག་སྐྱུར་པོའི་ཆུ་ལས་འགྲམ་ཆུ་ལྡང་བ་དང་། སྒྲ་ལས་བྲག་ཆ་འབྱུང་བར་འགྱུར་ཞིང་དེ་དག་ཀྱང་དེ་ཉིད་དང་གཞན་ནོ། །ཞེས་བླ་བ་མ་ཡིན་པ་དེ་བཞིན་དུའོ། །འདིས་ཕུང་པོ་ཉིད་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། ཞེས་པའི་འགྲེལ་པར་ཡང་། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་དངོས་པོ་རྡུལ་ཕྲ་མོ་ཙམ་ཡང་མི་འགྲོའོ། དེ་ལྟར་ན་འཁོར་བའི་འཁོར་ལོ་ནི་ནོར་བའི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ནོ། ཞེས་པས། འཁོར་བ་ན་འཁོར་མཁན་མེད་པ་དང་། འཁོར་བར་ཡང་སྣང་སྟེ། དེའི་གནད་ཀ་ནི། སེམས་འཁྲུལ་པ་མེད་པས་དེ་འཁྲུལ་པར་མི་སྣང་བ་དང་། དེ་མཐོང་བའི་ཡུལ་ཅན་ཀྱང་མ་འཁྲུལ་པས་མངོན་སུམ་མཚན་ཉིད་པ་དང་། འཁྲུལ་པས་སེམས་དེ་ལྟར་བརྟགས་ཤིང་དེ་མཐོང་བས་དེའི་མངོན་སུམ་ཉི་ཚེ་བར་གྱུར་པ་སྟེ། དེ་ལྟར་ཡང་། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་ལ་སྣང་བའི་མདོ་ལས། ཆོས་རྣམས་སྒྱུ་མ་བཞིན་ཐ་སྙད་ཙམ་དུ་སྣང་ཞིང་ཡོད་པ་དེ་སེམས་འཁྲུལ་པས་སྣང་བར་མི་གཟུང་གི་ཆོས་དེ་དག་གི་རང་བཞིན་སྐྱེ་བ་མེད་པར་མ་ཤེས་ནས་རྟག་པ་ཐེར་ཟུག་ཏུ་གཟུང་བའི་འཁྲུལ་པ་སྣང་བ་ལ་སེམས་འཁྲུལ་པ་ཡུལ་དུ་སྣང་བར་གཟུང་ཞིག དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ལ་གང་གི་རྟག་པ་དང་ཐེར་ཟུག་ཏུ་གཟུང་ན་འཁོར་བར་འགྱུར་རོ། འཁོར་བར་གྱུར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་གྱུར་ཏོ། །དེ་ཡོད་པ་དང་། བདེ་བ་དང་སྡུག་བསྔལ་རྣམས་ཡོད་པར་འགྱུར་རོ། །གང་གི་ཆོས་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པར་ཤེས་ན། ཆོས་རྣམས་ཀྱི་ངོ་བོ་རྟག་པ་ཐེར་ཟུག་དང་། མེད་པ་དང་ཆད་པ་མཐའ་གཉིས་པོ་བསལ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །ཞེས་གསུངས་ལ། མཐའ་སེལ་ཁྱེར་ཡང་། དེ་ཉིད་དུ་རང་བཞིན་སྐྱེ་བ་མེད་པ་ལ་དངོས་པོ་ཐ་སྙད་དུ་སྣང་བ་བསལ་ནས་མེད་པར་བརྟགས་ན་འཁྲུལ་པ་ཡིན་ནོ། །དེ་ལ་གཞི་མ་ནོར་བའི་རང་གི་ངོ་བོ་ཉིད་ཆོས་དེ་དག་གི་རང་བཞིན་སྐྱེ་བ་མེད་པ་ཉིད་ཡིན་ནོ། ཞེས་པ་འདི་དང་། རྟེན་འབྲེལ་སྙིང་པོར། ཤིན་ཏུ་ཕྲ་བའི་དངོས་ལ་ཡང་། །གང་གི་ཆད་པར་རྣམ་བརྟགས་པ། རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མི་མཐོང་། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། ཞེས་གསུངས་པ་དང་། འཕགས་པ་འཇམ་དཔལ་གྱི་ལྟ་བ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་པ་རྣམས་དོན་གཅིག་པས། གང་སྣང་གི་སྟེང་དུ་བསལ་བཞག་གམ་སྤང་བླང་མ་བྱས་པར་ལྷུག་པར་འཇོག་ཤེས་ན། དེ་དག་གིས་མ་ནོར་བ་མཐོང་སྟེ། དེ་ཉིད་ཐར་པའི་གསེབ་ལམ་ཆེན་པོར་གྱུར་ཏོ། །དེ་བས་རང་ངོ་མ་ཤེས་ན་ཅི་བྱས་འཁོར་བའི་གཡོས་སྦྱོར་ཡིན་པས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་པར་འགྱུར་ཏེ། མགོ་འཁོར་བའི་དུས་བཞིན། རང་ངོ་ཤེས་ནས་རང་སར་གློད་པས་ཐམས་ཅད་ལམ་གྱི་གྲོགས་སུ་འཆར་བ། བསམ་གྱིས་མི་ཁྱབ་ཆོས་ཉིད་ནི། །འཕེལ་འགྲིབ་སྤང་པས་གནས་པ་ཡིན་ཞེས་པའི་དོན་མགོ་འཁོར་བ་སངས་པ་ལྟ་བུའོ། །དེ་ཀ་ས་ར་ཧས། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངོས་པོ་རྣམ་སྤངས་ཕྱིས་ནས་ཅི་ཞིག་སྐྱེས། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་བླ་མ་མགོན་པོས་བསྟན་པས་རྟོགས། །ཞེས་གསུངས་སོ། །འཁོར་བའི་གནད་ཀ་འདི་ཀ་ལམ་གྱི་ཁྱེར་སོར་མ་ཤེས་ན་གཞི་ལམ་དབྱེར་མེད་ཀྱང་མིང་ཙམ། ལམ་དུ་ཁྱེར་དུས་དེ་ཀར་འཆིང་བ་ཀུན་ལས་གྲོལ་བའི་གནད་མ་ཤེས་ན་ལམ་འབྲས་དབྱེར་མེད་ཀྱང་མིང་ཙམ་དུ་ཟད་དོ། །གཉིས་པ་ལུག་བཟློག་མྱ་ངན་ལས་འདའ་བའི་གནད་ཀྱི་གནད་ཀ་བསྟན་པ་ནི། གཞུང་ལས། རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །རྐང་པ་དང་པོས་ནི་གཞི་འབྲས་དབྱེར་མེད་ཀྱི་དོན་འཕྲལ་དུ་ཤེས་པར་མ་ནུས་ན་ལུས་རྩ་སྦྱང་བ། དེ་ནས་ངག་རླུང་སྦྱང་བ། དེ་ནས་ཡིད་ཐིག་ལེ་སྦྱངས་ན། གསུམ་པོ་ཐུན་མོང་མི་ཤིགས་པའི་ཐིག་ལེར་ཐིམ་ལ། དེ་འོད་གསལ་དུ་བཅུག་ན་འཚང་རྒྱ་བར་བཤད་པ་དེ་དང་པོ་བུམ་དབང་། གཉིས་པ་གསང་དབང་། གསུམ་པ་ཤེས་རབ་ཡེ་ཤེས་ཡིན་པས་དེ་གསུམ་ལ་རྒྱུ། མི་ཤིགས་པ་ཡེ་ཤེས་སྦྱོང་བའི་ལམ་རིམ་དུ་བྱས་ནས་དབང་བཞི་པ་འབྲས་དབང་དུ་རྡོར་འཕྲེང་ལས་བཤད་པ་ཡིན་ནོ། །འདི་དང་མཐུན་པར་རྣལ་འབྱོར་ཡན་ལག་དྲུག་དང་རིམ་ལྔར་གསུངས་སོ། །ཡང་འབུམ་ལྔར་སྲོག་དང་ཐུར་སེལ་ཟད་ལས་འདིར། །ཡན་ལག་བཅུ་གཉིས་ཟད་པར་འགྱུར། །རྒྱུ་དང་འབྲས་བུས་འགོག་པ་ཡི། །སངས་རྒྱས་ཉིད་དུ་སུ་མི་འགྱུར། །ཇི་སྲིད་སྲོག་ཆགས་རྣམས་ཀྱི་སྲོག །རྒྱུ་བ་དེ་སྲིད་ཡང་སྲིད་པའོ། །སྲོག་གི་རྒྱུ་བ་རྣམས་ཞིག་ན། འཆི་བ་མེད་ཅིང་ཡང་སྲིད་མེད། ཅེས་རྣམ་ཤེས་རླུང་ལ་ཞོན་ནས་རྒྱུ་བས་དབང་ཡུལ་ཕྲད། དེས་ཉོན་མོངས་པ་དང་། དེས་ལས་གསོག་པས། སྲོག་འཕོ་བ་ཁོ་ན་འཁོར་བའི་རྒྱུར་གཟིགས་ནས། དེ་བཙན་ཐབས་སུ་དགག་པར་བཞེད་ནས་གཏུམ་མོ་ལ་ཁྲིད་ནས་ལམ་གཞན་དགོས་པ་འདུག་ན་རིམ་པ་བཞིན་སྟོན་པ་འདི་ཀའི་ལམ་རྒྱས་པའམ་ལས་ཀྱི་ཕྱག་རྒྱ་དང་པོར་བྱེད་པ་ཕྱག་རྒྱ་བཞི་པ་ལྟ་བུ། གང་ལས་ཕྱིན་ཀྱང་འདྲ། རྩ་བའི་མ་རིག་པ་དེ་མ་འགགས་ཚུན་ཡན་ལག་ལྷག་མ་རྣམས་འགག་མི་སྲིད་ལ། དེ་ཤེས་བྱའི་སྒྲིབ་པར་གསུངས་པ་ནི། གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་ཡིན་པས། རྗེ་བཙུན་མི་ལ། ཤེས་སྒྲིབ་སྔོན་ལ་སྤངས་ནས་ཉོན་མོངས་པའི་སྒྲིབ་པ་ཕྱིས་སྤོང་གསུངས་པའི་དགོངས་གཞི་དེའོ། །དེ་ཡང་འབུམ་ལྔར། འགྱུར་བའི་མ་རིག་འགོག་པ་ཡིས། །འདུ་བྱེད་ངེས་པར་འགོག་པ་ཡིན། འདུ་བྱེད་ངེས་པར་འགོག་པ་ཡིས། །རྣམ་པར་ཤེས་པ་འགོག་པའོ། །རྣམ་པར་ཤེས་པ་འགོག་པ་ཡིས། །མིང་དང་གཟུགས་ནི་འགོག་པར་བྱེད། །མིང་དང་གཟུགས་ནི་འགོག་པ་ཡིས། སྐྱེ་མཆེད་དྲུག་རྣམས་འགོག་པའོ། །སྐྱེ་མཆེད་དྲུག་རྣམས་འགོག་པ་ཡིས། རེག་པ་ཡང་ནི་འགོག་པར་བྱེད། །རེག་པ་ངེས་པར་འགོག་པ་ཡིས། །ཚོར་བ་ངེས་པར་འགོག་པར་བྱེད། །ཚོར་བ་ངེས་པར་འགོག་པ་ཡིས། །སྲེད་པ་ཡང་ནི་འགོག་པར་བྱེད། །སྲེད་པ་ངེས་པར་འགོག་པ་ཡིས། །ཉེ་བར་ལེན་པ་འགོག་པའོ། །ཉེ་བར་ལེན་པ་འགོག་པ་ཡིས། །སྲིད་པ་ཡང་ནི་འགོག་པའོ། །སྲིད་པ་ངེས་པར་འགོག་པ་ཡིས། །སྐྱེ་བ་ངེས་པར་འགོག་པའོ། །སྐྱེ་བ་འགོག་པ་ཡིས་ཀྱང་ནི། །རྒ་ཤི་ངེས་པར་འགོག་པའོ། །ཕུང་པོ་ཁམས་རྣམས་ངེས་འགོག་པ། དེ་ཉིད་ཉེ་བར་ཞི་བར་བཤད། ཅེས་གསུངས་ལ། རྩ་བའི་མ་རིག་པ་མ་འགགས་ན་རྟེན་འབྲེལ་ལྷག་མ་ཐམས་ཅད་མི་འགག རྩ་བའི་མ་རིག་པ་འགག་པའང་འཆི་དུས་ཞེས་ཚེའི་མཐའ་ཁོ་ནར་བསྒུག་མི་དགོས། །སྐད་ཅིག་མ་རེའི་འཆར་ནུབ་ཀྱིས་བར་དུ་ཡང་ཡོད་པ་འདི་ལ་དགོངས་ནས། དབྱིག་གཉེན་གྱིས་འཆི་བའི་དབྱེ་བར། དེ་ལ་རྗེས་སུ་སྐད་ཅིག་ལས་འཆི་བ་ནི་སྐད་ཅིག་མ་རེ་རེའང་འཆི་བ་ཞེས་བྱའོ། ཞེས་འབྱུང་བ་བཞིན། རྗེ་བཙུན་གྱིས། རྟོག་པ་སྔ་ཕྱིའི་སོ་མཚམས་སུ། །ཡེ་ཤེས་རྒྱུན་དུ་འཆར་ཏེ་བྲོད། །ཅེས་གསུངས་ལ། དབང་པོ་རྣོ་ན་གནས་ངན་ལེན་སྤངས་པའི་མོད་དེ་ཀར་འཚང་རྒྱ་ལ། དབང་པོ་ཧ་ཅང་རྣོ་བ་མ་ཡིན་ན་གནས་ངན་ལེན་དེ་སྤངས་ལ་གཏན་སྤངས་པ་མ་ཡིན་པས་སྤངས་པ་ན་དེ་ལ་གོམས་པར་བྱ་དགོས་པས་རྒ་ཤི་འགགས་པ་ནས་མ་རིག་པ་འགགས་པའི་བར་གྱིས་མཐོང་ལམ་དང་སྒོམ་པའི་ལམ་ས་བཅུ་གཉིས་སུ་རྣམ་པར་ཕྱེ་བ་ཡང་། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་དང་། འབུམ་ལྔར་དེ་ལྟར་ལུས་ནི་འགོག་པ་ཡིས། སྲོག་རླུང་ཡང་ནི་འགོག་པའོ། །སྲོག་རླུང་ངེས་པར་འགོག་པ་ཡིས། །བྱང་ཆུབ་སེམས་ནི་འགོག་པའོ། །བྱང་ཆུབ་སེམས་ནི་འགོག་པ་ཡིས། །འཛག་པ་ངེས་པར་འགོག་པའོ། །འཛག་པ་ངེས་པར་འགོག་པ་ཡིས། །རྣལ་འབྱོར་པ་ཀུན་སངས་རྒྱས་ཉིད། ཅེས་གསུངས་ཏེ། འདི་རྒྱ་རོལ་ལས། བསམ་གཏན་བཞི་པའི་སེམས་རྟེན་ལས་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་ལ་རྟོག་པར་མཛད་པའི་མཐར་ཟད་མི་སྐྱེའི་ཡེ་ཤེས་བརྙེས་པར་བཤད་པ་ལྟར། དང་པོར་མ་རིག་པ་ནས་བརྩམས་པའི་རགས་པའི་ཡན་ལག་བཅུ་གཉིས་འགགས་པས་ལུགས་འབྱུང་གི་དགའ་བཞི་སྟོང་ཉིད་ཀྱི་མི་འཛག་པར་བསྡམས་ཐུབ། དེ་ཀ་བསམ་གཏན་བཞིར་བྱས་པའི་བཞི་པ་དེའི་རྟེན་ལས་རྩ་རླུང་སེམས་མི་ཤིགས་པའི་ཐིག་ལེར་ཐིམ་ནས་བདེན་དོན་བཅུ་གཉིས་སམ་ས་བཅུ་གཉིས་བགྲོད་པའི་རིམ་པས་འཚང་རྒྱ་བ་ཡིན་ནོ། །བསམ་གཏན་ལ་སྙོམས་པར་ཡང་དང་ཡང་དུ་འཇུག་པར་བཤད་པ་ཡང་དེ་ལ་རྩལ་སྦྱོང་དུ་མ་དགོས་པར་བསྟན་པ་ཡིན་ནོ། དེ་བས་ན་ཐོགས་མེད་ཀྱིས། རྣག་སྨིན་པ་བརྡོལ་བ་ལྟ་བུ་དང་མཐོང་ལམ། རྨ་གསོ་བ་དང་འདྲ་བར་སྒོམ་ལམ། གསོས་ཟིན་པ་ལྟ་བུ་དང་སངས་རྒྱས་སྦྱར་བའང་འདི་ལྟ་བུས་སོ། །ཕྲ་མོའི་རླུང་ནི་ལྡང་འཇུག་ཡོད་པས། དེ་ཙམ་དེ་དག་གི་ངོ་སྐལ་གྱི་སྤང་བྱར་བཤད་ལ། ས་བརྒྱད་པ་བས་རེ་ཞིག་ལྡང་འཇུག་མེད་པ་ལ་གནས་ནུས་ཀྱང་མཐར་དེ་ལ་སད་རྒྱུ་ཡོད་པས། དེ་ལས་སངས་རྒྱས་རྣམས་ཀྱིས་སློང་བར་བཤད་པའི་སློང་མཁན་གྱི་སངས་རྒྱས་ཀྱང་དེ་ཀའི་ཁམས་ཕྲ་བ་ལོངས་པ་ཡིན་ལ། དེ་བཞིན་ཉན་རང་ཕུང་པོ་ལྷག་མེད་པའང་རེ་ཞིག་འགོག་པ་ལ་གནས་ཀྱང་། མཐར་དེ་ལས་ལང་བའང་འདུ་བྱེད་རླུང་གི་ཡིན་ལ་འོན་ཀྱང་། རླུང་དྭངས་མར་ཡོད་པས་རགས་ལུས་ལེན་མི་དགོས་སྒྱུ་ལུས་སུ་ཤར་ཏེ། དེས་སངས་རྒྱས་ཀྱི་ཞིང་མྱུལ་ནས་ཐེག་པ་ཆེན་པོའི་མཐོང་བའི་ལམ་སོགས་སྒྲུབ་པ་ཡིན་ནོ། །དེ་ནས་ཐེག་པ་གསུམ་གྱི་རྟེན་འབྲེལ་ལུགས་ལྡོག་ལ་གཟིགས་སྙམ་ལ་བཟང་ངན་དུ་མ་གཟུང་བ་ནི། དབྱིག་གཉེན་གྱིས། འདི་ལྟ་སྟེ། ཤིང་མེད་ན་མེ་དང་དུ་བ་མི་འབྱུང་བ་དང་། ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་བཞིན་དུ་ཉོན་མོངས་པ་འགགས་ན་དེ་ལས་སྐྱེ་བའི་འབྲས་བུ་མི་འབྱུང་བའི་ཕྱིར། ཚུལ་བཞིན་མ་ཡིན་པ་འགགས་པས་མ་རིག་པ་འགག་ཅེས་གསུངས་སོ། །ཇི་ལྟར་མ་རིག་པ་ལ་སོགས་པ་འགག་པ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་ན་སྨྲས་པ་ཉེས་པ་མེད་དེ། འདི་ལ་གཏན་མེད་པར་འགག་པ་ནི་མ་རིག་པ་ལ་སོགས་པ་འགག་ཅེས་མི་བྱ་ཡི། དཔེར་ན་མར་མེའི་རྐྱེན་གྱིས་མུན་པ་འགགས་ན་སྣང་བ་ཉིད་སྐྱེ་བ་དང་། སྨན་བཅུད་ཀྱི་ལེན་ཟོས་ན་ནད་མེད་ལ་བདེ་བ་སྐྱེ་བ་དེ་བཞིན་དུ། །ལམ་བསྒོམས་པའི་མཐུས་མ་རིག་པ་དང་མི་མཐུན་པ་གང་རིག་སྐྱེ་བར་འགྱུར་བ་དོན་མ་རིག་པ་འགག་པ་ཞེས་བྱ་སྟེ། དེ་ལྟར་གོང་ནས་གོང་དུ་འདུ་བྱེད་ལ་སོགས་པ་དང་མི་མཐུན་པའི་གནས་བྱུང་བ་ལ་འདུ་བྱེད་ལ་སོགས་པ་འགག་པར་བལྟའོ། །ཞེས་གསུངས་པས་མ་རིག་པ་དང་མི་མཐུན་པ་ནི། དཔེར་ན་རིལ་པོར་འདུ་ཤེས་པ་ལ་ཆ་ཤས་སུ་མཐོང་བ་ལྟ་བུ་ཡང་ཡིན་པས་བཤད་པ་འདིས་ཐེག་པ་གསུམ་དུ་རྣམ་པ་མང་པོ་གསུངས་པ་ཐམས་ཅད་འབྱེད་ནུས་སོ། །དེ་ཡང་དེ་ཉིད་ཀྱིས། ཚུལ་བཞིན་ཡིད་ལ་བྱེད་པ་དེས་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་ཅིང་དེ་ཁོ་ནའི་དོན་རྟོགས་པར་བྱེད་པས་ན་ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པ་ཞེས་བྱའོ། །དེ་ལྟར་དོན་ལ་འཇུག་པ་དེ་ཡང་བསམ་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་པའི་ཆོས་དེ་ལ་སྒོམ་པའི་ཤེས་རབ་ཀྱི་གོམས་པར་བྱས་ན་དོན་རྟོགས་པར་འགྱུར་ཏེ། དེ་བས་ན་འདི་ནི་བསམ་པ་དང་སྒོམ་པའི་ཤེས་རབ་ཡིན་པར་རིག་པར་བྱའོ། །ཡང་ན་ཚུལ་ནི་འཕགས་པའི་ལམ་དང་མྱ་ངན་ལས་འདས་པའམ་མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་རིགས་པའམ། མ་ནོར་བར་སྟོན་པའི་མཁན་པོ་དང་སློབ་དཔོན་གྱི་མན་ངག་ལ་བྱ་སྟེ། དེ་དང་མི་འགལ་བར་ཡིད་ལ་བྱེད་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱའོ། །ཞེས་དང་ཡང་། དམིགས་པར་བྱ་བའི་དོན་ལ་ཅི་དགའ་བར་གནས་སུ་བཏུབ་པ་ནི་ཞི་གནས་དང་ལྷག་མཐོང་ཡིན་པའི་ཕྱིར་ལུས་དབེན་པ་དང་སེམས་དབེན་པ་ལ་འཇུག་པ་གཉིས་ཀྱིས་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་སྦྱོར་བ་བསྟན་ཏེ་ཞེས་འབྱུང་བས་སོ། །གཉིས་པ་ངོ་བོ་ཉིད་གསུམ་གྱི་སྒོ་ནས་བཤད་པ་ལ། ལུགས་འབྱུང་གི་འཁོར་བ་གནད་ཀྱི་གནད་ཀ ལུགས་ལྡོག་གི་མྱ་ངན་ལས་འདའ་བ་གནད་ཀྱི་གནད་ཀ་བཤད་པ་གཉིས་ལས། དང་པོ་ནི། ངོ་བོ་ཉིད་གསུམ་ནི་སྣང་བ་དང་མཆེད་པ་དང་ཐོབ་པ། མིང་རྣམ་གྲངས་པ། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོའམ། ཤེས་རབ་དང་ཐབས་དང་མི་ཤིགས་པའི་ཐིག་ལེ་འམ། སེམས་སེམས་བྱུང་མ་རིག་པའམ། ཀུན་བརྟགས་གཞན་དབང་ཡོངས་སུ་གྲུབ་པའམ། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་གི་ས་བོན་ནོ། །འདི་དག་ཕའི་རྒྱུད་ནས་གསལ་བར་གསུངས་ཤིང་། རྣལ་འབྱོར་མའི་རྒྱུད་ལས་གསལ་བར་མ་གསུངས་སོ་སྙམ་ན། དེ་བཟློགས་པའི་ཕྱིར། བདེ་མཆོག་རྡོ་རྗེ་མཁའ་གྲོ་ལས། ཁྱབ་བྱ་ཁྱབ་བྱེད་སྟོང་པ་ཆེ། །ཀུན་ཏུ་འགྲོ་བ་མི་ཤིགས་པ། ཤིན་ཏུ་སྟོང་དང་སྟོང་པ་ཆེ། དེ་ནི་སེམས་མེད་གཉིད་ལོག་པ། སད་པ་དང་ནི་བྲལ་བ་སྟེ། དེར་ནི་ཅིར་ཡང་མི་སྣང་ངོ་། །ཞེས་གསུངས་པའི་ཁྱབ་བྱ་ལུས་ཀྱི་གནས་ལུགས་ཁྱབ་བྱེད་འོད་གསལ། མེ་ཏོག་དང་མེ་ཏོག་གི་དྲི་ལྟ་བུ་མི་ཕྱེད་པ་སྟོང་ཆེན། ནམ་མཁའ་ལྟ་བུར་གང་དུ་ཡང་རུང་བས་ཀུན་འགྲོ་སྟེ། དེ་ཡང་འགྲོ་བ་ཀུན་གྱི་གཟུང་འཛིན་གྱི་འཁྲུལ་པ་མི་འཆར་ཞིང་རང་ལུགས་སུ་གནས་པའི་རྟེན་བྱེད་པས་རྩ་དབུ་མ། གཞན་མི་འགྲིབ་པར་འཆར་བའི་ངོས་ནས་མི་རྟོག་པའི་རླུང་། འོད་ཀྱི་ཐིག་ལེ་ཙམ་དུ་གྲུབ་པས་ཐིག་ལེ་སྟེ། ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པས་མི་ཤིགས་པ་སྟེ། ཇི་སྲིད་ཀུན་རྫོབ་ཀྱི་ཟླ་བ་ཡོད་པ་དེ་སྲིད་སེམས་ཀྱི་ཆུ་ཀླུང་དུ་ཟླ་བརྙན་འདི་འཆར་བས་ཆད་པ་མིན་པ་དང་། དེའང་ཡོད་ནས་སྣང་བ་མ་ཡིན་པས་རྟག་མཐའ་བསལ་ཏེ། རང་རིགས་སྔ་མ་ལས་འབྱུང་བས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཐོག་མ་མེད་པའི་བག་ཆགས་སྣ་ཚོགས་བསགས་པ་དེས་སེམས་སུའང་བཞག་ལ། ལས་ཉོན་གྱི་བག་ཆགས་དང་མ་བྲལ་བ་དེ་སྲིད་ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པའང་ཡིན་པས་ལེན་པའི་རྣམ་ཤེས། དེའི་ཕྱིར་ཡེ་ཤེས་སུ་མིང་བཏགས་པ་དེའི་གདངས་མི་འགག་པ་ཡུལ་ཤིན་ཏུ་སྟོང་པ་དང་། དེའི་འཛིན་པ་ཡུལ་ཅན་སྟོང་པ་སྟེ། སྣང་བ་སྣ་ཚོགས་པ་ཅི་འབྱུང་བ་ཐམས་ཅད་ཀྱི་རྒྱུ་འདི་གསུམ་ཡིན་པས། གཞུང་དུ་འོད་གསལ་བ་ལས་སྟོང་པ་ཆེ། དེ་ལས་ཐབས་ཤེས་སྣ་ཚོགས་འབྱུང་། ཞེས་འབྱུང་ཞིང་། སོ་སོ་སྐྱེ་བོ་དག་ལ་རྟོག་མེད་རང་མྱོང་ཙམ་དུ་ཡོད་ཀྱང་ངོ་མི་ཤེས་པ་ནི། དཔེར་ན་ཁྱིམ་བདག་མཐོང་ནས་ངོ་མི་ཤེས་པ་ལྟ་བུ་ཡུལ་ཁྱིམ་བདག་དང་ཡུལ་ཅན་མཐོང་བ་པོ་གཉིས་ཀ་མ་འཁྲུལ་ཡང་། ཁྱིམ་བདག་ཏུ་མ་རིག་པའི་ལྷད་ཞུགས་ལ། ལྷད་དེ་ཡུལ་དེའམ་དེའི་ཡུལ་ཅན་གང་གི་སྟེང་དུའང་མེད། དེའི་ཕྱིར་སེམས་ཅན་རྣམས་ལ་ཡོད་པ་མི་སྣང་མེད་པ་སྣང་བས། རྗེ་བཙུན་གྱིས། ཨེ་མ་ཁམས་གསུམ་འཁོར་བའི་ཆོས། མེད་བཞིན་སྣང་བས་ངོ་མཚར་ཆེ། ཞེས་གསུངས་ལ། གང་གིས་མེད་བཞིན་དུ་སྣང་བས་སེམས་མེད་གཉིད་ལོག་པ། སད་པ་དང་ནི་བྲལ་བ་ཞེས་བྱའོ། །གལ་ཏེ་མེད་བཞིན་དུ་སྣང་བའི་ལྷད་འཇུག་པའི་དུས་དེ་ཀར་རིག་ན་དེ་དག་འོད་གསལ་བར་ཐིམ་པ་རླུང་གིས་གཏོར་བའི་སྤྲིན་ནམ་མཁར་ཐིམ་པ་ལྟ་བུ། དེར་ནི་ཅི་ཡང་མི་སྣང་ངོ་། གང་ལ་ཀུན་རྫོབ་པ་མེད་པར་གྱུར་ན། དེ་ཉིད་ཉེ་བར་ཞི་ཞིང་ཞི་བ་ཡིན་ལ། དེ་ཀ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །གལ་ཏེ་སྔ་མ་སྤངས་བ་ཡིན་ལ། ཕྱི་མ་རྟོགས་པ་ཡིན་པས་ཐ་དད་དོ་སྙམ་ན། དེ་ནི་འཁྲུལ་པ་སྟེ། གང་རྟོགས་པ་ལ་བར་ཆད་ཅི་ཡང་མེད་པ་དེས་མ་རྟོགས་ན་གཞན་ཅིས་རྟོགས་བསམས་པས་ཤེས་སོ། །འོ་ན་སྣང་བ་མེད་པ་ཉིད་མཐར་ཐུག་གི་ལམ་དུ་བཤད་ན་རྣམ་ཀུན་མཆོག་ལྡན་དང་ཟུང་འཇུག་ཏུ་མི་འགྱུར་རོ་སྙམ་ན། དེ་ཡང་མི་འཐད་དེ། སྟོན་པས། རྣམ་ཀུན་མཆོག་ལྡན་ཞེས་གསུངས་པ་དེ་ནི་ཀུན་རྫོབ་པའི་བདེན་པར་ཕ་རྒྱུད་དང་། རྣལ་འབྱོར་མའི་རྒྱུད་ལས་དམིགས་བཅས་ཤེས་རབ་མ་ལ་གསུངས་ནས་སྣང་བ་དེ་སྦྱང་བ་ལ། དང་པོས་མངོན་བྱང་དང་། གཉིས་པས་ཏིང་ངེ་འཛིན་ལ་སོགས་པའི་ལམ་འགྱུར་བ་མེད་པའི་བདེ་བ་ངོས་མ་གསུངས་པ་བུལ་མེད་དོ། །ཟུང་དུ་འཇུག་ཁྱེར་ནི། གང་ལ་སྣང་བ་ཞིག་ཡོད་ཕན་སྣང་མེད་ཀྱང་ཡོད་པས་དེ་ཀ་གཉིས་སྣང་དུ་སོང་། གཉིས་སྣང་མེད་པས་གཉིས་མེད་དུ་བཞག དེ་ལ་རོ་མཉམ་དེ་ཀ་ཟུང་འཇུག དེ་ཀ་ཁྱབ་གདལ་དུ་བཤད་པ་ཡིན་ནོ། །དེ་བས་ན་རྒྱལ་དབང་རྗེས། བློས་བྱས་ཀྱི་ལྟ་བ་བཟང་ཡང་འཇིག །བློ་འདས་ལ་ལྟ་བའི་མིང་ཡང་མེད། །བལྟ་བྱ་དང་ལྟ་བྱེད་གཉིས་མེད་པའི། །ངེས་པ་དེ་བླ་མའི་དྲིན་ལས་རྙེད། ཅེས་གསུངས། དེ་བས་ན་འཁྲུལ་པའི་མཚང་རིག་པ་ལས་འཁྲུལ་མེད་ལོགས་སུ་མི་རྙེད་པ་ཉིད་ཀྱིས་འཁྲུལ་གྲོལ་ཀྱི་བར་ལག་འགྱེལ་བ་ཞེས་བླ་མ་གསུང་སྟེ། འདི་ལྟ་བུས་དབང་པོ་རྣོན་པོ་རང་བཞིན་ཡོངས་ཤེས་སུ་བཞག རང་བཞིན་ཤེས་པའི་དབང་དུ་མཛད་ནས་དཔལ་རྒོད་ཚང་པ་ལ་སོགས། རྣམ་རྟོག་ངོ་ཤེས་པས་ཆོག གཉེན་པོ་གཞན་བསྟེན་མི་དགོས་ཞེས་གསུང་པ་ཡིན་ནོ། །དེ་ཡང་རྡོ་རྗེ་མཁའ་འགྲོར། ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སྒྱུ་མ་ཀུན་གྱིས་རྣམ་རོལ་པས། །ལུས་ཅན་ཀུན་ནི་རྣམ་ཤེས་ཏེ། །ལུས་ལས་འདས་ཤིང་དྲི་མ་མེད། །ཅེས་གསུངས་ལ། ཇི་ལྟར་དྲི་མ་མེད་ཚུལ། དེ་མ་ཐག་ཏུ། ལྷུན་པོ་དང་ནི་ཏི་སེ་དང་། དེ་བཞིན་དུ་ནི་འབིགས་བྱེད་སོགས། །ལྷུན་པོ་དེ་ནི་དབུ་མ་སྟེ་ལུས་ཀྱི་དབུས་སུ་གནས་པ་ཉིད་ཀྱིས་དང་། ཏི་སེ་ནི་རྐྱང་མ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་འབབ་པས་དང་། འབིགས་བྱེད་ནི་རོ་མ་སྟེ་རྩ་ཐམས་ཅད་ཀྱི་ཁ་འབྱེད་པའི་མེ་གནས་པས་སོ། །ཤར་གྱི་ལུས་འཕགས་བ་ལང་སྤྱོད། །བྱང་གི་སྒྲ་མི་སྙན་དང་ནི། །འཛམ་བུ་གླིང་དང་བཅས་པ་དང་། །ཤར་རླུང་། ནུབ་ཆུ། བྱང་ས། ལྷོ་མེའོ། ལན་ཚྭ་ཅན་དང་འོ་མ་ཡི། རྒྱ་མཚོ་ལ་སོགས་ཆུ་ཚོགས་དང་། །ལན་ཚྭ་ཅན་ནི་ཉི་མ་སྟེ། །འདིས་རྩ་དེ་ཡང་རོ་མར་བཤད་པས་སོ། འོ་མའི་མཚོ་ནི་ཟླ་བ་སོགས་སྒྲས་རྣམ་པར་འགྱུར་པའི་ཁམས་ཐམས་ཅད་དོ། །འོག་དང་སྟེང་དུ་གང་གྱུར་པ། །ཁམས་གསུམ་མ་ལུས་ཟད་པར་བྱ། །གཟུགས་ལ་སོགས་པའི་ཕུང་པོ་དང་། །སྐྱེ་མཆེད་ཁམས་རྣམས་ཟད་པར་བྱ། །འབྱུང་བ་ལ་སོགས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ཀུན་ཟད་བསམས་ཏེ། །དངོས་དང་དངོས་མེད་འདྲེས་པར་ནི། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། །གཟུགས་ལ་སོགས་པའི་མཚན་ཉིད་རྣམས། །མཉམ་ཉིད་སྟོང་པ་ཉིད་དུ་བལྟ། །འདིས་རང་རང་གི་རང་བཞིན་ཡོངས་སུ་ཤེས་པས་སྣང་བ་མི་དགག་ཀྱང་། དེ་ཤེས་པ་ཙམ་གྱིས་སྣང་བ་ཚུགས་མི་ཐུབ་པར་ཟད་འགྲོ་བར་བསྟན་ལ། ཐམས་ཅད་ནམ་མཁར་ཐིམ་ནས་ནི། །བ་ལང་རྨིག་པར་གྲོང་ཁྱེར་བསྒོམ། །རྣལ་འབྱོར་ཅན་གྱི་ཆོ་ག་བཞིན། སེམས་ནི་མེ་མར་ལྟ་བུར་བསྒོམ། དེ་དབུས་ཡིད་ཀྱིས་བལྟས་ན་ནི། །ཐམས་ཅད་ནམ་མཁར་ཐིམ་པ་སྟེ་ཐབས་ཡིན་ཏེ། དམིགས་མེད་སྙིང་རྗེ་ཞེས་པས་སོ། །དེ་ཀ་བ་ལང་རྨིག་པ་སྟེ། །ཆོས་འབྱུང་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྷ་གར་རོ། རྣལ་འབྱོར་ཅན་ནི་དེ་གཉིས་སྙོམས་པར་ཞུགས་པ་སྟེ་རོ་གཅིག་ཏུ་འདྲེས་པའི་ཐ་ཚིག་གོ །སེམས་ནི་མར་མེ་ལྟ་བུར་བསྒོམ། །སེམས་མར་མེ་ལྟ་བུར་འོད་གསལ་བ་སྟེ། མི་ཤེས་པའི་མུན་པ་ཟད་པས་སོ། །དེ་དབུས་ཡིད་ཀྱིས་བལྟས་ན་ནི། །རྣམ་པ་ཐམས་ཅད་པའི་ཡེ་ཤེས་སུ་སོང་བ་སྟེ། །ཤེས་བྱ་ཐམས་ཅད་ཤེས་པས་སོ། །ཤེས་བྱ་ཡང་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའོ། །དེ་ནས་མཚན་མ་བརྟག་པར་བྱ། །མེ་མར་ལྟ་བུས་ཞི་བར་གྱུར། །དམར་པོས་བརྒྱན་ན་རྒྱས་པ་སྟེ། །ཉི་མའི་དཀྱིལ་འཁོར་ལྟར་སྣང་བས། །ཆགས་པ་ལ་སོགས་འགྲུབ་པར་འགྱུར། །མཐའ་མར་དུ་བ་ནག་མཐོང་ན། མངོན་སྤྱོད་དུ་ནི་གྲགས་པ་ཡིན། །རླུང་གི་མདོག་ལྟར་བར་འཁྲུག་ན། དེ་མ་ཐག་ཏུ་བསྐྲད་པར་འགྱུར། །འོད་ཟེར་དཀར་པོས་ལོང་ལོང་པོས། །བློ་ལྡན་སྔགས་ཀྱི་དངོས་གྲུབ་ནི། །རྣལ་འབྱོར་པ་ཡིས་འགྲུབ་ཤེས་བྱ། །དེ་ཀ་ཡེ་ཤེས་ལྔ་ལ་སོགས་པར་འགྲུབ་པ་སྟེ། དེ་ཉིད་དུ། མཁའ་འགྲོ་ཀུན་དངོས་ཆགས་པ་ཡི། སེམས་དཔའ་རྡོ་རྗེ་ལས་བྱུང་བ། པདྨ་འབྱེད་པའི་སྦྱོར་བ་ཡིས། །པདྨ་གར་དབང་ཞེས་བྱ་སྟེ། །སྟེང་དུ་གསལ་བར་འཕྲོ་བས་ན། །རྡོ་རྗེ་ཉི་མ་ཞེས་བྱ་ལ། འདི་ནི་གསལ་ཞིང་འབར་བས་ན། །རྣམ་སྣང་མཛད་ཆེས་ཐུབ་པའང་ཡིན། རླུང་ནི་སྣ་ཚོགས་ལས་བྱུང་བ། ཁྱད་པར་སྤྱོད་པས་རྟ་མཆོག་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཕན་ཚུན་གཉིས་མེད་རང་བཞིན་ནོ། །གནས་དེར་ཉི་མ་ནུབ་པ་བཞིན། །སྤྲུལ་པའི་སྐུ་ཡི་གཟུགས་ཀྱི་བདག །ལྷ་དང་མི་ཡི་བདེ་བའི་མཆོག །བསྡུས་བྱས་རྙོག་པ་མེད་པ་སྟེ། །འཁོར་བའི་ལམ་ནི་གཅོད་པ་པོ། །སྤྲོས་པ་ཐམས་ཅད་ཉེར་ཞི་བའི། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ །ཞེས་གསུངས། འདིས་སངས་རྒྱས་ལ་ནམ་མཁའི་རྣལ་འབྱོར་པ་ཞེས་བྱའོ། །གཉིས་པ་ལུག་ལྡོག་གི་མྱ་ངན་ལས་འདའ་བ་གནད་ཀྱི་གནད་ཀ་བསྟན་པ་ནི། རང་བཞིན་ཡོངས་སུ་ཤེས་པར་རུང་ལ། ཅུང་ཟད་ཐབས་ལ་བལྟོས་དགོས་ན། རྒྱུད་ཀྱི་སྔར་གྱི་འཕྲོར། དེ་འོག་རྣལ་འབྱོར་བསྐྱེད་པར་བྱ། །ཡེ་ཤེས་ལ་སོགས་སེམས་ཀྱིས་ནི། །གང་ཞིག་སྟོང་ཉིད་ཤེས་བྱས་ན། སེམས་ནི་མྱུར་དུ་ཐར་བར་འགྱུར། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག །ཤེས་བྱས་འགྲོ་བ་བརྟག་པར་བྱ། །ཕ་དང་མ་ནི་གསད་བྱ་ཞིང་། །བྲམ་ཟེ་གཙང་མ་གཉིས་གཟུང་ནས། རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། མི་དེ་དག་པར་འགྱུར་ཞེས་བྱ། །ཡེ་ཤེས་རང་བཞིན་ཀུན་དང་སྦྱོར། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དེ་འོག་ཅེས་པ་ནི། རང་བཞིན་ཡོངས་སུ་མ་ཤེས་པས་འཁོར་བ་མྱང་འདས་སུ་ངོ་འཕྲོད་པར་དཀའ་ན། རྣལ་འབྱོར་འདི་བསྒོམ་པར་བསྟན་ལ། དེ་ཡང་། ཡེ་ཤེས་ལ་སོགས་སེམས་ཀྱིས་ནི། དང་པོ་རྣམ་པར་རྟོག་པ་བསྡུས་ན་ཡེ་ཤེས་གསུམ་གྱི་རིམ་པ་དང་པོ་ཤེས་རབ་སྣང་བའི་ཡེ་ཤེས་ལ་འཇུག་ཅིང་ཕྱིས་ཐབས་དང་སྟོང་པ་ཆེན་པོ་དེ་ཡང་། ལུས་བྱེད་ཆིངས་ཀྱིས་རྣལ་དུ་བཞག །ངག་རླུང་སྦྱོར་གྱིས། ཡིད་བསམ་པ་དང་བསམ་པར་བྱ་བ་ཐམས་ཅད་དོར་བས་བུ་ཆུང་ལྷུག་པར་གནས་པ་ལྟ་བུས་ནམ་མཁའ་ལ་མིག་དང་ཤེས་པ་མི་འགྱུར་བ། བླ་མའི་མན་ངག་ལས་བྱུང་བ་བཞིན་བསྒྲིམས་ཏེ་འབད་ན། ཐ་མལ་གྱི་མིག་སོགས་འགགས་ཏེ་ཤའི་མིག་ཐོབ་ནས་དུ་བ་སོགས་པའི་སྟོང་པ་ཉིད་རྙེད་ལ། དེ་ཡང་རིག་པ་ཉིད་ཀྱི་གཟུགས་ཡིན་ལ། དེ་ལ་ཞེན་དུ་བཅུག་ན་ལྷའི་མིག་ཐོབ་སྟེ་བསམ་གཏན་པར་གྱུར་པའི་ཕྱིར་རོ། །དེས་རྙེད་པའི་སྣ་ཚོགས་གཟུགས་བརྙན་སེམས་དབེན་པའི་ཏིང་ངེ་འཛིན་འོད་གསལ་དུ་ལངས་པ་དེ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་དེ། རྣམ་པར་དཔྱད་པའི་བློས་མ་དམིགས་པ་ཙམ་དང་མི་འདྲ་སྟེ། དེ་ནི་དཔྱད་ངོར་མེད་པ་ཙམ་ཡིན་ལ། འདི་ནི་མངོན་སུམ་དུ་སྣང་བའི་ཕྱིར་རོ། །གང་སྣང་ན་ཀུན་རྫོབ་པའི་སེམས་ཀྱི་གནས་ལུགས་སྣང་བ་ཡིན་པས་ཆོས་ཉིད་མངོན་གསུམ་ཞེས་བཤད་ཅིང་། ད་དུང་གཟུགས་བརྙན་དུ་གཟུང་བ་མ་སངས་པས་གཉུག་མ་ལ་མ་རག་པའོ། །འོད་གསལ་སྣ་ཚོགས་གཟུགས་བརྙན་དུ་ལོངས་བ་ཡང་། རགས་པའི་རྩ་རླུང་ཐིག་ལེ་མི་ཤིགས་པའི་ཐིག་ལེར་འགྲོ་འདོད། འདྲེས་ནི་མ་འདྲེས་པ་དེ་རླུང་སེམས་དབུ་མར་ཚུད་པའི་སྐབས་ཡིན་པས་སོ། །སེམས་ནི་མྱུར་དུ་ཐར་བར་འགྱུར། གང་ལས་ཐར་ན་དངོས་པོར་འཛིན་པ་ལས་ཐར་བར་འགྱུར་ཏེ་སངས་རྒྱས་ཀྱི་སྤྱན་ཐོབ་པས་སོ། གང་གིས་ཐར་བར་བྱེད་ན་སྣ་ཚོགས་གཟུགས་བརྙན་དེ་ལ་ཞེན་པ་བཏང་བ་སྟེ། རྟགས་དང་རྟགས་ཅན་དུ་ལྟ་བ་རང་རིག་གི་གནས་ཀྱིས་སྦྱོང་བ་སྟེ། རགས་པའི་རྩ་རླུང་ཐིག་ལེ་འདྲིས་ཏེ་དབུ་མར་རླུང་སེམས་གནས་པའི་སྐབས་ཡིན་པས་སོ། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག །ཤེས་བྱ་ནི་སྟོང་པ་ཉིད་དམིགས་བཅས་དེའོ། །ཤེས་བྱས་འགྲོ་བ་བརྟགས་པར་བྱ་བ་ནི། འདིའི་དུས་རང་བྱུང་གི་ཙཎྜྻཱ་ལི་འབར་བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བ་འཁོར་ལོ་བཞིའི་དབུས་སུ་འོང་བ་བརྟག་པ་སྟེ། བརྟག་ཐུབ་ན་དགའ་བ་སོགས་བཞི་ཡེ་ཤེས་སུ་འགྱུར། དེ་ལས་ཤེས་རབ་ཀྱི་སྤྱན་ཐོབ་སྟེ་རླུང་སེམས་དབུ་མར་ཐིམ་པའི་འགོ་ཟུག་པས་སོ། །དེ་དུས་ཕ་དང་མ་ནི་བསད་བྱ་ཞིང་། །ཕ་མ་གཟུང་འཛིན་ཏེ། གང་གིས་གསོད་པ་ཞེས་བྱ། །བྲམ་ཟེ་གཙང་མ་གཉིས་གཟུང་ནས། ཞེས་པས། རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་རྣལ་འབྱོར་རྣམ་པ་གཉིས་ལ་བསླབས་པས། ཞེས་པའོ། །རྒྱལ་པོ་ནི་རྣམ་པར་ཤེས་པ། ཡུལ་འཁོར་ནི་སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་ཏེ། དེ་དག་བཅོམ་ན། མི་དེ་དག་པར་འགྱུར་ཞེས་བྱ། མ་དག་པ་ཅི་ཡང་མེད་པར་འགྱུར་རོ། །དེའི་ཚེ་ཡེ་ཤེས་ཀྱི་མིག་འཐོབ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྲུབ་པ་སྟེ་དེས། ཡེ་ཤེས་རང་བཞིན་ཀུན་དང་སྦྱོར། །དེ་གཞི་ཇི་ལྟ་བ་མངོན་དུ་བྱས་པ་ཙམ་དུ་སྟོན་པ་སྟེ། གཞི་འབྲས་དབྱེར་མེད་ཡིན་པའི་ཕྱིར་རོ། །འདི་ཡང་རྒྱུད་སྡེའི་མདོར་བསྟན་དུ། དེ་ཉིད་མེད་སེམས་རྣལ་འབྱོར་པ། ལྷ་ལ་དམིགས་པར་བྱེད་པ་ན། ཀུན་ཏུ་གཟུགས་བརྙན་ཉིད་ཀྱིས་ནི། ལུགས་སོགས་རྣལ་འབྱོར་སྐྱེ་བ་མིན། །བྱང་ཆུབ་སེམས་ཆེན་རྣལ་འབྱོར་གང་། །རྣལ་འབྱོར་དབང་ཕྱུག་རང་ཉིད་གཙོ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་རང་བཞིན་ནོ། །འགྲོ་བའི་རྩ་ལག་རང་བཞིན་གྱི། །སྣ་ཚོགས་གཡོགས་ཏེ་རྣམ་བཞུགས་པས། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། སྣ་ཚོགས་ཚུལ་གྱིས་མཆོད་པར་བྱ། །བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་ཉིད་ཡིན་ཏེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང་། དཔའ་བོ་ཐམས་ཅད་ཉིད་དང་ནི། རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། ཞེས་གསུངས་སོ། །ཤའི་མིག་གིས་ནི། སྟོང་པ་རགས་པ། དེ་ནས་ལྷའི་མིག་གིས། ཕྲ་བ་དང་། རླུང་རང་མལ་དུ་བཅིངས་པ་དང་། དབུ་མར་ཚུད་པའི་ཁྱད། །དེ་ནས་སངས་རྒྱས་ཀྱི་སྤྱན་གྱིས་ཤིན་ཏུ་ཕྲ་བ་སྟེ། དབུ་མར་གནས་པ་དང་། ཤེས་རབ་ཀྱི་མིག་གིས་ཐུན་མོང་མི་ཤིགས་པའི་ཐིག་ལེར་ཐིམ་པ་དང་། ཡེ་ཤེས་ཀྱི་སྤྱན་གྱིས་དབྱེར་མེད་པའི་གཉུག་མ་མངོན་དུ་བྱེད་པའོ། །དེ་ལྟར་སྤྱན་ལྔ་བསྒྲུབ་པའི་ཆོས་འདི་ལྟ་བུ། སློབ་དཔོན་ཀླུ་གྲུབ་ཀྱིས་དཔལ་ཤ་ཝ་ར་ལ་གནང་བས། དེས་ཡེ་ཤེས་ཀྱི་སྤྱན་འགྲུབ་བོ་ཞེས་གྲགས་པ་དང་། སློབ་དཔོན་དུས་འཁོར་ཞབས་ཆེན་པོས། ཡེ་ཤེས་ཀྱི་སྤྱན་བསྒྲུབ་ཏུ་གྲགས་པ་དང་། རྡོ་རྗེ་སྙིང་འགྲེལ་དུ། དབང་པོ་རྣམས་ཀྱི་མངོན་སུམ་གང་། །སེམས་ཀྱིས་བརྟགས་པའི་མངོན་སུམ་ཉིད། །བསྐྱེད་པའི་རིམ་པའི་ཡེ་ཤེས་ཏེ། །སངས་རྒྱས་བྱེད་པའི་མངོན་སུམ་མིན། །རྣལ་འབྱོར་པ་ཡི་མངོན་སུམ་གང་། རང་རིག་བྱེད་པ་གང་ཡིན་པ། རྫོགས་པའི་རིམ་པའི་ཡེ་ཤེས་ནི། །སངས་རྒྱས་བྱ་བ་བྱེད་པའི་མཆོག །དེ་ཉིད་ཐ་དད་རྣམ་པ་ལྔ། །ཐོག་མ་བར་དང་ཐ་མ་ནི། །ཆོས་བསྡུས་པ་ལས་སྐྱོབ་པ་ཡིས། །སྤྱན་ལྔ་རྣམས་ནི་གསུངས་པ་ཡིན། །ཤ་ཡི་མིག་དང་དེ་ནས་ལྷའི། །དེ་ནས་སངས་རྒྱས་སྤྱན་དུ་འགྱུར། །ཤེས་རབ་སྤྱན་དང་དེ་ནས་སླར། །ཡེ་ཤེས་སྤྱན་ནི་ལྔ་པའོ། །ལས་དང་པོ་པའི་རྣལ་འབྱོར་པ། དང་པོ་ཤ་ཡི་སྤྱན་དུ་འགྱུར། །དེ་ནས་དེ་ཡིས་ལྷ་ཡི་སྤྱན། །ལྷ་ཡིས་ཇི་ལྟ་དེ་ལྟ་བའོ། །དེ་ལ་སངས་རྒྱས་སྤྱན་དུ་འགྱུར། །ཉན་ཐོས་ཇི་ལྟ་དེ་ལྟ་བའོ། །དེ་ནས་ཤེས་རབ་མིག་ཇི་ལྟ། །བྱང་ཆུབ་སེམས་དཔའ་དེ་ལྟ་བའོ། དེ་ནས་ཡེ་ཤེས་རང་བཞིན་སྤྱན། །བདེ་གཤེགས་རྣམས་ཀྱིས་ཇི་ལྟ་བའོ། །ཡེ་ཤེས་རྣམ་པ་བཞི་ཡི་སྤྱན། །གང་ལ་ཡོད་པ་དེ་ནའོ། །ཡེ་ཤེས་རྣམ་ཤེས་དབྱེ་བ་ཡིས། །དངོས་པོ་གཉིས་སུ་རབ་བསྟན་ཏེ། །སྐྱོབ་པ་རྣམས་ལ་ཡེ་ཤེས་སྤྱན། །དེས་ན་ཡེ་ཤེས་སྤྱན་དུ་བརྗོད། །སངས་རྒྱས་ཐོག་མ་མཐའ་མ་མེད། །དང་པོའི་སངས་རྒྱས་གཉིས་རྟོགས་མེད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །དེ་ལྟར་འཇིག་རྟེན་པའི་ཀུན་རྫོབ་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་འདི་ཐོབ་ནས་འདི་འབྱུང་སྟེ། ཡུང་བ་དང་རྡོ་ཐལ་གྱི་སྦྱོར་བ་ལས་དམར་བ་ཉིད་བཞིན་དུ་ལས་ཐམས་ཅད་འགྲུབ་པར་རིག་པར་བྱའོ། །ཞེས་ལུང་དང་བཅས་ཏེ་གསུངས་སོ། །བསྟན་པའི་ཚིག་ལམ་མཐའ་མེད་འབྲོག་སྟོང་པར། རྟོག་གེའི་ཁེ་འཚོལ་ཅན་རྡུགས་གསང་ཚིག་གི །དུད་མོ་ཐོས་པས་སྙིང་རྗེས་མགྲོན་གཉེར་ནས། །ལེགས་བཤད་ཆུ་སྦྱིན་རྒྱུད་དོན་ལུས་བསྟབས་པ། ལུགས་གཟིགས་པདྨའི་སྤྱན་རྒྱས་ལྷས་གཟུང་བའི། །རབ་དཀར་ཤ་གྲིམས་རྣམ་དཔྱོད་མཆེ་དྲུག་པ། ཟས་གཙང་སྲས་ཀྱི་རིང་ལུགས་ཕྱོགས་གར་ཡང་། །མཐོན་པོར་འདེགས་མཁན་དེ་མིན་གཞན་སུ་ཡོད། །ཅེས་པདྨ་དཀར་པོས་ནས་མོར་སྦྱར་བ་རྫོགས་སོ།། །།མངྒ་ལཾ།། ༄༅༅། །བསྲེ་འཕོའི་ལམ་རིམ་སངས་རྒྱས་ཐོད་པའི་གསང་བ་རྣམ་པར་ཕྱེ་བ་བཞུགས་སོ།། སྣ་ཚོགས་དངོས་སྡེར་རྗེས་སུ་ཆགས་པའི་ལྷ། །སངས་རྒྱས་ཐོད་པར་བདག་གིས་ཕྱག་བྱས་ནས། །ཆོས་ཀྱི་བློ་གྲོས་དྲིན་གྱིས་སུ་བརྣངས་པ། འཇམ་དབྱངས་ཉིད་དུ་ཤེས་ཕྱིར་འདི་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་སངས་རྒྱས་ཐོད་པའི་དགོངས་པ་ནང་གི་རྣལ་འབྱོར་པ་ས་ར་ཧའི་ཞལ་སྔ་ནས་ཀྱིས་བཀྲལ་བ། སྒྲ་བསྒྱུར་གྱིས་རྒྱལ་པོ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བདག་ཅག་རྣམས་ཀྱི་སྤྱོད་ཡུལ་དུ་མཛད་པ་འདི་བཤད་པར་བྱ་སྟེ། སྟེང་སྒོ་རྣམ་པར་གྲོལ་བར་བྱེད་པས་གཞལ་ཡས་ཁང་། འོག་སྒོ་བདེ་བ་ཆེན་པོས་རྒྱུའི་ཧེ་རུ་ཀ ཁ་སྦྱོར་གྱིས་འབྲས་བུའི་ཧེ་རུ་ཀ་རྫོགས་པར་བྱེད་པ་གསུམ་ལས། དང་པོ་ནི། ས་སོགས་འབྱུང་བ་ཆེན་པོ་བཞི། །འཁོར་ལོ་བཞི་རུ་རབ་ཏུ་དབྱེ། །ཐུན་མཚམས་བཞི་རུ་བྱིན་གྱིས་བརླབས། ཅེས་པའི་དོན། ཕྱི་དཀྱིལ་རྣམས་བསྒོམས་པའི་མཐར་བདེ་བའི་སྟན་ལ་བྱེད་པ་བཅིངས་ཁ་སྦྱོར་བུམ་པ་ཅན་གྱི་རླུང་འགགས་ནས། བདག་ཉིད་ཀྱི་སྤྱི་བོའི་འཁོར་ལོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ་ལྟ་བུ་བ་དན་གཉིས་ཀྱིས་མཚན་པ་དེ་ལས་མི་བཟད་པའི་རླུང་ཁམ་ལོང་གིས་ལོངས་བས་རྩ་རྣམས་བསྐྱོད་ཅིང་རབ་ཏུ་སྤྲུགས་པས་དེ་དག་གི་མདུད་པ་དང་འཁོར་ལོའི་དབྱིབས་ཤག་ཤིག་ཏུ་གྱུར་ཅིང་མཐར་ཐིམ་པས་སྟོང་པ་ཆེན་པོ་རྩ་ཐམས་ཅད་རེངས་པའི་དབུས་སུ་ཡིད་གནས་པར་བྱེད་དོ། །དེས་རླུང་ལེགས་པར་ཟིན་པ་ཙམ་དུ་བསྒོམས་ནས། དེ་ནས་མགྲིན་པར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བ་བདུན་གྱིས་མཚན་པ་དེ་ལས་མི་ཟད་པའི་མེ་འབར་བ་རླུང་གིས་འོག་ཏུ་བུས་པ་རྩ་ཐམས་ཅད་འབར་ནས་གཞུང་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བརྟེན་པ་དབྱངས་བཅུ་དྲུག་གི་རྩ་རོ་རྐྱང་བཅས་པར་ལྷགས་པར་གྱུར་པའི་དབུས་སུ་ཡིད་གནས་པས་ཐབས་ཞེས་བྱའོ། །དེས་དྲོད་སྐྱེའོ། །སྙིང་གར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལས་མི་ཟད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་འཛག་པས་རྩ་ཐམས་ཅད་འོ་མའི་རྒྱ་མཚོར་ཐིམ་པའི་དབུས་སུ་ཡིད་བཞག་པས་བདེ་བ་སྐྱེད་དོ། །དེ་ནས་ལྟེ་བར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ་ལ་ཡིད་བཞག་པས་རྣམ་པར་མི་རྟོག་པ་བརྟེན་པར་བསྒྲུབས་ཏེ་མཐར་འབྱུང་བ་བཞི་གྱུར་པ་ལས་ལུས་རྟག་ཏུ་རྨི་ལམ་དང་སྒྱུ་མ་ལྟ་བུར་བལྟའོ། །དེ་ཉིད་གཞལ་ཡས་ཁང་ངོ་། །དེ་ཡང་རྡོ་རྗེ་བཙུན་མོའི་བྷ་ག་དང་གསང་བ་མཆོག་དང་བདེ་བ་ཅན་དང་རྡོ་རྗེ་གདན་འོག་མིན་སེང་གེའི་ཁྲི་ལ་སོགས་པ་མིང་གིས་བསྙད་པ་ཨེའི་དགོན་པ་རྣམ་པར་ཐར་པའི་སྒོ་གྲུ་གསུམ་པའི་ཆོས་འབྱུང་ཆེན་པོར་ཡང་བཞག་གོ །འདི་ནི་ཚོགས་ཀྱི་སའི་སྒོམ་པ་ཡིན་པའི་ཕྱིར་འཇིག་རྟེན་པའི་སེམས་ཐམས་ཅད་དུ་དགག་མི་སྤོངས་བས་ཐུན་མཚམས་བཞིར་བཅད་དེ། དེ་དག་ཏུ་རྩེ་གཅིག་པས་བདག་བྱིན་གྱིས་བརླབ་བོ། གཉིས་པ་ནི། གཞུང་ལས། པདྨ་བཞི་ལས་ཡང་དག་བྱུང་། །དགའ་བ་བཞི་ཡི་རང་བཞིན་གྱིས། །སྦྱོར་པ་བཞི་ལ་ཀུན་ཏུ་བརྟེན། །མཆོག་ཏུ་དགའ་བའི་སེམས་ཀྱིས་ནི། །བྱ་བ་བྱེད་པ་པོ་རང་བཞིན། །རྡོ་རྗེ་སེམས་དཔའ་དཔལ་གཟུགས་ཅན། །ཅི་བདེ་བ་རུ་འདི་རུ་རོལ། །དེ་ཡང་བདག་ཉིད་ཧེ་རུ་ཀ་སངས་རྒྱས་ཐོད་པ་དང་། །ལེགས་པར་སྦྱངས་པའི་ཤེས་རབ་མ་སྣ་ཚོགས་བདེ་མ་གཉིས་ཀའི་སྙིང་ག་དཔྲལ་བ་གཙུག་དང་དཔུང་པ་མིག་གསང་བ་ལུས་ཐམས་ཅད་དུ་རིམ་པ་བཞིན། ཨོཾ་ཧཱཾ་ཧཻཾ་ཧཽཾ་ཧཾ་ཧོཾ་ཧེཾ་གི་གོ་བསྐོན། གནས་གསུམ་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས། ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པར་མོས་པ་བརྟེན་པོས་ཡུམ་གྱི་པདྨ་ལ་ཨཱ། ཡབ་ཀྱི་རྡོ་རྗེ་ལ་ཧཱུྃ་བསམ་ནས། སྙིང་རྗེའི་རང་བཞིན་ཕན་ཚུན་བལྟ་བ་དང་། སྣ་ཚོགས་བདེ་མ་དང་བཅོམ་ལྡན་འདས་གཉིས་བྱམས་པའི་རང་བཞིན་འཁྱུད་པ་དང་། རྡོ་རྗེ་པདྨར་དྲུད་པ་དགའ་བའི་རང་བཞིན་དག་མཛད་པས་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་དབྱངས་སོ་གཉིས་ཀྱི་རང་བཞིན་ལུས་ངག་ཡིད་ཡེ་ཤེས་ཀྱི་པདྨར་དགའ་བ་མཆོག་དགའ་ཁྱད་དགའ་ལྷན་སྐྱེས་ཀྱི་དགའ་བ་བཞི་རྣམ་པར་ཕྱེ་བས་ཐིག་ལེ་བཅོ་ལྔར་འཛག་པ་བཏང་སྙོམས་ཀྱི་རང་བཞིན་དུང་ཅན་མའི་རྩེར་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ་བཅུ་དྲུག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་དགའ་བའི་སྐབས་སོ། །དེ་ནས་ཡུམ་གྱི་བྱང་སེམས་གསལ་བྱེད་བརྒྱད་བཅུའི་རང་བཞིན་ལུས་ངག་ཡིད་ཡེ་ཤེས་ཀྱི་པདྨར་སྐུ་གསུང་ཐུགས་རྣམ་པར་ཕྱེ་བ་བདེན་དོན་བཅུ་གཉིས་བྱ་གདོང་གི་རྩེར་བཅུ་གཉིས་པའི་གང་བ་ཆགས་པ་ཉིན་མོར་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་རོ་མཉམ་པ་ནི་མཆོག་ཏུ་དགའ་བའི་སྐབས་སོ། །དེའི་དབུས་སུ་སོ་སོ་རང་རིག་པའི་ཡིད་སྐྱེ་བ་མེད་པ་ཨ་དང་ཧཱུྃ་ཡིག་གི་བདག་ཉིད་སོ་སོར་རྟོག་པའི་ཡེ་ཤེས། དེས་ཁམས་གསུམ་པོ་སངས་རྒྱས་ཀྱི་རོལ་མོར་སྤྲོ་བའི་བྱ་བ་ཀ་དང་བསྡུ་བ་བྱེད་པ་པོ་ཧས་བརྒྱན་པའི་རང་བཞིན་ནི་བྱ་བ་གྲུབ་པའི་ཡེ་ཤེས། །དེ་དག་ཧཱུྃ་གི་རང་བཞིན་རྒྱུའི་ཧེ་རུ་ཀའི་ཀུནྡ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་འཆར་བ་དཔལ་རྡོ་རྗེ་བདེ་མ་དང་། གཞན་ཡང་གཟུངས་མ་ཉི་ཤུ་རྩ་བཞིའི་རྣམ་པར་འགྱུར་བ་ལྷན་ཅིག་པར་བཞེངས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་ཚེ་དབང་པོ་རྣམས་ནུབ་པར་འགྱུར་བ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་པར་སྦྱང་པས་སོ། །དེ་དག་རྟེན་རྩ་དང་བརྟེན་པ་རླུང་དང་ཐིག་ལེ་བདེ་བ་བཞི་སྦྱོར་བ་ལས་ཀུན་ཏུ་བརྟེན་པས་སྦྱོར་བའི་ལམ་གྱི་གནས་སྐབས་སོ། །འདི་ནི་ལུང་ལས། ཁྲོ་བོའི་མཛུབ་མོའི་རྩེ་མོ་ལས། །བདུད་རྩིའི་ཡི་གེ་བསམ་པ་དང་། ལྟེ་བར་བྱ་གདོང་མཛུབ་རྩེ་ལ། །སྦྱོར་བ་གསུམ་པོ་བསམས་ནས་ནི། །མཛུབ་མོ་དེ་ཡིས་བསྒུལ་བྱ་ཞིང་། །ཡང་དག་མན་ངག་བསྒོམ་པར་བྱ། །ཞེས་པའི་དོན་ནོ། །གསུམ་པ་ནི། གཞུང་ལས། རླུང་གི་འགྲོ་འོང་བསྒོམས་པ་ཡིས། །ཐིམ་འགྱུར་བདེ་ཆེན་སྐྱེ་བར་འགྱུར། །རྩ་འདབ་ཕྱོགས་ཀྱི་འདབ་མ་ནི། །འབྱུང་ཆེན་བཞི་ཡི་རང་བཞིན་ནོ། །མཚམས་ཀྱི་འདབ་མ་བཞི་པོ་ནི། །བདུད་རྩི་ལྔ་ཡི་རང་བཞིན་གྱི། དེ་རུ་མཆོད་པའི་གཟུགས་སུ་གནས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞིར་ཡང་དག་གསུངས། །རྒྱུའི་ཧེ་རུ་ཀར་བཞེངས་པ་དེ་ཙམ་ནས་སྲོག་དབུ་མར་འཇུག་པས་དབུ་མ་ཉིད་དུ་འབྱུང་བ་དང་འཇུག་པ་དང་གནས་རླུང་ཟླ་བ་གཅིག་ཏུ་སྦྱོར་བ་ལ་གོམས་པས་སྣང་བ་གསུམ་རྣམ་པར་དག་སྟེ་སྤྲུལ་པའི་འཁོར་ལོ་དྲུག་ཅུ་རྩ་བཞིའི་དབུས་སུ་ཨཾ་ཐིག་ལེའི་གཟུགས་ཅན་སྙིང་གའི་ཁོར་ལོ་བརྒྱད་ཀྱི་དབུས་ན་ཧཱུྃ་ཐིག་ལེའི་གཟུགས་ཅན། དེ་བཞིན་མགྲིན་པར་ཨོཾ་དང་། དཔྲལ་བར་སྒྲ་དང་མི་ཤིགས་པའི་ཧཾ་ངོ་། །ཨོཾ་གྱི་འོད་ཟེར་སྟེང་དུ་འགྲོ་བཞིན་པ་དང་། ཧཱུྃ་གི་འོད་ཟེར་འོག་ཏུ་འགྲོ་བཞིན་པ་གཉིས་ཀ་འདུས་པའི་བདུད་རྩིས་ཧཱུྃ་གི་དྲི་མ་ཤེས་བྱའི་སྒྲིབ་པ་བཀྲུ་བ་རྒྱུའི་ཧེ་རུ་ཀ་ཐམས་ཅད་སྟོང་པ་འོད་གསལ་བ་ཐིག་ལེའི་གཟུགས་སུ་ཐིམ་པར་འགྱུར་རོ། །དེ་དང་མཉམ་པ་ཉིད་དུ་ཨཾ་ཡིག་འོད་ཟེར་སྟེང་དུ་འགྲོ་བ་དང་། ཧཾ་ཡིག་འོད་ཟེར་འོག་ཏུ་འཛག་པས་འདུས་པ་བཞིན་དུ་ཕྱོགས་མཚམས་ཀྱི་ཡུལ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཀྱིས་ཀྱང་དེ་ཉིད་དུ་ཐིམ་པར་འགྱུར་ལ། དེ་ནས་བྱམས་པ་ལ་སོགས་པའི་ཚད་མེད་པའི་ལྷ་མོའི་གླུས་བསྐུལ་བས་ཆོས་ཐམས་ཅད་ཀྱི་སྙིང་གའི་འཁོར་ལོའི་ལྟེ་བར་སངས་རྒྱས་ཐོད་པ་སྣ་ཚོགས་བདེ་བྱ་བའི་སྒྱུ་མ་ཆེན་མོས་འཁྱུད་པ་དེར་ཆུ་ལས་ཆུ་བུར་ལྟར་འཁོར་ལོ་དེའི་རྩ་བརྒྱད་ཀྱི་ཕྱོགས་བཞིར་འབྱུང་བ་ཆེན་པོ་ལྷ་མོ་དང་། མཚམས་བཞིར་བདུད་རྩི་ལྔའི་མཆོད་གཟུགས་དང་། གསུང་དང་སྐུ། འབྱུང་བ་ཆེན་པོའི་སྒོ་དང་བཅས་པར་ལྷ་མོ་ཉི་ཤུ་སྟེ་འབྲས་བུའི་དཀྱིལ་འཁོར་ཟུང་འཇུག་གི་ཡེ་ཤེས་ཆེན་པོར་སྣང་ངོ་། །འདི་ནི་བྱང་ཆུབ་སེམས་དཔའ་འཕགས་པའི་ལམ་ཉིད་ཀྱི་སྒྱུ་མའམ་སྟོང་པ་ཉིད་ཙམ་གྱི་སྣང་བ་དག་པ་མ་ཡིན་པས། དེ་ཉིད་ཕྱི་ཡི་དཀྱིལ་འཁོར་ནི། ཉི་ཤུ་རྩ་བཞིའི་རང་བཞིན་ནོ། །ཞེས་གསུངས་ཏེ། ཇི་ལྟར་ནང་བཞིན་རྗེས་ལ་ཤར་བའི་ཐོབ་པ་ཡང་དེར་ལྟབ་བས་ཅི་ཞིག་ན། སྣ་ཚོགས་བདེ་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ནི་དབུས་སུ་བཞུགས། །སྣ་ཚོགས་བདེ་སྟེ་རྣམ་པ་ཀུན་ནོ། །བཅོམ་ལྡན་འདས་ནི་རྣམ་པ་མེད་པའོ། །ལྷན་ཅིག་པས་རྣམ་པ་དང་རྣམ་པ་མེད་པ་འབྱེད་མི་ཤེས་པའི་རོ་མཉམ་སྟེ་སློབ་པའི་ཟུང་འཇུག་གོ །དབུས་སུ་བཞུགས་ཞེས་བྱ་བ་ནི་ནམ་མཁའི་རྣལ་འབྱོར་ཏེ། གང་ལ་མཐའ་ཐམས་ཅད་དང་བྲལ་བ་དེ་ལ་དབུས་སམ་དབུ་མ་ཞེས་སངས་རྒྱས་རྣམས་ཀྱིས་བགྲོས་ནས་བཞག་པའི་ཕྱིར་དེར་གྱུར་ཏོ། །དེ་ནི་མི་སློབ་པ་སྟེ་ཐམས་ཅད་ཤིན་ཏུ་སངས་རྒྱས་པའོ། །འདི་ནི་བསྲེ་འཕོའི་སྟོང་པ་ཆེ། དེ་ལས་ཐབས་ཤེས་སྣ་ཚོགས་འབྱུང་། །མངོན་པར་བྱང་ཆུབ་རྣམ་ལྔ་དང་། །ཞེས་པའི་ཁྱད་པར་གྱི་གདམས་པར་འགྱུར་རོ་ཞེས་རྡོ་རྗེའི་སློབ་དཔོན་གསུང་སྟེ། སྟོང་པ་ཆེ་ཞེས་པས་དང་པོ། ཐབས་ཤེས་སྣ་ཚོགས་འབྱུང་། །མངོན་པར་བྱང་ཆུབ་ཅེས་པས་གཉིས་པ་དང་ཞེས་པས་ཕྱི་མ་འདྲེན་པའོ། །རྗེ་བཙུན་མར་པ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་བཙུན་པ་པདྨ་དཀར་པོས་གཞན་ལ་ཕན་པའི་ཕྱིར་སངས་རྒྱས་ཐོད་པའི་གསང་བ་རྣམ་པར་ཕྱེ་བའོ།། །།མངྒལཾ།། །། ༄༅༅། །བསྲེ་འཕོ་ལས་གནས་པ་རྩའི་དེ་ཉིད་བཞུགས་སོ།། སྟོན་པའི་དམ་ཆོས་བརྒྱད་ཁྲི་བཞི་སྟོང་སྒོ། གར་སོང་དེ་བཞིན་ཉིད་དུ་བགྲོད་གཅིག་པ། །གཏམ་དུ་སྨྲ་མང་མངོན་དུ་རྒྱུ་ལ་ལམ། །དོན་བཞིན་འབྱེད་མཁན་བཀའ་བརྒྱུད་པ་ལ་འདུད། །ཇོ་བོ་ནཱ་རོ་པའི་རྫོགས་རིམ་གྱི་གདམས་ངག་གནས་པ་རྩའི་དེ་ཉིད་ཅེས་བྱ་བ་དེ་བཤད་པ་ལ། དངོས་པོར་གནས་ཚུལ་གྱིས་ལྟ་བ་འཁོར་འདས་དབྱེར་མེད་དུ་ཐག་བཅད། ལམ་གྱི་རིམ་པས་སྒོམ་པ་རྣམ་རྟོག་ཆོས་སྐུར་ཉམས་སུ་བླང་། །བོགས་འབྱིན་གྱི་སྤྱོད་པར་སྒྱུ་མ་གསུམ་གྱིས་འཁྱུད་ཁྱེར་བཤད་པ་གསུམ་ལས། དང་པོ་ནི། བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀུན། །འཁོར་ལོ་བཞི་ལ་ཡོངས་སུ་རྫོགས། །ཞེས་པ་འདིས་བསྡུས་པའི་དོན་བསྟན། དེ་ཡང་བརྟག་གཉིས་ལས། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ་ནས། དེ་ལྟར་ཐམས་ཅད་བཞི་བཞིའོ་ཞེས་པའི་བར་གྱི་དོན་ནོ། །འདིའི་སྡོམ་པ་དེ་གང་ཞེ་ན། རྡོ་རྗེ་སྙིང་པོའི་འགྲེལ་ཆེན་དུ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། གསང་བའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་དང་། གཙུག་ཏོར་གྱི་འདབ་མ་བཞི་ལའོ། །ལྷག་མ་ཀུན་རྫོབ་པས་སྤྲུལ་པ་དང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། ལྷན་ཅིག་སྐྱེས་པའི་འཁོར་ལོ་རྣམས་སུ་སྡོམ་པ་སྟེ། འདུ་བར་བྱེད་པ་ཡིན་ལ། ཞེས་པས་དོན་དམ་པ་དེའི་གདངས་འགག་པ་མེད་པ་དང་། གཤིས་འགྱུར་བ་མེད་པའོ། །འགག་པ་མེད་པ་སྟེ་འདིར་སྟོང་པ་ནམ་མཁའི་ཁམས་དང་། འགྱུར་མེད་དེ་སྟོང་པ་ཆེན་པོ་ཡེ་ཤེས་ཀྱི་ཁམས་སུ་བཞག་པ་སྟེ། གང་གིས་ཀྱང་གོ་འབྱེད་པ་ནམ་མཁའ་ཡིན་པ་བཞིན། །གདངས་འགག་པ་མེད་པས་ཐམས་ཅད་དུ་རུང་། དེས་འདི་དུ་མའི་གཞིར་བཤད། དེ་ཡང་རྐྱེན་ཞུགས་པ་ནས་དུ་མར་སོང་བ་ཙམ་ལ་བློ་རྩེ་གཏད་ནས་རྣམ་པ་ཀུན་ལྡན། གང་དུ་ཡང་འགྱུར་བ་མི་སྟོན་པའི་ཆ་དེ་སངས་རྒྱས་ཀྱི་གཟིགས་པའི་བདེ་བ་ཆེན་པོ་ཡིན་པས་སྙིང་རྗེ། རིམ་པ་ཇི་ལྟ་བས་ཨེ་དང་ཝཾ་དུ་བཤད་ལ། བཤད་པ་ལྟར་གཅིག་པུ་རྐྱེན་ཆོས་ཅན་གྱི་དབྱེ་བས་ལུས་ངག་ཡིད་ཡེ་ཤེས་ཀྱི་དེ་ཉིད་དུ་སོང་བས་མང་མང་འདྲ་བ། དེ་བཞིན་ཉིད་དེ་དང་དེ་ཡང་རྣམ་པར་དབྱེ་བ་ལྟར་སོ་སོར་མེད་པས་ཆོས་ཐམས་ཅད་རང་བཞིན་དབྱེར་མེད་དུ་གཅིག་གོ་ཞེས་མགྲིན་གཅིག་པར་སྨྲ་བའི་ཚེ་ཉུང་ཉུང་འདྲའོ། དེ་བས་རྡོ་རྗེ་སྙིང་པོའི་འགྲེལ་ཆེན་དུ། ད་ནི་དེའི་ཡང་བསྐྱེད་པའི་རྒྱུ་བརྗོད་པར་བྱ་སྟེ། དང་པོར་རེ་ཞིག་ཨེ་ཝཾ་འགྱུར་ཞེས་པའི་ཨེ་ཝཾ་གི་ཡི་གེ་ནི་ཧེ་རུ་ཀའི་རྒྱུའོ། །ཧཱུྃ་ཡིག་ནི་གཉིས་པའི་བསྐྱེད་པའི་རྒྱུའོ། །དེ་ལས་དངོས་པོ་སྐྱེ་བ་ནི། གཟུང་དང་འཛིན་པའི་དབྱེ་བ་ལས། ཡུལ་དང་དབང་པོ་སྦྱོར་བ་ཡིས། རྣམ་ཤེས་རྣམས་ཀྱི་སོ་སོ་བ། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །དངོས་པོའི་འཆིང་བ་དེ་ཡིས་རྣམ་པར་ཤེས་པ་རྣམས་དང་། མིག་ལ་སོགས་པ་རྣམས་འཆིང་བར་བྱེད་དོ། དེ་ཡོངས་སུ་ཤེས་པས་གྲོལ་བར་བྱེད། ཡུལ་དང་དབང་པོ་རྣམས་འགོག་པས་དེ་ཡོངས་སུ་ཤེས་པ་ཞེས་པའོ། །དེའི་ཕྱིར། དངོས་པོ་ཉིད་ཀྱིས་རྣམ་གྲོལ་བྱེད། །ལྷའི་མིག་ལ་སོགས་པ་རྣམས་ཀྱིས་འདས་པ་དང་མ་འོངས་པའི་ཡུལ་མཐོང་བས་རྣམ་པར་ཤེས་པ་དྲུག་རྣམས་གྲོལ་ཏེ། དེ་ནི་རྣམ་པར་ཤེས་པ་གཞན་ནོ་ཞེས་སོགས་ཀྱིས། ཨེ་ཀའི་ཀ་གྲོགས་སྟོབས་ཀྱིས་ཝཾ་དུ་བཏང་བ་སྟེ། གཞན་ཧེ་རུ་ཀ་ནི་སྐྱེད་པའི་རྒྱུ། །དང་པོ་ཨེ་ཀ་བསྒོམ་པར་བྱ། །ཞེས་འདོན་པ་ཡིན་ནོ། །འདིར་ཨེ་ཝཾ་འགྱུར་ཞེས་པ་ནི་མ་རིག་པའི་རྐྱེན་གྱིས་རྩ་བའི་ཨེ་ཝཾ་བསྣན་པས། ཧཱུྃ་ཡིག་ཏུ་སོང་བ་ཀུན་རྫོབ་ཀྱི་རྒྱུའོ། །ཞེས་བྱ་བར་བསྟན། དེ་ཁོ་ན་ཉིད་ལ་རྨོངས་པ་དེས་གཟུང་འཛིན་དང་། དེས་དབང་པོ་ཡུལ་དང་ཕྲད་པའི་རྣམ་ཤེས་སོ་སོ་བ། དེས་ལས་བསགས། དེས་བག་ཆགས་བཞག་པས་ཉོན་མོངས་པ་སྐྱེད། དེ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་གྱི་བག་ཆགས་དང་། བག་ལ་ཉལ་དང་། དབང་ལྡན་དང་། ཀུན་འབྱུང་བའི་ཚོགས་ཡང་ཡང་འཁོར་བས་འཁོར་བ། དེ་ཐམས་ཅད་ལས་འབྲས་ལ་རྨོངས་པའི་མ་རིག་པའོ། འདིར་དེ་ཡོངས་ཤེས་པ་ཤེས་རབ་ཀྱིས་ཡོངས་སུ་ཤེས་པ་ཞེས་གསུངས་པ་སྟོང་ཉིད་རྣམ་ཀུན་མཆོག་ལྡན། དེས་དངོས་པོར་འཛིན་པ་བཟློག་སྟེ་བདག་བྱིན་གྱིས་རློབ་པའོ། །འདིས་ལུས་དངོས་པོར་གནས་པ་ཙམ་ལམ་དུ་བྱས་པ་ཐམས་ཅད་དེ་ལས་མ་བརྒལ་བར་བཤད་དེ། དེ་ཡང་རྣམ་པ་དང་བཅས་པ་ཟད་པས་སོ་ཞེས་དགོངས་ནས་སོ། །ཡང་དེ་ཉིད་ལས། དེ་བཞིན་དུ་ཧེ་རུ་ཀ་ཞེས་པ་དངོས་པོ་མེད་པར་བསྒོམ་བྱ་སྟེ་ཤེས་རབ་ཀྱི་ཡེ་ཤེས་སོ། །ཧེ་རུ་ཀ་ནི་བདེ་བ་ཆེན་པོ་སྟེ། ཤེས་རབ་ཇི་ལྟ་བར་ཐབས་ཀྱང་དེ་བཞིན་ནོ། །དེ་ཡོངས་སུ་ཤེས་པས་དངོས་པོ་མེད་པར་བསྒོམ་པར་བྱ་བ་དེ་ཐབས་སུ་འགྱུར་རོ། །དེ་བཞིན་གྱི་རྒྱུ་ལས་རྒྱུ་ཇི་ལྟ་བ་དེ་ལྟར་འབྲས་བུའོ་ཞེས་པའོ། ཞེས་པས། སྒྱུ་མ་ཙམ་དེ་དང་ཞུ་བདེའི་ཐབས་གཅིག་གིས་གཅིག་སྦྱངས་པས་རྣམ་པར་མི་རྟོག་པ་རྙེད་པར་འགྱུར་ཏེ། འགྱུར་བ་ཟད་པར་འགྱུར་མེད་བདེ་བའོ། དེ་ཡང་རྒྱུད་དེ་ཉིད་དུ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། འདི་ཉིད་མྱ་ངན་འདས་པ་ཡིན། ཞེས་པའི་མཚན་གཞི་གཅིག་པུས་ནི། རྩ་བའི་ཨེ་དེའོ། །ཨེ་གཞན་དབང་དུ་སོང་བ་དེ་ཀ་རྣམ་ཤེས་སོ། དེ་ལས་ཀུན་བརྟགས་པའི་འཁོར་བ་ཐམས་ཅད་བྱུང་བ་དང་། གཞན་དབང་དུ་མ་སོང་བའི། མི་སྒྲིབ་པ། ཡོངས་གྲུབ་དེས་མྱང་འདས་ཐོབ་ཅིང་། དེའི་ཕྱིར། རྨོངས་མེད་འཁོར་བ་དག་པ་ཡིན། ཞེས་དང་། སློབ་དཔོན་ཆེན་པོ་ཀླུ་གྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། དག་པ་དེ་ཉིད་མྱ་ངན་འདས། ཞེས་གསུངས་ལ། དེ་བས་ཡོངས་གྲུབ་པས། རྩ་བའི་ཨེ་ཝཾ་མངོན་དུ་བྱས་ན་དེ་གཅིག་པུས་འཚང་རྒྱ་བས་རྟོགས་གྲོལ་ཐོས་གྲོལ་སོགས་བཞག ལམ་སྒོམ་དགོས་པའི་གང་ཟག་ལ་རིམ་གྱིས་བཀྲི་བ་མེད་ན་དེ་མངོན་དུ་བྱེད་མི་ནུས་པས། དབང་པོ་རྣོན་པོ་རང་ལ་ཡང་ལམ་རིམ་གྱིས་བགྲོད་པ་དང་། ཅིག་ཅར་བགྲོད་པ་གཉིས་སོ། །མཚན་ཉིད་ཐེག་པར་ཡང་དེ་ལྟ་བུ་ཅིག་ཅར་བགྲོད་པ་མེད་ན་སློབ་དཔོན་ཆེན་པོ་ཐོགས་མེད། ཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་གསུང་མི་རིགས་སོ། །གཉིས་པོ་དེ་རྡོ་རྗེ་སྙིང་པོའི་འགྲེལ་ཆེན་དུ། རྫོགས་པའི་རིམ་པའི་རྣལ་འབྱོར་གྱི། །དམ་པའི་བདེ་བ་བདེ་ཆེན་ན། རྫོགས་པ་བསྒོམ་པ་མེད་པ་སྟེ། བསྐྱེད་པ་ཡིས་ནི་ཅི་ཞིག་བྱ། །ཞེས་པ་ལ། འདིར་རྫོགས་པའི་རིམ་པ་ཞེས་བྱ་བ་ནི། རྟོག་པ་དང་པོ་གཉིས་ཀྱི་བདེ་བ་བྲལ་བ་སྟེ། དེ་ཉིད་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཡིན་ན། དེའི་ཕྱིར་རྟོག་པས་དཀྱིལ་འཁོར་བསྐྱེད་པ་དང་། ཕྱག་རྒྱ་བསྐྱེད་པས་དགོས་པ་ཅི་ཡོད་ཅེས་པའོ། །ཚིག་འདི་གསན་ནས་བཅོམ་ལྡན་འདས་ཀྱེ་རྡོ་རྗེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་འདིས། ཨེ་མ་དད་པའི་ཤུགས་ཀྱིས་ཉམས། །ཞེས་ཀུན་རྫོབ་ཏུ་སྟེ། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་བྱ་ཁྱབ་བྱེད་ངོ་བོ་ཡིས། བདེ་བས་འགྲོ་བ་ཁྱབ་པ་པོ། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པར། བདེ་བ་ཉིད་ཀྱང་དམིགས་མི་འགྱུར། ཞེས་པ་ཀུན་རྫོབ་ཀྱིས་སོ། །དེ་ཉིད་དུ། སླར་ཡང་དོན་དམ་པར་འགོག་པ་འདི་ལྟ་སྟེ། དངོས་ང་དངོས་པོ་མེད་པ་ང་། ཞེས་པ་རྣམ་པ་ཐམས་ཅད་པའི་ཤེས་རབ་བོ། །དངོས་པོ་རྟོག་ཕྱིར་སངས་རྒྱས་ང་། ཞེས་པ་མངོན་པར་ཤེས་པ་དྲུག་ཅན་ཐབས་སོ། །རྨོངས་པ་གང་རྣམས་ང་མི་ཤེས། འདི་ལྟར་གྱུར་པའི་གང་ཞིག་ལེ་ལོས་བཅོམ་པས་ཀྱང་སྟེ། དེ་རྣམས་ནི་དབང་པོ་གཉིས་ཀྱི་བདེ་བས། བདེ་བས་ཉེ་བར་བཅོམ་པ་རྣམས་སོ། །ཞེས་པ་ལ་སོགས་པས་སྔ་མ་དང་ཕྱི་མ་དྲང་བ་དང་ངེས་པའི་དོན་ཉིད་དོ། །ཞེས་གསུངས་པ་ཀུན་རྫོབ་དེ་དག་ཀྱང་དོན་དམ་རྟོགས་པར་བྱ་བའི་ཕྱིར་བསྟན་པ་དང་། དེ་དག་ལ་མ་ལྟོས་པར་བགྲོད་པ་གཉིས་བྱུང་བའི་ཕྱི་མ་མེད་ན་དོགས་པ་གཅོད་མི་དགོས་སོ། །དེ་བས་གཤིས་འགྱུར་མེད་ཉིད་རང་བཞིན་དག་པ་ཡིན་པའི་རྒྱུ་མཚན་དུ་སོང་། གདངས་གང་དུ་ཡང་རུང་བས་དག་མ་དག་གི་གཞིར་བཤད། དེའི་དབང་གིས་མ་རིག་པའི་རྐྱེན་ངོར་དྲི་བཅས། དེའི་ཕྱིར་གཞི་འཁྲུལ་མེད་དང་། དུས་གཞི་དུས་ནས་འཁྲུལ་བ། འདི་ལ་རྒྱལ་བ་ཡང་དགོན་པས། གནས་ལུགས་ཕྱག་ཆེན་དང་། འཁྲུལ་ལུགས་ཕྱག་ཆེན་གྱི་རྣམ་དབྱེ་མཛད་དོ། །རྐྱེན་དེ་སླེབ་པའི་དུས་ནའང་། རང་དྲི་མ་མེད་པ། གཞན་དབང་ཅན་ལ་དྲི་མར་སྣང་བ་ནི། ཀུན་རྫོབ་ཉིད་དུའང་གནོད་པ་མེད་པའི་མིག་ངོར་དང་། རབ་རིབ་ཅན་གྱི་མིག་ངོར་ཟས་གཙང་མ་གཅིག་ཀ་དེ་རང་དང་། དེ་ཀ་སྐྲ་ཤད་མང་པོ་བར་མཐོང་བ་ལྟ་བུ། དང་པོ་དག་པ། གཉིས་པ་མེད་བཞིན་དུ་སྣང་བས་གློ་བུར་པ། གང་ཟག་འཁྲུལ་རྒྱུས་བསླད་པ་དེ་ལ་སྐྲ་ཤད་མི་འདུག་ཅེས་བརྗོད་ཀྱང་བདེན་པར་མི་ལྟ་ལ། དེ་ཡང་ཁོ་རང་ལ་དེ་ལྟར་སྣང་བས་ཡིན་ལ། དང་པོ་ལ་དག་པར་སྒྲུབ་ཅི་དགོས། དེས་འཁྲུལ་རྒྱུ་ཅན་དེ་ལ་འདི་ཀ་ཟས་གཙང་མ་ཞེས་པ་ལྟ་བུ། འཁོར་བ་མྱ་ངན་ལས་འདས་པ། ཉོན་མོངས་ཡེ་ཤེས་རྣམ་རྟོག་ཆོས་སྐུ་སོགས་སུ་བསྟན་པ། ཁོ་ད་ལྟ་ཡིད་མི་ཆེས། ཕྱིས་མིག་སྨན་གྱིས་ནད་ཡོངས་སུ་དག་ན་བདེན་པར་ཤེས་པ་ལྟ་བུ། བླ་མའི་གདམ་ངག་གིས་ནམ་གཏན་ལ་ཕེབས་པ་ན་ཡིད་ཆེས་པར་འགྱུར་རོ། །དེས་ན་བསྡམས་པ་སངས་རྒྱས་ཀྱི་གཟིགས་པ་དངོས་དེར། བསྡམ་རྒྱུ་སེམས་ཅན་གྱི་མཐོང་ཚུལ་རྣམས། སྡོམ་བྱེད་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་འདི་ལྟ་བུའོ། །བསྡམས་པས་གཞི་འབྲས་དབྱེར་མེད། ལམ་འབྲས་དབྱེར་མེད་དུ་འགྲོ་བ་ཞིག་དགོས་སོ། །དབྱེར་མེད་ཀྱང་མཉམ་ཉིད་ལ་ཟེར་ལ། མཉམ་པ་ཡང་འཕགས་པ་ཉན་རང་དག་གི་ཡོན་ཏན་ནམ་མཁའ་དང་ལག་མཐིལ་དུ་མཉམ་པ། ཙ་ན་དན་དང་སྟེའུ། གསེར་དང་བོང་བར་མཉམ་པ་ལྟ་བུའི་མཉམ་པ་ནི་བཏང་སྙོམས་ཁོ་ནར་ཟད་ལ། བྱང་ཆུབ་སེམས་དཔའ་འཕགས་པའི་མཉམ་རྒྱུ་སྒྱུ་མའི་སྣང་བ། མཉམ་པ་མངོན་པར་བྱང་ཆུབ། མཉམ་བྱེད་རང་བཞིན་མེད་པར་རྟོགས་པའི་སོ་སོ་རང་རིག མཉམ་པ་དེས་མངོན་བྱང་དུ་གྱུར་པའོ། །སངས་རྒྱས་ཀྱི་མཉམ་པ་ནི། འོད་གསལ་བ་ཉིད་དུ་ཆོས་ཐམས་ཅད་རྫོགས་པར་གྱུར་པའོ། དེས་ན་ས་རབ་ཏུ་དགའ་བ་ཐོབ་པ་ནས་སངས་རྒྱས་པའི་བར་ངོ་བོའི་མཐོང་ཚུལ་མི་འགྱུར་བར་བཤད་པ་དང་། བྱང་སེམས་ས་བཅུ་གང་ལ་གནས་པ་ཐམས་ཅད་རྣམ་གྲངས་པར་བཤད་པའི་ཕྱི་མ་དོན་ལ་གནས་པས། ཉན་རང་གི་ཤེར་ཕྱིན་གཟུགས་བརྙན་ཙམ་དང་། བྱང་སེམས་ཀྱི་བཏགས་པ་བ་དང་། སངས་རྒྱས་ཀྱི་དངོས་སུ་བཞག་པ་བཞིན་ནོ། །དེ་བས་ན་སོ་སོ་སྐྱེ་བོའི་དབང་དུ་བྱས་ནས་བརྟག་གཉིས་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། ཞེས་གསུངས་ཏེ། ཕྱི་རོལ་ཏུ་ཆད་པ་ལྟ་བུར་སྣང་བ་ཐམས་ཅད་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཁམས་ཀྱི་ཉེར་ལེན་ལས་བྱུང་། ཇི་ལྟར་ནང་བཞིན་ཕྱི་དེ་བཞིན། ནང་དེ་དག་ཀྱང་རྣམ་པར་ཤེས་པའི་སྣང་བ་ཙམ་དུ་སྟོན་ལ། འདིའི་ཕུགས་ཐུག་ས་རང་རིག དེ་བས་དེ་མངོན་དུ་བྱས་ན་རྣམ་རིག་གི་ལྟ་བ་སྙོགས། གྲུབ་མཐའ་ཟིན་ཀྱང་། དེ་ལས་བརྒལ་བར་མི་ནུས་སོ། རྡོ་རྗེ་ཐེག་པ་ནས་བཤད་པའི་ལུས་དངོས་པོའི་གནས་ཚུལ་རིག་པ་ཙམ་དུ་སོང་། འོན་ཀྱང་འདི་ལ་གཟུང་འཛིན་གྱི་རྣམ་པར་དབེན་ཙམ་དང་། དེས་རླུང་དྭངས་པའི་རྟགས་དང་། རྩ་རླུང་ཐིག་ལེ་འདུས་པའི་རང་གཟུགས་བདེ་བ་འབྱུང་བའི་དང་པོ་སྟོང་ཉམས་མི་རྟོག་པ། གཉིས་པ་སྣང་ཉམས་གསལ་བ། གསུམ་པ་བདེ་ཉམས་ཟུང་འཇུག་ཏུ་འཇོག་པ་ཡིན་ནོ། །ཕྱི་མ་ཟུང་འཇུག་ཏུ་འཇོག་པའི་རྒྱུ་མཚན་ཡང་། དུས་དེར་རླུང་སེམས་རྩ་འདྲེས་པར་གནས་པས་དེ་ལྟར་གྲུབ་པ་ཡིན་པས་གང་ཟག་འདི་པའི་དབང་དུ་བྱས་ནས། རྡོ་རྗེ་སྙིང་པོའི་འགྲེལ་ཆེན་དུ། དཔྲལ་བར་ཨཱ་ལིའོ། །མགྲིན་པར་ཀཱ་ལིའོ། །སྙིང་གར་ཤེས་རབ་བོ། །ལྟེ་བར་ཐབས་སོ། ལྷན་ཅིག་སྐྱེས་པའི་སྐུ་ནི་ལྟེ་བར་རོ། །ཆོས་ཀྱི་སྐུ་ནི་སྙིང་གར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མགྲིན་པར་རོ། སྤྲུལ་པའི་སྐུ་ནི་དཔྲལ་བར་རོ། །ལྟེ་བར་བཞི་པའོ། །སྙིང་གར་ཤིན་ཏུ་གཉིད་པའོ། །མགྲིན་པར་རྨི་ལམ་མོ། །དཔྲལ་བར་ཟད་པའོ། །དཔྲལ་བར་སྐུ་རྡོ་རྗེའོ། །མགྲིན་པར་གསུང་རྡོ་རྗེ་འོ། །སྙིང་གར་ཐུགས་རྡོ་རྗེའོ། ལྟེ་བར་ཡེ་ཤེས་རྡོ་རྗེའོ། །ལྟེ་བར་ཨེ་ཡིག་གོ །སྙིང་གར་ཝཾ་ཡིག་གོ །མགྲིན་པར་མ་ཡིག་གོ །དཔྲལ་བར་ཡ་ཡིག་གོ །ལྟེ་བར་སྤྱན་མའོ། །སྙིང་གར་མཱ་མ་ཀཱིའོ། །མགྲིན་པར་གོས་དཀར་མོའོ། །དཔྲལ་བར་སྒྲོན་མའོ། །དཀྱིལ་འཁོར་བཞི་རྣམས་སོ། །ཞེས་པའོ། །སྐད་ཅིག་མ་བཞི་རྣམས་ནི། རྣམ་པ་སྣ་ཚོགས་པ་ནི་དཔྲལ་བར་རོ། །རྣམ་པར་སྨིན་པ་ནི་མགྲིན་པར་རོ། །རྣམ་པར་ཉེད་པ་ནི་སྙིང་གར་རོ། །མཚན་ཉིད་དང་བྲལ་བ་ནི་ལྟེ་བར་རོ། །དེ་བཞིན་དུ། དགའ་བ་ནི་དཔྲལ་བར་རོ། །མཆོག་དགའ་ནི་མགྲིན་པར་རོ། །ཁྱད་དགའི་དགའ་བ་ནི་སྙིང་གར་རོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་ལྟེ་བར་རོ། དེ་བཞིན་དུ། སྡུག་བསྔལ་གྱི་བདེན་པ་ནི་དཔྲལ་བར་རོ། །ཀུན་འབྱུང་གི་བདེན་པ་ནི་མགྲིན་པར་རོ། །འགོག་པའི་བདེན་པ་ནི་སྙིང་གར་རོ། ལམ་གྱི་བདེན་པ་ནི་ལྟེ་བར་རོ། །དེ་ཁོ་ན་ཉིད་བཞི་རྣམས་ཏེ། བདག་གི་དེ་ཁོ་ན་ཉིད་ནི་དཔྲལ་བར་རོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་མགྲིན་པར་རོ། །ལྷའི་དེ་ཁོ་ན་ཉིད་ནི་སྙིང་གར་རོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི་ལྟེ་བ་ལའོ། །དཔྲལ་བར་ངར་བྱེད་པའོ། །མགྲིན་པར་སྒྲ་བརྗོད་པའོ། སྙིང་གར་ཐམས་ཅད་སེམས་པའོ། ལྟེ་བར་བདེ་བ་མྱོང་བའོ། །སྡེ་པ་བཞི་རྣམས་ཏེ། གནས་བརྟན་པ་ལྟེ་བར་རོ། །ཐམས་ཅད་ཡོད་པར་སྨྲ་བ་སྙིང་གར་རོ། །མགྲིན་པར་ཀུན་གྱིས་བཀུར་བའོ། །དཔྲལ་བར་དགེ་འདུན་ཕལ་ཆེན་པའོ། །ཟླ་བ་ནི་དཔྲལ་བར་རོ། །ཉི་མ་ནི་མགྲིན་པ་ནའོ། །སྙིང་གར་སྒྲ་གཅན་ནོ་ལྟེ་བར་དུས་མེའོ། །དཔྲལ་བར་འཕོ་བ་བཅུ་དྲུག་རྣམས་སོ། །མགྲིན་པར་སུམ་ཅུ་རྩ་གཉིས་སོ། སྙིང་གར་ཐུན་བརྒྱད་རྣམས་སོ། །ལྟེ་བར་དབྱུག་གུ་དྲུག་ཅུ་རྩ་བཞི་རྣམས་སོ། །སྔར་བཤད་པའི་ཐུན་མཚམས་བཞི་རྣམས་ཏེ། སྔ་མའི་ཐུན་མཚམས་ནི་དཔྲལ་བར་རོ། །ཉིན་གུང་གི་ཐུན་མཚམས་ནི་མགྲིན་པར་རོ། ཉིན་མོའི་ཕྱི་མའི་ཐུན་མཚམས་ནི་སྙིང་གར་རོ། །མཚན་ཕྱེད་གྱི་ཐུན་མཚམས་ནི་ལྟེ་བ་ལའོ། །དཔྲལ་བར་ནི་ལོངས་སྤྱོད་དོ། །མགྲིན་པར་ནི་དབང་བྱེད་དོ། །སྙིང་གར་ནི་ཐིམ་མོ། །ལྟེ་བར་བདག་པོ་ཉིད་དོ། །དེ་ལྟར་ཐམས་ཅད་བཞིའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་དྲུག་རྣམས་དང་། ཁམས་སུམ་ཅུ་རྩ་དྲུག་རྣམས་ཀྱང་སྔར་བཤད་པའི་ཆ་བཞིར་བྱས་ནས་ཐམས་ཅད་བཞི་བཞིར་གྲངས་ཇི་ལྟ་བར་རིགས་ཀྱི་དབྱེ་བས་འཁོར་ལོ་བཞི་རྣམས་ལ་སྦྱར་བར་བྱའོ་ཞེས་གསུངས་པ་དང་། འདི་ཉིད་ལས། བསྡུ་ན་སྡེ་སྣོད་རྣམ་པ་བཞི། འདུལ་བ་མདོ་སྡེ་མངོན་པ་དང་། །གཅིག་ནི་སྔགས་ཀྱི་སྡེ་སྣོད་ཡིན། །ཕྱོགས་ཀྱི་ཡི་གེ་བཞི་ལ་ཚང་། །འདིར་སྡེ་སྣོད་གསུམ་ནི་འཁོར་ལོ་དང་པོ་གཉིས། །ཕྱི་མ་ཉིད་ནི་རྡོ་རྗེ་ཐེག་པ་སྟེ། །ཆོས་འཛིན་པའི་དམ་ཚིག་བསྒོ་བ་ན་ཡང་། །ཕྱི་དང་གསང་བ་ཐེག་པ་གསུམ། །ཞེས་འདོན་པས་སོ། །དེའི་ཕྱིར། སྔགས་ཀྱི་སྡེ་སྣོད་གཅིག་ཉིད་ལ། །རྒྱུད་སྡེ་བཞི་རུ་གང་གསུང་པ། མཚམས་ཀྱི་ཡི་གེ་རྣམ་པ་བཞི། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་བླ་ན་མེད་པའི་རྒྱུད། །ཡ་མ་གཉིས་པོ་དང་པོ་གཉིས། ཝཾ་ཨེ་ཕྱི་མ་གཉིས་ལ་སྦྱར། ཞེས་བཞི་ཚན་དུ་བཤད་པ་རྣམས་བསྡམས་པ་དང་། རྒྱས་པར་རྡོ་རྗེ་སྙིང་པོའི་འགྲེལ་ཆེན་དུ། རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྒྱུད་ནི་རྒྱུད་གཞན་དུ་གསུངས་པའི་རྣམ་པས་རིགས་དྲུག་གི་དབྱེ་བས་འཁོར་ལོ་དྲུག་ཏུ་སྡོམ་པའོ། །རིགས་ལྔའི་དབྱེ་བས་འཁོར་ལོ་ལྔ་རྣམས་སུ་སྡོམ་པའོ། །རིགས་བཞིའི་དབྱེ་བས་འཁོར་ལོ་བཞི་རྣམས་སུ་སྡོམ་པའོ། །རིགས་གསུམ་གྱི་དབྱེ་བས་འཁོར་ལོ་གསུམ་རྣམས་སུ་སྡོམ་པའོ། །ཞེས་གནས་དང་ཉེ་གནས་ཐབས་ཤེས་ཀྱིས་གཅིག་ཏུ་བསྡུས་པ་བཞིན། ཞིང་དང་ཉེ་ཞིང་། ཚནྡོ་ཉེ་ཚན། འདུ་བ་ཉེ་འདུ། འཐུང་གཅོད་ཉེ་བའི་འཐུང་གཅོད། དུར་ཁྲོད་ཉེ་བའི་དུར་ཁྲོད། འཁོར་ལོ་དྲུག་ཏུ་བསྡམ་པ་སོགས་སོ། །དེ་ལྟར་བཤད་པ་དག་ཀྱང་། ཆང་ལ་མྱོས་པའི་ནུས་པས་ཁྱབ་པ་ལྟ་བུར། སྣ་ཚོགས་པ་དེ་དག་ལ་གཉུག་མ་སེམས་ཀྱི་ནུས་པས་ཁྱབ། ཆང་དེ་འཐུང་ན་མྱོས་པ་མངོན་དུ་འགྱུར་བ་བཞིན། དེ་དག་རང་གནད་ཀྱི་གདམ་ངག་ཏུ་བསྟེན་པས་འབྲས་དུས་སུ་ཆོས་དེ་དང་དེ་དག་སྒྲིབ་བྲལ་མངོན་དུ་འགྱུར་བ། དེ་བས་གཞི་འབྲས་ལྷུན་གྲུབ། ལམ་འབྲས་གཉིས་མེད་དུ་ཁྱེར་བས། འདི་འབྲས་བུའི་ཐེག་པའམ་རྡོ་རྗེ་ཐེག་པར་སོང་བ་ཡིན་ནོ། །གཉིས་པ་ནི། ཡང་འདི་ཉིད་དུ། ཡི་གེ་ཨེ་ནི་མ་རྒྱུད་ལ། ཝཾ་ནི་ཕ་རྒྱུད་ཡིན་པར་གསུངས། སྤྱིར་རྒྱུད་ཅེས་པ་ཐབས་ཤེས་དབྱེར་མེད་པའི་དོན་ཡིན་པས། བརྟག་གཉིས་སུ། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། ཅེས་གསུངས་ཤིང་། དེ་ཀ་གསང་སྔགས་ཀྱི་ཚིག་དོན་ཡིན་པས་རྒྱུད་ཐམས་ཅད་ཀྱང་གཉིས་མེད་ཀྱི་རྒྱུད་ཡིན་ནོ། །ཕ་མར་འབྱེད་པ་ནི་བཞི་ཀ་ལ་གྲགས་ཀྱང་། གཙོ་བོར་བླ་མེད་ལ་བཞག་པ་འབུམ་ལྔར། ཀྱཻ་རྡོ་རྗེ་གཉིས་རྟོག་མེད། འདུས་པ་ལ་སོགས་ཐམས་ཅད་རྣམས། ཤེས་རབ་ཐབས་ཀྱི་བདག་ཉིད་དེ། ཐམས་ཅད་རྣལ་འབྱོར་རྒྱུད་ཡིན་ཏེ། ཤེས་རབ་ཐབས་ཀྱི་མིང་རྣམས་ཀྱི། །གང་དུ་ཐབས་ནི་ལེགས་གནས་ཤིང་། །རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། ཀུན་རྫོབ་རྣལ་འབྱོར་མ་རྒྱུད་དུ། བྱིས་པ་རྣམས་ལ་བདག་གིས་བསྟན། །འདིར་ཐབས་ནི་འགྱུར་མེད་ཀྱི་བདེ་བ་ཆེན་པོ། དེ་ལེགས་པར་གནས་པ། མ་རིག་པའི་སྒོ་དེའི་སྦུབས་བྱེ་བའོ། །རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། ཕྲ་བའི་རླུང་གིས་སྣང་བ་རྣམ་ཀུན་མཆོག་ལྡན་ནམ་སློབ་པའི་སྒྱུ་མར་ལྡང་བ་ལ། དེ་ཡང་སོ་སོར་བརྟགས་ཏེ་འགོག་དགོས་པའོ། །དེ་བས་ཀུན་རྫོབ་ཇི་སྲིད་གཉེན་པོའི་འཇུག་པ་དེ་ཡོད་པས། དྲང་བའི་དོན་དུ་མ་རྒྱུད་དུ་བཞག་པ་བསྟན། དེ་ཉིད་ལས། གང་དུ་ཐབས་ནི་འཕོ་བྱེད་ཅིང་། །ཤེས་རབ་ཡང་དག་གནས་གྱུར་པ། ཐབས་ཀྱི་རྒྱུད་ཉིད་དུ་ནི་བཤད། །ཇི་ལྟ་དེ་ལྟར་ཀུན་རྫོབ་ཏུའོ། །ཞེས་པའི་ཐབས་འཕོ་བ་ནི་ཞུ་བདེ་བཅུ་དྲུག་ཏུ་ཕྱེ་བ་རྣམས་སོ། །ཤེས་རབ་གནས་པ་ནི་སྒྱུ་མའི་ཏིང་ངེ་འཛིན་ལ་གོམས་པས། བདེ་བ་དེ་སྒྱུ་མར་དྲན་པར་བྱེད་པས་ཏེ། སོ་སོ་སྐྱེ་བོའི་ས་ཇི་སྲིད་སྤང་གཉེན་དེ་ལྟར་གནས་པས་ཀུན་རྫོབ་སྟེ། འདི་ནི་ཀུན་རྫོབ་བདེན་པའི་དབང་དུ་བྱས་པ་དང་། སྔ་མ་རྣལ་འབྱོར་ཀུན་རྫོབ་བམ། རྣམ་གྲངས་པའི་དོན་དམ་གྱི་དབང་དུ་བྱས་པ། སྔ་མ་འབྲས་བུ། ཕྱི་མ་རྒྱུ་སྟེ། དུས་འཁོར་ལས། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །སྙིང་རྗེ་མི་འགྱུར་འཛིན་པ་འབྲས། ཞེས་སོ། །དེའི་དབང་གིས་མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་མ་ཡི་རྒྱུད་ཤེས་ནས། །རྣལ་འབྱོར་རྒྱུད་ལ་ཡིད་ཆེས་བྱ། །ཞེས་པ་དེ་གཉིས་འགོག་པ་ཐོབ་བྱར་ཤེས་ནས་ལམ་ལ་བརྩོན་པར་བྱེད་པ་ལྟ་བུར་བཤད་པ་ཡིན་ནོ། །དེ་ཀ་ཐབས་ཀྱི་རྒྱལ་པོ་ཕ་རྒྱུད་དང་། ཤེས་རབ་རྒྱལ་པོ་མ་རྒྱུད་ནས། གདམ་ངག་རྒྱལ་པོ་རྩ་རླུང་སྟོན། །ཞེས་འདིར་གསུངས་པའི་ཚིག་བཅད་ཕྱེད་ཀྱི་དོན་དང་། ལྷག་མས་རྒྱུད་དེ་ཡང་རླུང་གཙོ་བོར་བཅིང་པ་ལས་ཡིན་པས། ཕ་རྒྱུད་གཡོ་བ་རླུང་ལ་སྤར་འཛིན་དུ་བྱ་བ་ཞེས་བྱ་འཁོར་བ་དག་རིམ་དང་། གཉིས་པ་རྩ་མ་རིག་པའི་མདུད་པ་དང་བྲལ་ན་རླུང་སེམས་གཉུག་མར་སྡུད་རིམ་དུ་འགྱུར་བས་མ་རྒྱུད་བདེ་བ་ཉམས་སུ་བྱ་བས་ཞི་བ་ལ་མི་གནས་པའོ། །དེ་བས་ན་རྩ་བའི་ཨེ་ཝཾ་ཉིད། རྡོ་རྗེ་སྙིང་པོའི་འགྲེལ་ཆེན་དུ། ཨེ་ཝཾ་གི་ཡི་གེ་ཐབས་དང་ཤེས་རབ་ཅན་གྱི་བདག་ཉིད་ཅན་ནི་ལུས་གནས་ཏེ་ལྟེ་བར་གནས་སོ། །དེ་ལྟར་ན་ལུས་ལ་ཡེ་ཤེས་ཆེན་པོ་ནི་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པར་གྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དང་། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྟོག་པའི་དྲ་བ་དང་བྲལ་བ་ཞེས་པ་ངེས་པའོ། །དེ་ཉིད་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱེད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ། །ཞེས་གསུངས་པའི་དོན། མཐའ་བྲལ་དུ་གཏན་ལ་ཕབ་ནས་མཐའ་དང་བཅས་པ་ཞིག་ཏུ་ཉམས་སུ་ལེན་ན་འཇུག་པའི་སྒོར་མི་འགྲོ་བར། སྲང་བར་དུ་ཁྱམས་པ་ལྟ་བུར་སོང་བས། མཐའ་བྲལ་དུ་གཏན་ལ་ཕབ་ནས་གང་དུ་ཡང་མ་གྲུབ་ན། བློས་ཅིར་གཟུང་ནའང་ཕྱིན་ཅི་ལོག་ཏུ་མི་འགྲོ་ཁ་མེད། དེས་ན་གཉུག་མའི་ངང་ཚུལ་ཇི་ལྟ་བ་ལ་མ་ཡེངས་པའམ་མི་གཡོ་བ་ཞིག་དགོས། དེ་ཡང་སྣང་བ་གང་སྣང་རུང་། སྣང་དུས་དེ་ཁར་ངོས་ཟིན་ན་དངོས་འཛིན་རང་མལ་དུ་ཞིག་འགྲོ །དེས་ན་རྣམ་རྟོག་ཆོས་སྐུར་གྲོལ། །ཉོན་མོངས་པ་ཡེ་ཤེས་སུ་གྲོལ། གཟུང་འཛིན་སྤྲོས་བྲལ་དུ་གྲོལ་བ། ཁྱག་རོམ་ཆུར་ཞུ་བ་ལྟ་བུ་འདི། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། ཞེས་སློབ་དཔོན་ཆེན་པོ་ས་ར་ཧས་གསུངས་ལ། རྣམ་རྟོག་ཀ་ཆོས་སྐུ་ཡིན་པ། །ཆུ་རླབས་ཆུ་ལས་གཞན་མ་ཡིན་པ་བཞིན་ནོ། །འདི་འབུམ་ལྔར། ཤེས་རབ་ཐབས་དང་སྙོམས་འཇུག་པ། །དབྱེར་མེད་མཚན་ཉིད་རྡོ་རྗེ་གསུམ། ཤེས་དང་ཤེས་བྱ་དག་གཅིག་པ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའོ་ཞེས་པ་བསྟན་ཅིང་། དེ་ལྟ་བུའི་རྣལ་མར་འཇོག་མཁན་དག་ལ། སྙིང་རྗེ་མི་སྒོམ་པས་ཐབས་ཁྱད་དུ་བསད་དོ་སྙམ་མཁས་པར་སེམས་པ་འགའ་སྨྲ་མོད། རྒོལ་བ་རང་གིས་ཀྱང་སྟོང་ཉིད་སྙིང་རྗེ་གཅིག་པ་སྒྲུབ་སྒྲུབ་ན། དེ་སྟོང་ཉིད་སྒོམས་པ་ཡིན། སྙིང་རྗེ་སྒོམ་པ་མ་ཡིན་པར་ག་ལ་འགྱུར། དེ་ནི་འགོག་པ་བསྒྲུབ་པའི་རྒྱུར་བྱུང་། ཤེས་རབ་ཀྱི་རྒྱུར་མི་རུང་ངོ་སྙམ་པའང་ནོར་བ་སྟེ། ཤེས་རབ་མཆོག་ནི་སོ་སོར་བརྟགས་པའི་འགོག་པར་རྒྱལ་བས་ཐམས་ཅད་དུ་གསུངས་པའི་ཕྱིར་རོ། དེས་ན་འགོག་པར་འགྲོ་ནུས་པ་རང་གིས་མཆོག་གོ །གཞན་ཡང་ཚོགས་དྲུག་མ་འགགས་པར་རྣམ་པར་མི་རྟོགས་པ་འགྲུབ་པ་བཞད་གད་ཀྱི་གནས་སོ། །འོན་ཀྱང་དངོས་འཛིན་རང་དུས་སུ་བཤིག་ཁྱེར་ལ། ཉན་ཐོས་པ་དག་ལུས་ཀྱི་རང་མཚན་ལ་དམིགས། དེ་མི་རྟག་པ་སོགས་སུ་ལྟ་བས་རྟག་འཛིན་སོགས་བཟློག་པ་ཨ་ཅང་། རིལ་པོ་དང་རྒྱུན་གྱིས་གནས་པར་ལྟ་བ་ཡང་ཟློག་ནུས། འོན་ཀྱང་རང་མཚན་ཟློག་མ་ནུས་ཏེ། རྡུལ་ཕྲ་རབ་ཆ་མེད་དམ་ཆ་དང་བཅས་པ་དང་། ཤེས་པ་སྐད་ཅིག་མར་འདོད་པས་ས་དེ་ཡང་སྒོམ་དུས་སུ་དམིགས་པ་རྫས་རྡུལ་གྱི་དངོས་པོར་གཟུང་ནས། སྤྱིའི་མཚན་ཉིད་ཀྱིས་དཔྱད་པའི་སྐྱོན། དེས་དེ་དག་གི་མཁྱེན་པ་ཤེར་ཕྱིན་གཟུགས་བརྙན་དང་། ཡང་དེ་དག་རྟག་པའི་དངོས་པོ་དང་། ཅང་མེད་ཀྱི་དངོས་མེད་གཉིས་ཀར་དུ་མི་རྟོག་པས་དབུ་མའི་ལམ་དུ་ཡང་བཤད་དོ། དེང་སང་པའི་སྔགས་པ་ཕལ་ཆེ་བའི་རྫོགས་པའི་རིམ་པ་ནི་འདིར་སྣང་ངོ་། ཐམས་ཅད་རྟེན་ནས་འབྱུང་བར་མཐོང་བས་གཟུང་བ་སྣང་གཞིར་གྱུར་པ་ཞིག་མེད་པར་རྟོགས་པ་ནི་རང་རྒྱལ་བའི་ལྷག་པོ་ཡིན་ལ། དེ་ཡང་རྫས་རྡུལ་གྱི་དངོས་པོ་མེད་པར་གཟུང་བའི་སྐྱོན། དཔེར་ན་ཅི་ཡང་མེད་དོ་སྙམ་སྒོམ་པ་ཅི་ཡང་མེད་པའི་སྙོམས་འཇུག་ཤར་ཡང་། དེ་ཀ་དེའི་དྲི་མར་སོང་བ་ལྟ་བུའོ། །སྦྱོར་བའི་ཡིད་ལ་བྱེད་ཚུལ་གྱིས་དངོས་གཞིའི་ཞི་གནས་ཀྱང་མཚན་བཅས་དང་མཚན་མེད་དུ་སོང་ངོ་། །ཐེག་པ་ཆེན་པོ་རྒྱུར་བཤད་པ་དག་ཏུའང་། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བར་ཆད་མེད་པའི་ལམ་རྣམ་པར་དག་པ་འདི་ཤེས་ན་རྣམ་པར་མི་རྟོག་པ་ངོ་མ་སྐྱེ། །དེས་འཁྲུལ་པ་རགས་པ་བཟློག་པར་བཤད་པ་ཡིན་ནོ། །འོན་ཀྱང་གླ་རྩི་དངོས་མེད་ཀྱང་དྲི་ཡོད་པ་ལྟ་བུ། དེ་དག་གིས་བཞག་པའི་ནུས་པ་མ་དག་པས། མ་རིག་བག་ཆགས་ཀྱི་ས་པར་གྱུར་པ་དང་། ལས་དང་ཉོན་མོངས་ཟད་ལས་ཐར། ཞེས་པའི་ཐར་པའང་འདོད་དོ། །དེ་བས་ན་ཐེག་པ་གསུམ་གང་ལ་རྣམ་པར་དག་པའི་ལམ་འདི་ཀ་གདམས་ཏེ། ཤེར་ཕྱིན་གྱི་མདོར། ཉན་ཐོས་ཀྱིས་ས་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་རྣམ་དག་ངོ་མར་སོང་མ་སོང་གི་རྟོགས་པ་ཐ་དད་དུ་བྱེ་བ་ཡིན་ནོ། །འདི་ལྟ་བུའི་གནད་ཀྱིས་མདོ་སྔགས་གཅིག་པར་མ་ཤེས་ན་དབུ་མ་ལས། སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་དང་། ཐེག་པ་གཅིག་ཏུ་བསྒྲུབས་པའི་གཏན་ཚིགས་དེ་ཁོ་ན་གཅིག་ལས་མེད་པ་དང་། དེ་མེད་ན་དེ་མཐོང་བའི་ཡུལ་ཅན་ཡེ་ཤེས་ཀྱང་གཅིག་ལས་མེད་པར་བཤད་པ་ལ་སེར་འདེབས་དགོས་པར་འགྱུར་རོ། །དེ་བས་འདི་དག་པའི་རྣལ་འབྱོར་དུ་བཤད་པས་ངོ་བོ་ཉིད་སྐུའོ། དེ་ཡང་འབུམ་ལྔར་སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། །ཕྱི་ནས་རིགས་གསུམ་དབྱེ་པ་ཡིས། རིགས་ལྔར་རྣམ་པར་ཕྱེ་བ་ལས། རིགས་དྲུག་རྣམས་ཀྱི་དབྱེ་བ་ཡིས། །དེ་བཞིན་བརྒྱད་དུ་རྣམ་ཕྱེ་བ། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། ང་ཡིས་བཤད་པར་བྱ་ཡིས་ཉོན། ཞེས་པའི་ལུང་འདིས། རྩ་བའི་ཐབས་ཤེས་གཉིས་མེད་དེ་སྐུ་གསུམ་གྱི་རིམ་པར་ལྡང་བས་རྣལ་འབྱོར་གསུམ། དེ་ག་བསྲེ་བ་གསུམ། ཡིད་བཞིན་གྱི་ནོར་བུ་གསུམ་སོགས་སུ་བཤད་པ་དང་། རིགས་ལྔས་རིམ་པ་ལྔར་དང་། རིགས་དྲུག་གིས་སྦྱོར་བ་དྲུག་དང་། ཟུང་འཇུག་གིས་ལམ་དུ་བརྒྱད་དུ་བཞག །ཕྱི་མ་དེ་ཡང་། རྡོ་རྗེ་སྙིང་པོའི་འགྲེལ་ཆེན་ལས། འདིར་ཟླ་བའི་དབྱེ་བས་དཔྲལ་བ་དང་འཕྱང་བའི་འཁོར་ལོའོ། །ཉི་མའི་དབྱེ་བས་ནི་ལྕེ་དང་མགྲིན་པའི་འཁོར་ལོའོ། །སྒྲ་གཅན་གྱི་དབྱེ་བས་ནི་སྙིང་ག་དང་གཙུག་ཏོར་གྱི་འཁོར་ལོའོ། །དུས་ཀྱི་མེའི་དབྱེ་བས་ནི་ལྟེ་བ་དང་གསང་བའི་འཁོར་ལོའོ། །ཞེས་པའི་དབང་གིས་བཞག་པའོ་ཞེས་བཤད་དོ། །ཕྱག་རྒྱ་བཞིར་བཤད་པ་ནི། རྩ་བཤད་མང་པོར་གསུངས་པ་བཞིན། ཨེ་ཡི་རྣམ་པས་ལྷ་མོ་སྤྱན། །སོགས་འཁོར་ལོ་བཞིའི་དབྱེ་བས་བསྟན་པའོ། །དེའི་དང་པོ་རྣལ་འབྱོར་གསུམ་དུ་བཤད་པ་ནི། འདི་ཉིད་ལ། ཡི་གེ་གསུམ་གྱི་བདག་ཉིད་ཅན། །སྐུ་གསུང་ཐུགས་སུ་འདུས་པས་ན། ཅིག་ཅར་བ་དང་རིམ་སྐྱེས་པ། ཐོད་བརྒལ་བ་དང་གསུམ་ཡིན་ཏེ། །ཐུགས་ཀྱི་བདག་ཉིད་ཡི་གེ་ཧཱུྃ། སྐུ་ཡི་ཡི་གེ་ཨོཾ་ཡིན་ཏེ། ཨཱཿནི་གསུང་གི་བདག་ཉིད་ཅན། དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱིས་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པའི་ཡི་གེ་གསུམ་གྱི་བདག་ཉིད་ནི། རྡོ་རྗེ་སྙིང་པོའི་འགྲེལ་ཆེན་དུ། ཨེ་ཝཾ་གི་ཡི་གེ་ནི་རྡོ་རྗེ་སེམས་དཔའ་སྟེ། ཧཱུྃ་ཡིག་ནི་ཐུགས་རྡོ་རྗེའོ། །ཨཱཿཡིག་ནི་གསུང་རྡོ་རྗེའོ། །ཨོཾ་ཡིག་ནི་སྐུ་རྡོ་རྗེའོ། །ཨེ་ཝཾ་ནི་ཧཱུྃ་དང་ཨཱཿདང་ཨོཾ་གྱི་ཡི་གེ་རེ་རེའི་མིང་གིས་རྟོགས་པར་བྱ་བའི་དོན་ནི་གཟུང་བར་བྱ་ཡི། ཡི་གེ་དང་མིང་ནི་མ་ཡིན་ནོ། །ཞེས་པས་རྩ་བའི་ཨེ་ཝཾ་སེམས་ཀྱི་གནས་ལུགས། དེ་ལས་སེམས་ཐིག་ལེ། དེ་ལས་ངག་རླུང་། དེས་ལུས་རྩ་སོགས་སུ་གནས་པ། དངོས་པོའི་གནས་ལུགས་དེ་བཞིན་གྲངས་ངེས་པའི་རྒྱུ་མཚན། དེ་བས་ན། དག་པའི་རྣལ་འབྱོར། དེ་ལས་ཆོས་ཀྱི་རྣལ་འབྱོར། དེ་ལས་སྔགས་ཀྱི་རྣལ་འབྱོར། དེ་ལས་དབྱིབས་ཀྱི་རྣལ་འབྱོར། འབྲས་བུ་ནའང་ངོ་བོ་ཉིད་སྐུ་ལས་ཆོས་སྐུ། དེ་ལས་ལོངས་སྐུ། དེ་ལས་སྤྲུལ་སྐུ་འབྱུང་བ་ཡིན་ནོ། །དེ་བས་འདིའི་ཡི་གེ་གསུམ་ཨོཾ་ཞེས་པ་ལྟ་བུར་གཟུང་ན་ཡི་གེར་གཟུང་བར་སོང་། དེས་སྐུ་ཞེས་པ་ཙམ་ཞིག་བརྗོད་པར་བསམས་ན་མིང་དུ་བཟུང་བར་སོང་བས་དེ་ལྟ་བུར་མི་བཟུང་བར་དེ་དག་ཏུ་བརྗོད་པས་སྔར་བཤད་པའི་གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་ཤེས་པར་བྱ་དགོས་པར་འགྲེལ་པས་བསྒྲུབས་སོ། །དེ་ལས་དང་པོ་ནི། བྲི་བརྗོད་ཨཱཿཡི་བདག་ཉིད་དེ། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་བསྐྱེད། །འགྲོ་བ་ཐམས་ཅད་དེ་ལས་སྐྱེས། །ཞེས་པའི་ཨ་ནི། དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །དང་པོའི་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བཏགས། །ཞེས་པའི་ཨ་སྟེ། འདིར་དངོས་བསྟན་ཁུ་བ་ལ་དངོས་སུ་བརྟེན་པའི་བདེ་བ་ཁོ་ན་བཤད་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་སྙིང་པོའི་འགྲེལ་ཆེན་ལས། ཨ་ཡིག་གི་སྒྲ་ཡིས་གཞོམ་དུ་མེད་པའི་སྒྲ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་ལ་སོགས་པ་སྒྱུ་འཕྲུལ་དྲ་བར་རིག་པར་བྱའོ། །ཞེས་མི་ཤིགས་པའི་ཐིག་ལེ་ཙམ་ཞིག་བསྟན། འདིར་བྱ་བ་བྱེད་པའི་ཨ་ཨའོ། །ཞེས་པས་བསྟན་ལ། རྣམ་པར་དག་པའི་རྣལ་འབྱོར་དེས་འགའ་ལ་གནས་ལུགས་ཇི་ལྟ་བ་ནི་མ་མཐོང་། འོན་ཀྱང་མི་རྟོག་པ་རྙེད་ནས་རྟོག་པ་བར་ཆད་དེ་སྔ་ཕྱིར་སོང་བའི་མཚམས་དེར་ཀུན་རྫོབ་པའི་སེམས་མི་ཤིགས་པའི་ཐིག་ལེར་བཞག་པ། བརྟག་དཔྱད་ཀྱིས་བསླད་པ་དང་བྲལ་བ་ཞིག་འཆར་བ་དེ་ཡང་། གཤིས་ངོས་གཟུང་མེད་པ་དང་། གདངས་ཅི་དགར་འཆར་བས་ནམ་མཁའ་ལྟ་བུ་བལྟ་བྱ། དེ་གང་གིས་རིག་པ་ལྟ་བྱེད། དེ་ཡང་སྔ་མ་ལས་གཞན་མ་ཡིན། ཁོ་རང་རིག་པར་ལངས་པས་རང་རིག དེ་ཀས་སེམས་རྣམ་པར་དབེན་པར་འགྱུར་ཏེ། གོམས་ན་རྣམ་པར་རྟོག་པའི་སྐབས་མི་འབྱེད་པས་སོ། །དེའི་ཕྱིར་ཐ་མལ་པའི་ཡུལ་དང་དབང་པོ་འགོག་པས་འགོག་པར་ཡང་འགྱུར་ལ། ཤའི་མིག་ལ་སོགས་པ་རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་སྣང་བརྙན་མཐོང་བས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྐྱེའོ། །དེ་ཡང་རྡོ་རྗེ་སྙིང་པོའི་འགྲེལ་ཆེན་དུ། ད་ནི་སྔར་བཤད་པའི་ཤེས་རབ་དང་ཐབས་དག་གིས་དོན་དམ་པའི་བསྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱ་ཞེས་པ་ལ་སོགས་པའོ། །འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི། སྒྱུ་མ་ལྟ་བུ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་ནི། དངོས་པོ་མེད་པ་བསྒོམ་པར་བྱ་བ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ། །དེ་ཉིད་རྣམ་པ་བཞི་སྟེ་དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་དང་། རང་རིག་པའི་མངོན་སུམ་ཞེས་པ་སྟེ། ཤེས་པ་དེ་ཉིད་ནི་ཉེ་བར་སྟོན་པར་བྱེད་པ་དང་། འཇུག་པར་བྱེད་པ་དང་། ཐོབ་པར་བྱེད་པ་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །ཞེས་པའོ། །སྣང་བརྙན་དེ་ཉིད་དཔེ་དགུ་རྣམས་ཀྱིས་བསྒྲུབས་ཏེ། འདི་ལྟ་སྟེ། མིག་ཡོར་དང་། སྤྲུལ་པའི་གྲོང་ཁྱེར་དང་། སྒྲ་བརྙན་དང་། རྨི་ལམ་དང་། སྒྱུ་མའི་འཁྲུལ་འཁོར་དང་། སྨིག་རྒྱུ་དང་། མེ་ལོང་གི་གཟུགས་བརྙན་དང་། ཆུ་ཟླ་དང་། ནམ་མཁའ་ཞེས་པའོ་ཞེས་གསུངས་པ་དང་། སློབ་དཔོན་ཆེན་པོ་ས་ར་ཧས། སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། ནམ་མཁའི་རང་བཞིན་ཉིད་དུ་སེམས་བཟུང་བྱ་ཞེས་པ་དེ་ཡིན་ལ། བལྟ་བྱ་ལྟ་བྱེད་གཉིས་པོ་དེ་ཕོ་ཤིང་མོ་ཤིང་བསྲུབས་པ་ལྟ་བུ། དབྱིངས་ཀྱི་རིག་པ་བཙོན་དུ་བཟུང་། རིག་པས་དབྱིངས་མི་རྟོག་པ་དེའི་མཚང་བཤིག་པས་དམིགས་སུ་མེད་པར་གྲུབ་པ་འདི། དོ་ཧའི་ཡིད་དེ་ཡིད་མ་ཡིན་པར་བྱེད་གྱུར་ན། ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་པའི་དོན་ནོ། དེ་བས་ན་སེམས་དབེན་པ་ཙམ་སེམས་ཙམ་རྣམ་བརྫུན་པ་རང་དང་། རྟགས་ཅན་འོད་གསལ་དུ་ཤར་ཕན་སྒྱུ་མ་པའི་ལྟ་བ་སྙོགས། གྲུབ་མཐའ་ཟིན་གྱི། དེའི་སྔར་ནི་མ་ཡིན་ནོ། གཉིས་མེད་དེ་ནི་རབ་ཏུ་མི་གནས་པའི་ལུགས། ལྟ་བ་ཐམས་ཅད་བཟློག་པ་ཞེས་པ་སྟེ། བལྟ་བྱ་ལྟ་བྱེད་ཀྱི་སྤྲོས་པ་ཞི་ཞིང་ཞི་བས་སོ། སྔ་མ་བྱང་སེམས་འཕགས་པའི་རྗེས་ཐོབ་ཇི་སྲིད་པ། ཕྱི་མ་དེའི་མཉམ་བཞག་ངོ་མ་སངས་རྒྱས་ཀྱི་སར་རོ། །དེ་བས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ལྟ་བ་ཉན་རང་ལ་ཡོད་ཀྱང་། དེའི་སྒྱུ་མ་ལྟ་བུ་ནི་སྒྲ་མི་རྟག་པའི་དཔེར་བུམ་པ་གཟུང་བ་ལྟར། རྟག་པ་དང་སྙིང་པོ་མེད་པར་མཚུངས་པ་ཙམ་དུ་བལྟས་པས་སྤྱི་མཚན་དུ་སོང་། །འདིར་ནི་རང་གི་མཚན་ཉིད་ཇི་ལྟ་བར་མངོན་སུམ་དུ་བྱས་པའོ། དེའི་རང་གི་མཚན་ཉིད་ཅེས་པའང་། རྫས་སུ་གྲུབ་པ་ཞིག་ལ་བློ་གཏད་ན་ཉན་ཐོས་པ་ཁོ་ནར་འགྱུར་ཏེ། མེད་བཞིན་དུ་སྣང་བ་དེའི་རང་མཚན་དུ་མ་ཤེས་པའོ། །དེ་རང་མཚན་དུ་འཇོག་པ་ཡང་། དེ་དག་གི་རེ་ཞིག་པའི་གནས་ལུགས་དེ་ཡིན་ལ། དེའི་ཕྱིར་དེ་དག་རང་རང་གིས་སྟོང་ངོ་། ཞེས་གསུངས་པས་སོ། དེ་བས་སློབ་དཔོན་ཆེན་པོ་ཀླུ་གྲུབ་ཡབ་སྲས་ཀྱིས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་རླབས་ལས་ཕྱིར་ཕྱོགས་པས། རྨི་ལམ་སྒྱུ་འདྲ་མཐོང་བ་མེད། ཅེས་གསུངས་ལ། འགོག་པར་སོང་ན་རྨོངས་པའི་སྒོམ་པའོ་སྙམ་སེམས་པའང་ནོར་བ་ཆེན་པོ་སྟེ། ཡུལ་དབང་ཐ་མལ་པ་འགགས་ནས་དག་པའི་ཡུལ་དབང་འཆར་བའི་གནད་མ་གོ་བར་བྱུང་རྒྱལ་དུ་སྨྲས་པའི་ཕྱིར་རོ། དེ་འགགས་པ་ལས་དག་པའི་ཡུལ་དབང་གྲུབ་པར་དོ་ཧ་ལས། དྲན་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་ལྟ་བྱེད་ལོ། དེ་ཉིད་ཀྱིས་ནི་བློ་བཟང་ལ། ནམ་མཁའ་ལས་ལྷག་ཅི་ཡང་འཆར། ཞེས་གསུངས། འདི་ཞིབ་པར་མ་དཔྱད་ན། སེམས་མི་རྟོག་པར་བཞག་ན་འགོག་པར་འགྱུར་ཞེས་སྒོམ་ལ་ཐུགས་མ་འདྲིས་པ་མང་པོས་གསུངས་པའི་ཅལ་རྒྱུགས་ཀྱི་སྒོམ་ཆེན་པ་ཐོས་པ་དམ་དུམ་ཡོད་པ་འགའ་ཞི་གནས་གོམས་ནས་ཕྱིའི་ཚོར་བ་འགག་གྲབས་བྱུང་བ་ན་དེ་བཤིག་གང་ཐུབ་བྱས་པས་བསམ་གཏན་ལས་ཕྱིར་ཕྱོགས་པ་མང་པོ་མཐོང་བ་ལྡོག་པའི་ཆེད་དོ། །དེའི་ཕྱིར་རྒྱལ་བ་ལས་མཁས་པ་གཞན་མེད་པས། རྒྱལ་བའི་ལུང་དུ་སོ་སྐྱེའི་དུས་ཀྱི་འགོག་པ་དེ་དག་སྐྱོན་དུ་གསུངས་པ་མེད་ཅིང་ཡོན་ཏན་གྱི་གཙོ་བོར་འཆད་དོ་ཞེས་བསྒྲགས་སོ། །ལྷག་སྤྱོད་ཀྱི་ཏིང་ངེ་འཛིན་སྒོམ་པ་ལྟ་བུར་གསུངས་པ་སྙམ་ན། དེ་ལྟ་བུ་ནི་བསྒོམ་མ་ཤེས་པའི་རྨུགས་པ་དང་བྱིང་བའོ་སྙམ་ན་མ་ཡིན། འོ་ན་གང་ཞེ་ན། དེས་གཟུགས་མེད་ཙམ་ལ་ཕྱིར་ལོག་པ་མེད་པའི་ཐར་པར་མི་འགྱུར་བའི་དོན་དེས། བཀའ་བརྒྱུད་རིན་པོ་ཆེ་རང་གི་གདམ་ངག་ཏུ་ཡང་སྒོམ་དེ་བཤིག་པར་གསུངས་སོ། །བཤིག་ཚུལ་ནི་ཏིང་ངེ་འཛིན་ཤས་ཆེན་པོ་ཆེན་པོར་གྱུར་ནས་ཤེས་རབ་ལ་བརྟེན་པའི་ཕྱིར་ཡིན་ཏེ། དེ་གཉིས་ཆ་མཉམ་པ་ལས་ལྷག་མཐོང་སྐྱེ་བས་སོ། ད་ནི་སྔགས་ཀྱི་རྣལ་འབྱོར་བཤད་དེ། འདིར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། གལ་ཏེ་སྔར་གྱི་སྒོམ་པས་སེམས་དབེན་པར་འགྱུར་མ་ཐུབ་ན། དབང་པོ་ཡུལ་ལ་གཡོ་བའི་རྟ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིན་པས། དེ་ཀུན་ཨ་ཝ་དྷཱུ་ཏཱིའི་ནང་དུ་གཅུན་ན་རྣམ་པར་མི་རྟོག་པའི་རྣལ་འབྱོར་འགྲུབ་བོ། །འཇུག་ཐབས་གང་ཞེ་ན། ཡི་གེ་གསུམ་ལ་རྫོགས་པར་ནི། ངག་དབེན་རྡོ་རྗེའི་བཟླས་པ་སྟེ། །བླ་མའི་ཞལ་ལས་ཤེས་པར་བྱ། །འདི་འབུམ་ལྔ་ལས། དོན་གྱི་རྗེས་འགྲོའི་བཟླས་པ་ནི། །རང་བཞིན་མེད་པ་མཛེས་པ་ཡིན། །ཡན་ལག་དབྱེ་བ་མེད་པའི་སྔགས། །མ་ནིང་གོ་འཕང་ལ་གནས་བཟླ། །ཞེས་པའི་རླུང་འབྱུང་འཇུག་ངང་གི་ཡོད་པ་དེ་ལ་དམིགས་ནས་ཀུན་རྫོབ་པའི་སྣ་རྩེ་སོགས་སུ་རླུང་ཐོག་ཏུ་སེམས་གློད་པ་སྟེ། ཡན་ལག་དབྱེ་བ་མེད་པའི་སྔགས་ཞེས་པས་སོ། །རང་བཞིན་མེད་པའི་གནད་ཀྱིས་དེ་ཀས་དབུ་མར་འཇུག་པའམ། ཡང་ན་དབུགས་ཕྱིར་རྒྱུ་བ་བཀག་པས་འདོད་པའི་ཁམས་ཀྱི་སེམས་རང་བཞིན་བརྒྱད་ཅུ་འགག་པ་དེ་མཚུངས་པ་དེ་མ་ཐག་རྐྱེན། གཏུམ་མོའི་དྲོད་དམིགས་པའི་རྐྱེན། སྤྱི་གཙུག་གི་བྱང་ཆུབ་སེམས་བདག་པོའི་རྐྱེན་ལས་རྣམ་པར་ཤེས་པ་བསམ་གཏན་དུ་གྱུར་པའི་དགའ་བདེ་སྐྱེ་བས་འདིར། མ་ཡི་ཐིག་ལེ་ཡི་གེ་ཨཱཿ། །ཕ་ཡི་ཐིག་ལེ་ཡི་གེ་ཧཱུྃ། །སྦྱོར་ཏེ་ཤིན་ཏུ་རྨད་བྱུང་ལ། །ཡི་གེ་ཨོཾ་གྱིས་བཞུ་བཏུལ་བྱེད། །ཅེས་པ་འདི་འབུམ་ལྔར། གང་ཚེ་སྐྱེས་བུ་འདོད་མྱོས་པའི། །རྐྱང་མ་དང་ནི་རོ་མ་ཡང་། །དེ་དག་སྦྱར་བའི་སྦྱོར་བ་ཡིས། །གཏུམ་མོ་ངེས་པར་འབར་བར་བྱེད། །དེ་ནི་ལྟེ་བའི་འཁོར་ལོར་འབར། །གཡུང་མོའི་ལམ་ནས་ངེས་པར་འབྱུང་། །སྒྲ་གཅན་ཟླ་བས་མཚན་ཕུག་ནས། དེ་ནི་ཧཾ །ཡིག་ལ་རེག་བྱེད། །དེ་ཡིས་རེག་པས་ཧཾ་ཡིག་དེ། །དེ་ནས་བདུད་རྩི་དཀར་པོ་འཇུག །དཀྱིལ་འཁོར་ལྔ་རྣམས་འབབ་བྱེད་པ། །ཕུང་པོ་ཁམས་སོགས་བསྲེགས་པས་ན། ཡུལ་དང་དབང་པོ་འགགས་པ་ན། །དགའ་བ་ལ་སོགས་འབྱུང་བ་ན། ཟླ་བ་ལས་ནི་ཐིག་ལེ་འཛག །ཧཾ་ཡིག་སྤྱི་བོར་ཡང་དག་གནས། །ཕྱི་མའི་རྐང་པ་གཉིས་བསམ་གཏན་ཏེ། ཤེས་རབ་ཏུ་གྱུར་པ་ལུགས་བཟློག་གི་དགའ་བཞི་མངོན་དུ་བྱེད་པའི་ཚུལ་ལོ། །འདིར་རླུང་དང་པོར་བཀག་ནས་འཇུག་ཤེས་རྣམས་ཡིད་ཀྱི་རྣམ་ཤེས་ལ་བརླན་ཏེ་གཏུམ་མོ་འབའ་ཞིག་བསམ་པ་ཡིན་ལ། དེ་ལ་གོམས་པ་ལས། བསམ་གཏན་དུ་གྱུར་པ་ཡིན་ནོ། །ད་ནི་དབྱིབས་ཀྱི་རྣལ་འབྱོར་བརྗོད་པར་བྱ་སྟེ། འདིར་གཉིས་བརྗོད་ཧཱུྃ་གི་ནཱ་ད་ལ། །སྐྱེ་མེད་ཨ་ཡི་རང་བཞིན་གནས། མཆོག་གི་དབང་ཕྱུག་མི་ཤིགས་པ། ཞེས་པས་ཏེ། རླུང་སེམས་དབུ་མར་སྡུད་མ་ནུས་ན་དབྱིབས་ཀྱི་རྣལ་འབྱོར་ལ་བསླབ་སྟེ། དེ་ཡང་སྒོ་ལྔའི་རྗེས་སུ་རླུང་ལ་ཞོན་པའི་ཡིད་རྒྱུ་བ་ནི། སྣང་བ་ལ་ཞེན་པ་དང་བཅས་པ། མི་རྒྱུ་བ་ནི་སྣང་ཡང་ཞེན་པ་མེད་པ་ཡིད་ཀྱི་རྣམ་ཤེས་སྣ་ཚོགས་སུ་སྣང་བ་གསལ་ལ་རྟོག་པ་དང་བཅས་པ་གང་དུ་ཡང་མི་སྣང་བ་གསལ་ལ་རྟོག་པ་མེད་པའོ། །ཕྱི་མ་ནང་གི་རང་རིག་རང་གསལ་དེ་སྒོ་ལྔ་རྟོག་མེད་འདིའི་དཔེས་མཚོན་ལ་རྟོགས་པར་བྱ་བ་སྟེ། འབུམ་ལྔ་ལས། རྡོ་རྗེའི་སྐུ་རྣམས་གཉིས་སུ་མེད། །ཕུང་པོ་དྲུག་དང་ཁམས་དེ་བཞིན། །ཡུལ་དང་དབང་པོ་རྣམས་ཀྱང་སྟེ། །བྱ་བ་ལས་ཀྱི་དབང་པོ་རྣམས། །དེ་ལྟ་གཉིས་མེད་ཉིད་དུ་གནས། སྣང་ལ་ཞེན་པ་དང་བཅས་པའི་སྐབས་ན། རྡོ་རྗེ་སྙིང་པོའི་འགྲེལ་ཆེན་ལས། ཁམས་དྲུག་རྣམས་དང་། ཕུང་པོ་དྲུག་རྣམས་དང་། ཡུལ་དྲུག་རྣམས་དང་། དབང་པོ་དྲུག་རྣམས་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་དང་། ལས་ཀྱི་དབང་པོ་དྲུག་རྣམས་དང་ཞེས་གསུངས་པ་དག་ཏུ་འགྱུར་བས་རྣམ་པར་རྟོག་པའོ། །སྣང་ཡང་ཞེན་པ་མེད་ན་རིམ་པ་བཞིན་ཡུམ་དྲུག དེ་བཞིན་གཤེགས་པ་དྲུག བྱང་ཆུབ་སེམས་མ་དྲུག སེམས་དཔའ་དྲུག ཁྲོ་མོ་དྲུག ཁྲོ་བོ་དྲུག་རྣམས་ཡིན་ཏེ་རྣམ་པར་དག་པ་ཡིན་པས་སོ། །དེ་བས་ཞེན་པ་ནི་སྣང་ཙམ་ལ་ཕྱིན་ཅི་ལོག་ཏུ་རྟོག་པ་ཡིན་པས་ནམ་ཡང་མེད་དེས་སྒྲོ་འདོགས་སུ་སོང་། །སྣང་ཡང་ཞེན་པ་མེད་པ་ནི་བློ་ངོར་ཡོད་པས་མངོན་སུམ་དང་དེས་དྲངས་པའི་ངེས་ཤེས་སུ་སོང་། དེ་གསུམ་ཡུལ་གཅིག་ཀྱང་མཐོང་ཚུལ་ཐ་དད་པས་ལམ་མ་ཡིན་པ་དང་ལམ་དུ་འགྱུར་བའི་ཁྱད་བྱུང་། ཕྱི་མ་སྣང་བ་མེད་ན་ལྷར་བཞག་ཏུ་མེད་ལ། ཞེན་པ་ཡོད་ན་ལྷར་འགྱུར་བའི་གཞི་མེད་པས་སྣང་ལ་ཞེན་པ་མེད་པ་ཁོ་ན་སྟེ། རྟག་གཉིས་ལས། སྤྲོས་པ་མེད་པའི་རང་བཞིན་ལ། ལྷ་དང་སྔགས་ནི་ཡང་དག་གནས། དེ་ཙ་ན་ལས་སྣང་ངན་པ་དང་། དག་སྣང་བཟང་པོར་འོང་དོན་མེད། ཐམས་ཅད་བདག་བྱིན་རླབས་སུ་མཉམ། ལྷའི་དེ་ཁོ་ན་ཉིད་ཡིན་མཉམ་ཡིན་པས་སོ། འོ་ན་བསྐྱེད་རིམ་པ་བཞིན་ལྷ་གཅིག་བསྒོམ་དེ་ལ་སེམས་ཟིན་པའི་རེག་མཐོང་རྙེད་པ་དང་ཨེན་མི་འདྲ། དེ་ནི་བརྟགས་པ་དེ་ལ་གོམས་པའི་ཤུགས་མཚན་བཅས་ཀྱི་ཞི་གནས་ཡིན། འདི་ནི་མཚན་མ་མེད་པའི་རྟགས་ཅན་འོད་གསལ་ཡིན་པའི་ཁྱད་ཡོད། ཞེན་པ་ནི་ས་ལ་སར་གཟུང་བ། ཞེན་པ་མེད་པ་ནི་ས་སས་སྟོང་པའི་ངང་ཚུལ་མཐོང་བ། དེས་ལྷ་སྤྱན་མར་འགྱུར་བ། སའི་དེ་བཞིན་ཉིད་དེ་ཡིན་པས་དང་། སའི་ཡུལ་རང་གི་ངོས་ནས་གློ་བུར་བ་མེད་པས་སོ། །ཡུལ་ཅན་ཞེན་ངོར་དྲི་མར་བཅས་པས་གློ་བུར་དྲི་མས་བསྒྲིབས་པ་སྟེ། སྣང་བས་མི་འཆིང་འཛིན་པས་འཆིང་བ། སྐྱེས་བུ་གཅིག་དགྲ་གཉེན་བཏང་སྙོམས་པ་གསུམ་གྱིས་ཅིག་ཅར་མཐོང་བ་ལྟ་བུ། དེས་ན་དྲི་མ་བསལ་དུ་རུང་། སེལ་བ་ཡང་ལྟ་བ་པོ་རང་གི་བློས་བཅོས་པ་ཡིན་གྱིས། ཡུལ་ལ་བཟོ་བཅོས་ཅི་ཡང་བྱ་རྒྱུ་མེད་པས། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་སོ། དེ་བས་ན་སྣང་ཙམ་མི་འགག་ལ་ཞེན་པས་འཕོངས་པ། དེ་ཡང་རྣམ་རྟོག་ཐམས་ཅད་ཆོས་སྐུར་འཆར་བའི་ཚུལ་གཅིག་གོ །དེ་དོ་ཧར། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། དེ་རིང་མགོན་པོ་ད་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་སོ། །འདིར་དེ་བཞིན་ཆོས་ཅན་སེམས་ཀྱི་གནས་ལུགས་དང་། །ཆོས་སྐུའང་ཡིད་ཆོས་སྐུར་བཞག་པ་དེའོ། །འདི་ཙ་ན་སྣང་བའི་སྟེང་དུ་གློད་པས་སྣང་བ་ཕྱིར་མི་འདས། །རིག་པ་ནང་དུ་མ་ཆད་དེ། ཕྱི་ནང་གི་འཛིན་པ་སྤྲིན་ནམ་མཁར་དེངས་ཟིན་པ་ལྟ་བུའོ། །དེ་ཕྱིར། ཕྱི་རུ་ཡུལ་ལ་ལྷོད་ཀྱིས་གློད་དང་། །སྣང་བ་ཆོས་སྐུའི་རྒྱ་ཡན་མ་འདི་ཤེས་སོ། །ནང་དུ་སེམས་ལ་ཅེར་གྱིས་ལྟོས་དང་། །སེམས་ཉིད་གཞི་མེད་རྩ་བྲལ་མ་འདི་ཤེས་སོ། །ཞེས་བྱ་བཏང་ཡོན་ཏན་རྡོ་རྗེ་བས་བཤད་པ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །དེ་བྱུང་ན་དེ་ཀས་ཐམས་ཅད་སྐྱེ་མེད་དུ་ཐོངས་འགྲོ། །མ་བྱུང་ན་ཡིད་ཀྱི་རྣམ་ཤེས་རང་སྣ་ཚོགས་སུ་སྣང་བ་གསལ་ལ་རྟོག་པ་དང་བཅས་པར་ལྡང་སྟེ། དེའི་ཚེ་ཡང་སྣང་བ་འཛིན་མེད་དུ་མ་བཞག་ན་ལམ་གཞན་གྱིས་སྣང་བ་དེ་འདག་མི་ནུས། དེས་ན་མངོན་བྱང་བས་འཛིན་མེད་དུ་འཇོག་ཁྱེར་ལ་རིལ་འཛིན་རྗེས་གཞིག་བཤད་པ་ཇི་བཞིན་རང་ཉིད་ལྷར་བསྒོམས་པའི་སྙིང་གར་ཟླ་བ་ལ་ཧཱུྃ། དེའི་འོད་ཀྱིས་སྣང་བ་ཐམས་ཅད་རང་གི་ལུས་ལ་བསྡུ། དེ་ཧཱུྃ་དང་ཟླ་བ་ལ་བསྡུ། ཟླ་བ་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ཞབས་ཀྱུ་ནས་རིམ་གྱིས་ནཱ་དའི་བར་དུ་བསྡུ། མཐར་ནཱ་ད་ལ་དམིགས་ཏེ་བཞག་པས་སྟོང་པ་ཆེན་པོ་ལ་ཞུགས་ཏེ་དེའི་ཚེ་རྣམ་པར་ཤེས་པ་གང་དུ་ཡང་མི་སྣང་སྟེ་གསལ་ལ་རྟོག་པ་མེད་དོ། །ཡང་ལྡང་བ་དེ་ལྟར་བྱ་སྟེ་འདིས་གོམས་པར་འགྱུར་རོ། །དེས་རྫུན་སྣང་ཐམས་ཅད་ཞིག་ནས་མཆོག་གི་དབང་ཕྱུག་ཅེས་གཉུག་མ་མ་བཅོས་པའི་ངང་ལ་གནས་པར་འགྱུར་ཞིང་། རྗེས་ཤེས་སུ་མི་ཤིགས་པའི་ཐིག་ལེའི་དངོས་ཀྱི་བྱ་བ་ཡོད་པས་མི་ཤིགས་པ་ཞེས་བྱའོ། །དེ་སྦྱོང་བའི་ཚུལ་ནི། གཞན་འདྲ་ལ། ནཱ་ད་ཙམ་དུ་དམིགས་པ་ལས་འདས་ན་དམིགས་པ་མེད་པ་ལ་དམིགས་པར་བྱ་བ་ཡིན་ནོ། །དེ་བས་ན་རྣལ་འབྱོར་འདི་གསུམ་ལས། དང་པོ་ལ་དང་པོར་དབྱིབས་སྐུ་རྡོ་རྗེ། སྔགས་གསུང་རྡོ་རྗེ། ཡིད་ཐུགས་རྡོ་རྗེའི་རྣལ་འབྱོར་གསུམ་གྱི་རིམ་པས་འཇུག་པས། བརྟག་གཉིས་ཀྱི་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱིས་ནས་ཞེས་འབྱུང་སྟེ། དེའི་ཚེ་ལམ་རིམ་གཅིག་ཏུ་འགྱུར་ཏེ། འདིས་སྣང་ལ་ཞེན་པ་མེད་པ་ཙམ་ནས་སྔགས་དང་། དེ་ནས་ཆོས་ཀྱི་རྣལ་འབྱོར་ལའོ། །གལ་ཏེ་སྣང་བ་ལ་ཞེན་པ་སྤོང་བར་དཀའ་ན། ལུས་ལྷ་དང་། དེའི་རྩ་འཁོར་ལ་ལྷ་ཚོགས་གསལ་བཏབ་སྟེ་སྦྱང་བ། རྗེ་བཙུན་གྱིས། རས་ཆུང་ཞབས་ལ་རྩ་འཁོར་བདེ་དགྱེས་གསང་འདུས་གདན་ཐོད་མ་ཧཱ་མ་ཡཱར་བསྟན་པ་བཞིན་ནམ། འཆད་འགྱུར་གྱི་ལུང་ལས། ཧེ་རུ་ཀ་བཞི་འོད་སྣང་ཙམ་དུ་བསྒོམས་ནས་གདོད་སྔར་བསྟན་པའི་ལམ་ལ་འཇུག་གོ །དེའི་ཚེ་འདི་སྤྲུལ་པ་དབྱིབས་དང་། སྔ་མ་རང་བཞིན་དབྱིབས་སུ་ཐ་སྙད་བཞག་གོ །གསུམ་པ་ནི། བརྟག་གཉིས་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང་། དེ་ལྟར་བར་དོའི་སྲིད་ཡིན་པས། ཞེས་སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་གསུམ་གྱིས་སྔ་མའི་སྐུ་གསུང་ཐུགས་རེ་རེ་ལ་འཁྱུད་པས་དེ་དག་བསྲེ་བ་གསུམ་གསུམ་དུ་འགྲོ་ཞིང་། དང་པོ་ཅིག་ཅར་བ་དང་། གཉིས་པ་ཐོད་བརྒལ་བ་དང་། གསུམ་པ་རིམ་གྱིས་པའོ། །སྣང་བ་སྒྱུ་མ་ནི་སྐྱེ་ཤི་བར་དོའི་ཉམས་ལེན་སྔར་བཤད་པ་རང་ཡིན་ལ། དེ་རྨི་ལམ་དང་བསྲེ་བ་ནི་འདུན་པ་དང་གདམས་ངག་དྲན་པའི་གནད་ཀྱིས་གཉིད་དུ་འགྲོ་ཀར་དེ་དང་སྔར་གྱི་བསམ་གཏན་གཅིག་ཏུ་བྱས་ནས་བསྲེས་པས་གཉིད་ཀྱི་འོད་གསལ་ཆེན་པོ་ངོས་ཟིན་པའམ། མ་ཟིན་ཀྱང་རྨི་ལམ་སྒྱུ་མར་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བའམ། ཟིན་སྦྱང་སྤྲུལ་པའི་སྐུར་ནི་ངེས་པར་འགྱུར་རོ། །འདི་ནི། ཆོས་ཀྱི་སྐུ་ཡི་བདག་ཉིད་ཅན། ཞེས་དང་། ལོངས་སྤྱོད་རྫོགས་སྐུའི་ཡི་གེ་ཞེས་དང་། ཡང་སྒྲས་བསྟན་པའོ། །དེ་གྱུར་ནས་འཆི་ཀར་ཚུལ་དེ་བསྲེས་པས་མ་རིག་པའི་འཇུག་པ་མེད་པས་རང་གི་ཤེས་པ་དྭངས་མའི་རླུང་ལ་ཞོན་ནས་སྦྲུལ་པགས་པ་རྙིང་པ་བོར་བ་བཞིན་ལུས་དང་ཤེས་པ་བྲལ་ནས་རང་གི་སེམས་ནམ་མཁའ་ལ་དག་སྟེ། དེའི་དུས་སུ་ཆོས་ཉིད་དེ་གདམས་ངག་གིས་ངོ་ཤེས་པར་བྱས་ལ་དེ་དང་མ་བྲལ་བར་གནས་ན་དེ་ཉིད་དུ་འཚང་རྒྱ་སྟེ་རང་བཞིན་རྣམ་དག་གི་ཆོས་ཉིད་རྟོགས་པའི་ཕྱིར་རོ། །གལ་ཏེ་ཆོས་ཉིད་དེ་ཉམས་ཀྱིས་བསྒྲིབས་ན་མ་རིག་པ་འགགས་མ་ཐག་ཉམས་ཀྱི་འོད་གསལ་ཤར་ན་མ་རིག་པ་གཞན་དབང་ཅན་སྟོང་པས་མི་སྐྲག བར་དོ་སྒྱུ་ལུས་ངོ་ཤེས་ནས་རང་ཡི་དམ་ལྷར་ངོ་ཤེས། དེ་ངོ་ཤེས་པས་སྟོང་ཉིད་འོད་གསལ་སྦྱོང་ཤེས། དེ་སྦྱོང་ཤེས་པས་དྲན་པ་ཙམ་གྱིས་ལོངས་སྤྱོད་རྫོགས་སྐུ་རྟེན་དེ་ལ་འཚང་རྒྱ་བར་ཐེ་ཚོམ་མེད་དོ། །མ་རིག་པ་རང་དབང་ཅན་དུ་སོང་ན་བར་དོར་འཁྲུལ་སྣང་སྣ་ཚོགས་པ་འབྱུང་ལ། དེ་ཐམས་ཅད་སྟོང་ཉིད་དུ་མོས་ནས་མངལ་ངན་པ་དགག་བཟང་པོ་གདམས་ནས་སྤྲུལ་པའི་སྐུར་འཚང་རྒྱ་བའོ། །དེ་ནི་བསམས་བཞིན་སྲིད་པར་སྐྱེ་བ་རྟེན་དེ་ལས་སངས་རྒྱས་ཐོབ་པའི་དབང་དུ་བྱས་སོ། །དེ་དག་འདིར། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན། །ནམ་མཁའ་ལྟ་བུར་མཉམ་པ་སྟེ། ཞེས་སོ། །འབྲས་བུ་ནི། དེ་ལྟར་རྟོགས་པའི་ངང་ཉིད་ལས། ངོ་བོ་ཉིད་དུ་བདེ་བ་ཅན། སངས་རྒྱས་ལྔ་ཡི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །རྟོགས་པ་མཉམ་རྗེས་མེད་པ་དང་། ནམ་མཁའི་རྣལ་འབྱོར་བདག་ཉིད་ཆེ། སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག །མི་གནས་མྱ་ངན་འདས་པ་ཡིན། ཞེས་གསུངས། འཁྲུལ་པ་ཟད་པས་འཁྲུལ་མེད་མངོན་དུ་གྱུར་པའོ། །དེ་ལྟར་རྣལ་འབྱོར་བཞི་བཞི་ཚན་དུ་བཤད་པ་ལམ་ཐམས་ཅད་ཀྱི་དོན་ཡིན་པར། འབུམ་ལྔར། ལྟེ་བའི་དབུས་ན་དཔའ་བོ་ནི། །ཟེའུ་གསང་བའི་སྤྱོད་ཡུལ་ཅན། །རང་འདྲའི་ཤེས་རབ་དང་ལྡན་ཏེ། །རྡོ་རྗེ་སེམས་དཔའ་རབ་བརྗོད་བྱ། །ཕྱག་གཉིས་ཧེ་རུ་ཀ་རུ་བཤད། །དེ་ཉིད་འཇིག་རྟེན་གསུམ་བསྐྱོད་ཉིད། །དེ་ཉིད་ངོ་བོ་ཉིད་དུ་བརྗོད། །སངས་རྒྱས་སྐུ་སྟེ་བདེ་བ་ཆེ། །དེ་ཉིད་ཡེ་ཤེས་རྡོ་རྗེར་འགྱུར། །དེ་ཉིད་ལྷན་ཅིག་སྐྱེས་དགའ་ཉིད། །རྒྱུ་མཐུན་པར་ཡང་དེ་ཉིད་བཤད། །རྡོ་རྗེ་རྩེ་གཅིག་པ་རུ་བརྗོད། །དེ་ཡང་བཞི་པའི་གནས་སྐབས་ཟད། །རྣམ་དག་མཆོག་ཏུ་མི་འགྱུར་བའོ། །ཞར་ལ་འདུས་མ་བྱས་པའི་རྣམ་པར་ཐར་པ་དང་། གཏང་སྙོམས་ཚད་མེད་དང་། དེ་ཁོ་ན་ཉིད་ཀྱི་གདན་དང་། ཡེ་ཤེས་ཀྱི་བཟང་པོ་བཤད་པ་བཞིན་ལྷག་མའོ། །ཡང་། བྱང་ཆུབ་ལ་གནས་གང་ཡང་ནི། །སྙིང་གའི་པདྨའི་དབུས་གནས་པ། །ཧཱུྃ་ཡིག་ཁོ་ན་སེམས་དཔར་བཤད། མི་བསྐྱོད་པ་ནི་དེ་ཁོ་ནའོ། །ཐུགས་ཀྱི་རྡོ་རྗེ་དེ་ཉིད་བརྗོད། །ཁྱབ་འཇུག་ཉིད་དེ་ཕྱག་བཞི་པ། །དེ་ཉིད་ཛྷ་ལ་ཛྭ་ལ་བྷྱོ། །དེ་ཉིད་ཆོས་ཀྱི་སྐུ་རུ་བཤད། །ཆོས་འཁོར་སྐོར་གནས་རྡོ་རྗེ་ཅན། །ཁྱད་དགའི་དགའ་བའི་ཚུལ་འཆང་བ། དེ་ཉིད་རྣམ་སྨིན་དུ་ཡང་བཤད། གཉིད་སྟུག་ཟད་པར་བྱེད་པའོ། །ཡེ་ཤེས་ཆེན་པོའི་རོས་གང་བ། །སེམས་དཔའ་ཆེན་པོར་དེ་བརྗོད་བྱ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབང་། །འོད་དཔག་མེད་དུ་མངོན་བརྗོད་བྱ། །དེ་ཉིད་གསུང་གི་རྡོ་རྗེར་བཤད། །པདྨའི་ཆགས་ཅན་དེ་བཞིན་གཤེགས། །དེ་ཉིད་མཆོག་ཏུ་དགའ་བར་བཤད། །སྐྱེས་བུ་བྱེད་པར་རབ་བརྗོད་བྱ། །ཀུན་རྫོབ་དང་ནི་དོན་དམ་གྱི། །དེ་ཡང་རྨི་ལམ་གནས་སྐབས་ཟད། །དེ་ཡང་ལོངས་སྤྱོད་རྫོགས་སྐུར་འགྱུར། །སངས་རྒྱས་རྣམས་ཀྱིས་ཆོས་སྟོན་མཛད། །དེ་ཉིད་བདེ་བྱེད་རབ་ཏུ་བརྗོད། །ཞལ་གསུམ་རྣམ་པ་ཕྱག་དྲུག་ཏེ། །ཀི་ཊི་ཀི་ཊི་རྡོ་རྗེ་སྟེ། །ཧེ་རུ་ཀ་ནི་གསུམ་པར་འགྱུར། །རྟག་ཏུ་དམ་ཚིག་ལ་གནས་པ། གང་ཞིག་གནས་པ་དེ་བརྗོད་བྱ། །དམ་ཚིག་རི་བོང་འཛིན་ཁུ་བ། བདེ་བ་ཆེན་པོ་དཔྲལ་བར་གནས། །བདུད་རྩིར་ལེགས་གནས་སེམས་དཔའ་བོ། །ཨོཾ་གྱི་ཡི་གེར་ཡོངས་བཤད་བྱ། །དེ་ཉིད་རྣམ་པར་སྣང་མཛད་བརྗོད། །སྐུ་ཡི་རྡོ་རྗེ་ཁོ་ནའོ། །ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །དེ་ཉིད་ཡོངས་སུ་བརྗོད་པར་བྱ། །དགའ་བ་ཚངས་པའི་ངོ་བོ་སྟེ། །གཟུགས་ཀྱི་སྐུ་རུ་དེ་བརྗོད་བྱ། །དེ་ཉིད་ཕྱག་ན་འཁོར་ལོ་བཤད། སྐུ་ནི་སྤྲུལ་པའི་མཚན་ཉིད་ཅན། །བཟློག་པས་དེ་ཡང་དྲི་མ་མེད། །དེ་ནི་སད་པ་ཟད་པ་ཉིད། །དེ་ཉིད་པི་ཙུ་བཛྭ་འགྱུར། །ཞལ་བརྒྱད་ཧེ་རུ་ཀ་རུ་བཤད། །དཔའ་བོ་ཆེན་པོ་ཞབས་བཞི་པ། །བཅུ་དྲུག་ཕྱག་དང་ཡང་དང་ཡང་དག་ལྡན། །དེ་ལྟར་སྐུ་ཡི་དབྱེ་བ་ཡིས། །ཧེ་རུ་ཀ་ནི་བཞི་རུ་བཤད། །ངོ་བོ་ཉིད་ལས་ཆོས་སུ་འགྱུར། །ཆོས་ལས་ལོངས་སྤྱོད་རྫོགས་པ་ཉིད། །དེ་ལས་སྤྲུལ་པའི་སྐུར་འགྱུར་ཏེ། །དེ་ལྟར་སྐུ་ནི་བཞི་ཡིན་ནོ། །ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཁྱབ་འཇུག་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་བཤད་པའི་ངེས་པ་སྟེ། །དེ་དག་ཞིབ་པར་སྦྱར་བ་ལམ་གུངས་མཐུན་དུ་བཤད་ཟིན་པས་དེར་བལྟ་བར་བྱའོ། །དཔྲལ་གྱི་མིག་དང་མཆན་གྱི་བུ། །ཁོང་པའི་སྙིང་ལས་གཅེས་མེད་ཀྱང་། །དེ་བས་འདི་ནི་ལྷག་པར་གཅེས་ཏེ། །ཟབ་པ་དང་རྒྱ་ཆེ་བས་སངས་རྒྱས་པ་ལ་གནད་དུ་ཆེ་བའི་ཕྱིར་རོ། །བླ་མ་མཁའ་འགྲོའི་བཀའ་ལ་འཇིགས། གསལ་པོར་བཤད་ན་ཞེས་པའི་དོན། དམ་པར་སྦོས་ལ་གསང་ལ་སྒྲུབས། །གནད་ཀྱི་ཐོ་ཡིག་འདི་ལ་དམ་པར་བྱ་དགོས་ཏེ། བདག་གི་སྙིང་གི་འཁོར་ལོ་འདི། །ཇོ་བོ་ཆེན་པོ་ཉིད་ཀྱི་ཐུགས་ཀྱི་བཅུད་ཡིན་པས་སོ། །མན་ངག་སྦས་དང་གབ་པ་ལས། རྒྱུད་ལས་གབ་སྦས་ཕྱུང་བའི་དོན། །ལས་ཅན་གཅིག་དང་ཕྲད་པར་ཤོག །ཕྱིས་རྣམ་པར་འབྱེད་ནུས་དག་ལ་དགོངས་སོ། །ཞེས་པདྨ་དཀར་པོས་ནས་མོར་བརྗེད་བྱང་དུ་བྲིས་སོ།། །།མངྒ་ལཾ།། །། བསྲེ་སྐོར་ལས་རླུང་སེམས་གཉིས་མེད་ཀྱི་ཁྲིད་བཞུགས་སོ།། ཉིན་མོར་བྱེད་དང་དེ་ཡི་འོད་ཟེར་བཞིན། །དབྱིངས་དང་ཆོས་རྣམས་མི་ཕྱེད་དྲང་པོ་དང་། གཡོ་འདྲ་རྫུན་གཟིགས་རྣལ་མའི་ལམ་གཅིག་པོར། །ཚིག་ཀུན་འབེབས་མཁས་བླ་མར་ཕྱག་འཚལ་ལོ། །འདིར་ཇོ་བོ་ཆེན་པོ་ནཱ་རོ་པ་རྫོགས་རིམ་རླུང་སེམས་གཉིས་མེད་ཅེས་གསུང་བ་དེ་རྙོག་པ་མེད་པ་ཞིག་བཤད་པར་བྱའོ། །དེ་ལ་རླུང་སེམས་གཉིས་མེད་ཡིན་ཚུལ། ཡིན་པ་ལྟར་གཏན་ལ་དབབ་པ། ཕབ་པ་ལྟར་མངོན་དུ་གྱུར་པའི་འབྲས་བུ་བཤད་པ་གསུམ་ལས། དང་པོ་ནི། གཡོ་བ་རླུང་གི་གདམས་ངག་ཏུ། །རང་གི་གནས་ནི་སེང་གེར་བཤད། །གཞན་གྱི་གནས་ནི་གླང་པོ་ཆེ། །ཆོས་ཐམས་ཅད་པ་འདི་དག་གཉུག་མར་གནས་པ་ནི་ཟབ་གསལ་ལྷན་ཅིག་སྐྱེས་པ་མེད་བཞིན་དུ་སྣང་བ་སྣ་ཚོགས་པ་འདི་དག་ནི་མ་རིག་པས་བསླད་པས་གློ་བུར་དུ་ལྷག་པ་ཡིན་ནོ། །དེ་བས་ན་མ་བཅོས་པའི་སྣང་བ་ལ་རང་གི་ངང་གིས་གནས་པ་ཞེས་དང་། བཅོས་མའི་སྣང་བ་ལ་གཞན་གྱི་གནས་པ་ཞེས་བྱ་སྟེ། གཞན་དབང་ཅན་ཡིན་པའི་ཕྱིར་རོ། །དེ་བས་སྔ་མ་ནི་གཞན་གྱིས་གཞོམ་པར་མི་ནུས་ཤིང་། དེ་ཉིད་གཞན་ཟློག་པར་བྱེད་པའི་གཙོ་ཡིན་པས་སེང་གེ་དང་། །གཉིས་པ་ནི་དེའི་གཞོམ་བྱར་གྲུབ་པས་གླང་པོ་ཆེར་གསུངས་ཏེ། རང་ནི་སེང་གེར་གནས་བྱ་སྟེ། །གླང་པོ་ཆེ་ནི་གསད་པར་བྱ། །ཞེས་པས་སོ། །དེ་བས་ན་གཉུག་མར་གནས་པ་དེ་ཀ་ལ་བྱང་ཆུབ་ཀྱི་སེམས་ཞེས་བཏགས་ཤིང་། དེ་ཁ་སྲོག་ཆེན་པོ་ཡིན་པས་རླུང་དུ་བཞག་གོ །དེའི་ཕྱིར་དོན་གཅིག་ལ་མིང་གི་རྣམ་གྲངས་སུ་བྱས་པའོ། །དེ་ལྟར་དགོངས་པ་ལུང་སྟོན་ཞེས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། བྱང་ཆུབ་སེམས་ནི་རླུང་གྱུར་ཅིང་། །ནམ་མཁའ་ལ་ནི་རྣམ་གནས་པ། །སེམས་ཅན་ཀུན་གྱི་སྲོག་གྱུར་ཅིང་། །དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་དེ་སྐྱེ་བ་མེད། །ཅེས་གསུངས་པའི་དོན། བྱང་ཆུབ་ཀྱི་སེམས་སུ་བཞག་པའི་རླུང་དེ་ནམ་མཁའི་མཚན་ཉིད་བཞིན་གང་ཡང་སྒྲིབ་པར་མི་བྱེད་པས་ནམ་མཁའ་ལ་ནི་རྣམ་གནས་ཞེས་དང་། དེ་ཁ། གཞན་འབྱུང་བའི་གོ་འབྱེད་མཁན་ཡིན་པས་ཀུན་འགྲོར་ཡང་བཤད་དོ། །ནམ་མཁའ་ཡང་བྱིས་པ་རྣམས་ལག་པས་མྱུལ་ཏེ། རེག་བྱ་མེད་པ་ཙམ་ལ་ནམ་མཁའ་ཞེས་བརྗོད་པ་དེའོ། །སེམས་ཅན་ཀུན་ཞེས་པ་ནི་དྲི་མ་རྣམ་པ་དགུའི་སྦུབས་ཡིན་ལ། དེའི་སྙིང་པོར་བཞུགས་པའི་དེ་བཞིན་གཤེགས་པ་ཡིན་པས་སྲོག་གྱུར་ཅིང་ཞེས་བྱའོ། །དོན་ཆེན། དྲི་མ་དང་བཅས་པས་ཀུན་རྫོབ་ཀྱི་བདེན་པར་སོང་ངམ་སྙམ་ན་མ་ཡིན་ཏེ། དོན་དམ་པ་ཆེན་པོའོ། །འདིར་ཆེན་པོའི་སྒྲས་མཐར་ཐུག་པའི་གནས་ཉིད་བརྗོད་དོ། །རྒྱུ་མཚན་ཅིས་ཞེ་ན། འགྱུར་མེད་དམ་པ་ཡིན། དྲི་མས་བསླད་པ་ལྟར་སྣང་བའི་དུས་ན་ཡང་དྲི་མས་མ་གོས་ཏེ། དེ་ཀ་སངས་རྒྱས་རྣམས་ཀྱི་དམ་པའི་སྐུར་བཞག་པ་དེའི་བར་དུ་འགྱུར་བ་མེད་པས་སོ། །དེ་ཕྱིར་གཞི་ཇི་ལྟ་བ་སངས་རྒྱས་ཀྱི་གཟིགས་ངོས་འཇོག་དགོས་ཀྱི་གཞན་གྱི་མ་ཡིན་ནོ། །གནད་འདིས་གཞི་འབྲས་རང་བཞིན་དབྱེར་མེད་དུ་གྲུབ་ཅིང་། རང་བཞིན་དེ་ཀ་དྲི་མ་དང་འགྲོགས་མ་མྱོང་བས་རང་བཞིན་རྣམ་དག་ཅེས་བྱའོ། །སྲོག་ཆེན་པོ་དེ་ཞེས་དེ་སྲོག་ཆེན་པོར་བཞག་པས། འཁྲུལ་ངོར་དངོས་པོ་སྣང་བ་བཞིན་དུ་རྟོག་ན་རྟག་པའི་མཐར་ལྷུང་བས་དེ་དགག་པའི་ཕྱིར་སྐྱེ་བ་མེད་ཅེས་གསུངས་ལ། སྐྱེ་བ་མེད་པ་ཡིན་པ་སྟོན་པའི་ཕྱིར་ནི་མ་ཡིན་ཏེ། མེད་པའི་མཐར་ལྷུང་བར་འགྱུར་བས་སོ། །འདིར་ཚིག་དེ་ཉིད་ཀྱིས་གཉིས་ཀ་བཀག་ལ། དེ་ཁེགས་པ་དང་གཉིས་དང་གཉིས་པ་མ་ཡིན་པའང་ཁེགས་པ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་ཕྲེང་བར་ཡང་། །སྐྱེ་མེད་ཀུན་འགྲོ་ཞི་བ་དང་། །ལུས་ཅན་ཀུན་ལ་ཁྱབ་པ་དང་། །དྲི་མེད་སྟོང་པ་བསམ་མི་ཁྱབ། །རྟོག་པ་དང་བྲལ་རླུང་ཆེན་པོ། །ཞེས་གསུངས་པ་ཡིན་ནོ། །ངོ་བོ་དེ་ལྟར་ཡིན་པར་མ་ཟད། །རྣམ་པར་འགྱུར་བ་དང་བཅས་པ་ནའང་རྣམ་པར་ཤེས་པ་དེ་ཁ་རླུང་དུ་བཞག་པས་མི་ཤིགས་པའི་ཐིག་ལེ་ཞེས་བྱ་སྟེ། ཀུན་རྫོབ་ཇི་སྲིད་གནས་པ་ན་དེ་ཡང་གནས་སོ། །རྣམ་པར་འགྱུར་བ་དེ་ཤིན་ཏུ་རགས་པར་གྱུར་བའི་གནས་སྐབས་སུ་རྣམ་ཤེས་དང་དེའི་བཞོན་པར་བཞག་མོད། དེ་ཙ་ནའང་རླུང་དང་རྣམ་ཤེས་འདྲེ་བ་ཉིད་དོ། །གཉིས་པ་རླུང་སེམས་གཉིས་མེད་ཡིན་པ་ལྟར་གཏན་ལ་དབབ་པ་ལ། སྟེང་སྲོག་ལམ་དུ་བྱ་བ་དང་། འོག་རྩོལ་བ་ལམ་དུ་བྱ་བའོ། །དང་པོ་ནི། བསྐུལ་བའི་ལམ་ནི་རྣམ་གཉིས་ཏེ། །ཨཱ་ལི་ཀཱ་ལི་རབ་ཏུ་འཇུག །ཅེས་པའི་ཀཱ་ལི་ནས་འཇུག་པ་དེའོ། །དེ་ཡང་དགོངས་པ་ལུང་སྟོན་ལས། ཉི་ཟླ་རབ་ཏུ་སྦྱོར་བ་ཡིས། །དངོས་པོ་མེད་པས་འགྲོ་ཁྱབ་པའི། །བྱང་ཆུབ་སེམས་ཀྱི་རླུང་གཅིག་པུ། །དགེ་དང་མི་དགེའི་འབྲས་སྤངས་ནས། །ནམ་མཁའ་འདྲ་བར་འགྱུར་པ་ཡིན་ཞེས་པའི་དོན། །ཉི་མས་ནི་སྟོང་འཛིན་ཏེ། དེའི་རླུང་སྟོང་པ་བཅུ་དྲུག་ཏུ་བཞག་པའི་དོན་གྱིས་སོ། །ཟླ་བས་ནི་སྟོང་པ་མ་ཡིན་པར་འཛིན་པ་སྟེ། །དེའི་རླུང་སྙིང་རྗེ་བཅུ་དྲུག་ཏུ་བཞག་པའི་རྒྱུ་མཚན་གྱིས་སོ། །རབ་ཏུ་སྦྱོར་བ་ནི། སྙིང་གར་རླུང་སེམས་བསྡུས་ཏེ་མ་ཡེངས་པར་བཞག་པ། །དེ་ཡང་དངོས་པོ་དང་དངོས་པོ་མེད་པར་མི་རྟོག་པའོ། །དངོས་པོ་མེད་པས། ཞེས་པས། སྒོམ་པ་དེའི་རྟག་མཐའ་བསལ་ཏེ་གཤིས་བདེན་པ་དང་བྲལ་བར་རིག་པས་སོ། །འགྲོ་ཁྱབ་པའི་ཞེས་པས་ཆད་མཐའ་བསལ་ཏེ་གདངས་བརྫུན་པ་དང་བྲལ་བར་འཆར་བས་སོ། །བྱང་ཆུབ་སེམས་ཀྱི་རླུང་གཅིག་པུ། ཞེས་པ་ནི། གཉིས་པ་ཐམས་ཅད་ཟད་པའི་ཕྱིར་གཉིས་མེད་དུ་བཞག་པ་གཞུང་དབུ་མ་པས། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། དེ་དག་རྟག་པ་མ་ཡིན་ཆད་པ་མིན། ཞེས་འཇུག་པ་ལས་གསུངས་པ་དང་། སྒྲུབ་ཕྱོགས་ནས་དེ་གཅིག་པུ་ཡིན་པས་ཟུང་འཇུག་ཏུ་སྟོན་པ་སྟེ། བརྟག་གཉིས་ལས། བདེན་མིན་རྫུན་མིན་ཆུ་ཟླ་བཞིན། །འདོད་པས་རྣལ་འབྱོར་མ་ཤེས་ཀྱིས་ཞེས་གསུངས་པས་སོ། དགེ་དང་མི་དགེའི་འབྲས་སྤངས་ནས། ཞེས་པ་ནི། ཤེར་ཕྱིན་གྱི་མདོར། གང་ཡིད་ལ་བྱེད་པའི་ཆོས་ཐམས་ཅད་ནི་མི་དགེ་བའོ། །གང་ཡིད་ལ་མི་བྱེད་པའི་ཆོས་ཐམས་ཅད་ནི་དགེ་བའོ། །ཞེས་པ་དེ་ཡིན་ལ། དེའི་འབྲས་བུ་ནི། ཡིད་ལས་བྱས་པ་ལས་བྱུང་བའམ། ཡིད་ལས་མ་བྱས་པ་ལས་བྱུང་བ་གང་ཡང་སྤངས་པའོ། །དེའི་ཕྱིར་བརྟག་གཉིས་ལས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམས་པར་བྱ། །ཞེས་སོ། དེས་ནམ་མཁའ་འདྲ་བར་འགྱུར་བ་ཡིན་ཞེས་དང་། དེ་བཞིན་རྗེ་ལོ་ཙཱ་བས་ཀྱང་། ནམ་མཁས་ནམ་མཁའ་སྦྱོར་བ་མཐོང་ཞེས་གསུངས་སོ། །མདོར་བསྡུ་ན་ནི་མཐའ་གཉིས་ལ་མི་གནས་ཤིང་། །དབུས་ལས་གྲོལ་བ་འདི་རྣལ་མའི་ལམ་སྟེ། རྣམ་མི་རྟོག་ལས་སངས་རྒྱས་མིན། །དེ་བཞིན་རྣམ་རྟོག་བཅས་ལས་ཀྱང་། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། མཁས་པ་རྣམས་ནི་གྲོལ་བར་འགྱུར། །ཞེས་པའི་ལམ་དེ་ཁོ་ནའོ། །དེ་ཉིད་ལ། སེང་གེ་རྣམ་པར་རྩེ་བ་ཡི་ཞེས་བྱ་སྟེ། རང་གིས་ངང་གི་གནས་པ་དེ་ཉིད་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་བྱས་པའི་ཕྱིར་རོ། །ཕྱག་རྒྱ་དག་ནི་བསྟན་པར་བྱ་ནི། །དེས་གཞན་གྱི་གནས་པ་རྣམས་ལ་རྒྱས་འདེབས་པ་སྟེ། དེ་ཡང་གང་ཞེ་ན། སྣང་བ་རྒྱ་ཡན་དུ་འཇོག་པའོ། །རྣལ་འབྱོར་པས་ནི་བཅིངས་ནས་སུ། རྟག་ཏུ་སྲོག་དང་རྩོལ་བ་བྱ། །དེས་རྒྱས་ཐེབས་པ་ན། སྒོ་བཞི་དག་ནི་འགག་པར་བྱ། །ལུས་ངག་ཡིད་ཡེ་ཤེས་ཀྱི་མ་རིག་པའི་གཉིད་སངས་ལ། དེ་སངས་པས། ས་བོན་བཞི་ནི་བསམ་བྱ་སྟེ། ཞེས་པ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་འགྲུབ་པ་རྟོགས་པར་བྱའོ། །ཞེས་པའི་དོན་ནོ། །བཞི་པོ་དག་གི་བསྲུང་བྱ་སྟེ། ལུས་རང་བབས། ངག་ཡིད་ཡེ་ཤེས་རང་བབས་སུ་གནས་པ། རང་གི་གནས་ནི་བགྲོད་པའོ། །གློ་བུར་ལྷགས་པ་ཀུན་ཟད་ནས། གཉུག་མའི་ཡེ་ཤེས་གཅིག་པུར་འགྱུར་བ་ཞེས་པའི་དོན་ནོ། །དེ་བས་སྐུལ་བྱེད་གང་བར་བར་ཏུ་བཤད། རླུང་སེམས་གཉིས་མེད་དུ་འཆིང་བ་ནི་གར་བ་ཞེས་བྱ་སྟེ་ཕྱི་ནང་དུ་མི་གཡོ་བ་ཉིད་ཀྱིས་སོ། །རབ་ཏུ་སྐུལ་བར་བྱེད་པ་སྟེ། །རྟག་ཏུ་མཉམ་པར་འཇོག་པ། རྟག་སྦྱོར་ཡོན་ཏན་ལ་མི་ཕྱེད་པ་གུས་སྦྱོར་གྱིས་སོ། །དེ་ནི་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཉིན་མོ་ཉི་མ་སྟོང་པའི་རླུང་བདེ་ཆེན་གྱི་དབུགས་སུ་རྒྱས་འདེབས་པའོ། གཉིས་པ་ནི། ཨཱ་ལི་ནས་འཇུག་པ་སྟེ། དགོངས་པ་ལུང་སྟོན་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཕུང་སོགས་གཉིས་མེད་མཁའ་དང་མཉམ། །ཤེས་རབ་ཐབས་དང་སྦྱོར་བ་ཡིས། །བྱང་ཆུབ་སེམས་སུ་འགྲོ་བར་འགྱུར། ཞེས་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ནི། གང་ལ་གནས་པར་བྱ་བ་བསྟན་ཏེ། དེ་ཡང་གསང་བའི་འཁོར་ལོར་རླུང་སེམས་ཐམས་ཅད་བསྡུས་ནས་མ་ཡེངས་པར་བཞག་པ་སྟེ། བསྐུལ་བའི་མཆོག་ནི་གར་སྟེ། ཞེས་པའོ། །ཕུང་སོགས་གཉིས་མེད་མཁའ་དང་མཉམ། ཞེས་པ་ནི། མཉམ་པར་བཞག་པ་དེས་བྱང་ཆུབ་ཀྱི་སེམས་འཕར་བའི་བདེ་བ་འཐོབ་ལ། བདེ་བ་དེ་དང་གཉིས་སུ་མེད་པར་རྣམ་པ་ཐམས་ཅད་པ་འཆར་བས་བདེ་བ་དེ་རྟགས་ཅན་འོད་གསལ་དུ་གྱུར་ལ། རྣམ་པ་དེ་དག་རྟགས་སུ་བཞག་གོ །རྟགས་དེ་ལ་ལྟད་མོ་བ་ལྟད་མོ་ལ་སེམས་འགྱུར་བ་བཞིན་བསྒོམས་ན་རྟགས་དེ་དག་འཕེལ་ཏེ་ནམ་མཁའ་དང་མཉམ་པར་འཆར་རོ། །དེ་ཡང་། གར་བས་བསྐུལ་ན་མྱུར་དུ་འཕར། །རྗེས་དྲན་ཡེ་ཤེས་སྐྱེ་བར་འགྱུར། ཞེས་པའི་དོན། སྡོམ་འབྱུང་ལས་ཀྱང་། དངོས་པོ་གང་དང་གང་གིས་ནི། མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་དེའི་བདག་ཉིད་འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་སྐབས་འདི་ཉིད་དུ་བཤད་དོ། །ཤེས་རབ་ཐབས་གཅིག་སྦྱོར་བ་ཡི། །ཞེས་པ། རྟགས་ཅན་འོད་གསལ་དེ་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱི་བརྟགས་པས་རྟགས་དང་རྟགས་ཅན་གྱི་རྣམ་དབྱེ་འཇུག་པ་མེད་པར་འགྱུར་ལ་དེའི་ཚེ་རྣམ་པར་མི་རྟོག་པ་ངོ་མའོ། །རྣམ་པར་མི་རྟོག་པ་དེ་ཀ་འོད་གསལ་བའི་གཏུམ་མོ་སྟེ། །སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྲེག་པའི་ཤེས་རབ་ཡེ་ཤེས་མེའོ་ཆེ་ཡིན་པའི་ཕྱིར་རོ། །དེ་ལ་གནས་པར་མ་ནུས་པ་ལས་སྒྱུ་མར་ལྡང་སྟེ། དེའི་ཚེ་ཟུང་འཇུག་གི་མིང་གཅིག་ཐོབ་ཀྱང་། དེ་དུས་ཀྱི་སྒྱུ་མ་དེ་ཐོབ་བྱ་མ་ཡིན་པས་སྦྱང་དགོས། དེས་ཕྲ་ནི་ག་རར་བརྟག་པར་བྱ། ཞེས་བསྟན་པ་སྦྱང་ཚུལ་ནམ་ལྡང་དུས་སོ་སོ་རང་རིག་པས་རིག་པར་བྱ་བའོ། །དེ་ཉིད་སྡོམ་འབྱུང་ལས། ཤེས་རབ་མེ་ཡིས་བསྐྱོད་པས་ཡུལ་གྱི་དངོས་པོ་རྣམ་པར་དཔྱད་ན་རྒྱུན་དང་བྲལ། གཏུམ་མོ་འབར་ཞིང་རྣམ་པར་འཕྲོ་བས་དྲི་མ་མེད་ཉིད་ཡང་དག་རིག་ཅིང་གསལ། །ཕུང་པོའི་རྣམ་པར་རྟོག་པ་བསྲེགས་ཤིང་དམིགས་པ་མེད་པའི་རང་རིག་འཛག་པ་དང་། ཞེས་གསུངས་པའི་རྣམ་པར་འཕྲོ་བས་ཞེས་པ་སྒྱུ་ལུས་སུ་ལྡང་བ་དེ་ལ་ཟེར་ཞིང་། །དེ་དྲི་མ་མེད་པ་ནི་འོད་གསལ་མངོན་སུམ་ཡིན་ལ། དེ་རྟོགས་པར་བྱེད་པའི་ཐབས་ནི་ཡང་དག་པར་རིག་པའོ། །ཇི་ལྟར་རིག་པ་ནི། ཕུང་སོགས་ཀྱི་རྣམ་པ་མེད་པ་དང་། དམིགས་པ་མེད་པའི་ངང་ལ་མི་གཡོ་བ་རྒྱུན་རིང་དུ་འགྲོ་བ་ལ་རང་རིག་འཛག་པ་ཞེས་གསུངས་སོ། །གསུམ་པ་ནི། བྱང་ཆུབ་སེམས་སུ་འགྲོ་བར་འགྱུར། དེ་ལྟར་དམིགས་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཉེ་བར་ཞི་བའི་ཚེ་ན་མིང་དོན་དམ་པ་ཆེན་པོ་སྔར་འཁྲུལ་པ་ཅན་གྱིས་དུས་བཟུང་བའི་རྣམ་འགྱུར་དང་བྲལ་བས། གཞི་དུས་ཀྱི་རང་བཞིན་ངོ་མ་འགྱུར་བ་དེ་ཁར་གྱུར་པ་ལ། མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར་ཞེས་པ་ཡིན་ལ། དེས་ནི་དོན་སངས་རྒྱས་ཀྱི་སའི་མཉམ་པ་ཉིད་བཤད་པ་ཡིན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡང་དག་བསལ་བར་བྱས་པའོ། །ཞེས་པས། གཞི་དེ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར། སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པས་ཐམས་ཅད་མཁྱེན་པར་བཞག་པ་ཡིན་ནོ། །དེ་ཡང་སྡོམ་འབྱུང་ལས། དངོས་པོ་ཐམས་ཅད་མཉམ་ཉིད་བདུད་རྩི་ནམ་མཁའ་ཁྱབ་ཅིང་ཡང་དག་གོ་འཕང་ལྡན། ཞེས་པས་བསྟན་ལ། དེ་གཟུང་འཆི་ལས་རྒྱལ་བར་བྱེད། ཅེས་པས་འཆི་བདག་སོགས་བདུད་བཞི་བཅོམ་པར་བཤད་དོ། །རྩ་རྣམས་རྟོགས་པར་འདོད་པས་ཀྱང་། འདི་ཉིད་ནན་ཏན་མཆོག་ཏུ་བྱ། །བོ་དྷི་ཙིཏྟ་ལྟ་ན་ཡང་། །བཅུ་ཡི་བྱེ་བྲག་ཤེས་པར་བྱ། །ཞེས་པས་ལམ་འདི་རྩའི་དེ་ཉིད་བྱང་ཆུབ་སེམས་ཀྱི་དེ་ཉིད་དང་གཅིག་པར་བསྟན་ལ། རྡོ་རྗེ་གྲི་གུག་རྟོགས་པ་ནི། །ལྔ་གཉིས་དག་ནི་བརྟེན་པས་སོ། །ཞེས་པའི་རྣམ་ཤེས་གནས་གྱུར་པའི་མི་བསྐྱོད་པ་ཐོབ་པ་དང་། དེ་ནི་མཚན་མོ་ཤེས་རབ་བརྟག་པར་བྱ་ཞེས་པའི་མཚན་མོ་ཟླ་བའི་རླུང་ཤེས་རབ་སྟོང་པའི་དབུགས་ཀྱིས་རྒྱས་གདབ་པའོ། །མཚན་མ་ལྔ་ནི་སྣང་བྱེད་དང་། །རྒྱུ་ཡི་ཡེ་ཤེས་གཙོ་བོ་སྟེ། །དེ་ཉིད་ཡེ་ཤེས་ལྔར་གྱུར་པས་རྒྱུ་མཚོན་བྱེད་རིགས་ལྔ་ཐོབ་པ་མཚན་མ་ཞེས་ཀྱང་བྱའོ། །འདི་ནི་རྗེ་བཙུན་གྱིས། རྣམ་པར་རྟོག་པའི་རླུང་རྣམ་པར་མི་རྟོག་པའི་རླུང་དུ་བསྒྱུར་འཚལ་བར་གདའ་ཞེས་པའི་བོགས་འདོན་ཁྱེར་དངོས་ཀྱང་ཡིན་ལ། རིམ་སྐྱེས་པ་ལ་རིལ་བ་ཞབས་ཚགས་ཅན་གྱིས་སྟེང་གི་བུ་ག་བཀག་ནས་འོག་ཏུ་ཆུ་བླུགས་ཀྱང་མི་འཛག་པ་བཞིན། དང་པོས་སྟེང་རླུང་བཅིངས་ན་འོག་རླུང་འབད་མེད་དུ་འཆིང་ནུས་པས་མྱོང་བ་འདི་རང་བྱུང་བས་ལམ་གཅིག་ཏུ་འགྱུར་རོ། །འདི་ནི་སྡོམ་འབྱུང་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་དང་། དེ་ཡི་སྦྱོར་བ་གསུམ་པ་སྟེ། །ཆོས་ཀྱི་འབྱུང་གནས་རང་བཞིན་གྱི། །ཇི་ལྟར་གསང་གསུམ་མཐོང་བ་དང་། །འཁོར་གསུམ་མི་དམིགས་སྦྱོར་བ་ཡིས། །སྔགས་གསུམ་གྱི་ནི་རང་བཞིན་ཉིད། །ཅེས་གསུངས་ལ། བརྟག་གཉིས་ལས། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ། ཨཱ་ལི་དང་ཀཱ་ལི་དང་། ཟླ་བ་དང་ཉི་མ་དང་། ཤེས་རབ་དང་ཐབས་སོ། །བསྡམས་གཤིས། བསྡམ་བྱ་རྣམ་འགྱུར། དེ་དག་བསྡམས་པས་ཟུང་འཇུག་གི་ཡེ་ཤེས་སུ་འགྱུར་བ་བཤད་པ་ཡིན་ནོ། །ཞེས་པདྨ་དཀར་པོས་ཟིན་བྲིས་སུ་བྱས་པའོ།། །།མངྒ་ལཾ།། །།
༄༅༅། །བསྲེ་འཕོ་ལས་བྱང་ཆུབ་སེམས་སྦྱོང་གི་གདམས་ངག་བཞུགས་སོ།། གྲགས་པའི་གཞིར་གྱུར་སངས་རྒྱས་ཚེ་འདིར་ཀར། །སྟེར་བྱེད་སེམས་བསྐྱེད་བདུད་རྩིའི་དཔྱིད་ཅི་དགའ། །འཛག་པས་གྲངས་རིང་ངལ་བྱེད་ལ་འཁུ་བ། །བཀའ་བརྒྱུད་ཟླ་ཚེས་དད་པའི་རལ་པར་མཆོད། །འདིར་ཇོ་བོ་ནཱ་རོ་པའི་བཞེད་སེམས་རྣམ་པར་སྦྱོང་བའི་གདམ་ངག རྡོ་རྗེ་སེམས་དཔར་འགྲོ་བའི་གསེབ་ལམ། འབྲས་བུ་ལམ་དུ་བྱེད་ཚུལ་མཛུབ་ཚུགས་སུ་བསྟན་པ་ལ། བྱང་ཆུབ་ཀྱི་སེམས་ངོས་གཟུང་། དེ་རྒྱུད་ལ་ལེན་པའི་ཐབས་བཤད་པ་གཉིས། དང་པོ་ནི། ཐོག་མ་མཐའ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་ཁྱབ་བདག །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་དྲན། །གདོད་མ་ཉིད་ནས་ནམ་མཁའ་ཇི་སྲིད་མི་འགྱུར་བས་ཐོག་མཐའ་མེད་པ། དམིགས་པ་ཐམས་ཅད་ཉེ་བར་ཞི་བས་ཞི་བ། སྣང་བའི་དངོས་པོ་མ་ཡིན། ཅང་མེད་ཀྱི་དངོས་མེད་མ་ཡིན་པས་ཟད་པ། ཤེས་བྱ་ཐམས་ཅད་ལ་ཁྱབ་པས་ཁྱབ་བདག ཁྱབ་བྱའི་ཤེས་བྱ་ཡང་། རྒྱུད་རྣམས་ལས། ཨེ་དང་བྷ་ག་པདྨ་ཅན། །གསང་བ་མཆོག་དང་བདེ་བ་ཅན། །སེང་གེའི་ཁྲི་དང་དམིགས་པ་མེད། །དེ་བཞིན་ཉིད་དང་ཕར་ཕྱིན་དུ། ཞེས་པ་རྣམས་ཏེ་གདངས་འགག་པ་མེད་པའོ། །ཁྱབ་བྱེད་ཀྱང་། ཝཾ་དང་རྡོ་རྗེ་སྨྲ་མཆོག་གཏེར། །ལྷན་ཅིག་སྐྱེས་དགའ་འགྱུར་བ་མེད། །བདེ་དང་ཞི་བ་དགའ་བ་དང་། །དབང་ཕྱུག་ཀུན་འགྲོའི་མིང་གཟུང་ནས། བྱང་ཆུབ་སེམས་ནི་རྟག་ཏུ་བཞུགས། །ཞེས་པ་རྣམས་ཏེ་གཤིས་སྐྱེ་མེད་དོ། །དེ་གཉིས་འགལ་བ་མ་ཡིན་པ། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་ཟུང་འཇུག་ཡིན་པས་སོ། །ཟུང་དུ་འཇུག་ཁྱེར་ཡང་ཕན་ཚུན་འདུས་པ་ལྟ་བུ་མ་ཡིན་ཏེ་གཉིས་མེད་པས་སོ། །དེ་ཉིད་འབྲས་བུ་ཡིན་པས་བྱང་ཆུབ། རྒྱུ་ཡང་དེ་ཀ་བས་སེམས་ཏེ། གཞི་འབྲས་དབྱེར་མེད་ཅེས་བྱའོ། །རྒྱུ་དུས་སུ་འབྲས་བུ་ཁས་བླངས་པས་གྲངས་ཅན་དང་མཚུངས་སོ་སྙམ་ན། ག་ལ་ཡིན། དེས་ནི་རྒྱུ་དུས་ན་དེ་ལས་གཞན་པའི་འབྲས་བུ་མི་གསལ་བར་ཡོད་པར་ཁས་ལེན་པས་རྒྱུ་འབྲས་རྟག་པར་བལྟས། འདིར་ནི་རྒྱུ་ལས་གཞན་དུ་འབྲས་བུ་དང་། འབྲས་བུ་ལས་གཞན་དུ་རྒྱུ་མི་འདོད་དེ་གཉིས་མེད། ཐ་སྙད་དུ་རྒྱུ་འབྲས། དོན་དུ་རྒྱུ་འབྲས་གཉིས་ཀ་ལས་འདས་པ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་དུ་ནམ་མཁའ་ལས་སྟོང་པ་མེད་པས། དེ་དཔེར་བྱེད་དེ། ནམ་མཁའ་རྐྱེན་གྱིས་འཕྲལ་འཕྲལ་འགྱུར་བས་མི་སྒྲིབ་པ་ཤེས་བླ་བ་བཞིན་དུ། གདངས་འགག་མེད་ཀྱང་འདྲ་བ་དང་། དེ་ཡང་ཆོས་ཅན་གྱིས་དུ་མར་བཟོས་པ་བཟོས་ངོར་ཐ་དད་པ་དང་། དོན་ལ་གཅིག་བུ། གསེར་ལ་བཟོ་སྣ་ཚོགས་བྱས་ཀྱང་གསེར་རང་དུ་གཅིག་པ་ལྟ་བུ། ཇི་ལྟར་སྣ་ཚོགས་སུ་སོང་ཡང་བསྐྱར་ནས་བཟོ་བཅོས་མ་བྱས་པར་བཞག་ན་རང་ཞི་བ་ཆུ་རྙོག་མ་ཅན་ལ། ཐོ་མ་བཏང་ན་ངང་གིས་དྭངས་འགྲོ་བ་ལྟ་བུ་ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་བརྗོད། །དེའི་དཔེ། དང་པོས་ནི་འགག་པ་མེད་པས་སྣ་ཚོགས་སུ་འཆར་བ་བཤད། གཉིས་པས་སྣ་ཚོགས་སུ་ཤར་དུས་ཀྱང་གཤིས་མ་འགྱུར་བར་བཤད། །གསུམ་པས་གཤིས་མ་བཅོས་པར་བཞག་པ་འབྲས་བུར་འགྲོ་བར་བསྟན་ནོ། །བརྟེན་པ་རྟེན་གྱི་བྱེ་བྲག་ལས། ཞེས་པ་ནི། སྣ་ཚོགས་སུ་འཆར་བ་དེ་རྟེན། གཤིས་མི་འགྱུར་བ་དེ་བརྟེན་པར་འགྱུར་བས། ཀུན་རྫོབ་ཀུན་ད་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ་ཞེས་བྱ། ཀུནྡ་ལྟ་བུ་ཡང་དྭངས་པའི་དཔེར་གཟུང་གིས། ཁ་དོག་དཀར་པོའི་ཆ་ནས་མ་ཡིན་ནོ། །བདེ་བ་དེ་ཡང་མི་ཤིགས་པའི་ཐིག་ལེ་འོད་སྣང་ཙམ་དེ་ལ་ཁྱབ་པ། དེའི་ཕྱིར་གཟུགས་ཅན་དུ་བཞག་པ་གྱུའི་ནམ་མཁའ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་ག་ལ་བཞུགས་སོ་ཞེས་གསུངས་ལ། དེ་རྡོ་རྗེ་སྙིང་འགྲེལ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ནི་དགོངས་པའི་སྐད་ཀྱིས་ཕུང་པོ་ལྔ་རྣམས་སོ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་ཞེས་པ་ལ། སྐུ་དང་གསུང་དང་ཐུགས་ཀྱི་བྱ་བ་རྡོ་རྗེ་བཙུན་མོ་རྣམས་ནི་ཡུལ་གྱི་ཆོས་ཅན་ནམ་མཁའ་ལ་སོགས་པའི་ཁམས་རྣམས་ཏེ། སྲོག་འགྲོ་བ་དང་འོང་བའི་བྱེ་བྲག་གིས། ཡོན་ཏན་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔའི་བྱེ་བྲག་གིས། གཙུག་ཏོར་དང་། དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བའི་པདྨ་རྣམས་ཀྱི་བྷ་ག་རྣམས་སུ་དང་། ལྟེ་བ་དང་། གསང་བ་དང་། རྡོ་རྗེ་ནོར་བུར་ཡོན་ཏན་གསུམ་གྱི་དབྱེ་བས་གནས་པ་རྣམས་ཏེ། དགའ་བ་ལ་སོགས་པའི་དབྱེ་བས་བྱང་ཆུབ་ཀྱི་སེམས་དེ་རྣམས་སུ་བཞུགས་སོ་ཞེས་པའོ། །བཟློག་པས་ནི། དེ་ལས་བཟློག་པ་ཡོན་ཏན་ཟད་པས་རྡོ་རྗེ་ནོར་བུ་དང་། གསང་བ་དང་། ཡུལ་ཟད་པས་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་ཏེ་འདི་རྣམས་སུ་བཞུགས་པས་ཏེ། རྒྱུ་མཐུན་པ་སོགས་པའི་དབྱེ་བས་སོ། །དེ་ལྟར་ཁམས་དང་ཕུང་པོ་ལ་སོགས་པ་རྣམས་སྒྲིབ་པ་མེད་པ་ཉིད་ཀྱིས་རྫོགས་པར་བརྗོད་པར་བྱ་སྟེ། བདེ་བ་ཆེན་པོའི་ལས་སོ་ཞེས་གསུངས་ཏེ། རྒྱུད་དེ་རང་ལས་ཀྱང་། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་གསུངས་པ་ཡིན་ནོ། །མདོར་ན་རྡོ་རྗེ་སྙིང་འགྲེལ་ལས། དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་ནི་སྒྲིབ་པ་དང་བཅས་པ་དང་། སྒྲིབ་པ་མེད་པ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་དང་། སྒྲོ་བཏགས་པ་དང་། སྒྲོ་བཏགས་པ་མེད་པ་དང་། ང་རྒྱལ་དང་བཅས་པ་དང་། ང་རྒྱལ་མེད་པ་སྟེ། སེམས་ཅན་རྣམས་དང་སངས་རྒྱས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་འགོག་པས་མི་སྐྱེ་བ་འཇུག་པ་ཡང་མེད་དོ་ཞེས་པ། རྒྱུད་གཞན་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ངེས་པ་སྟེ། མཁས་པ་རྣམས་ཀྱིས་རིག་པར་བྱའོ། །ཞེས་པ། སེམས་ཅན་རྣམས་ཀྱི་ཡན་ལག་བཅུ་གཉིས་འགོག་པ་ནི་རགས་པའི་རྩ་རླུང་ཐིག་ལེ་འགགས་པས་ཡིན་ཏེ་སྦྱོར་བའི་ལམ་དུའོ། །ས་ནས་དེ་དག་འགགས་པའི་རིམ་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་བལྟོས་པ་སྟེ། སྤང་བྱ་སྤོང་རྒྱུ་ཐོབ་བྱ་ཐོབ་རྒྱུ་བྱུང་བས་སྦྱང་རིམ་བཤད་པ་ཡིན་ནོ་ཞེས་པའི་དོན་ཏོ། །གཉིས་པ་དེ་རྒྱུད་ལ་ལེན་པའི་ཐབས་བཤད་པ་ལ། རྟེན་གྱི་གང་ཟག་དབང་རྣོན་གྱིས་སེམས་བསྐྱེད་པ་དང་། དབང་པོ་རཏལ་བས་བསྐྱེད་པའི་ཚུལ་ལོ། །དང་པོ་ནི། རྡོ་རྗེ་སྙིང་འགྲེལ་དུ་སངས་རྒྱས་ནི་རྟོག་པ་མེད་པས་རྣམ་སངས་རྒྱས་ཞེས་པ་དེའོ། །དམ་པའི་བདེ་བ་དེ་ཉིད་འགྱུར། ཞེས་པ་ལ། དམ་པའི་བདེ་བ་ནི། ཟག་པ་མེད་པ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་སྟེ། རྣམ་པར་ཐར་པ་བཞི་པོ་གཅིག་ཏུ་འདྲེས་པར་གྱུར་པ་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་དམིགས་པ་མེད་པ་མེད་པའི་རང་བཞིན་གྱིས་དམིགས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་ནི་སངས་རྒྱས་ཡིན་ནོ། །ཞེས་བརྗོད་པར་བྱའོ། །དེ་ལྟར་ན། བདེན་དོན་རྣམ་པ་བཅུ་གཉིས་པ། དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་དག་མཆོག་ཏུ་མི་འགྱུར་རིག །ཅེས་པ་སངས་རྒྱས་བཅོམ་ལྡན་འདས་སོ། ཞེས་གསུངས་པ་འདི་ནི་མཐོང་བྱ་དེ་ཁོ་ན་ཉིད་གཅིག་པུ་དེ། མཐོང་བྱེད་ཡེ་ཤེས་གཅིག་གིས་མཐོང་བས་མཐོང་བྱ་མཐོང་བྱེད་ཐམས་ཅད་རོ་གཅིག་ཏུ་གྱུར་པས་སངས་རྒྱས་པ་སྟེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ། ཞེས་པའི་ཚུལ་ལོ། །དེ་ཡང་གང་ཟག་ལམ་མངོན་དུ་བཏང་བ་ཞིག་ལ་བྱས་ན་རྒྱུན་མཐའ་བའང་ཚེ་གཅིག་ལ་སངས་རྒྱས་པ་ཞེས་པར་འགྱུར་བས། རྡོ་རྗེ་ཐེག་པའི་དངོས་བསྟན་གྱི་ལམ་དེའི་མྱུར་བའི་ཁྱད་པར་དུ་བཤད་མི་རིགས་སོ། །འོ་ན་གང་ཡིན་ཞེ་ན། སྔར་ལམ་ལ་མ་ཞུགས་པ་རྒྱུའི་སྟོབས་ཅན་གྱི་དབང་དུ་བྱས་ཏེ། སེམས་གང་དུའང་མ་བསྐྱེད་པ་ལ་བསོད་ནམས་དཔག་ཏུ་མེད་པ་གསོག་པ་ཡོད་པས་དེའི་དབང་དུ་བྱས་ཏེ། རྒྱུ་དེས་གང་ཟག་དབང་པོ་རྣོ་བར་འགྱུར་བས་མདོ་སྔགས་དངོས་ཟིན་གྱི། ཁྱད་པར་བཞི་པར་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཞེས་འབྱུང་བ་དེ་ཀའོ། །གང་གི་དབང་པོ་རྣོ་བར་མ་ཟད། བླ་མ་དམ་པས་རྗེས་སུ་འཛིན་པ་ཡང་བསོད་ནམས་ཀྱི་ཕུལ་གྱིས་གྲུབ་ལ། བླ་མ་དང་མཇལ་ནས་དད་པ་མི་ཕྱེད་པའང་དེའི་སྟོབས་ལས་འོང་ངོ་། གང་ལ་དད་པ་དེ་ཡོད་ན་བླ་མ་མཉེས་པ་ཐམས་ཅད་ཀྱིས་མཉེས་པར་བྱེད་ལ། དེས་ཚོགས་རྫོགས། སྒྲིབ་པ་འདག་པ་ནི། སྡོམ་འབྱུང་ལས། བླ་མེད་མཛད་པའི་སློབ་དཔོན་ནི། རྡོ་རྗེ་སེམས་དཔའ་རབ་མཆོད་ན། དེ་ཡིས་བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །འཇིགས་དང་སྡིག་པ་སྤངས་པ་དང་། །བདེན་པ་དང་ནི་ལྡན་པ་ཉིད། །ཅེས་གསུངས་པས་སོ། །དེ་བས་ན་ཤིན་ཏུ་ལྐོག་གྱུར་གྱི་དོན་འདི་ལྟ་བུ་ལུང་གིས་བསྒྲུབ་པར་བྱ་ཡིས། དངོས་པོའི་སྟོབས་ཤུགས་ཀྱིས་སྒྲུབ་མི་ནུས་པ། རིགས་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དཔལ་ཆོས་ཀྱི་གྲགས་པས། དེར་ནི་རྗེས་དཔག་འཇུག་མི་འགྱུར། །དང་། གནས་གསུམ་པར་ནི་འཕོ་བ་ན། བསྟན་བཅོས་ལེན་པ་རིགས་ལྡན་ཡིན། ཞེས་བཤད་པས་སོ། །ཚོགས་ཅིག་ཅར་རྫོགས་པ་དེ་ཡང་ཁྱད་པར་བཞིའི་དང་པོ་མ་རྨོངས་པའི་ཚུལ་གཅིག་གོ །གཉིས་པ་དབང་པོ་རཏལ་བས་བསྐྱེད་པའི་ཚུལ་ནི། བརྟག་གཉིས་ལས། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །བདག་བྱིན་བརླབས་པའི་རིམ་པས་ཀྱང་། །ཀུན་རྫོབ་དོན་དམ་ཚུལ་ཅན་གྱིས། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །འདིའི་ཀྱང་སྒྲ་ནི་སྔར་བཤད་པ་དེའི་སྐལ་བ་མེད་ན་ཡང་ཞེས་པའི་དོན་ཡིན་ལ། དེས་སེམས་འདི་བསྐྱེད་པའི་ཚུལ་ནི། རྡོ་རྗེ་སྙིང་འགྲེལ་དུ། བསྐྱེད་པའི་རིམ་པ་གཅིག་ཡིན་ཏེ། །སེམས་ཅན་ཆོས་ལ་དམིགས་པའོ། །གཉིས་པ་དམིགས་པ་མེད་པ་ནི། །རྫོགས་པའི་རིམ་པ་སྒྲུབ་བྱེད་པའོ། །ཞེས་བསྐྱེད་རྫོགས་གཉིས་གསུངས་ལ། དེའི་བསྐྱེད་རིམ་སེམས་ཅན་དང་ཆོས་ལ་དམིགས་པའི་སྙིང་རྗེ་གཉིས་ལ་མཛད་ལ། སྙིང་རྗེ་དེ་གསུམ་གྱིས་མཚམས་ཀྱང་དེ་ཉིད་ཀྱི་དབུར། སེམས་ཅན་ཆོས་དང་དམིགས་པ་མེད། །སྙིང་རྗེ་འདི་ནི་གསུམ་དུ་བཤད། ཉི་ཚེའི་དོན་བྱེད་ཅུང་ཟད་པ། །སེམས་ཅན་ཞེས་སོ་སྐྱེ་དང་། ཆོས་ལ་དམིགས་པ་དེ། གྲུབ་པ་བྱང་ཆུབ་སེམས་དཔའ་དང་། ས་བཅུ་ལ་གནས་བདག་ཉིད་ཀྱིའོ། ཞེས་སློབ་ས་དང་། ཡན་ལག་བཅུ་གཉིས་འགགས་གྱུར་ཅིང་། །ས་ཀུན་ལ་གནས་བདག་ཉིད་ཅན། །བདེ་གཤེགས་རྣམས་ཀྱི་དམིགས་མེད་དེ། །འགྲོ་བའི་དོན་རྣམས་མཛད་པར་བཤད། ཅེས་པས་སངས་རྒྱས་སོ། །བྱང་སེམས་ཀྱི་གནས་སྐབས་དེ་དག་བསྐྱེད་རིམ་དུ་འཇོག་པ་ནི་སངས་རྒྱས་སུ་བརྒྱུད་པས་སྒྲུབ་པར་བྱེད་པའི་ཐབས་ཡིན་པས་ཏེ། སྒྲ་བསྒྱུར་མར་པའི་ཞལ་སྔ་ནས། ཡེ་ཤེས་རིམ་གྱིས་སྐྱེ་བས་བསྐྱེད་རིམ་ཞེས་པ་ལྟར་དུ་གོ །འདི་ཡང་བརྟག་གཉིས་སུ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས། ཇི་ལྟར་ཤེས་པའི་བདེ་ཆེན་པོ། །འདི་ལས་དཀྱིལ་འཁོར་འབྱུང་བ་སྟེ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་པའི་ཕྱག་རྒྱ་ཆེན་པོ། རྣམ་གྲངས་པའི་དབང་དུ་བྱས་པ་སྟེ། གཞན་དུ་ཆེན་པོའི་སྒྲ་དོན་མ་ཚང་བའོ། །དེས་ན་དབུ་མར་ཡང་། ས་དང་པོ་ཐོབ་པ་ནས་ས་བཅུ་པའི་བར་ནི་དབུ་མའི་ལྟ་བ་རྣམ་གྲངས་པས་རྟོགས་ཚུལ་ཡིན་ལ། གཞན་དུ་འཕེལ་བ་འགལ་བས་སོ། །ངོ་མ་སངས་རྒྱས་རང་ཡིན་པས། །རྟེན་ཅིང་འབྲེལ་བར་འབྱུང་བའི་བཤུལ་ལམ་དང་། ཐོབ་བྱ་མྱང་འདས་དོན་གཅིག་ལ་འདུ་བ་དེར་ཡང་བཤད་པའོ། །དེ་བཞིན་ཕྱག་རྒྱ་ཆེན་པོ་དངོས་ཀྱང་མཆོག་གི་དངོས་གྲུབ་ཅེས་བཤད་པ་སངས་རྒྱས་ཀྱི་ས་ཁོ་ནའོ། །དེ་ན་ཡུལ་ཡུལ་ཅན་གྱི་རྣམ་དབྱེ་མེད་པས་ཟུང་འཇུག་ངོ་མའོ། །རིམ་པ་འདི་ཇོ་བོ་ནཱ་རོ་པས་དཀའ་བ་བཅུ་གཉིས་སྤྱད་པའི་མཐར་ས་དང་པོ་བརྙེས་པས། དཀའ་བ་སྤྱད་པའི་ཐུགས་དམ་དེས། །སྐད་ཅིག་ཉིད་ལ་བདེན་པ་གཟིགས་ཞེས་གསུངས་ལ། ཕྱིས་བརཏལ་ཞུགས་ཀྱི་སྤྱོད་པ་མཛད། སླར་པུཤྤ་ཧ་རིར་ལོག་སྟེ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བརྩམས་ནས་དངོས་གྲུབ་ཆེན་པོ་སྐུ་ཚེ་འདི་ཀར་མངོན་དུ་མཛད་པར་བཤད་པས་རྟོགས་སོ། །མཚན་ཉིད་པའི་སྐད་ན་ས་བཅུ་རྒྱུན་མཐའ་འམ། རྡོ་རྗེ་ཐེག་པར་ས་བཅུ་གསུམ་བཤད་པའི་དབང་དུ་བྱས་ན། ཡེ་ཤེས་ལྡན་གྱིས་ས་ནས་དམིགས་པ་མེད་པའི་སྙིང་རྗེ་ལ་འཇུག་པས་དེ་སྐྱེས་པ་དང་འཚང་རྒྱ་བ་དུས་མཉམ། དེའི་དབང་གིས་དེ་ཀ་རྫོགས་རིམ་དུ་བཞག འདི་ཡང་སྒྲ་བསྒྱུར་ཆེན་པོའི་གསུང་། ཡེ་ཤེས་དངོས་སུ་བསྐྱེད་པས་ན་རྫོགས་རིམས་སོ། །འོན་ཀྱང་འདི་རྟེན་འབྱུང་ཡིན་པས་རྒྱུ་འབྲས་སྔ་ཕྱི་རིམ་འགྱུར། ཡུལ་དེ་ཀ་ཡུལ་ཅན་ཡེ་ཤེས་སུ་སོང་བའི་གནད་ཀྱིས་སོ། །དེ་ཡང་ཚད་མ་བས་ཤེས་པ་གཅིག་ཚད་མ་དང་འབྲས་བུ་འཆད་པའི་རྒྱུ་འབྲས་ལྟ་བུའོ། །དེ་བས་ན་སྔ་མ་སྔགས་རང་གི་མཐར་ཐུག་བཤད་པའི་ཚེ་སྨོན་པ་སེམས་བསྐྱེད་དམ་ཀུན་རྫོབ་སེམས་བསྐྱེད། ཕྱི་མ་འཇུག་པ་སེམས་བསྐྱེད་དམ། དོན་དམ་སེམས་བསྐྱེད་དུ་སོང་བས། རྡོ་རྗེ་སྙིང་འགྲེལ་དུ། དྲག་པོ་ཆགས་བཅས་མཆོག་ཏུ་ཞི་བའི་གཟུགས། །གང་འདྲར་རྒྱལ་དབང་གང་གིས་བསྒོམ་གྱུར་ལ། དེ་འདྲར་དེ་ཡི་རང་གི་སེམས་མཐོང་སྟེ། །གཟུགས་དེ་ཐམས་ཅད་སྨོན་པའི་སེམས་ཡིན་ནོ། །འཇུག་པའི་སེམས་ཀྱང་སེམས་གཅིག་དེ་ཡིན་ཏེ། །ཐུགས་མིན་ཐུགས་ནི་རྣམ་ཐར་གསུམ་དག་པ། །དུས་གསུམ་རྟོགས་པ་ཀུན་ནས་རིག་པ་པོ། །རྡོ་རྗེ་སེམས་དཔའ་ཞེས་གསུངས་པ་ནི་དེ་ཉིད་ལས། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །རྣལ་འབྱོར་ཞེས་པ་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་དེ། རྐྱང་མ་དང་རོ་མ་གཅིག་པ་ཉིད་དང་། གཏུམ་མོ་དང་ཁུ་བ་གཅིག་པ་ཉིད་དོ། དེ་ལས་ངེས་པར་གྲུབ་པའི་དབང་ཕྱུག་དང་ལྡན་པ་སྟེ། ཚངས་པར་སྤྱོད་པ་མི་འགྱུར་བའི་བདེ་བ་ཤེས་རབ་དང་ཐབས་སྙིང་གར་འཇུག་པས་མཆོད་པར་བྱའོ་ཞེས་པའི་དོན་ཏེ་མཐར་ཐུག་བཤད་པའི་དབང་དུ་བྱས་སོ། །དྲག་པོ་ནི། དངོས་པོར་འཛིན་པ་དག་གི་གཤེད། སྒྱུ་མ་ཙམ་དུ་ལྟ་བ་འདི་ཡིན་ཏེ། འབུམ་ལྔ་ལས། སངས་རྒྱས་ཉིད་མེད་སེམས་ཅན་མེད། །ཆོས་དང་ཆོས་ཅན་དེ་ཉིད་མེད། །ཇི་ལྟར་སྒྱུ་མ་རྨི་ལམ་དང་། །དྲི་ཟའི་གྲོང་ཁྱེར་ཇི་ལྟར་བར། །དེ་ལྟར་སངས་རྒྱས་སེམས་ཅན་རྣམས། །དེ་ཁོ་ན་ཉིད་བསྒོམ་པས་བལྟ། །ཇི་ལྟར་སྒྲ་བརྙན་དེ་བཞིན་དུ། སངས་རྒྱས་རྣམས་ཀྱི་ཆོས་སྟོན་པའོ། །དེ་ལྟར་རྣམ་པར་དཔྱད་ནས་ནི། །འཁོར་བའི་བར་དུ་སྲིད་པ་རུ། སེམས་ཅན་རྗེས་སུ་བཟུང་བའི་རྒྱུར། །བྱང་ཆུབ་སེམས་དཔའ་གནས་པར་མཛད། །ཉོན་མོངས་བདུད་དང་སྙོམས་འཇུག་དང་། །ཤེས་བྱའི་སྒྲིབ་པ་ཉིད་ཀྱང་ནི། །ཁྲོ་བོ་ཆེན་པོས་ངེས་སྲེག་ཀྱང་། །ཆ་ཤས་ཙམ་ནི་བསྲུང་བར་མཛད། །ཞེས་པས་སོ། །འདིའི་སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །ཞེས་བསྟན་ནས་འོག་གི་ཆ་ཤས་ཙམ་ནི་བསྲུང་བར་མཛད་ཅེས་པའི་བར་གྱི་དོན། མདོ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་འདོད་ན་ཞག་བདུན་གྱིས་ཀྱང་འཚང་རྒྱ་བར་བཤད་ཅིང་། དེ་འཚང་རྒྱ་ནུས་སོ་གསུང་པ་འགོག་པ་ཡང་དག་པའི་མཐའ་དེ་སངས་རྒྱས་སུ་བཏག་ན་དེ་ལ་གནས་ནུས་པ་ཙམ་ལ་དགོངས་ཤིང་། །དོན་ལ་འགོག་པ་དེ་ལས་སངས་རྒྱས་རྣམས་ཀྱིས་བསླང་བར་བཤད་པས་འཚང་མི་རྒྱ་ཞེས་བཤད་པའང་འགོག་པ་དེ་ལས་སླར་ལྡོག་བྱར་བསྟན་པ་དང་། དེ་ཡང་འཇམ་པའི་དབྱངས་ཀུན་བཟང་སོགས་འཚང་རྒྱ་བའི་ཚུལ་མི་སྟོན། ད་དུང་དེའི་ཞིང་ཁམས་འགྲུབ་པའི་རྒྱུ་ཚོགས་གྲངས་མ་ཚང་བར་བཤད་པ་ལྟ་བུ། རྫོགས་པ་ཆེན་པོ་པའི་ཟད་པར་སླར་ལོག་སྟེ་ཟག་པ་རྒྱུན་ཆད་ཀའམ། ལུས་ཐམས་ཅད་དྭངས་མར་ཐིམ་ཀར། དེ་དག་གི་མིག་ཤེས་ཀྱི་སྤྱོད་ཡུལ་དུ་བྱུང་བ་དེ་ཙམ་ཞིག་སླར་འཛིན་པ་བཞིན་འདིར་ཡང་ཡིན་པས། ཆ་ཤས་ཙམ་ཞིག་བསྲུང་བར་མཛད། ཅེས་བྱའོ། འདིས་ན་འཇའ་ལུས་པ་རང་ལ་རགས་ཕྲ་དུ་མ་ཡོད་པས། སྔོན་སློབ་དཔོན་ཆེན་པོ་པདྨ་ལྟ་བུར་མི་ཐམས་ཅད་ཀྱིས་མཐོང་བ་དང་། འདོད་པའི་ལྷས་མཐོང་བར་རུང་བ་ཙམ་གཟུགས་ཁམས་དང་པོ་ནས་འོག་མིན་པའི་བར། དེ་ལས་གཟུགས་ཕྲ་བ་མེད་པར་བཤད་པ་རྣམས་རགས་ལུས་པའི་དབང་དུ་བྱས། ཁམས་གསུམ་ལས་འདས་པའི་འོག་མིན་གཅིག་བཤད་དེ། དེར་ཅི་སྣང་བ་དེ་ནི་སྔ་མ་ཐམས་ཅད་ཀྱི་ཕྲ་བ་ལས་འགོངས་ཏེ། ཆོས་མངོན་པ་ནས་བཤད་པའི་ཏིང་ངེ་འཛིན་གྱི་ལུས་སོ། །དེ་བཞིན་རྒྱུའི་དུས་ནའང་མི་མཉམ་པོ་ལ་རྩ་རླུང་ཐིག་ལེ་ཆེས་དྭངས་པ་འཁོར་ལོ་སྒྱུར་བ་ལྟ་བུའི་ལུས་མཚན་དཔེས་བརྒྱན་ལ། དེར་ཡང་རགས་པའི་རྩ་མདུད་མེད་པར་བཤད་པ་དང་། དེའི་ཐིག་ལེ་སྔོན་པོ་དང་། དེའི་བུ་ཐུ་བོའི་ཐིག་ལེ་སེར་པོ་བཤད་པ་ལྟ་བུ་དང་། གང་གིས་རྩ་མདུད་རགས་པོ་མེད་པ་ནི་བསོད་ནམས་ཀྱི་སྟོབས་ཏེ་སངས་རྒྱས་ཀྱི་མཚན་རེ་ལ་རྒྱུ་བསོད་ནམས་བརྒྱ་ཕྲག་མང་པོ་བཤད་པའི་རྗེས་སུ་མཐུན་པས་སོ། །དེ་བས་ན་འཁོར་ལོ་བསྒྱུར་བར་འགྱུར་བའི་གང་ཟག་ལ་ལམ་ཞུགས་ངེས་པར་མི་དགོས། དེ་ལྟ་བུའི་གང་ཟག་ལམ་དུ་འཇུག་ན་རགས་པའི་སྦྱང་རིམ་བུལ་མེད་པས། གཞུང་ཆེན་མོར། སྦྱངས་པའི་འཕྲོ་ཅན་ཞེས་པ་ལྟ་བུ་དང་། ཡང་ཚེ་འདིར་ལམ་བསྒོམས་གྲོལ་མ་ཐུབ་པ་སྐྱེ་བ་བརྒྱུད་པ་འགའ་ཞིག་ཀྱང་ཡིན་ནོ། །དེ་བས་འདིར་དཀྱིལ་གྱི་སྒྲ་སྙིང་པོ་དང་། ལེན་པའི་སྒྲས། དེ་རང་རིག་ཏུ་བྱ་བ་བཤད་ཀྱང་། ཀུན་རྫོབ་ཀྱི་ཆ་གཅིག་གཟུང་བ་ཁོ་ནས་ལྷའི་དེ་ཉིད་དུ་བཞག་སྟེ། རྡོ་རྗེ་སྙིང་འགྲེལ་ལས། ད་ནི་ཡང་ཀུན་རྫོབ་ཀྱི་ཆོས་ཀྱི་ལྷ་ལ་སོགས་པ་བརྗོད་པར་བྱ་སྟེ། ལུས་ལ་འབྱུང་ངོ་ཞེས་པ་ལ་སོགས་པས་སོ། །འདིར་གང་གི་ཕྱིར་ལུས་འབྱུང་བ་ལྔའི་བདག་ཉིད་ལ་ཀུན་རྫོབ་ཀྱི་བདེ་བ་ཡང་དག་པར་འབྱུང་བ་དེའི་ཕྱིར་ལྷ་ཞེས་བདག་གིས་བརྗོད་པར་བྱའོ། །སངས་རྒྱས་འདི་ལ་བྷ་ག་མངའ། །དེས་ན་བཅོམ་ལྡན་འདས་ཞེས་བརྗོད། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །ཅེས་ནས། ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་ཞེས་པའོ། །དོན་དམ་པའི་འོ། །ཞེས་པ་ཐབས་ཀྱི་ངེས་པའོ། །ཞེས་པའི་བར་གསུངས་པས། སྒྱུ་མའི་སྣང་བ་ཇི་སྲིད་རྒྱུ་བའི་བར་དེར་བཤད་དེ། དོན་སྒྱུ་ལུས་སོ། །དེས་ན་བཅོམ་ལྡན་འདས་ཀྱི་སྒྲ་བཤད་ལ། །བཞི་བཅོམ་དྲུག་ལྡན་འཆད་པ་ནོར་ཅེས་པའང་། བཅོམ་ལྡན་འདས་རང་ལ་འཁུ་བར་སྣང་ངོ་། དེ་ལྟ་བུའི་ལམ་དེ་སྒྱུ་ལུས། དེ་ཡང་གཟུང་བ་སྟོང་པ་ཉིད་འཛིན་པ་ལྷར་བཏགས་པས། ད་དུང་བཏགས་པའི་རྣལ་འབྱོར་དུ་ཟད་ལ། གཉིད་པ་ཆགས་བཅས་ནི། འབུམ་ལྔར། དེ་ལྟར་ལུས་ནི་འགོག་པ་ཡིས། །སྲོག་རླུང་ཡང་ནི་འགོག་པའོ། །སྲོག་རླུང་ངེས་པར་འགོག་པ་ཡིས། །བྱང་ཆུབ་སེམས་ནི་འགོག་པའོ། །བྱང་ཆུབ་སེམས་ནི་འགོག་པ་ཡིས། །འཛག་པ་ངེས་པར་འགོག་པའོ། །འཛག་པ་སྐད་ཅིག་འགོག་པ་ཡིས། །རྣལ་འབྱོར་པ་ཀུན་སངས་རྒྱས་ཉིད། །ཅེས་བཤད་དོ། །དོན་རྩ་རླུང་སེམས་འཛག་པའི་འགྲོས་བཞི་དབུ་མར་བྱེད་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། དེ་ལྟར་ན་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་དབྱེ་བས་ཀུན་རྫོབ་ཏུ་གཙུག་ཏོར་ནས་གསང་བའི་པདྨའི་ཆ་རྫོགས་པའི་རང་བཞིན་གྱི་འོག་ཏུ་ཁུ་བས་ཡེ་ཤེས་ཀྱི་སེམས་སོང་བ་དེ་ལྟར་རྡོ་རྗེ་ནོར་བུ་ནས་བྱུང་བ་རྣལ་འབྱོར་གྱི་སྟོབས་ཀྱིས་གསང་བའི་པདྨ་ལས་བཟློག་པས་ཚེས་གཅིག་ལ་སོགས་པའི་ཆ་ཡི་དབྱེ་བས་ཆ་གང་བའི་རང་བཞིན་གྱི་སྟེང་དུ་ཁུ་བས་དཔྲལ་བར་པདྨར་གཤེགས་པ་སྟེ་གཙུག་ཏོར་དུ་ཆ་བཅུ་དྲུག་པའི་རང་བཞིན་གྱིས་སོ། །ཞེས་པའི་ཆ་ཤས་དེ་དག་བརྟག་གཉིས་སུ། །བྱང་ཆུབ་སེམས་ནི་ཟླ་བར་འགྱུར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་པས་བསྟན་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་ཞེས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། ནོར་བུའི་ནང་དུ་གནས་པ་བལྟ། །རྒྱུ་མཐུན་ལ་སོགས་བདེ་བ་རྫོགས། །ཞེས་པ་འཛག་མེད་དུ་འཆིང་བ་སྟེ། འབུམ་ལྔར། ཇི་ལྟར་དངུལ་ཆུ་སྦྱོང་བྱེད་པ། །དངུལ་ཆུའི་གནས་སྐབས་ལྔར་བརྗོད་པ། དེ་བཞིན་མཁས་པས་གནས་སྐབས་ལྔར། །བྱང་ཆུབ་སེམས་ལ་ཤེས་པར་བྱ། །དུ་བ་ཙི་ཏི་ཙི་ཏིའི་སྒྲ། །འདར་དང་འདར་བ་མེད་པ་ཉིད། །དངུལ་ཆུའི་གནས་སྐབས་ལྔ་རུ་བཤད། འགྱུར་དང་གཡོ་དང་དེ་ནས་འཛག །འཛག་པ་མེད་དང་དྲི་མེད་གཞན། །བསམ་གཏན་པ་ཡི་བྱང་ཆུབ་སེམས། གནས་སྐབས་ལྔ་རུ་འགྱུར་བ་ཡིན། །བ་ལྕིའི་རྟེན་གྱི་སྦྱོར་བ་ཡིས། །ཇི་ལྟར་དངུལ་ཆུ་འཛིན་བྱེད་པ། །ཐབས་ཀྱི་རྟེན་གྱི་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་དེ་ལྟར་གཟུང་། །དངུལ་ཆུ་འདར་བ་མེད་མ་བྱས། །སེམས་ནི་དྲི་མེད་མ་བྱས་པ། །ལུས་མེད་ཐར་པའི་ཆེད་མ་ཡིན། །ནོར་མེད་བདེ་བའི་ཆེད་མ་ཡིན། ཇི་ལྟར་ཟངས་ལ་དངུལ་ཆུས་ཕུག །སླར་ཡང་ཟངས་མ་ཉིད་འགྱུར་མིན། །དེ་ལྟར་ཡེ་ཤེས་ཀྱིས་ཕུག་ལུས། །སླར་ཡང་ཕྱུགས་ཉིད་འགྲོ་བ་མིན། །སྨན་མཆོག་རྣམས་ཀྱི་སྦྱོར་བ་ཡིས། ཇི་ལྟར་དངུལ་ཆུས་ལྕགས་ཟོས་ཏེ། །འདར་བ་མེད་ཉིད་གྱུར་པ་ཕུག །ལྕགས་རྣམས་ཐམས་ཅད་གསེར་དུ་བྱེད། །སྟོང་ཉིད་གཟུགས་བརྙན་སྦྱོར་བ་ཡིས། །ཁམས་རྣམས་ཇི་ལྟར་བདེར་ཟོས་ནས། དྲི་མེད་བྱང་ཆུབ་སོན་པ་ནི། གཞན་གྱི་སེམས་རྣམས་བྱིན་རློབ་བྱེད། །བརྒྱལ་བ་ཡིས་ནི་ནད་རྣམས་འཕྲོག །གཞུ་བ་ཡིས་ནི་དབུལ་བ་འཇོམས། །བསྒྱུར་བ་ཡིས་ནི་དངོས་གྲུབ་སྟེར། །རྗེས་སུ་བསྒྱུར་བས་འཆི་མེད་ཉིད། །རྒྱུ་མཐུན་པ་ཡིས་རྒས་པ་འཕྲོག །རྣམ་པར་སྨིན་པས་དཔལ་སྟེར་བྱེད། །སྐྱེས་བུ་བྱེད་འདི་དངོས་གྲུབ་བོ། །དྲི་མ་མེད་པས་འཆི་མེད་ཉིད། །ཅེས་གསུངས་པའི་ཐབས་ཀྱི་རྟེན་གྱི་སྦྱོར་བ་ཞེས་གསུངས་པ་ནི། གཏུམ་མོ་དང་ལས་རྒྱ་སྟེ། དེ་གཉིས་ཀའི་མཐར་བདེ་བ་གཟུགས་བརྙན་རྣམ་པ་ཐམས་ཅད་པ་དེར་སྦྱར་ཞིང་། །དེ་དྲི་མ་མེད་པའི་མངོན་བྱང་དུ་བཅུག་ན། དེའི་ཚེ་ཡེ་ཤེས་ཀྱིས་ལུས་ཕུག་པ་ཞེས་བྱའོ། །བརྒྱལ་བ་ཞེས་པ་མན་གྱི་རྐང་པ་དང་པོ་གཉིས་ཀྱིས་ཡས་བརྟན་གྱི་འབྲས་བུ་བཤད། རྐང་པ་གསུམ་པས་མས་བརྟེན་པའི་ཆ་བཅོ་ལྔ། རྗེས་སུ་སྦྱོར་བས་འཆི་མེད་དེ་ཞེས་ནམ་མཁའ་ཇི་སྲིད་བར་ཟད་པ་མེད་པས་རྟག་པ་ཞེས་པའི་ཁ་སྦྱོར་ལོངས་སྤྱོད་རྫོགས་པ་འགྲུབ་པ་དང་། རྒྱུ་མཐུན་པ་སོགས་ཀྱི་འབྲས་བུ་དེ་དག་གི་བྱེད་པ་བཤད་དོ། །དེའི་ཕྱིར་ལམ་འདི་གཉིས་སྟེང་འོག་གི་སྲོག་འཆིངས་པའི་ནུས་པ་ཡིན་པས། རྐྱང་མ་དང་རོ་མ་གཅིག་པ་སྟེ་དབུ་མའི་དབུགས་སུ་བྱས་པ་ཞེས་པའི་དོན། མཆོག་ཏུ་ཞི་བའི་གཟུགས་ཞེས་པ་ནི་རྣམ་གྲངས་པའི་ཕྱག་ཆེན། རྒྱུ་ལམ་གྱི་དབང་བཞི་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། ངོ་བོས་ཞེས་པ་ལ་སོགས་པ་གསལ་བར་བྱ་སྟེ། ངོ་བོ་ནི་རང་རིག་པར་བྱེད་པ། དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ། ངོ་བོ་དེས་འཛིན་པར་བྱེད་པ་དང་། གཟུང་བ་དང་འཛིན་པ་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བ་ཡིས་རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་གཟུགས་མེད་མཐོང་བ་པོ་མེད། མིག་མེད་མིག་གི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་ཉན་པ་པོ་མེད་སྒྲ་མེད་རྣ་བའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་དྲི་མེད་སྣོམ་པ་པོ་མེད་སྣའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རོ་མེད་མྱང་བ་པོ་མེད་ལྕེའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རེག་བྱ་མེད་རེག་པ་པོ་མེད་ལུས་ཀྱི་རྣམ་པར་ཤེས་པ་མེད་དོ། །མ་རིག་པ་ལ་སོགས་པ་འགོག་པས་སོ། །ཞེས་གསུངས་པས། འདིར་གཏུམ་མོ་དང་ཁུ་བ་དག་གཅིག་པ་ཞེས་བྱ་སྟེ། འབར་བ་དང་འཛག་པར་རྣམ་པར་གཡོ་བ་མེད་དེ་དཀར་དམར་མི་ཕྱེད་པས་འཁོར་ལོ་འགེངས་པའི་རིམ་པ་ཡིན་པས་སོ། །དེ་བས་ན་སྔགས་འདི་གཉིས་ཀྱང་། འཛག་པ་དང་འཛག་པའི་ཟད་པ་ལ་བཏགས་པ་ཉིད་ཀྱིས་ད་དུང་བཏགས་པའི་རྣལ་འབྱོར། དེ་ནས་ཅིག་ཅར་བའི་སེམས་བསྐྱེད་པ་དེ་ལ་སློབ་པ་བདག་བྱིན་གྱིས་རློབ་སྟེ། གཞན་རྐྱེན་གྱིས་མི་རྟོགས་པས་སོ། དེ་དག་ཀྱང་འབུམ་ལྔར། བདེ་བ་མེད་པར་ཕུང་པོ་མེད། །ཕུང་པོ་མེད་པར་བདེ་བའང་མེད། །རྒྱུ་མེད་པ་ཡི་འབྲས་བུའང་མེད། །འབྲས་བུ་མེད་པས་རྒྱུ་ཡོད་མིན། །རྒྱུ་དང་འབྲས་བུ་གཉིས་གཉིས་འགྱུར། །དེ་ལྟར་དེ་རྣམས་བཞི་ཉིད་དོ། །དེར་ནི་འདི་ཡིས་རྒྱས་འདེབས་ལ། །སུ་ཡིས་རབ་ཏུ་བརྟག་པར་ནུས། །སླར་ཡང་བཞི་པོ་བཞི་རྣམས་ཀྱི། །སྤྲོ་དང་བསྡུ་བའི་ཆོས་ལས་སོ། །རྣམ་པར་གནས་མེད་ཐལ་འགྱུར་བས། །འཁོར་བའི་སྲིད་པའི་བར་གནས་པ། །སྐྱེ་དང་འཇིག་པའི་ཆོས་ཀྱིས་ནི། །རྒྱུ་དང་འབྲས་བུ་སྲིད་པར་གནས། །འབྲས་བུ་དང་རྒྱུ་འགགས་པ་ཡིས། །དེ་དག་སྐྱེ་མེད་འཇིག་པ་མེད། །ཇི་ལྟར་སངས་རྒྱས་སུ་མི་འགྱུར། །སྐྱེ་དང་འཇིག་པ་ལས་གྲོལ་བའི། །རྣལ་འབྱོར་པས་ནི་ཐམས་ཅད་གཟིགས། །འདིའི་རྐང་པ་དང་པོས་དམིགས་བཅས་རྣམ་ཀུན་མཆོག་ལྡན་རྒྱུ་དང་། དམིགས་མེད་བདེ་བ་འབྲས་བུར་བཞག་པ་དྲང་དོན་དུ་བསྟན། གཉིས་པས་ནི་བདེ་བ་ཉིད་ཡས་བྱོན་མས་བརྟན་ཡང་དྲང་དོན་དུ་བསྟན་ནས་འགོག་པ་ཡང་དག་པའི་མཐའ་སྟེ་རྣམ་འགྱུར་ཐམས་ཅད་ཟད་པ་ཁོ་ན་སངས་རྒྱས་སུ་བཤད་པས། བཀའ་བརྒྱུད་ཀྱི་བླ་མ་རྣམས་དེ་ལ་ཆོས་གཞི་ཐོག་ཏུ་ཕེབས་པའི་ཐ་སྙད་མཛད་དེ། ཡིན་ལུགས་ཡིན་བཞིན་པས་མངོན་དུ་བྱས་པ་ཞེས་བྱའོ། །དེ་འགོག་པ་དེ་ཀ་རྣམ་པ་ཐམས་ཅད་པར་འཆར་རུང་བས་སྐུ་གསུང་ཐུགས་གསང་པ་བསམ་གྱིས་མི་ཁྱབ་སྟེ། འབུམ་ལྔར། བདེན་དོན་རྣམ་པ་བཅུ་གཉིས་པ། བཅུ་གཉིས་ཕྱག་གི་ཧེ་རུ་ཀ །ཡན་ལག་བཅུ་གཉིས་འགོག་པས་སོ། །གནས་སྐབས་ལས་ནི་ཞལ་བཞི་པ། །ཕྱག་ནི་བཅུ་དྲུག་ཟླ་བའི་ཆར། །དེ་ཉིད་རྣམ་པ་བཅུ་དྲུག་རིག །བུ་ག་བརྒྱད་པོ་འགོག་པ་ཡིས། །དབང་ཕྱུག་དམ་པ་ཞལ་བརྒྱད་པའོ། །ཟླ་བ་ཉི་མ་མུན་པ་མེད། །གང་ཞིག་ཞབས་ཀྱིས་འགོག་མཛད་པ། །ཟླ་ཕྱེད་རྣམས་ནི་བཀག་མཛད་ནས། །ཉི་ཤུ་རྩ་བཞིའི་ཕྱག་རྣམས་ཀྱི། །ཞལ་བཞི་རྣམས་ནི་སྔ་མ་བཞིན། །དུས་ཀྱི་འཁོར་ལོ་ཡང་དག་འབྱུང་། །ཀཱ་སོགས་གསལ་བྱེད་བཀག་པ་ལས། །སུམ་ཅུ་རྩ་བཞིའི་ཕྱག་གིས་གཞན། །དབྱངས་རྣམས་བཅུ་དྲུག་འགོག་པ་ཡིས། །བཅུ་དྲུག་ཞབས་རྣམས་བཤད་པའོ། །སྒོ་དགུ་རྣམས་ནི་འགོག་པ་ཡིས། །རྡོ་རྗེ་འཇིགས་བྱེད་ཞལ་དགུ་པ། །དེ་ལྟ་བུ་ལ་སོགས་རྒྱུད་རྣམས། །ལུས་ངག་སེམས་རྣམས་འགོག་པ་ལས། །དེ་དག་པ་ལས་བྱིས་རྣམས་ལ། །རྒྱལ་བའི་དབང་པོས་བསྟན་པ་ཡིས། །ཞེས་གསུངས་པའི་བྱིས་པ་ཞེས་པ་མཚན་མར་བལྟ་བ་མ་བཟློག་པ་དེ་དང་དེ་ལ་ཆོས་ཀྱི་སྐུ་ཀ་སྤྲུལ་པའི་སྐུ་དེའང་དེར་འཆར་བ་ཡིན་གྱི། གནས་ཚུལ་ནི་འགོག་པ་ཁོ་ནར་ཟད་ལ། དེ་ནི་མེད་དགག་ཏུ་མི་རུང་སྟེ་ཐམས་ཅད་འཆར་རུང་བས་དང་། མ་ཡིན་དགག་ཏུ་མི་རུང་སྟེ་མ་ཡིན། དགག་དེ་ནི་ཅིག་ཤོས་ཡིན་པ་དགག་པ་ཙམ་དུ་ཟད་པས་སོ། །དེ་ལྟ་བུའི་སེམས་གཉིས་རྒྱུད་སྡེ་ཕྱི་མ་དང་སྔགས་ཀྱི་སྐུ་བསྒྲུབ་པའི་གསང་བའི་ཐེག་པ་འདི་ཀར་ཡང་། ཀུན་རྫོབ་ཟླ་བ་ལྟ་བུར་དང་དོན་དམ་རྡོ་རྗེ། ཟླ་བ་ལ་རྡོ་རྗེ་བཀོད་པས་བདེན་གཉིས་མི་ཕྱེད་པ་རྣམ་པ་ཙམ་དུ་བསྐྱེད་ལ། མཚན་ཉིད་ཀྱི་ཐེག་པར་ནི་དེའི་ཡང་རྒྱུ་ལ་སློབ་པ་སྟེ། ཀུན་རྫོབ་ཀྱི་སེམས་ནི་བྱང་ཆུབ་དང་གཞན་དོན་ལ་དམིགས་པའི་སེམས་ཆོ་གས་བསྐྱེད་པའོ། །དེ་ལ་གྲངས་མེད་གཅིག་ཏུ་བརྩོན་པར་བྱེད་པའི་ནུས་པས། དོན་དམ་པའི་སེམས་དེ་སྐྱེའོ། །དང་པོའི་དུས་སུ་སྤྲུལ་པའི་སྐུ་གང་དུ་སྨོན་པ་དང་། གང་དུ་འཚང་རྒྱ་བའི་ཞིང་དང་། དེའི་དུས་ཀྱི་གདུལ་བྱ་དག་བཟུང་ནས། དེ་དག་ཀྱང་ལས་ཀྱི་རྣམ་པར་སྨིན་པ་ཡིན་པར་མཐོང་སྟེ་རང་དང་གདུལ་བྱ་གཟུང་བ་ལས་དཀར་པོ་དགེ་བ་ལ་བཀྲིས་ནས། དེ་ཙམ་གྲུབ་པའི་ནུས་རྒྱུ་གྲངས་ཚང་བ་དང་འཚང་རྒྱ་བ་ཡིན་ལ། དེ་ཡང་རྒྱུ་འབྲས་དབྱེར་མེད་ལམ་དུ་མི་བྱེད་པས་དངོས་བསྟན་དེ་རིང་ལམ་དུ་སོང་། །འོན་ཀྱང་དེ་ལྟ་བུས་འདུལ་བ་དག་ལ་དེ་ཀ་བྱང་ཆུབ་ཀྱི་སེམས་སྦྱོང་དུ་འགྲོ་བས། རྡོ་རྗེ་སྙིང་འགྲེལ་དུ། རྒྱུ་དང་འབྲས་བུ་དོན་གཉེར་བས། ཇི་སྲིད་རྒྱུ་སྔོན་མ་བྱས་པ། །དེ་སྲིད་དང་པོར་རྒྱུ་མེད་པའི། །འབྲས་བུ་ག་ལ་འབྱུང་བར་འགྱུར། །ཞེས་གསུངས་ལ། ཐེག་པ་འདིར། ལུས་ཀྱི་རྩའི་དེ་ཉིད་ཤེས་ན་ཞིང་ཁམས་འབྱོངས་ངག་རླུང་གི་དེ་ཉིད་ཤེས་ན་སྨོན་ལམ་རྫོགས། །ཡིད་ཐིག་ལེའི་དེ་ཉིད་ཤེས་ན་སེམས་ཅན་སྨིན་པ་སྟེ། རང་སྣང་དག་ན་གཞན་སྣང་དག་སྟེ། རང་སྣང་ལ་འཁྲུལ་ནས་དེས་གཞན་སྣང་བཟོས་པ་དཔེར་ན། །དྷ་དྷུ་ར་ཟོས་པའི་སྣང་བ་ལ་མི་ལ་སོགས་པས་རང་ལ་འཚེ་བའམ་ཕན་འདོགས་པ་མཐོང་ལ། རང་བརྒྱུད་ཀྱི་དྷ་དྷུ་ར་ཟོས་པའི་ནུས་པ་ཞི་ནས་དེ་དག་གར་ཡང་མི་སྣང་བ་ལྟ་བུ། དེ་བས་སངས་རྒྱས་ལ་ཀུན་རྫོབ་མི་སྣང་བས། གཉུག་མའི་ཡང་དག་ཀུན་རྫོབ་ཅིག་སངས་རྒྱས་ཀྱི་སར་ལྡང་བར་སྨྲ་བ་དང་། ཀུན་རྫོབ་རྣམས་དེར་རོང་གིས་ལོངས་པར་རྟོག་པ་གཉིས་ངན་རྟོག་ཆེན་པོ་འོང་། དེ་བས་ན་ཐེག་པ་འདིའི་དངོས་ཟིན་ལ་སྦྱིན་པའང་ཞེན་པ་གཏོང་བ་སྟེ། ཞེན་པའི་གཙོ་བོ་ལུས་སུ་མཐོང་ནས་དཀོན་མཆོག་ནས་སྙིང་རྗེའི་མགྲོན་གྱི་བར་དུ་བསྔོ་བའོ། །དེ་བས་ལུས་འབུལ་སྔགས་ཀྱི་དམ་ཚིག་ལེན་པའི་ཆོ་གར་དམ་ཚིག་གསུམ་བཀོད། རྣམ་སྣང་མངོན་བྱང་སོགས་ལས་བཤད་ལ། དེའི་དགོངས་པའང་གང་ལ་ཞེན་པ་ཡོད་ན་དེ་ལས་སྡུག་བསྔལ་འབྱུང་ལ། དེ་མེད་ན་སྣང་ཙམ་མ་འགགས་ཀྱང་སྒྱུ་མ་ལྟ་བུར་མཐོང་བས་ལམ་ཉམས་སུ་བསྟར་བའི་གཞིར་སོང་། ལུས་གཏོང་བའང་མཆོད་སྦྱིན་དུ་བསམས་ཏེ་དབུལ་བ་ཡིན་གྱི། གཅིག་གི་དོན་དུ་མགོ་ལག་སྙིང་ཕྱུང་བ་ལྟ་བུ་ནི་མ་ཡིན། དེ་ལྟར་བྱས་ན་ཐབས་ལ་མི་མཁས་པ་དང་། ཕྱི་མས་མགྲོན་ཐམས་ཅད་ཚིམ་ནུས་པས་ཆེས་ཐབས་ལ་མཁས་པ་དང་། གང་ལ་ཞེན་པ་ཐམས་ཅད་བཏང་ན་མདོའི་དངོས་ཟིན་གྱི་འཁོར་གསུམ་ཡོངས་དག་ཏུ་སོང་བས་ཕར་ཕྱིན། ཕར་ཕྱིན་རང་དུ་ལས་དང་པོ་པ་ལ་བསྔོ་བས་ཕ་རོལ་ཏུ་འཇོག་པ་ཙམ་ལ་སྦྱིན་པའི་ཕར་ཕྱིན་དུ་བཞག་པ་དང་། རྒྱུད་སྡེར་དེ་དག་ལྷར་བལྟ་བ་སོགས་ཀྱང་བཤད་དོ། །དེ་བཞིན་ཚུལ་ཁྲིམས་ནི་འཛག་མེད་དང་། བཟོད་པ་ཡུལ་ལ་མངོན་པར་ཞེན་པ་མེད་པའི་འགོག་པ་དང་། བརྩོན་འགྲུས་རླུང་བཅུ་དབུ་མར་ཐིམ་པ་དང་། བསམ་གཏན་ལུས་ངག་ཡིད་ཡེ་ཤེས་ཀྱི་མས་བརྟན་པ་དང་། །ཤེས་རབ་ནི་རྣམ་ཀུན་མཆོག་ལྡན་དང་། །ཐབས་ནི་འགྱུར་མེད་བདེ་བ་དང་། །སྟོབས་ནི་དེས་གཉིས་སྣང་ཟད་པར་བྱེད་པ་དང་། །སྨོན་ལམ་ནི་སྐད་ཅིག་གཅིག་ལ་རང་གཞན་གྱི་དོན་ནུས་པ་དང་། ཡེ་ཤེས་ནི་གཙུག་ཏོར་ལ་རེག་པའི་བདེ་ཆེན་དང་། པདྨའི་ཕར་ཕྱིན་ནི་འཁོར་བ་ལ་མི་གནས་པ་དང་། རྡོ་རྗེ་ལས་ཀྱི་ཕར་ཕྱིན་ནི་མྱང་འདས་ལ་མི་གནས་པའོ། །དེ་ཡང་བདེ་བ་ལམ་དུ་བྱེད་པས་ཡིན་ཏེ། རྡོ་རྗེ་སྙིང་པོས། རང་སྡུག་བསྔལ་ཅན་དབུལ་པོ་གང་། །དེ་ཡིས་གཞན་ལ་ཇི་ལྟར་སྦྱིན། །བདེ་ལྡན་དབང་ཕྱུག་ཕུན་ཚོགས་པ། །སེམས་ཅན་དོན་ལ་སྙིང་རྗེས་བརྩོན། །ཇི་ལྟར་དབུལ་པོས་གཞན་ལ་སྦྱིན་པ་བཏང་དུ་མེད་པ་ལྟ་བུར། རང་སྡུག་བསྔལ་ལ་གནས་པས་གཞན་བདེ་བར་བྱེད་མི་ནུས་པས་བདེ་བ་ལམ་དུ་བྱེད་པ། དེ་བས་ན་རྒྱུའི་ཐེག་པའི་དངོས་བསྟན་ལས། དཀའ་བ་མེད་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་དང་། ཕྱག་རྒྱ་གསུམ་དང་། མངོན་བྱང་ངམ་ཕྱག་ཆེན་སོགས་དངོས་གྲུབ་ཆེན་པོར་འཇུག་པའི་སྒོ་མང་བས་ཐབས་མང་བ་ཡིན་ནོ། །ད་ནི་རྒྱུའི་ཐེག་པར་ཡང་དང་པོ་འཇུག་མི་བཟོད་པ་ལ་ཐེག་པ་གཞན་གཉིས་བསྟན་ཏེ། རྡོ་རྗེ་སྙིང་པོས། །ཐེག་པ་ཆེ་ལས་ཐེག་པ་གཞན། །གཉིས་པ་འདི་རུ་བརྗོད་པ་ནི། །སྦྱིན་དང་ཚུལ་ཁྲིམས་སོགས་ཉམས་རྣམས། །ངལ་བསོའི་ཆེད་དུའོ་དེ་ཉིད་མིན། ཞེས་འབྱུང་བས་སོ། །དེ་དག་ལའང་ཆོས་ཐམས་ཅད་སྟོང་པར་མཐོང་བ་ཡོད་པས། དེ་མ་ཐག་ཏུ། ཆོས་རྣམས་ཀུན་གྱི་སྟོང་པ་ཉིད། །ངེས་འབྱུང་བྱེད་པར་བདག་གིས་བཤད། ངེས་འབྱུང་བྱེད་པའི་རྒྱུ་དེ་དང་། །དེ་ནས་སྨོན་ལམ་དབང་ལས་ནི། །སྙིང་རྗེའི་བདག་ཉིད་འབྲས་བུ་ཆེ། །དམིགས་པ་མེད་པར་འབྱུང་བར་འགྱུར། ཞེས་ཐེག་པ་གཉིས་སུ་ངེས་འབྱུང་དེ་ལས། སྨོན་ལམ་གྱི་དབང་ཞེས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་ལས་དམིགས་མེད་འབྲས་བུ་ལམ་དུ་བྱེད་པའི་ཐེག་པའི་སྒོར་ངེས་པར་འབྱུང་བས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་སོ། དེ་བས་ན་ཐེག་པ་འདི་ཡང་རྒྱུའི་ཐེག་པར་བསྡུས་ནས། རྡོ་རྗེ་སྙིང་པོས། རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དང་པོར་རྒྱུད་ཡིན་ཏེ། སྨོན་ལམ་ལས་ནི་སྙིང་རྗེས་ཕྱིས། །འགྲོ་བའི་དོན་བྱེད་འབྲས་བུའོ། །རང་དོན་བྱས་ནས་གཞན་དོན་ནི། །བྱེད་པ་གང་དེ་བློ་ལྡན་ཡིན། ཞེས་ཐེག་པ་ཐམས་ཅད་ཀྱི་སྒོར་འཇུག་པས། བྱང་ཆུབ་ཀྱི་སེམས་སྦྱོང་བའི་རིམ་པ་འདི་ཡང་བཤད་ལ། དེ་ཡང་དཔེ་དང་པོར་ཞིང་རྣམས་སྦྱང་དོན་དུ། ཀོ་ཏྲ་པ་རྣམས་འདེབས་བྱེད་ཅིང་། །ཕྱིས་ནས་སྦྱངས་པའི་ཞིང་ལ་ནི། །སཱ་ལུའི་ས་བོན་འདེབས་པ་བཞིན། ཞེས་གསུངས་ལ། ལས་ཀྱི་སར་སྐྱེས་མི་རྣམས་ནི། མ་དག་ཞིང་ཞེས་བཤད་པའོ། །མ་དག་འགྲོ་དྲུག་སྐྱེས་པ་དེ། །དགེ་དང་མི་དགེའི་འབྲས་བུར་བརྗོད། །མི་ཡི་སྐྱེ་བ་དག་ཞིང་ལ། །དམིགས་མེད་སྙིང་རྗེའི་ས་བོན་ནི། །བཏག་པས་གང་ཞིག་དེ་ཡི་ཕྱིར། །སྟོང་ཉིད་དཔག་བསམ་ལྗོན་ཤིང་བྱུང་། །དམིགས་མེད་ཐུགས་རྗེའི་འབྲས་བུ་ནི། །སེམས་ཅན་ཀུན་གྱིས་བསམ་བྱས་ནས། །འབྱུང་ངོ་འདི་ལ་ཐེ་ཚོམ་མེད། །ཅེས་རྟེན་མི་དབང་པོ་རྣོ་རཏལ་ལས་ཀྱིས་འཕངས་པ། །དེ་ལས་ཚེ་འདིར་འཚང་རྒྱ་བ་བཤད་པ་ཡིན་ནོ། །སྟོང་ཉིད་འདི་འབྲས་བུའི་ཐེག་པར་རང་གིའང་། རྣམ་པ་བསྒྱུར་བསྒོམ་པ་ཐམས་ཅད་བཤད་པ་སྟེ། དེ་འཕྲོས་སུ། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། སྐལ་པ་བྲལ་བའི་བདག་ཉིད་ལ། ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང་། །ཡིད་འོང་བདག་གིས་བསྟན་པ་ཡིན། ཞེས་སོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་སྦྱོང་ཁྱེར། འབྲས་བུ་ལམ་དུ་བྱེད་པའི་གནད་ངོ་མ་འདི་ཡང་། བྱར་ནས་མོར་ཕག་གི་ལོ་ལ་པདྨ་དཀར་པོས་བློ་གསལ་གྱི་ཚོགས་ལ་བཤད་པའི་དུས་སུ་བྲིས་སོ།། །།མངྒ་ལཾ།། །།
བསྲེ་སྐོར་ལས། ཕྱག་རྒྱ་ཆེན་པོ་གཉུག་མ་ཆིག་ཆོད་དུ་འཁྲིད་པའི་ཁྲིད་བཞུགས་སོ།། དག་པའི་མཚན་ཉིད་སངས་རྒྱས་དགུང་མོ་གནམ། མ་དག་མཚན་གཞི་འགྲོ་རྒྱུད་དོག་མོ་ས། །མཚམས་སྦྱོར་ཏིལླི་ལེགས་བཤད་ཉི་མ་བདུན། མཚོན་བྱེད་མེ་ལྕེ་འབར་ལ་ཕྱག་འཚལ་ལོ། །གཉུག་མ་ཕྱག་རྒྱ་ཆེན་པོར་ཆིག་ཆོད་དུ་ཁྲིད་པའི་ཚུལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཏིལླི་པས་གསུངས་ཏེ། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཀྱེ་ཧོ་ཞེས་ནཱ་རོ་པ་འབོད་པའོ། །འདི་ནི་ཞེས་པ་གཉུག་མ་ཕྱག་རྒྱ་ཆེན་པོའོ། །དེ་ཡང་རྩ་བར། སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཨེ་ཝཾ་ལུས་ཀྱི་ལྟེ་བར་གནས། །དེ་ཉིད་ལུས་གནས་ཡེ་ཤེས་ཆེ། ཞེས་པ་རྫོགས་པའི་སངས་རྒྱས། མི་ཤིགས་པའི་ཐིག་ལེ་རྣམ་འགྱུར་ཅན་གྱི་སྦུབས་ན་གནས་པས་ལུས་ལ་གནས་པའམ་བདེ་གཤེགས་སྙིང་པོ་ཞེས་བྱའོ། །སྙིང་པོ་དེ་ལ་དངོས་སུ་སྦྱོར་བའི་ཐབས་དེ་དག་ལའང་སྙིང་པོ་སྐོར་ཞེས་གསུངས་ཏེ། ངེས་པའི་ཐེག་པ་བླ་ན་མེད་པ་སྟོན་པའི་ཕྱིར་རོ། །དེ་སྟོན་ཁྱེར། རང་རིག་ཅེས་པ། གཞན་རྐྱེན་གྱིས་རྟོགས་པ་མ་ཡིན་པས་རྟོགས་བྱེད་དེ་རང་རིག་ཏུ་བཞག་པའོ། །དེའང་། ཡེ་ཤེས་ཞེས་པ་སེམས་རྣམ་པར་དབེན་པའམ། རྫོགས་རིམ་སྒྱུ་མ་དག་ཏུ་སྣང་རྒྱུ་ཞིག་གམ། ཞི་ས་ཞིག་བྱུང་བ་རིག་པ་ལ་རང་རིག་ཏུ་བཞག་པ་དང་ནི་མི་འདྲ་སྟེ། དེ་ནི་དེ་གཉིས་ལ་བལྟོས་པ་ཡིན་པས་གཞན་རྐྱེན་ཅན་དུ་སོང་ངོ་། འདི་ནི་ཇི་ལྟར་གནས་པ་དེ་ལ་སྒྲིབ་བྱེད་ཐམས་ཅད་དག་པ་ཙམ་སྟེ། དེའི་ཕྱིར་ཡུལ་ཡུལ་ཅན། ཤེས་པ་དང་ཤེས་བྱ་གཅིག་པ་དེ་ཀ་རྗེ་བཙུན་གྱིས། ཕྱག་ནི་བདེ་སྟོང་དབྱེར་མེད་ལས། །མི་འདའི་ཕྱིར་ན་རྒྱ་ཡིན་ནོ། །ཞེས་ཕྱག་རྒྱར་བཤད་པ་རྣམ་གྲངས་བ་བསྡོམས་ནས་གོ་བླ་བའི་ཕྱིར་ཕྱག་རྒྱ་ཞེས་བརྗོད་ལ། དེ་ལྟར་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འདི་ལ་ཆོས་དབྱིངས་སེམས་ཅན་ཁམས། །ཡང་དག་ཉིད་ཀྱིས་མཉམ་རྟོགས་ནས། །གཉིས་མེད་རྟོགས་པ་གང་ཡིན་པ། དེ་ནི་མི་ལྡོག་ཕྱག་རྒྱ་ཡིན། ཞེས་པས། དོན་ལ་རྫོགས་པའི་སངས་རྒྱས་སོ། །དཔེར་ན་སྤྲིན་ཐམས་ཅད་ཞི་བས་ནམ་མཁའ་དྭངས་སོ་ཞེས་པ་བཞིན། ཆོས་ཅན་ཐམས་ཅད་ཟད་པས་ཆོས་ཉིད་གཟིགས་པར་བཞག་ལ། དེ་དག་ཟད་པའང་སྔར་ཡོད་ལ་ཕྱིས་མེད་པར་སོང་བ་ནི་མ་ཡིན་ཏེ། དྲང་པོ་བཤད་པས་རྫུན་ཕུགས་རྡིབ་པ་ལྟ་བུ། གློ་བུར་བའི་བཅོས་མ་ཞིག་པའོ། །བཅོས་མ་ཟད་པ་སྤངས་པ་ཆེན་པོ། གནས་ལུགས་གཟིགས་པ་ལ་རྟོགས་པ་ཆེན་པོ། དེ་ཡང་དུས་འཁོར་གྱི་དཀའ་འགྲེལ་པདྨ་ཅན་ལས། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེ་བར་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། མི་འཕོ་བའི་བདེ་བས་དེ་ལ་རྒྱས་བཏབ་པས་ཕྱག་རྒྱ་སྟེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་ཁྱད་པར་དུ་གྱུར་པ་དང་། འཁོར་བའི་བག་ཆགས་ཐམས་ཅད་དང་བྲལ་བར་གྱུར་པས་ན་ཆེན་པོའོ་ཞེས་བཤད་དོ། །དེ་ལྟར་ཡང་ཡེ་ཤེས་ཐིག་ལེར། གྲངས་མེད་པ་ལ་རྒྱས་བཏབ་སྟེ། །དེ་ཕྱིར་ཕྱག་རྒྱ་ཆེར་ཁྱོད་གྲགས། །ཞེས་སོ། ངག་གི་ལམ་འདས། ཞེས་པ་ནི་ཁས་ལེན་ཐམས་ཅད་དང་བྲལ་བ་སྟེ། ཅིའི་རྒྱུས་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་སྙམ་ན། ཡིད་ཀྱི་སྤྱོད་ཡུལ་མིན་ཞེས་པས། ཡིད་ནི་རྣམ་པར་ཤེས་པ་སྟེ་དེའི་གཞལ་བྱར་མ་གྱུར་པས་སོ། །དེ་ཡང་མཚན་བརྗོད་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། ཞེས་པའི་དོན་ནོ། །འདིས་ནི་ཐེག་ཆེན་སློབ་པ་དག་གི་མཉམ་བཞག་ཀྱང་ཡེ་ཤེས་རྣམ་གྲངས་སུ་རུང་བ་ཙམ་དུ་བསྟན་ལ། ངོས་མ་ཡིན་པ་བཀག་སྟེ། དེ་དག་གི་མཉམ་བཞག་སྣང་བ་མེད་པ་སྟོང་པ་ཉིད་དང་སྐྱེ་བ་མེད་པ་ཉིད་དང་། སྤྲོས་པ་དང་བྲལ་བ་དང་། དེ་ལ་བལྟོས་ནས་རྗེས་ཐོབ་མི་སྟོང་བ་དང་། །སྐྱེ་བ་དང་སྤྲོས་པ་དང་བཅས་པར་སོང་བས། སྟོང་པ་དང་སྟོང་མིན་གྱི་འཛིན་པ་མ་སྤངས་པས་ཡིད་ཀྱིས་གཞལ་བར་ནུས་པ་ཉིད་དོ་ཞེས་དགོངས་སོ། །དེ་དག་གི་མཉམ་བཞག་སྟོང་པར་སོང་བ་ཡང་། ཇོ་བོ་ཨ་ཏི་ཤས། མ་མཐོང་བ་ཉིད་དེ་མཐོང་བར། ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་གསུངས་པས་སོ། །དེས་འཁོར་གསུམ་གྱི་མ་དག ལྟ་བ་ཐམས་ཅད་བཟློག་པ་ནི་འཁོར་གསུམ་དག་པ་ཞིག་དགོས་ཏེ། དེ་ནི་རྩ་ཤེར། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་ཞེས་གང་གི་འཆད་རྒྱུའི་དབུ་མ་ངོས་བཟུང་བ་དེའོ། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད་ཅེས་དང་། ཇི་ལྟ་བ་སངས་རྒྱས་ཀྱིས་ཀྱང་གསུང་བར་མི་ནུས་པའི་ཕྱིར་ཏེ། རྗེ་བཙུན་གྱིས། ཡང་དག་དོན་གྱི་རྟོགས་ཚད་ནི། །རྨོངས་པ་ང་འདྲ་མ་ཡིན་པ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །ལྐུགས་མའམ་གཞོན་ནུའི་རྨི་ལམ་བཞིན། །མཚོན་པ་ཙམ་ལས་མ་རྟོགས་པ། འདི་ནི་སྟོན་པར་ནུས་མ་ཡིན། ཞེས་གསུངས་སོ། །དེ་ཡང་སྡོམ་འབྱུང་དུ། རྣམ་པར་མི་རྟོག་སྦྱོར་བསམ་ཀྱང་། །དེ་ཚེ་མི་རྟོགས་བསམ་མི་ཁྱབ། །དེ་ཡང་རྣམ་པ་ཀུན་གྱི་མཆོག །བདེ་བའི་དབང་པོ་རྣམ་པ་མེད། །དེ་ཉིད་དངོས་དང་དངོས་མིན་བདག །རྟག་ཏུ་སྲིད་པས་འབྱུང་བར་མཛད། །ཅེས་རྣམ་གྲངས་པར་བཤད། ཡང་། སྣ་ཚོགས་སྤྲོས་པའི་རྟོགས་པ་མེད། །རྟག་ཏུ་འབྱུང་བ་བདེ་བ་ཆེ། །སྐྱེ་བ་མེད་པའི་རང་བཞིན་གྱི། །དེ་ལས་སྐྱེ་བ་ཡང་དག་འབྱུང་། །བེམ་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བས། གཟུགས་མེད་གང་དུའང་མི་གནས་ཤིང་། །འགྱུར་བ་མེད་ཕྱིར་བརྟན་པའོ། །ཞེས་པས་མཐར་ཐུག་བཤད་དོ། །ད་ནི་ཇི་ལྟར་མངོན་དུ་བྱེད་པའི་ཐབས་གསུང་བ། རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། ཞེས་པ་རྩ་བར། རྣམ་རྟོག་ཀུན་སྤངས་དེ་ཉིད་གྲུབ། །ཅེས་ཆོས་ཅན་འདི་དག་མ་རིག་པའི་འཁྲུལ་རྒྱུས་བསླད་པའི་ངོར་སྐྱེས་ཀྱང་། ཡང་དག་པའི་མིག་ངོར་སྣང་མི་སྲིད་པ་ཉིད་ཀྱིས་སྟོང་པ། མི་བདེན་པ། མེད་པ། དེ་དག་གི་རང་ལུགས་སུ་ཤེས་ན་རང་གི་མཚང་རིག་པས་རང་གིས་ཞེས་སོ། །དེ་སྡོམ་འབྱུང་ལས། ཀུན་རྫོབ་སྐྱེ་བ་འབྱུང་བ་ནས། ཆད་པ་མིན་ཕྱིར་དངོས་མེད་མིན། །སྐྱེ་བ་མེད་པ་ལས་ཀུན་རྫོབ་ཏུ་སྐྱེ་བ་འབྱུང་བ་ཉིད་དེ་དག་མེད་པའི་གཏན་ཚིགས་སུ་སོང་བ་ཡིན་ནོ། །འོ་ན་གཞུང་འདིར། དངོས་མེད་མིན་ཞེས་ཅིའི་ཕྱིར་གསུང་སྙམ་ན། མེད་པ་ལ་མེད་པར་ལྟ་བ་ཙམ་གྱིས་ཆད་པར་མི་འགྱུར་པར་ཤེས་པའི་ཕྱིར་ཏེ། ཆད་པའི་མཐར་ལྷུང་བ་ནི། རྩ་ཤེར། སྔར་ཡོད་གསར་དུ་མེད་ཅེ་ན། དེས་ན་ཆད་པར་ལྟ་བར་འགྱུར། ཞེས་པས་སོ། །རྒྱུད་དེར། ལྷན་ཅིག་སྐྱེས་དགའི་རང་ངོས་སུ། །ཆོས་རྣམས་ཐམས་ཅད་ལྷན་ཅིག་སྐྱེས། །ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གཅིག་གོ །ཞེས་པ་ཙམ་གྱི་རྟག་མཐར་ལྷུང་བར་མི་འགྱུར་ཏོ། །རྟག་མཐའ་ནི་རྩ་ཤེར། སྔར་མེད་གསར་དུ་ཡོད་ཅེ་ན། །དེས་ན་རྟག་པར་ལྟ་བར་འགྱུར། །མུ་སྟེགས་བྱེད་ཀྱི་བདག་ལྟ་བུ། །དེ་བས་ཟུང་དུ་འཇུག་ཁྱེར་ལ་གཅིག་ཡིན་པར་འཆད་དགོས་པ་ནི་གཉིས་འཛིན་ལྡོག་པའི་ཆེད། །རྟག་ཆད་ཀྱི་མཐའ་སེལ་ཁྱེར་འདིས་མཚོན་བྱེད་མཐའ་བྲལ་ཏུ་བསྟན་པ་ཡིན་ལ། འོན་ཀྱང་ཐ་སྙད་དུ་སྒྲོ་བཏགས་ནས་གཞན་ལ་སྟོན་པའི་དབང་དུ་བྱས་ཀྱི། རྗོད་བྱེད་སྒྲའི་དངོས་ཟིན་ཙམ་ལ་བལྟས་ན་ཚིག་འབྲུ་ལ་རྟོན་པར་སོང་གི་དོན་ལ་རྟོན་པར་མ་སོང་ངོ་། །བརྡ་སྤྲོད་དགོས་པ་ཞིག་བྱུང་ན་དེ་ལས་མ་འདས་པས། རྩ་ཤེར་ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང་། ས་ར་ཧས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་བཤད་དོ། །ཐམས་ཅད་དུ་ནི་དེ་ལ་བལྟོས་པའང་མ་ཡིན་ཏེ། སློབ་མས་ཚིག་གཅིག་མ་ཞུས་ཀྱང་། །དཔོན་སློབ་ཀྱི་རྟེན་འབྲེལ་འགྲིགས་པ་ལས་རྟོགས་པ་ཡོད་པས་སོ། །དེ་ཡང་བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། བླ་མའི་དུས་མཐའ་བསྟེན་པ་དང་། །རང་གིས་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས། དེ་ཡང་བྱིན་རླབས་ཞུགས་པས་རྟོགས་པ་ལ་བྱ་བ་ཡིན་ཏེ། ཡང་འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་བཤད་དོ། །འོ་ན་དེ་གཞན་རྐྱེན་ལས་རྟོགས་པར་སོང་སྟེ། བླ་མའི་བྱིན་རླབས་ལ་རག་ལས་པས་སོ་སྙམ་ན། བྱིན་རླབས་ཀྱང་རང་གི་མོས་པ་ཁོ་ནའི་སྣང་བ་ཡིན་པས། རྒྱལ་ཚབ་བྱམས་པས། རང་བྱུང་རྣམས་ཀྱི་དོན་དམ་འདི། །དད་པ་ཁོ་ནའི་རྟོགས་བྱ་ཡིན། །ཞེས་དང་། ཕ་དམ་པ་ལ་བྱིན་རླབས་ཤིག་ཞུ་བྱས་པས། བུ་ལྷོད་པོ་མོས་གུས་ཤིག་ཞུ་གསུངས་སོ། །དེ་ཡང་། སྡོམ་འབྱུང་དུ། བདག་བྱིན་བརླབས་པ་རང་འབྱུང་བ། མི་ཤིགས་འཇིགས་པ་མེད་པ་སྟེ། །ཞེས་སོ། །འདི་ནི། བློ་གྲོས་མི་ཟད་པའི་མདོར། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོའི་ཞིང་ན་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་རྣམས་ལ་ཡི་གེ་དང་སྒྲ་དང་བརྡའི་ཚིག་རབ་ཏུ་དབྱེ་བས་ཆོས་སྟོན་པ་དེ་ལྟར་ཆོས་མི་སྟོན་པ་ལ། ཇི་ལྟར་སྟོན་སྙམ་ན། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་དེའི་དྲུང་དུ་ལྷགས་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་མིག་མི་འཛུམ་པར་བལྟས་པས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་སྟེ་ཞེས་བཤད་པ་ལྟ་བུ། སངས་རྒྱས་རྗེས་སུ་དྲན་ཚུལ་དེའི་འགྲེལ་པར་སློབ་དཔོན་དབྱིག་གཉེན་གྱིས། སྐབས་འདིར་སངས་རྒྱས་ནི་ཆོས་ཀྱི་སྐུ་ལ་བྱ་བར་འདོད་ལ། དེ་ནི་མཚན་དང་དཔེ་བྱད་ལ་སོགས་པ་མཚན་མ་གང་གི་རང་བཞིན་མ་ཡིན་ཞིང་མཚན་མ་ཅན་གྱི་ཤེས་པ་གང་གིས་ཀྱང་རྟོགས་པར་བྱ་བ་མ་ཡིན་ཏེ། གང་གི་ཚེ་མཚན་མ་ཐམས་ཅད་སྤངས་ནས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཐོང་བ་དེའི་ཚེ་སངས་རྒྱས་རྗེས་སུ་དྲན་པ་ཞེས་ཀྱང་བྱ་ལ། དེ་ལྟར་མཐོང་བའི་ཚེ་དེ་ཁོ་ན་མཐོང་བ་ཡིན་པས་བྱང་ཆུབ་སེམས་དཔའ་དེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར། ལུང་སྟོན་པར་ཡང་མཛད་པའི་ཕྱིར་རོ། །ཞེས་གསུངས་སོ། །མཚན་བརྗོད་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། ཆོས་ཀུན་ཁོང་དུ་ཆུད་པ་འཆང་། ཞེས་སོ། །རང་ཉིད་མཚོན་ཚུལ། དེ་ལས་སྐྱེ་བ་མེད་པའི་རོ་མྱོང་བས། སྒོམ་པ་ཡང་ནི་དེ་ཉིད་དེ། །སྟོང་ཉིད་སོ་སོར་རྟོགས་པས་ན། །བསམ་གཏན་ཤེས་རབ་ཏུ་ཡང་འགྱུར། །ཕྱོགས་གཅིག་ལ་སྤྲོས་པ་བཅད་པ་ན་ཐམས་ཅད་ཀྱི་སྤྲོས་པ་ཆོད་པ་དེ་ཀ་བསམ་གཏན། དེས་ཆོས་ཐམས་ཅད་རྟོགས་པས་ཤེས་རབ་སྟེ། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་ཡིན། །ཞེས་དང་། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་དང་། སྐད་ཅིག་ཅིག་གིས་བྱེ་བྲག་ཕྱེད། །ཅེས་པའི་དོན། སྡོམ་འབྱུང་གི་ལུང་འཕྲོར། ཆོས་ཀུན་ཡོངས་སུ་ཤེས་པ་ཡིས། །སྒོམ་པ་དེ་ཉིད་སྒོམ་མེད་པའོ། །ཆོས་ཐམས་ཅད་ཀྱི་བཅོས་མ་ཞིག་པ་དེ་ཀ་མ་བཅོས་པ། །རང་བྱུང་བ། དེ་ཀ་བསྒོམ་པ། དེ་ཡང་འབད་རྩོལ་མེད་པ་ཉིད་ཀྱིས་སྒོམ་མེད་ཅེས་བྱའོ། །དེའི་འཕྲོས་སུ། །རྫོགས་པའི་བྱང་ཆུབ་བདེ་བ་ཆེ། །ཕྱག་རྒྱ་ཆེན་པོ་མཆོག་དེ་བཞིན། །དེ་ཉིད་ཆོས་ལ་འཇུག་པའི་ཕྱིར། །དེ་རྣམས་དབྱེ་བ་རབ་བསྟན་པ། །བླ་མ་དམ་པའི་གདམ་ངག་གིས། །གསལ་བར་འགྱུར་གྱིས་གཞན་དུ་མིན། །ཞེས་གསུངས་སོ། །དེ་ཀ་རྫོགས་པའི་སངས་རྒྱས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཡིན་པར་བསྟན་པ་བཞིན། ཡེ་ཤེས་ཐིག་ལེར་ཕྱག་རྒྱ་དེ་བཞིན་གཤེགས་ཡེ་ཤེས། རྣམ་རྟོག་མེད་པའི་གོ་འཕང་བརྟེན། །མི་ཕྱེད་རྡོ་རྗེ་སེམས་དཔའི་གནས། རྣམ་རྟོག་མེད་པའི་བདེ་བ་ཆེ། །ནམ་མཁའ་བཞིན་དུ་འཇིགས་པ་མེད། །རང་བཞིན་མེད་ཅིང་གཞི་དང་བྲལ། །གཉིས་མེད་བདག་མེད་བརྗོད་དུ་མེད། །རྣལ་འབྱོར་རྣམས་ཀྱིས་རང་རིག་པའི། ཕུང་པོ་ཁམས་དང་སྐྱེ་མཆེད་ཆའི། །ཀུན་རྟོག་ཆོས་ནི་ཡོངས་སུ་སྤངས། །སྒོམ་དང་བསྒོམ་བྱ་སྙོམས་འཇུག་དང་། །རིམ་པ་གཉིས་ནི་རྣམ་པར་སྤངས། །རྣམ་ཤེས་ཡེ་ཤེས་དང་བྲལ་བ། སྔགས་དང་བཟླས་བརྗོད་བསྙེན་པ་སྤངས། །དངོས་པོ་ཀུན་གྱི་གནས་ལས་བརྒལ། །ཡེ་ཤེས་ཆེན་པོ་རབ་སྩོལ་བ། །དངོས་གྲུབ་ཆེན་པོ་འདིར་ཤེས་བྱ། །ཕྱག་རྒྱ་ཆེན་པོ་བླ་ན་མེད། །ཅེས་གསུངས་པས་སོ། །དེ་བས་རྒྱུད་སྡེར་ཕྱག་རྒྱ་ཆེན་པོ་ཞེས་པ་གནས་སྐབས་དུ་མ་ལ་བཞག་པ་ལས་བྱེ་བྲག་འབྱེད་པའི་ཕྱིར་འདིར་གཉུག་མར་གནས་པ་ལམ་དུ་སྦྱངས་པས་འབྲས་བུ་ངོ་མི་འགྱུར་བར་སངས་རྒྱས་སུ་གཞོག་པ་དེའོ། །ཞེས་པདྨ་དཀར་པོས་ནས་མོར་སྦྱར་བ་ཐམས་ཅད་དབང་པོ་རྣོན་པོའི་སྐལ་བ་དགེ་བར་གྱུར་ཅིག། མངྒ་ལཾ།། །།
ཕྱག་ཆེན་གྱི་སྒོམ་རིམ་བར་མ་བཞུགས་སོ།། ཟས་གཙང་སྲས་བཞིན་ཆོས་ཀུན་གྱི། །རང་བཞིན་གཟིགས་ནས་གདུལ་བྱ་ལ། །ཟབ་མོ་ཡང་དག་ཕུལ་གྱི་གཏམ། །སྟོན་མཛད་བཀའ་རྒྱུད་རིན་ཆེན་དེ། །ཀུན་གྱི་དཔྱིད་དུ་འོངས་མོད་ཀྱང་། །དགེ་བ་ཉུང་དུའི་ཚོང་ཟོང་གི །བསྲེལ་སྐྱོང་མཁན་པོས་མ་ཤེས་ནས། །བསོད་ནམས་ནོར་ཅན་འབའ་ཞིག་གི །དད་པའི་རྒྱལ་མཚན་རྩེར་མཆོད་གསུང་། །ཕུལ་བྱུང་འདོད་དགུའི་ཆར་ཡིན་ཡང་། །མི་ཤེས་སྐལ་ངན་དེ་དག་གི །གྱི་ནའི་སྦང་ཟན་དུ་གཟུང་ན། ཨེ་མ་བསག་སྦྱང་མེད་ལ་ཅི། །འདིར། ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པ་ཕྱག་རྒྱ་ཆེན་པོ་སྟེ། དེ་ཐོས་པ་དང་། བསམ་པ་དང་། འཇིག་རྟེན་པའི་སྒོམ་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས། དགེ་བའི་བཤེས་གཉེན་བསྟེན་པའི་བྱིན་རླབས་ཀྱི་སྟོབས་ཁོ་ན་ལས་རྙེད་པ་སོ་སོར་རང་གི་རིག་པའི་ཡེ་ཤེས་ཀྱིས་གཏན་ལ་འབེབས་དགོས་པའི་ཕྱིར། །དེ་བསྒྲུབ་པ་ལ། སྐྱིལ་མོ་ཀྲུང་བཅས། ལུས་དྲངས་པོར་བསྲངས། མིག་ཐད་ཀའི་བར་སྣང་ལ་གཏད་པས་བཅིངས་ཏེ། སྤྱི་བོའི་གཙུག་གི་ཟ་མ་ཏོག་དུ། །བླ་མ་ཡིད་བཞིན་གྱི་ནོར་བུ་སྤྱན་དྲངས་ནས། སྙིང་ཐག་པའི་གུས་པས་མཆོད་ཅིང་། །ཕྱག་རྒྱ་ཆེན་པོ་རྟོགས་པའི་གསོལ་བ་བཏབ་པའི་མཐར། རང་སེམས་དང་བསྲེས་ལ་འདས་པའི་རྗེས་དཔྱོད། མ་འོངས་པའི་སྡུན་བསུ། ད་ལྟར་བའི་བརྟག་དཔྱད། བློས་བཞག་གི་སྒོམ་པ། རྒྱས་བཏབ་ཀྱི་སྟོང་འཛིན་ཐམས་ཅད་བོར། དངོས་པོར་སྣང་བ་མི་དགག དངོས་པོ་མེད་པ་མི་སྒྲུབ་པར། མ་ཡེངས་པའི་དྲན་པ་སོ་མར་བཀོད་ནས། སེམས་རང་ལུགས་སུ་གནས་པ་ལ་རང་ལུགས་ཀྱིས་བལྟ་བར་བྱའོ། །དེས་སེམས་ཀྱི་གླང་པོ་ཆེ་དྲན་པའི་ཀ་བ་ལ་ཐོགས་པས་འཇུག་ཤེས་ཀྱི་ཡུལ་ལ་རྒྱུ་མ་ཐུབ་པས། ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་ངང་གིས་ཞི། །ཞི་གནས་དེའི་དམིགས་པའི་རྒྱུན་ལ་རྩེ་གཅིག་ཏུ་གནས་པས། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་འཐོབ། །དེ་དུས་རྣམ་པར་མི་རྟོག་པ་དེ་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོ་རང་གི་རིག་པར་སད། །དེས་གནས་ཐོག་ཏུ་འགྱུ་བའི་རང་ངོ་ཤེས། འགྱུར་ཐོག་ཏུ་གནས་པའི་རང་སོ་ཚུགས། །དུས་དེར་གནས་འགྱུའི་བར་ལག་འགྱེལ་བས། རྩེ་གཅིག་གི་རྣལ་འབྱོར་རྒྱུད་ལ་སྐྱེས་པ་དང་། །སེམས་ངོ་འཕྲོད་པ་ཞེས་བྱའོ། །དུག་གསུམ་གྱིས་ཀུན་ནས་བསླངས་པའི་རྣམ་པར་རྟོག་པ་མགོ་ནོན་པས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྫོགས། དམ་པའི་ཆོས་འདུལ་བའི་སྙིང་པོ། སྒོ་གསུམ་མི་མཐུན་པའི་ཕྱོགས་དང་བྲལ་བའི་བདག་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཐབས་ཤེས་སུ་བསྡམས་པས་བུམ་དབང་གི་ཉམས་ལེན། དེ་དུས་ཀྱི་སེམས་དེ་ཡང་། ཀུན་རྫོབ་པའི་ཆོས་ཀྱི་གནས་ལུགས། བདེ་གསལ་མི་རྟོག་པ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་ཡིན་པས། སེམས་རྣམ་པར་དབེན་པ་ཞེས་གསང་བ་འདུས་པར་གསུངས་པ་དེ་ཁའོ། །དེའི་རྒྱུན་ལ་འཇོག་པའི་ཚེ། གསལ་བའི་ཉམས་འཛིན་པས་བསམ་གཏན་དང་། །སྟོང་པའི་ཉམས་གཟུང་བས་གཟུགས་མེད་དང་། གཟུང་འཛིན་གཉིས་མེད་ཀྱི་ཤེས་རབ་གོམས་པས་འགོག་སྙོམས་ཏེ། མདོ་ཕྱོགས་པའི་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་ཡང་འདི་ལས་འབྱེད་དོ། །ངོ་བོ་མཐོང་བའི་ཆ་ནས་ཆོས་ཉིད་མངོན་སུམ་དང་། བརྟན་པའི་རྣམ་འགྱུར་གྱི་ཆ་ནས་ཉམས་གོང་འཕེལ་དུ་བཞག་པ། ཐེག་རྩེ་ཨ་ཏི་ཡོ་ག་ལས་སོ། །ཟག་པ་དང་བཅས་པའི་མངོན་ཤེས་དང་། །ཟད་པར་ཟིལ་གནོན་ལ་སོགས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཐའ་ཡས་པ་ཡང་འདོད་ན་བདེ་བླག་ཏུ་འགྲུབ་བོ། །འཁྲུལ་པ་ནི་སེམས་ཀྱི་རང་བཞིན་ལ་ཡང་མ་གྲུབ། །རྣམ་པ་ལ་ཡང་མ་དམིགས་པས་གློ་བུར་བ། དཔེར་ན་རི་མོ་ལ་འབུར་ཀྱོང་མེད་ཀྱང་འབུར་ཀྱོང་དུ་སྣང་བ་བཞིན། མེད་པ་གསལ་སྣང་ཙམ་ཡིན་པས། འཁྲུལ་བདོ་བའི་རང་ཞལ་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་བལྟས་ན་སངས་རྒྱས་རྣམས་ཀྱིས་ཀྱང་ཚིག་ཏུ་བརྗོད་པར་མི་བཟོད་པའི་གནས་ལུགས་དེ་མངོན་དུ་འགྱུར་ལ། དེར་འཁྲུལ་པ་འདོར་རྒྱུ་མ་རྙེད་པས། འཁྲུལ་པ་སྤང་རྒྱུ་མེད་པ་དང་། །འཁོར་བ་མེད་པར་དེ་ལས་གྲོལ་རྒྱུ་གར་ཡོད། དེས་ན་གྲོལ་བ་བླང་དུ་མེད་ཅིང་། བློ་ངོ་དེར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་མཉམ་པ་ཉིད་ཡིན་པས། འཁྲུལ་ཐོག་ཏུ་གྲོལ་བའི་གདེངས་རྙེད། གྲོལ་ཐོག་ཏུ་འཁྲུལ་པའི་མཚང་རིག་པས། འཁྲུལ་གྲོལ་གྱི་བར་ལག་འགྱེལ། སྒྲོ་འདོགས་ནང་ནས་ཆོད་པའི་ཕྱིར། སྤྲོས་བྲལ་གྱི་རྣལ་འབྱོར་རྒྱུད་ལ་སྐྱེས་པ་དང་། སེམས་ཉིད་འདི་ཡོད་པ་རྟག་པའི་མཐའ་དང་། མེད་པ་ཆད་པའི་མཐའ་དང་། གཉི་ག་དང་། གཉི་ག་མ་ཡིན་པའི་མཐར་མ་ལྷུང་ཞིང་། ཐོག་མ་དང་། མཐའ་མ་དང་། དབུས་དང་རྣམ་པར་བྲལ་བ་དབུ་མའི་སེམས་ཉིད་དུ་ཤེས་པའི་ཕྱིར། རྣལ་འབྱོར་པ་དེ་ལ་ཕྱིན་ཆད་དབུ་མ་པ་ཞེས་བྱའོ། །དུས་དེ་ནས་སངས་རྒྱས་ཀྱི་སའི་བར་དུ་ངོ་བོ་མི་འགྱུར་ཞིང་། ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པས་རྣལ་འབྱོར་དེ་ནས་ས་ཞེས་བཞག་ཅིང་། རིག་པ་ཚད་ལ་ཕེབས་པ་ཞེས་ཀྱང་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་རྩེ་གཅིག་པའི་ཕྱིར། ལྷག་པ་ཏིང་ངེ་འཛིན་མདོ་སྡེའི་སྙིང་པོ། སྣང་ཕྱོགས་སྒྱུ་འཕྲུལ་གྱི་རོལ་པའི་ལྷའི་དེ་ཁོ་ན་ཉིད་དུ་ཤེས་པའི་ཕྱིར་གསང་དབང་གི་ཉམས་ལེན། དེས་བདེན་པར་འཛིན་པ་བཤིག་པས་སྣང་བས་ཚུགས་མ་ཐུབ་པར་ཧད་པོར་སོང་བའི་ཕྱིར། རྗེས་ལ་སྣང་བ་སྒྱུ་མ་མཁན་ལ་སྒྱུ་མའི་སྣང་བ་བཞིན་དུ་གྱུར་པས། སྣང་ཙམ་དེའི་རང་ངོ་ལ་བརྟགས་པས། དེ་ཡང་ཞི་གནས་སེམས་ཀྱི་རང་བཞིན་འབའ་ཞིག་ཏུ་ལོག་པས། སྣང་ཐོག་ཏུ་སེམས་ཀྱི་འདུག་ཚུལ་རིག །ད་དུང་ཤེས་བྱའི་སྒྲིབ་པ་ཅུང་ཟད་ཙམ་གྱིས་བསླད་པས། ཆོས་ཉིད་གཅིག་ཆོས་ཉིད་ཀུན་འགྲོའི་ཚུལ་གྱིས་འགོག་པ་ལ་ལྡང་འཇུག་བྱེད་པས། སེམས་ཐོག་ཏུ་སྣང་བའི་འཆར་ཚུལ་རྟོགས་པས་ཏེ། སྣང་སེམས་ཀྱི་བར་ལག་འགྱེལ་བས། རོ་གཅིག་གི་རྣལ་འབྱོར་རྒྱུད་ལ་སྐྱེས་པ་དང་། ཆོས་ཅན་ཆོས་ཉིད་དུ་ཟད་པའི་ཕྱིར། ཆོས་ཉིད་ཟད་པའི་སྣང་བ་ཞེས་ཀྱང་བྱའོ། །ཆོས་ཐམས་ཅད་ཆོས་ཉིད་དུ་རྣམ་པར་འབྱེད་པས། ལྷག་པ་ཤེས་རབ། མངོན་པའི་སྙིང་པོ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དུ་སློབ་པར་བྱེད་པས་དབང་གསུམ་པའི་ཉམས་ལེན། དུས་དེར་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་ཟད་དུ་མ་བཅུག་པར་སླར་བཟུང་ན་འཕོ་བ་ཆེན་པོ་ཆུ་ནང་གི་སྐུ་ཞེས་བྱ་བར་དེར་ཡང་འགྱུར་རོ། །དེ་ནས་ཤེས་བྱའི་སྒྲིབ་པ་ཕྲ་མོས་བསླད་པ་དེ་ཡང་སངས་པ་ན། ཀུན་རྫོབ་ཀྱི་ཆོས་ཅི་ཡང་མ་གཟིགས་པ་ཉིད་ལ་སངས་རྒྱས་ཀྱི་གཟིགས་པ་ཞེས་བཏགས་པའི་ཕྱིར། སྤང་བྱ་ཟད་པ་དང་སྤོང་བྱེད་ཀྱི་གཉེན་པོ་ཟད་པ་བུད་ཤིང་རྫོགས་པའི་མེ་ལྟ་བུ་ཡིན་པས་བློ་ཟད་ཆོས་ཟད་ཅེས་བྱ་ལ། གཞན་དོན་བྱེད་པ་ལ་རྗེས་ཐོབ་ཀྱི་མིང་བཏགས་ནས་དེར་ཆོས་ཉིད་ལས་མི་གཡོ་བར་བཞག་གོ །གཟིགས་ངོ་དེར་སངས་མ་རྒྱས་པའི་ཆོས་ཅི་ཡང་མེད་པས། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་དེའི་ཕྱིར། སྐུ་དང་ཡེ་ཤེས་རྒྱུན་མི་འཆད་པར་འཆར་བས་ན། མཉམ་བཞག་ཏུ་ཐུགས་རྗེའི་ཀློང་བརྡོལ་བས་ཏེ། མཉམ་རྗེས་ཀྱི་བར་ལག་འགྱེལ། སྒོམ་མེད་ཀྱི་རྣལ་འབྱོར་རྒྱུད་ལ་སྐྱེས་པ་དང་། འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་པ་ཞེས་བཤད་པ་ཡང་ཡིན་ནོ། །ཕྱག་རྒྱ་ཆེན་པོ་གཉུག་མའི་ངང་དུ་ཁྱབ་གདལ་བས། རྒྱུད་སྡེའི་སྙིང་པོ། ཆོས་གཞི་ཐོག་ཏུ་གཏན་ལ་ཕེབས་པས་དབང་བཞི་པའི་ཉམས་ལེན། རྣལ་འབྱོར་བཞི་པོ་འདི་ཡང་། ཕྱག་རྒྱ་ཆེན་པོ་རང་ལུགས་ཀྱི་ཐོད་བརྒལ་བའི་ལམ་མོ། །དེའི་ཕྱིར་ལམ་འདི་ལ། དཔལ་འབྲུག་པས་ལྟ་བ་ལུང་རིག་ལ་མ་བལྟོས་པར་རྟོགས་པ་ནང་ནས་ཤར་བའི་ཁྱད་པར། སྒོམ་པ་སེམས་འཛིན་ལ་མ་བལྟོས་པར་བྱིང་རྒོད་རང་སར་གྲོལ་བའི་ཁྱད་པར། སྤྱོད་པ་གནང་བཀག་ལ་མ་བལྟོས་པར་སྤང་གཉེན་གཉིས་སུ་མེད་པའི་ཁྱད་པར། འབྲས་བུ་དུས་རྟགས་ལ་མ་བལྟོས་པར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཁྱད་པར་བཞིས། ཆོས་ལུགས་པ་གཞན་ལས་ཟབ་པར་བཞག་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྒོམ་རིམ་བར་མ་འདི་ཡང་། རྣམ་དཔྱོད་ཅན་འཕྱོང་རྒྱས་ནས་སྡེ་པ་ཧོར་ཕྲུག་མགོན་པོ་ཚེ་འཕེལ་གྱིས་བསྐུལ་བའི་ངོར། །དགེ་སློང་པདྨ་དཀར་པོས་ཕོ་བྲང་སྲོང་བཙན་དུ་སྦྱར་བའོ།། །།མངྒ་ལཾ།། །། ༄༅༅། །བསྲེ་སྐོར་ལས། རིམ་པ་ལྔར་འཁྲིད་པ་རྣལ་འབྱོར་ཕའི་རྒྱུད་ཀྱི་སྙིང་པོ་བསྡུ་བ་ཞེས་བྱ་བ་བཞུགས་སོ།། སྐུ་ནི་བེ་ཌཱུར་གཞི་ལ་བརྒྱ་བྱིན་བཞིན། །གསུང་ནི་ཚོགས་སྣང་ལྷ་ཡི་རྔ་སྒྲ་བཞིན། །ཐུགས་ནི་རྒྱལ་མཚན་རྩེ་མོའི་ནོར་བུ་བཞིན། །འགྲོ་བའི་དོན་མཛད་རྗེ་བཙུན་བླ་མར་འདུད། །ལས་ཀྱི་རླུང་གིས་བསྐྱོད་པའི་ཉོན་མོངས་རླབས། ཡེ་ཤེས་རྒྱ་མཚོར་འཇུག་པའི་གྲོགས་གཟིགས་ནས། །རིམ་ལྔའི་གཟིངས་འདི་མ་འོངས་གདུལ་བྱ་རྣམས། །སྐུ་བཞི་རིན་ཆེན་འཚོལ་བའི་རྐྱེན་དུ་སྦྱར། །འདིར་རྡོ་རྗེ་ཐེག་པ་ལ་ཡང་དག་པར་སྦྱོར་བ་རྫོགས་པའི་རིམ་པ་པཉྩྨ་ཀྲ་མ་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་ལས་བསྟན་ཅིང་། བཤད་པའི་རྒྱུད་བཞིས་ལེགས་པར་ཕྱེ་བ། ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་འདིར་སྙིང་པོར་བསྡུས་ཏེ་བཤད་པ་ནི་རྣམ་པ་དྲུག་སྟེ། ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན། ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན། སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན། ཀུན་རྫོབ་བདེན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། དོན་དམ་བདེན་པ་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན། །བདེན་པ་གཉིས་སུ་མི་ཕྱེད་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ནོ། །དང་པོ་ནི། བསྐྱེད་པའི་རིམ་པ་དང་གཙོ་བོར་འབྲེལ་བ་ལུས་དབེན་ཞེས་པས་བསྟན་པ་སྟེ། ལུས་ནི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད། །དབེན་པ་ནི་དེ་དག་ཐ་མལ་གྱི་ང་རྒྱལ་དུ་གནས་པ་སྦྱངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་པའོ། །དེ་ཉམས་སུ་བླང་པའི་ཚུལ་ལ། གཟུགས་ཀྱི་ལུས་དབེན། རང་བཞིན་གྱི རྣམ་པར་ཤེས་པའི ཏིང་ངེ་འཛིན་གྱི་ལུས་དབེན་བཞི་ལས། དང་པོ་ནི། ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་སྤུངས་པ་ལྟ་བུར་བརྟགས་པས། གཙང་བདེ་རྟག་བདག་ཏུ་ཞེན་པ་ཟློག་པར་བྱེད་པ་ཤེས་བྱ་ཉན་ཐོས་དང་ཐུན་མོང་ངོ་། གཉིས་པ་ནི། ཕུང་པོ་ནི་ལྔ། ཁམས་ནི་བཞི། སྐྱེ་མཆེད་ནི་དྲུག ཡུལ་ནི་ལྔ། ཤེས་བྱ་ནི་ལྔར་བསིལ་ཏེ་ཕུང་སོགས་སྣང་བ་ལྟར་རང་བཞིན་མེད་པར་ཤེས་པས། གཟུང་བ་ཆོས་ཀྱི་བདག་འཛིན་ཟློག་པར་བྱེད་པ་ཤེས་བྱ་རང་རྒྱལ་དང་ཐུན་མོང་ངོ་། །གསུམ་པ་ཁམས་རྣམས་ཕྲད་པའི་ཕྱིར་ཤེས་རབ་དང་། ལྟ་བ་དང་། ཡིད་དང་། མ་རིག་པ་དང་། བག་ཆགས་དང་། སྲེད་པ་དང་། ཉོན་མོངས་པའི་རྒྱུན་ཏེ་བསགས་པའི་ལུས་སུ་གྲུབ་ལ། དེ་ལྟར་གསོག་པར་བྱེད་པའི་རྣམ་པར་ཤེས་པ་ནི་ཕྱི་དང་ནང་དུ་བཙལ་བས་ཉེ་བར་མི་དམིགས་པས་འཛིན་པ་ཆོས་ཀྱི་བདག་འཛིན་ཟློག་པར་བྱེད་པ་ཤེས་བྱ་ཕར་ཕྱིན་པ་དང་ཐུན་མོང་ངོ་། །བཞི་པ་ནི། དངོས་པོ་བརྒྱ་དམ་པ་རིགས་བརྒྱར་གནས་པ་དང་མཐུན་པར་རྣལ་འབྱོར་དུ་བྱས་པས་ཐ་མལ་གྱི་འཛིན་པ་ཟློག་པར་བྱེད་པ་ཤེས་བྱ་གསང་སྔགས་པ་དང་ཐུན་མོང་པའོ། །དེ་ལས་འདིར་ཕྱི་མ་ལ་རྒྱུ་མཚན་གསུམ་པོ་སྟོན་ཏེ། །གཟུགས་ཕུང་སོགས་དང་རྣམ་སྣང་སོགས་ཀྱི་གཤིས་གཉིས་སུ་མི་ཕྱེད་པས་དང་། གཟུགས་ཕུང་སོགས་ལས་རྣམ་སྣང་འབྱུང་བའི་ཕྱིར་དངོས་པོ་བརྒྱ་དམ་པ་བརྒྱར་བསྟན་ཏོ། །དེ་ཡང་བསྐྱེད་པ་དང་རྫོགས་པ་བ་གཉིས་ཀྱི་བསྒོམ་ཚུལ་ལས། དང་པོ་ལ་གསུམ་ལས། བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་དུས་རྒྱུ་མཚན་གསུམ་ལས་ཐོག་མཐའ་གང་རུང་གཅིག་མཐོང་ནས་ཕུང་སོགས་ལ་དངོས་པོ་བརྒྱར་ཕྱེ། དེ་རྣམ་སྣང་སོགས་བརྒྱར་རམ། ཡང་ན་དངོས་པོ་ཡང་འབྱུང་བ་བཞི་རྣམ་ཤེས་ལྔར་ཕྱེ་སྟེ། དེ་རིགས་ལྔར་རམ། ཡང་ན་ས་ཆུ་ལུས། མེ་རླུང་ངག རྣམ་ཤེས་ཡིད་དེ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་མམ། ཡང་ན་ལུས་ངག་ཀྱང་རྣམ་པར་ཤེས་པར་བསྡུས་ནས་གསང་ཆེན་རིག་གཅིག་གི་སངས་རྒྱས་སུ་ལྷག་པར་མོས་པ་ཙམ་བྱེད་པས་མོས་པ་ལམ་བྱེད་དོ། །དེ་ལ་གོམས་ནས་ཡོངས་བཏགས་ཀྱི་རྣལ་འབྱོར་ལ་འཇུག་སྟེ། དེའི་དུས་ཕུང་ཁམས་སྐྱེ་མཆེད་དེ་དག་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་སྦྱངས་ནས། དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ཏིང་ངེ་འཛིན་གྱི་སྣང་བའི་གཟུགས་སུ་བསྐྱེད་ནས་གསལ་སྣང་འཆར་བ་ལ་བསླབ་པ་སྟེ་རྣམ་པ་ལམ་བྱེད་དོ། །དེ་ལ་གོམས་ནས་ཡོངས་སུ་རྫོགས་པའི་རྣལ་འབྱོར་ལ་འཇུག་སྟེ། དེའི་དུས་གཟུགས་ཕུང་སོགས་དེ་བཞིན་ཉིད་རྣམ་སྣང་སོགས་ཀྱི་ལྷར་ལངས་པ་སོ་སོ་རང་རིག་ཙམ་ལ་གནས་པ་སྟེ། དོན་མཚན་མ་དང་བཅས་པའི་ཞི་གནས་ལ་སེམས་ཟིན་པའོ། །དེའི་ཕྱིར་འདི་ཡང་མངོན་སུམ་ལམ་བྱེད་དོ། །གཉིས་པ་རྫོགས་པའི་རྣལ་འབྱོར་པས། གཟུགས་ཕུང་སོགས་ཤར་དུ་དེ་གར་ངོས་གཟུང་བས། ཤར་བ་ལྟར་ཚུགས་མ་ཐུབ་པར་རང་ཞིག་ལ་འགྲོའོ། །དེའི་ཕྱིར་འདིར་སྣང་བ་ཐུག་ཕྲད་ལ་སློབ་པ་སྟེ། སྨན་པ་མཁས་པ་ནགས་སུ་སླེབས་པས་གང་མཐོང་སྨན་དུ་ཤེས་པ་ལྟ་བུའོ། །འདིའི་མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ཏུ་ལངས་པའོ། །དུས་དེའི་ཚེ་ཕུང་སོགས་དངོས་པོར་འཛིན་པ་ལོག་ནས་སྤྲོས་པ་མེད་པའི་རང་བཞིན་འགོག་པ་མེད་པའི་ལྷར་འཆར་བའི་ང་རྒྱལ་ལ་གནས་པས་སྐུ་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ཞེས་བྱ་ཞིང་། དེ་ཙམ་ནས་རྡོ་རྗེའི་བཟླས་པ་ནུས་པའི་ཕྱིར་དེ་ལ་འཇུག་གོ །གཉིས་པ་ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་ནི། ངག་རྣམ་པར་དབེན་པ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཡིན་པས། འདིར་སྔགས་དང་ཞེས་བསྟན་པ་སྟེ། ངག་ནི་སྒྲ་དང་། རླུང་དང་། སྔགས་ཀྱིས་བསྡུས་པ་ཐམས་ཅད་དབེན་པ་ནི། ཐ་མལ་གྱི་བརྗོད་པ། ཡོན་པོའི་རྒྱུ་བ། ཕྱི་རོལ་གྱི་བཟླས་བརྗོད་ལ་ཞེན་པ་སྦྱངས་ནས་སྒྲ་སྔགས་རླུང་གི་དེ་ཁོ་ན་ཉིད་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེའི་བཟླས་པ་བསྟན་པའོ། །དེ་ཉམས་སུ་བླང་བའི་ཚུལ་ལ། བསྐྱེད་པའི་རིམ་པ་བས་སྣ་རྩེ་གསུམ་དུ་ཡུངས་ཀར་གྱི་འབྲུ་ཚད་ཙམ་གྱིས་རང་གི་ལྷའི་མཚན་མ་ལ་སོགས་པ་སྒོམ་པའི་རིམ་པས་ཕྲ་མོའི་རྣལ་འབྱོར་རྫོགས་པར་བྱེད་པ་ཡིན་ལ། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱིས་ཕྲ་མོའི་རྣལ་འབྱོར་ལ་སློབ་པ་ནི་སྒྲའི་དེ་ཁོ་ན་ཉིད་ངག་གི་དབྱེ་བ་ཐམས་ཅད་ཨཱ་ལི་ཀཱ་ལི་སྟེ། དེ་རྣམས་བུད་མེད་དང་སྐྱེས་པ་དང་མ་ནིང་དུ་གནས་པ། སྔགས་ཀྱི་དེ་ཉིད་ཕོ་མོ་མ་ནིང་དེ་དག་ཡི་གེ་གསུམ་དུ་བསྐྱེད་པ། རླུང་གི་དེ་ཉིད་ཨོཾ་ཨཱཿཧཱུཾ་གི་ཡི་གེ་གསུམ་དུ་ཡང་འཇུག་པ་དང་གནས་པ་དང་། ལྡང་བར་ངེས་པར་སྦྱར་ལ་དཀྱིལ་འཁོར་བཞིའི་རིམ་གྱིས་སྲོག་དང་རྩོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེའི་བཟླས་པ་བྱའོ། །དེ་ཡང་། རགས་པའི་རླུང་ལ་བསླབ་པ་དང་། ཕྲ་བའི་རླུང་ལ་དང་། གསལ་བའི་རླུང་རྣམ་པར་ཤེས་པ་དང་བསྲེ་བ་ལ་བསླབ་པའོ། །དང་པོ་ནི། ལུས་དབེན་གསལ་བའི་ངང་ནས་ལུས་གནད་བཅས་ཏེ། རླུང་རོ་ཅུང་ཟད་བསལ་ནས། རླུང་ནང་དུ་འཇུག་པ་ཨོཾ་གྱི་རང་བཞིན་ཙ་ན་རྐྱལ་པ་དབུགས་ཀྱིས་འགེངས་པ་ལྟར་བ་སྦུའི་བུ་ག་ཚུན་ཆོད་དུ་སོང་བ། གནས་པ་ཨཱཿའི་རང་བཞིན་ཙ་ན་རྐྱལ་པ་གང་བ་ལྟར་ཁྲིག་གེ་བསྡད་པ། དབྱུང་བ་ཧཱུྃ་གི་རང་བཞིན་ཙ་ན་རྐྱལ་པ་བྱེ་བ་ལྟར་སྟོང་ལྷེབ་སྟེ་སོང་བར་བསམས་ཏེ་ཡང་ཡང་དུ་བསྒོམས་པས་མྱུར་དུ་ཁམས་སྙོམས། རྒྱུ་བ་སོ་སོ་གསལ་བར་འབྱུང་ངོ་། །དེ་ནས་ཕྲ་བ་ལ་བསླབ་ཏེ། ཕྲ་བ་ནི། དཔེ་རས་བལ་གྱི་སྐུད་པ་ལྔ་གཞིབས་པ་ལྟར། རགས་རླུང་དེ་ཉིད་གསང་གནས་ནས་ལྟེ་བའི་བར་དུ་རྟ་རྔ་ཙམ་བྲང་ངེ་གནས་པར་བསམ། ཕྱིར་འབྱུང་བ་གང་འགྲོ་བ་དེའི་ཁ་དོག་ཅན་གྱིས་སྐུད་པ་སྣ་སྒོར་འཐེན་པ་ལྟ་བུ་ནང་ནས་ཇེ་ཐུང་ཕྱིར་ཇེ་རིང་འོག་གི་མཐའ་སྣ་སྒོར་འཐོན་པའི་བར་དུ་འཇུག་དུས་ནང་དུ་རིམ་གྱིས་འོངས་ནས་ཇེ་ཐུང་དུ་ཡས་མཐའ་ལྟེ་བའི་ནང་ཙམ་དུ་སླེབ་པ་བལྟའོ། །གསུམ་པ་ནི། མིག་གི་ལམ་ནས་ཕྱིར་འགྲོ་ཙ་ན་རང་གི་ཤེས་པ་ཉིད་གཟུགས་སོགས་སུ་གསལ་བ་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟ་བུར། འཇུག་དུས་གཟུགས་སོགས་ཀྱི་སྣང་བ་ནུབ་པ་སྒྲོན་མེ་སྡུད་པ་ལྟ་བུ། གནས་པའི་དུས་འཇུག་ཤེས་ལྔ་ཡིད་ཀྱི་རྣམ་ཤེས་ལ་བསླན་ཏེ་བཞག་པ་མར་མེ་སྟེགས་སུ་འདུག་པ་ལྟ་བུ། ཚུལ་དེ་ལྟ་བུས། རྣ་བ། སྣ། ལྕེ། ལུས་ཐམས་ཅད་ལ་དང་། མཐར་སྙིང་གའི་མི་ཤིགས་པའི་ཐིག་ལེར་སེམས་བསྡུས་ཏེ། མཉམ་པར་བཞག་ན་ཅི་ཞིག་ན་སྟོང་པའི་སྒྲ་བརྙན་འཆར། དེ་གོམས་པ་ལས་སྒྲ་དང་སྒྲ་བརྙན་ཟུང་དུ་འཇུག་པ་ཉིད་མངོན་དུ་འགྱུར། གསུང་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་བྱས་པ་ཞེས་བྱ་ཞིང་། ལྷའི་མིག་ལ་སོགས་པའི་ཟག་པ་དང་བཅས་པའི་མངོན་པར་ཤེས་པ་རྣམས་འཐོབ། འཇིག་རྟེན་ཆོས་བརྒྱད་ཟིལ་གྱིས་ནོན། དབང་པོའི་སྒོ་དང་བ་སྦུའི་བུ་གའི་རླུང་ཇི་ཙམ་བཀག་ཀྱང་གནོད་པ་མེད་པ་དང་། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་དང་། བདེ་བ་དང་། ཕྱི་རླུང་དབང་པོ་དང་བ་སྦུའི་སྒོ་ནས་ནང་དུ་བསྲེ་ཞིང་། ནང་རླུང་དེ་དག་ནས་ཕྱིར་སྤྲོ་ནུས་དེ་ཙ་ན་དབང་པོ་གཉིས་སྦྱོར་བ་ཙམ་བྱས་ཀྱང་ཁུ་བ་ཟད་པའི་དུས་མེད་པ་དང་། ཆོས་ཐམས་ཅད་རླུང་དང་སེམས་ཙམ་དུ་ཤེས་པས་སེམས་དབེན་ལ་འཇུག་གོ །གསུམ་པ་སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནི། སེམས་གསུམ་གྱིས་ཞེས་པས་བསྟན་ཏེ། སེམས་ནི་ཤེས་པ་དྲི་མ་དང་བཅས་པའི་གནས་ལུགས། དབེན་པ་ནི། དང་པོ་སྣང་བ། གཉིས་པ་རང་བཞིན། གསུམ་པ་རླུང་དང་བཅས་པས་ལས་རྣམ་པར་གཞག་ནས་ཡང་ནས་ཡང་དུ་འཁོར་བ་དེ་སྦྱངས་ནས། ཆོས་ཅན་སེམས་ཀྱི་མཚན་ཉིད་ཇི་ལྟ་བར་རིག་པ་ལ་སྦྱོར་བའོ། །དེ་ནས་ཉམས་སུ་བླང་ཚུལ་ལ། འོག་སྒོ་གཞན་ལུས་ཤེས་རབ་ལ་བརྟེན་ནས་གསལ་བ་རང་རིག་བདེ་སྟོང་དུ་རྟོགས་པར་བྱ་བ་དང་། སྟེང་སྒོ་རྣམ་པར་གྲོལ་བ་རང་ལུས་ཐབས་ལྡན་བདེ་ཆེན་བྱང་ཆུབ་སེམས་ཀྱི་མན་ངག་གཉིས་ལས། དང་པོ་ནི། མཚན་ཉིད་ལེགས་པར་ལྡན་པའི་བུ་མོ་རེག་བྱ་རྡོ་རྗེ་མར་དང་། རང་བཅོམ་ལྡན་འདས་ཏེ། མཉམ་པ་ལྔས་བལྟ་བ་དང་། རྒོད་པ་དང་། རེག་པ་དང་། འཁྱུད་པའི་རིམ་པས་རྗེས་སུ་ཆགས་པའི་ཆོ་ག་ལ་ཞུགས་པས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱི་བོ་ནས་བརྩམས་ཏེ། ནཱ་ཌི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་དྲི་མ་མེད་པའི་ཆུ་རྒྱུན་ལྟ་བུས་ཨཱ་ལི་ཀཱ་ལི་བཞུ་བར་གྱུར་པ་གསང་བའི་སྣ་རྩེར་འབབ་པའི་དུས་ཤེས་རབ་ཀྱི་ཡེ་ཤེས་ཟླ་བའི་སྣང་བ་ལྟ་བུ་དེ་སྟོང་པ་ཙམ་དང་། དེ་ཐབས་ཀྱི་ཡེ་ཤེས་ཉི་མའི་སྣང་བ་ལྟ་བུ་ཤིན་ཏུ་སྟོང་པ་ཙམ་དང་། དེ་གཉིས་འདྲེས་པ་ལས་སྣང་བ་ཉེར་བར་ཐོབ་པའི་ཡེ་ཤེས་མཚམས་ཀྱི་མུན་ནག་ལྟ་བུ་སྟོང་པ་ཆེན་པོའི་མཚན་ཉིད་སོ་སོར་རང་གིས་རིག་པ་ཉིད་ཀྱིས་རྫོགས་པར་བྱའོ། །དེ་ལྟར་སྣང་གསུམ་ཉིད་སོ་སོ་རང་རིག་པའི་འོད་གསལ་ཡུལ་མེད་དུ་རང་གསལ་བ་ལས། དངོས་པོ་མ་ལུས་པ་ཤེས་པ་མེ་ལོང་ལྟ་བུ་དང་། གཟུགས་བརྙན་དེ་དག་ཀྱང་སེམས་ཙམ་མོ་ཞེས་གཟུང་འཛིན་རོ་མཉམ་དུ་ཤེས་པ་མཉམ་ཉིད་དང་། གཟུང་འཛིན་ཐ་དད་མེད་པའི་རོ་མཉམ་པར་རྟོགས་བཞིན་དུ་རང་ལ་སྣང་བའི་ཆོས་རྣམས་མ་འདྲེས་པར་ཤེས་པར་སོར་རྟོག་དང་། དེ་ནས་སྒྱུ་མ་ལྟ་བུའི་ལུས་སུ་ལངས་པས་རང་གཞན་གྱི་དོན་རྫོགས་པར་བྱེད་པས་བྱ་གྲུབ། དེའི་ཡང་སྣང་གསུམ་གྱི་དྲི་མའི་ཆ་ཕྲ་བ་ཡང་འོད་གསལ་གྱིས་སྦྱངས་བ་ནི་ཆོས་དབྱིངས་ཡེ་ཤེས་ཡིན་ནོ། །གཉིས་པ་ལ། བདེ་བ་བསྡུ་བ། གཟུང་བ། ཟློག་པ། བདེ་བ་སྤྲོ་བའི་ཚུལ་བཞི་ལས། དང་པོ་བདེ་བ་བསྡུ་བ་ནི། གཟུགས་སོགས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཕྱག་རྒྱའི་ལུས་ལ་བསྡུ། དེ་ཡང་ས་ཆུ་ལ་ཐིམ་པའི་རིམ་གྱིས་བསྡུས་ཏེ། བྱང་ཆུབ་ཀྱི་སེམས་ཉི་མའི་གཟུགས་ལྟ་བུ་རྡོ་རྗེ་ནོར་བུའི་རྩེར་འབེབས་པའོ། །གཉིས་པ་ནི། སྲོག་ཐུར་གཅིག་ཏུ་སྦྱོར་བའི་སྦྱོར་པས་ཕབ་པའི་ཉི་མའི་གཟུགས་ཀྱི་ཡེ་ཤེས་སེམས་དཔའ་གསང་བའི་སྣ་རྩེའི་ཨ་ཐུང་དམ་ཚིག་སེམས་དཔའ་ལ་གཞུག་ཅིང་། སོ་སོ་རང་རིག་པའི་ཞགས་པས་བཅིངས། གཉིས་སུ་མེད་པས་མཉེས་པར་བྱའོ། །གསུམ་པ་ནི་འདྲེན་གྱི་གནད་ཀྱིས་ཐིག་ལེ་གྱེན་དུ་དྲང་བ་དང་། འབེབས་ཀྱི་གནད་ཀྱིས་རྩ་ལས་སྙིགས་མ་ཐུར་དུ་དབབ་པ་དང་། བར་རླུང་བུམ་པ་ཅན་ཁ་སྦྱོར་ཆེན་པོར་བཅིངས་པའི་གནད་ཀྱིས་དྭངས་མ་ལུས་ལ་ཁྲེམས་པར་བྱ་བ་སྟེ། རིན་ཆེན་འཁོར་ལོའི་འཁྲུལ་འཁོར་ཡན་ལག་གསུམ་ཞེས་བྱ་སྟེ། སྟེང་འོག་གཉི་གའི་ཐུན་མོང་གི་གདམས་པའོ། །བཞི་པ་ནི། མཉམ་པར་བཞག་པའི་ཚེ་བདེ་བ་གསལ་ཞིང་རིག་པར་སྣང་བ་བཞིན་དུ། ལངས་བའི་ཚེ་ཡུལ་རབ་འབྲིང་ཅི་དང་ཅི་མཐོང་བ་ཐམས་ཅད་རྡོར་བཟླས་བཞིན་དུ་བདེ་བ་ཆེན་པོར་སྦྱར་བར་བྱའོ། །དེ་ལྟར་སེམས་དབེན་འདི་ཡང་། འབྱོར་པ་ཅན་རྟག་ཏུ་ཕྱག་རྒྱ་ལ་བརྟེན་པ་དང་། འབྱོར་པ་ཆུང་བ་ལན་ཅིག་ཕྱག་རྒྱ་ལ་མཚོན་ནས་ཕྱིས་རྣལ་འབྱོར་ཀྱི་སྟོབས་ཀྱིས་བསྒོམ་པའོ། །དེ་ཡང་། སྣང་གསུམ་གྱི་དོན། རང་རིག་གིས་གཏན་ལ་ཕབ་པ་བདེ་བ་ཆེན་པོ་ལ་རྩེ་གཅིག་པ་ནི་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་བྱས་པ་ཡིན་ལ། དེ་བསྒོམས་པས་ཅི་ཞིག་ན་རྟགས་དང་རྟགས་ཅན་གྱི་ཤེས་པ་རྣམས་ཀུན་རྫོབ་ཀྱི་བདེན་པ་སྒྱུ་ལུས་སུ་འཆར་བ་ཡིན་པས། དེ་ནས་བདག་བྱིན་གྱིས་བརླབས་པའི་ལམ་ལ་འཇུག་པ་ཡིན་ནོ། །བཞི་པ་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི། སྒྱུ་མ་ཞེས་པས་བསྟན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སྦྱངས་ནས་སེམས་འབའ་ཞིག་ཙམ་གྱི་ཕྱག་དང་ཞབས་ལ་སོགས་པའི་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུ་ཡོངས་སུ་རྫོགས་པར་བྱེད་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པར་ནུས་པས་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉམས་སུ་བླང་བའི་ཚུལ་ལ། མ་དག་པའི་ལས་སྣང་ཐམས་ཅད་སྣང་དུས་ན་ངོ་བོས་སྟོང་པ་སྒྱུ་མའི་དཔེ་བརྒྱད་ལ་སོགས་པས་མཚོན་པར་སྟོན་པ་ཕྱི་མཚན་ཉིད་དང་ཐུན་མོང་བའོ། །ལྷའི་རྣམ་པར་ཡོངས་སུ་བརྟགས་ནས་དེ་སྒྱུ་མའི་དཔེ་རྣམས་ཀྱིས་མཚོན་པའི་དོན་ཙམ་སྟོན་པས་འདྲ་འབག་ལམ་དུ་བྱེད་པས་བསྐྱེད་རིམ་དང་ཐུན་མོང་བའོ། །རྫོགས་པའི་རིམ་པ་ལ་གནས་པས་ནི་ཆོས་ཅན་སེམས་ཀྱི་མཚན་ཉིད་རིག་པའི་ཡེ་ཤེས་ཇི་ལྟ་བ་མངོན་དུ་བྱས་པ་ལ་མཉམ་པར་བཞག་པས་རླུང་སེམས་ཟིན་པའི་རྟགས་དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེའམ་སྐྱ་རེངས་ནམ་མཁའ་སྤྲིན་དག་པ་ལྟ་བུ་སྟེ་ལྔའམ། ལྔ་པ་ཉིད་འབར་བ་ཟླ་ཉི་སྒྲ་གཅན་གློག་ཐིག་ལེ། དེ་གསལ་ཞིང་འཚེར་བ་དང་། འདར་བ་དང་། གཞོམ་གཞིག་མེད་པའི་དབུས་སུ་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་ཚོམ་བུ་ཅན་ནམ། ཚོམ་བུ་མེད་པ་དང་ལྷ་དཔའ་བོ་གཅིག་པ་དང་། རྒྱན་ཅན་རྒྱན་མེད་རིམ་པ་དང་རིམ་མིན། ཐོད་བརྒལ་དུ་མངོན་སུམ་དུ་མཐོང་སྟེ། གཟུང་བ་དེ་དག་འགྱིང་ལོག་ཏུ་བྲིས་པའི་ལྷའི་གཟུགས་མེ་ལོང་དུ་སྣང་བ་དང་མཚུངས་པར་གཟུགས་བརྙན་རྫོགས་པ། འཇའ་ཚོན་ལྟར་འོད་ཟེར་ལྔའི་ཁ་དོག་གི་དབྱེ་བ་ཡོངས་སུ་གསལ་བ། ཆུའི་ཟླ་བ་ལྟར་སྟེང་འོག་ཕྱོགས་མཚམས་གར་བལྟས་སུ་ཁྱབ་པ་སྟེ་དཔེའི་གཙོ་བོ་གསུམ། ལྷག་མ་དགུས་ཀྱང་ཉེ་བར་མཚོན་ནུས་པ་དེ་ལ་འཛིན་པའི་སེམས་ཞེན་དུ་བཅུག་ན་སྣང་བ་དེ་དག་རྒྱས་པར་འཕེལ་བ་དང་། མ་བརྟགས་པར་དབྱིངས་དང་རིག་པ་བསྲེས་ཏེ་བཞག་ན་ཇེ་ཕྲ་ཇེ་ཕྲ་མཐར་དམིགས་པ་མེད་པར་གྱུར་ནས་མངོན་པར་བྱང་ཆུབ་བར་འཆར་བ་ཡིན་ནོ། །བོགས་འབྱིན་པར་འདོད་ན་སྣང་བ་སྒྱུ་མ་མེ་ལོང་གིས་མཚོན་པའི་ལྷའི་སྐུ་ལ་བསླབ་པ་དང་། རྨི་ལམ་སྒྱུ་མ་བཟུང་སྦྱང་སྤེལ་བསྒྱུར་སྒྱུ་མ་དེ་ཁོ་ན་ཉིད་ལ་བསླབ་པ་དང་། དེས་གལ་ཏེ་ཚེ་འདིར་སྦྱངས་པ་མངོན་དུ་མ་གྱུར་ན་བར་དོ་སྒྱུ་མ་ལ་བསླབ་སྟེ། སྒྱུ་མ་གསུམ་འཁྱུད་ཅེས་བྱའོ། །གཞན་དུ་སྒྱུ་མའི་སྣང་བ་ཕྱོགས་མེད་དུ་འབྱོངས་པས་མ་དག་པའི་ལས་སྣང་ནུབ། ནམ་མཁའི་མཛོད་འཐོབ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་བར་བྱེད་དོ། །ཇི་སྐད་བཤད་པའི་སྟོང་གཟུགས་ལ་སོགས་པས་ཁམས་གསུམ་པོ་ཐམས་ཅད་ཀྱི་རྡུལ་ཕྲ་མོར་རེའང་གཟུགས་ཐམས་ཅད་པར་ལངས་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་པ་ཡིན་ལ། དེའི་ཚེ་རང་ཉིད་རྣམ་པར་སྣང་མཛད་ལ་སོགས་པར་སྤྲུལ་ཏེ་ཞི་སོགས་ཀྱི་ལས་རབ་འབྱམས་གདུལ་བྱའི་རྐྱེན་བཞིན་དུ་སྦྱར་བར་བྱའོ། །ལྔ་པ་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་ནི། མངོན་པར་བྱང་ཆུབ་པས་ཞེས་པས་བསྟན་ཏེ། སྒྱུ་མའི་སྐུ་བསམ་གཏན་གཉིས་ཀྱིས་སྦྱངས་ནས་ཡང་དག་པའི་མཐའ་ལ་འཇུག་པ་མངོན་བྱང་སྟེ་དོན་དམ་པའི་བདེན་པ་ཡིན་ནོ། །དེ་ལ་ཡང་ཕྱི་དང་ནང་གི་བྱང་ཆུབ་པ་གཉིས་ལས། དང་པོ་ནི། མཚན་མོ་དང་ཉིན་མོ་དང་སྲོད་ཀྱི་མཚམས་དང་། དེ་གསུམ་འདས་པའི་ཐོ་རངས་ཀྱི་དུས་ཀྱི་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ནི་སྟོང་པ་གསུམ་དང་བཞི་པ་ཐམས་ཅད་སྟོང་པ་འོད་གསལ་མཚོན་པར་བྱེད་པ་དཔེའོ། །ནང་གི་ནི། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་རྣམ་པ་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན། དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱིས་མིག་གིས་མཐོང་ངོ་། །དེ་ལྟར་ཐམས་ཅད་སྟོང་པ་ཉིད་མངོན་གསུམ་དུ་བྱས་ནས་ཉིན་མཚན་དུ་བསམ་གཏན་རྣམ་པ་གཉིས་ལ་དམིགས་པར་བྱེད་དོ། །དང་པོར་རྗེས་གཞིག་ནི། སངས་རྒྱས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཅིག་རླུང་དང་རྣམ་པར་ཤེས་པ་ཙམ་ལས་བསྐྱེད། དེ་ནི་ལོངས་སྐུ། དེས་སེམས་ཅན་གྱི་དོན་མི་བྱེད་པས་སྤྲུལ་པའི་སྐུ་སངས་རྒྱས་མི་བསྐྱོད་པ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གཅིག་ཏུ་བསྒྱུར་ལ་དེའི་ཐུགས་ཀར་ཧཱུྃ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། ནང་བཅུད་ཀྱི་སེམས་ཅན་ཡང་འོད་དུ་ཞུ། འོད་དེ་སྟོང་པར་ཡལ་བཏང་ནས་ཡང་དག་པའི་མཐའ་ལ་གཞུག་པ་རྗེས་གཞིག་སྟེ་མེ་ལོང་གི་དབུགས་སྡུད་པ་ལྟ་བུའོ། །གཉིས་པ་རིལ་འཛིན་ནི། གཞན་འདྲ་བ་ལ། ཧཱུྃ་དེའི་འོད་ཀྱིས་རང་གི་ལུས་ཡས་སྦྱི་བོ། མས་རྐང་མཐིལ་ནས་བཞུ་སྟེ་ཧཱུྃ་ལ་བསྡུས། ཧཱུྃ་གི་ཞབས་ཀྱུ་ཧ་ལ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། སྒྲ་རིས་དེ་ཡང་སྟོང་ཡལ་གྱིས་བཏང་ནས་ཡང་དག་པའི་མཐའ་ལ་གཞུག་པ། དེ་ཡང་ཁ་བའི་གོང་བུ་ཆུ་བསྐྱུར་བ་ལྟ་བུ་ཇེ་ཆུང་ཇེ་ཆུང་དུ་ཞུ་བ་ལས་མཐར་ཐིམ་པ་ལྟ་བུའོ། །དྲུག་པ་བདེན་པ་གཉིས་སུ་མི་ཕྱེད་པ་ཟུང་འཇུག་གི་ཏིང་ངེ་འཛིན་ནི། ཟུང་འཇུག་རིམ་པ་ཤེས་འགྱུར་ཞེས་པས་བསྟན་ཏེ། བདེན་པ་གཉིས་གཉིས་སུ་མེད་པ་ཤིན་ཏུ་ཡང་དག་པའི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཡིན་པས་ཟུང་འཇུག་གོ །མངོན་པར་བྱང་ཆུབ་པའི་རིམ་པ་འདི་ལ་འོད་གསལ་བའི་མན་ངག་ཡང་དག་པར་ཐོབ་པར་གྱུར་པ། དེའི་ལུས་དང་ངག་དང་སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པ་ཡིན་པས། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དེ་ལ་ནི། སེམས་པ་མེད་ཅིང་སྨྲ་བ་མེད་པ་མྱ་ངན་ལས་འདས་པའི་ཁམས་ཏེ། གཟུགས་མེད་པ་རིག་པར་དཀའ་བ། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ། ཉི་མ་དང་ཟླ་བ་དང་མེ་དང་ནོར་བུའི་འོད་ཀྱི་ངོ་བོ་ཉིད་བཞིན་དུ་ཤིན་ཏུ་གསལ་བའོ། །དེ་ལས་ནི་མུན་པའི་སྣང་བ་སྟེ། སྣང་བ་ཉེ་བར་ཐོབ་པ་ལ་སོགས་པར་འགྱུར་རོ། །སྣང་བ་ཉེ་བར་ཐོབ་པ་ལས་གསལ་བའི་ཉི་མའི་འོད་ཟེར་གྱིས་སྣང་བ་ཚ་བའི་ངོ་བོ་ཉིད་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ། །དེ་ལས་གསལ་བའི་ཟླ་བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བས་ཁྱབ་པ་ཤེས་རབ་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ། །དེ་བས་ན་སྟོང་པ་བཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བྱེད་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་བཅད་དུ་མེད་པ་དང་། གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་ཉིད་འཕོ་བ་མེད་ཅིང་ཟག་པ་མེད་པ་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ། འདོད་པ་ཙམ་གྱིས་དབང་དུ་གྱུར་པ་དང་། ཆུ་ལས་ཉ་ལྟ་བུའམ། མྱུར་བར་གཉིད་ལོག་པ་སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་གྱུར་པའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བ་ན་ཐར་པ་ཞེས་བྱའོ། །རབ་ཅིག་ཅར་བའི་དབང་དུ་བྱས་སོ། །འབྲིང་ཐོད་བརྒལ་བ་ཡིན་ན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྙེད་ནས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གང་ཡང་རུང་བས་རིམ་པ་ཕྱི་མ་གཉིས་བསྒྲུབ་བོ། །རིམ་སྐྱེས་པ་ཞིག་ཡིན་ན་ལྟ་བ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་འགྱུར་བ་ནི་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་ཡང་དག་པར་མངོན་པར་རྟོགས་ནས། བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས་ཐ་མལ་པའི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབས་པའི་རིམ་གྱིས་ལྡང་བར་བྱའོ། །ཞེས་བརྟན་པའི་སེམས་བསྐྱེད་དེ། །དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུའང་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །གསང་བ་འདུས་པ་གངས་ཅན་མཚོར། །རྒྱན་བདུན་གཟིངས་ལས་ཞུགས་པ་རྣམས། །ཀུན་རྟོག་ཀློང་དུ་འཁྱམ་ཀ་བར། །ལེགས་བཤད་མཐུན་པའི་རླུང་འདི་གཡོས། རིམ་པ་ལྔར་འཁྲིད་པ། རྣལ་འབྱོར་ཕའི་རྒྱུད་ཀྱི་སྙིང་པོ་བསྡུ་བ། པདྨ་དཀར་པོས་ལེགས་པར་སྨྲས་པའོ།། །།མངྒལཾ།། །། ༄༅༅། །བསྲེ་སྐོར་ལས། ཕྱག་རྒྱ་བཞིར་འཁྲིད་པ་རྣལ་འབྱོར་མའི་རྒྱུད་ཀྱི་སྙིང་པོ་བསྡུ་བ་ཞེས་བྱ་བ་བཞུགས་སོ།། གཙོ་བོ་ཆོས་ཀྱི་སྦྱིན་བདག་ཆེ། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །དཔལ་ལྡན་བླ་མར་ཕྱག་འཚལ་ལོ། །ཚེ་འདིས་རྡོ་རྗེ་སེམས་དཔའ་ཉིད། །སྒྲུབ་པར་བྱེད་པའི་ཚོགས་ཀྱི་ནང་། །རྒྱུད་སྡེའི་གསང་བ་ཀུན་ཕྱེ་བས། །འོག་མིན་གནས་ན་སླེབ་བམ་སྙམ། །འདིར་ཐེག་པ་ཆེན་པོ་ལ་ཡང་དག་པར་སྦྱོར་བའི་རྫོགས་པའི་རིམ་པ་ཕྱག་རྒྱ་བཞི་པ་རྣལ་འབྱོར་མའི་རྩ་བའི་རྒྱུད་རྣམས་སུ་གསུངས་ཤིང་། བཤད་པའི་རྒྱུད་དུ་མར་གཏན་ལ་ཕབ་པ། ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་འདིར་སྙིང་པོར་བསྡུ་བར་མཛད་པ་འདི་བཤད་པ་ལ་བཞི་སྟེ། ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱའོ། །དང་པོ་ནི། ལས་དང་ཞེས་པས་བསྟན་པ་འདིར་ཕྱག་རྒྱ་བཟང་མོ་ནི་ལུས་ཅུང་ཟད་ཕྲ་ཞིང་སྐྲ་ནག་པ། རྐང་པ་དང་། ལག་པ་འཇམ་པ། སེམས་ཅན་ལ་མཉེས་གཤིན་པ། དུས་ཤེས་པ་ཀུན་རྫོབ་ཀྱི་སྔགས་དང་རོལ་མོ་ཤེས་པ་གར་དང་གླུ་སྒེག་པ་ཤིན་ཏུ་མཛེས་པ་བཅུ་གཅིག་ནས་ཉི་ཤུ་རྩ་བཞིའི་བར་གྱི་ཚད་དང་ལྡན་པའོ། །དེའི་མདོམས་སུ་བཤད་པ་ནི། སྤུ་མེད་པ་ཤ་རྒྱས་པ་འཐུག་པ་རུ་སྦལ་རྒྱབ་ལྟ་བུ་མཛེས་པ་གླང་པོ་ཆེའི་དབང་པོའི་ཕྲག་པ་ལྟར་སྣང་བ་ཡངས་པ་ཤིན་ཏུ་དགའ་བ་འཇོ་བར་བྱེད་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཅུང་ཟད་རིང་བ་མིག་ཤིན་ཏུ་གཡོ་བ་མ་ཡིན་པ་ནི་པདྨ་ཅན་ཞེས་བརྗོད་པར་བྱའོ། །དེ་ལྟ་བུ་བཙལ་བར་བྱ་སྟེ། དེ་རྙེད་ན་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཡང་དག་པར་འགྲུབ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མ་དེས་གཟུང་བའི་ཕྱིར་རོ། །རྙེད་ནས་རང་དང་ལྷན་ཅིག་སེམས་ཅན་ཐམས་ཅད་ཟུང་འཇུག་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་གོ་འཕང་ལ་འགོད་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཚེ་འདི་ཉིད་ཀྱིས་མངོན་དུ་བྱའོ་སྙམ་པའི་སྨོན་སེམས་བསྐྱེད་ནས། འཇུག་པའི་སེམས་ནི་འདི་ལྟར། ཨོཾ་ཤཱུནྱཏཱ་ཛྙྱཱ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། སྒྱུ་མ་ཙམ་གྱི་སྣོད་ཀྱི་འཇིག་རྟེན་བསྲུང་འཁོར་གཞལ་ལས་ཁང་གདན་བཅས་སུ་བསླང་། །གཡོན་རླུང་ཨཱ་ལིའི་གདངས་སུ་བཅིངས། ལུས་ཆོས་ཟླ་བའི་དཀྱིལ་འཁོར་དུ་བསྲེ། གཡས་རླུང་ཀཱ་ལིའི་གདངས། ངག་ཆོས་ཉི་མ། སྟེང་གི་མཉམ་རླུང་ཧཱུྃ་གདངས་སེམས་ཆོས། རྡོ་རྗེ་ཧཱུྃ་བཅས་བདེ་ཉམས། རླུང་གཉིས་ཕྱིར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྙིགས་མ་སྦྱངས། དཔལ་ཧེ་རུ་ཀར་སད། ནང་དུ་སྟེང་འོག་ཁ་སྦྱར་དུ་བརྔུབས། ཐམས་ཅད་རོ་གཅིག་ཏུ་གྱུར་པ་ལས་སྐད་ཅིག་གིས་གཟུགས་ཀྱི་ཕུང་པོ་རྣམ་སྣང་། ཚོར་བ་རྡོ་རྗེ་ཉི་མ་འདུ་ཤེས་པདྨ་གར་དབང་། འདུ་བྱེད་རྡོ་རྗེ་རྒྱལ་པོ། རྣམ་ཤེས་རྡོ་རྗེ་སེམས་དཔའ། ལྔ་པོའི་སྤྱི་གཟུགས་ཧེ་རུ་ཀ་ཡབ་ཡུམ། མིག་གཏི་མུག་རྡོ་རྗེ། རྣབ་ཞེ་སྡང་། སྣ་སེར་སྣ། ལྕེ་འདོད་ཆགས། རེག་ཕྲག་དོག ཡིད་དབང་ཕྱུག་རྡོ་རྗེ། ས་ཁམས་ལྟུང་བྱེད་མ། ཆུ་ཁམས་གསོད་བྱེད་མ། མེ་ཁམས་འགུགས་བྱེད་མ། རླུང་ཁམས་གར་གྱི་དབང་ཕྱུག་མ། ནམ་མཁའ་པདྨ་དྲ་བ་མར་གདོད་ནས་གྲུབ་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་གསལ་བཏབ། དེ་ནས་སྲཱིཿདང་ཧཱུྃ་ཡིག་དག་ལས་སྐྱེས་པའི་པདྨ་དང་རྡོ་རྗེ། ཨ་དང་ཨོཾ་ཡིག་དག་གིས་བྱིན་གྱིས་བརླབས་པའི་ཟེའུ་འབྲུ་དང་ནོར་བུར་ལྡན་པ་བལྟས་ལ། ཡབ་ཡུམ་གཉིས་བལྟ་བ་ལ་སོགས་པའི་འདོད་པ་ལྔའི་བདེ་བར་རོལ་བཞིན་དུ་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ཞིང་རུ་སྦལ་འགྲོས་ཀྱིས་སྲུབ་པའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཞལ་དུ་བཀུག དེའི་རིགས་ཀྱི་ངོ་བོ་སྔགས་ཀྱི་ཐིག་ལེའི་གཟུགས་ཀྱིས་ཞུ་བ་འཁོར་ལོ་བཞིར་སོན་པའི་རིམ་གྱི་དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས། ནོར་བུའི་རྩེ་མོར་བརྟན་པའི་བདེ་བ་ཆེན་པོའི་ངོ་བོར་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རོ་གཅིག་ཏུ་གྱུར། སླར་ཡང་ཧཱུྃ་གིས་སྦྱོར་ཡུམ་གྱི་དམར་ཆའི་དྭངས་མ་དྲངས། ནོར་བུའི་ལྟེ་བའི་དབུས་སུ་ཐིག་ལེ་གཉིས་ཀྱི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའི་རང་བཞིན་དུ་རྣམ་པར་གནས་པར་བལྟའོ། །དེ་ནི་འབེབས་པའོ། །དེ་ནས་པདྨའི་ཟེའུ་འབྲུ་ལ་རྡོ་རྗེ་བུ་ག་རེངས་པ་དང་བཅས་པའི་སྟོབས་ཀྱིས་དྲག་ཏུ་གཏད་དེ་ཡང་དག་པར་བཙིར་བས་དེ་ཉིད་དུ་སྲོག་ཐུར་འདྲེས་པ་ཐོབ་ནས་མི་འཕོ་བར་འགྱུར་ཏེ། དེའི་བདེ་བ་ཟག་པ་དང་བཅས་པ་རྡོ་རྗེ་ཟླ་བ་དྲི་མེད་འོད་དང་། རྡོ་རྗེ་ཉི་མ་སྣང་བ་ཆེན་པོ་ཁ་སྦྱར་བའི་ཐིག་ལེ་ཡུངས་ཀར་ལྟ་བུ་ལ་རྟེན་དང་བརྟེན་པའི་འཁོར་ལོ་མཐའ་དག་གི་གཟུགས་བརྙན་འཆར་དུ་འཇུག་གོ །དེ་ལས་སྣང་བ་གསུམ་གྱི་འོད་གསལ་རྟོགས་པར་འགྱུར་རོ། འདི་ནི་ཨ་ཝ་དྷཱུ་ཏཱིར་བསྐྱིལ་བ་ཡིན་ནོ། །དེ་ནས་འོག་རླུང་ལྟེ་འོག་ཏུ་དྲག་ཏུ་དྲངས་ལ། དབུ་མའི་སྒོར་སྤྲིན་ཆགས་པ་ལྟར་གནས་པའི་སྟེང་དུ་སྟེང་རླུང་གཉིས་ཆ་མཉམ་དུ་བརྔུབས་པ་ལྷུང་བ་ཡར་ཐབས་སུ་དྷཱུ་ཏཱིར་ཞུགས་ཏེ་རང་བཞིན་གྱི་གནས་པའི་མེ་དང་རོ་མཉམ་པ་ཉིད་དུ་བསམས་ལ་ལྟེ་བའི་བུམ་ཅན་བཟུང་། གླང་ཆེན་ཧིང་གི་འཁྲུལ་འཁོར་གྱིས་བཟློག དེ་བཞིན་དུ་སྙིང་གའི་མི་ཤིགས་པ་དང་བསྲེས། སྙིང་གའི་བུམ་ཅན་བཟུང་། གཅན་གཟན་གྱི་ངར་སྐད་ཀྱིས་བཟློག མགྲིན་པའི་མི་ཤིགས་པ་དང་བསྲེས། མགྲིན་པའི་བུམ་ཅན་བཟུང་། གཅན་གཟན་གྱི་སྐྱུགས་སྟངས་ཀྱིས་བཟློག སྤྱི་བོའི་མི་ཤིགས་པ་དང་བསྲེས། སྤྱི་བོའི་བུམ་ཅན་གཟུང་། གཅན་གཟན་གྱི་སྣོམ་གྱིས་བཟློག་པའོ། །དེ་ནས་ལུས་ཐམས་ཅད་དུ་བུམ་པ་ཅན་ཉིན་ཞག་གཅིག་ཐུན་བརྒྱད་དུ་ཕྱེ་བའི་ཐུན་ཕྱེད་དུ་སྲོག་དགག་པ་ཆུང་ངུ་། ཉིས་འགྱུར་འབྲིང་། དེ་ཉིས་འགྱུར་ཆེན་པོ་གནས་སྐབས་དང་བསྟུན་པ་བཟུང་། སེང་གེ་རྣམ་རོལ་གྱིས་བྱང་ཆུབ་ཀྱི་སེམས་ལུས་ཀྱི་ཆ་ཐམས་ཅད་དུ་ཁྱབ་པར་གནས་ཤིང་། དེ་མི་འགྱུར་བའི་བདེ་བའི་རྒྱུར་བསྲེལ་བའི་དོན་གྱིས་ན་རྒྱུ་ཞེས་གསུངས་སོ། །ཅུང་ཟད་ནོར་བུ་ལས་ཕྱིར་ལྷུང་ན་རང་གི་ལྕེས་བླང་བར་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་འཕེལ་བའི་སླད་དུའོ། །གཉིས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། ཡེ་ཤེས་ཞེས་པས་བསྟན་པ་ལས་རྒྱ་ལས་སྣང་བ་གསུམ་གྱི་མཚན་ཉིད་ཅན་གྱི་འོད་གསལ་རྙེད་ནས། རྟེན་ལས་རྒྱ་བཞག་ནས་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པའི་སྤྲོ་བ་དང་ལྡན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གཟུགས་བརྙན་གྱི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་ངེས་པར་བྱས་ནས་འོད་གསལ་བར་རབ་ཏུ་ཞུགས་པ་ལས་སྐད་ཅིག་གིས་ཡན་ལག་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ་དཀྱིལ་འཁོར་བས་བསྐོར་བའི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པས་བདེ་བ་ཆེན་པོའི་རང་བཞིན་གྱི་རིགས་ཀྱི་བདག་པོས་དབུ་རྒྱན་ཅིང་། ཐུགས་ཀའི་ས་བོན་དང་ལྡན་པ། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་སྐལ་པ་ཇི་ལྟ་བར་ཆོས་སྟོན་པ་ལ་སོགས་པས་གཞན་ལ་ཕན་པ་རྣམས་མཛད་དེ་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་འཇོག་ཅིང་སྡུས་པ་བསམ་གྱིས་མི་ཁྱབ་པའི་སྐུར་འཆར་བར་བྱས་ལ། དེའི་ལུས་ཀྱི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་གདབ་ཅིང་། ཡིད་ཀྱིས་བརྟགས་པའི་ལྷ་མོ་དག་དང་རྣལ་འབྱོར་མ་ཀུན་ཏུ་རྒྱུ་བའི་ངེས་པ་དང་སྦྱར་ཏེ་ལྷན་ཅིག་སྙོམས་པར་འཇུག་པའི་ཚེ་ལྟེ་བའི་འཁོར་ལོའི་དབུས་སུ་ཧོཿཡིག་ཡོངས་སུ་གྱུར་པའི་ཙཎྜྻཱ་ལི་སོར་བཞི་པའི་ཚད་ཙམ་པ་ཁ་དོག་དམར་ཞིང་རྩེ་མོ་རྣོ་བ་གྱེན་དུ་ལངས་པ་ལས་མེ་གྱེན་དུ་འབར་ཏེ་སྙིང་གའི་འཁོར་ལོར་སོང་། གཡས་ནས་དཀྱིལ་འཁོར་ལྔའི་ཆོས་ཅན་གྱི་ཡུམ་ལྔ་དང་། གཡོན་ནས་ཕུང་པོ་ལྔའི་ཆོས་ཅན་གྱི་དེབཞིན་གཤེགས་པ་ལྔ་བསྲེགས། སླར་ཡང་གྱེན་དུ་སོང་བས་མགྲིན་པ་དང་དཔྲལ་བའི་འཁོར་ལོའི་ལྟེ་བ་ཕུག གཙུག་ཏོར་གྱི་འཁོར་ལོའི་ལྟེ་བའི་ཧཾ་ཡིག་ལ་མེའི་གདུང་བ་ཡང་དག་པར་ཐིམ་པས་དེ་བསྲེགས་པ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་རྒྱུན་གཙུག་ཏོར་ནས་མགྲིན་པའི་བར་དུ་འོང་བ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་། ཕྱི་རོལ་ཏུ་དཀར་པོའི་ཚེས་གཅིག་ནས་ལྔའི་བར་དུ་དག་པ་ཡིན་ལ། དེ་བཞིན་དུ་སྙིང་གའི་བར་དུ་འོང་བ་རྣམ་པར་སྨིན་པ་དང་། ཚེས་དྲུག་ནས་བཅུའི་བར་དང་། ལྟེ་བར་འོང་པ་རྣམ་པར་ཉེད་པ་དང་། ཚེས་བཅུ་གཅིག་ནས་བཅོ་ལྔའི་བར་དང་། ནོར་བུའི་རྩེ་མོའི་མཐར་ཐུག་པར་ཡོངས་སུ་གང་བ་ནི་མཚན་ཉིད་དང་བྲལ་བ་སྟེ། བཅོ་ལྔའི་ཟླ་བའི་ཆ་ཡོངས་སུ་རྫོགས་ནས་ནག་པོའི་ཚེས་གཅིག་མ་ཞུགས་པའི་བར་གྱི་ཆ་བཅུ་དྲུག་གི་སྐད་ཅིག་རྣམ་པར་དག་པའོ། །དེར་ལྷན་ཅིག་སྐྱེས་པ་གང་ཉམས་སུ་མྱོང་བ་དེ་ནི་སྤྲོས་པ་དང་བྲལ་བ། རྣམ་པར་མི་རྟོག་པ། མ་བཅོས་པ། སྐྱེ་འགག་མེད་པ། དཔེར་ན་མུན་ཁུང་དུ་མར་མེ་བཏེག་པ་ལྟ་བུའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ཤེས་རབ་དང་ལྷན་ཅིག་པ་ཉེར་ལེན། དེ་དང་ཚོགས་པ་གཅིག་པའི་མི་ཤིགས་པའི་རླུང་ལྷན་ཅིག་བྱེད་རྐྱེན། དེ་ལས་པྲ་བརྒྱད་ཕབ་པའི་སྣང་བས་མཚོན་ནུས་པའི་གཟུགས་བརྙན་གྱི་རྣམ་པར་འཆར་བཞིན་པ། དེ་ཉིད་ལ་སོ་སོར་རང་རིག་པའི་བདག་ཉིད་དུ་བརྟན་པར་བྱས་པས་ཐིག་ལེ་ནམ་ཡང་འཛག་པར་མི་འགྱུར་ཞིང་བདེ་བའི་བདག་ཉིད་དུ་བསྒོམ་པར་འགྱུར་བས་བསྒོམ་བྱ་ཞེས་བསྟན་ནོ། །གསུམ་པ་ཕྱག་རྒྱ་ཆེན་པོ་ནི། ཕྱག་རྒྱ་ཞེས་པས་བསྟན་པ་ནོར་བུ་དང་གསང་བའི་གནས་སུ་ལྷན་ཅིག་སྐྱེས་པ་ཤར་བའི་རང་བྱུང་གི་སྣང་བ་ལྷར་དག་པ་སྟེ། རླུང་འཇུག་པ་དང་འབྱུང་བར་འགྱུར་བའི་ལམ་ནས་བཀུག་སྟེ་འཁོར་ལོ་དྲུག་གི་སྙིང་གའི་ཐིག་ལེར་རླུང་དང་ལྷན་ཅིག་སྦྱར་ཏེ་གཅིག་ཏུ་བྱས་པའི་སེམས་ཀྱི་སྟོང་པའི་གཟུགས་དེ་དག་གཟུང་བར་བྱའོ། །དེ་ལས་ཁམས་གསུམ་པོ་ཐམས་ཅད་དུ་ཁྱབ་པའི་སྟོང་པ་ཉིད་སོ་སོ་རང་རིག་གིས་གཉིས་སུ་མེད་པར་མྱོང་བས་དབང་པོ་རེ་རེའང་དབང་པོ་ཐམས་ཅད་པར་འགྱུར་ཞིང་། དེ་ཕྱིན་ནས་རྟག་པ་དང་ཆད་པ་དང་། མཐའ་དང་དབུས་ཐམས་ཅད་དང་རྣམ་པར་བྲལ་བ། ཐམས་ཅད་ལ་རབ་ཏུ་མི་གནས་པའི་བདེ་བ་ཆེན་པོ་ནཱ་ད་ཙམ་དུ་གནས་པ་ལ། སོ་སོ་རང་རིག་པའི་ངོ་བོ་ཉིད་དུ་མཉམ་པར་བཞག་པའོ། །ཕྱག་རྒྱ་དེ་ནི་སྤངས་པ་ཆེན་པོ་དང་རྟོགས་པ་ཆེན་པོ་གཉིས་དང་ལྡན་ལ། སྟོན་ཀའི་ཉི་མ་ཕྱེད་པ་ལྟ་བུ་གསལ་སྟོང་ངམ་འཁོར་འདས་རོ་གཅིག་པའི་དོན་ནོ། འདིས་རྡོ་རྗེ་འཆང་ཆེན་པོར་ཡང་དག་པར་རྫོགས་པར་བྱེད་དེ། མཐའ་ཡས་པའི་ཕྱག་རྒྱ་ཆེན་པོས་འཁྱུད་པའི་བདེ་བ་ཆེན་པོ་ཡང་དག་པར་སྐྱེད་པས་དེ་བཞིན་ཐོབ་བྱ་དང་ཞེས་བསྟན་ཏེ་ཐོབ་བྱ་ཐོབ་པར་བྱེད་པའི་དོན་ནོ། བཞི་པ་དམ་ཚིག་གི་ཕྱག་རྒྱ་ནི། དམ་ཚིག་ཅེས་བྱ་འོད་གསལ་ཉིད། ཅེས་པས་བསྟན་ཏེ། ཕྱག་རྒྱ་ཆེན་མོས་རྣམ་པ་ཐམས་ཅད་སྒྱུ་མ་ཙམ་དུ་བྱས་པ་མཆོག་ཏུ་མི་འགྱུར་བའི་བདེ་བས་རྣམ་པ་དེ་ཡང་སྦྱངས་ནས་རང་བཞིན་བསམ་གྱིས་མི་ཁྱབ་པ་མངོན་དུ་བྱེད་ལ། དེ་ཕྱིན་ནས་ཁམས་གསུམ་པོ་མ་ལུས་བརྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་པ་ཆུའི་ཟླ་བ་ཙམ་མཚུངས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་དུ་བཞེངས་ནས། དབང་པོ་མི་འགག་ཅིང་ཐམས་ཅད་དུ་མི་གནས་པའི་རྣལ་འབྱོར་པས་དོགས་པ་མེད་པར་ལྷའི་ང་རྒྱལ་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །དེ་ལ་གོམས་པ་མཐར་ཐུག་པའི་ཚེ་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་སངས་རྒྱས་ཏེ་སྔོན་གྱི་སྨོན་ལམ་གྱི་ནུས་པས་བསམ་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི་ཁྱད་པར་ཇི་ལྟ་བར་ཆོས་ཀྱི་སྐུའི་བདག་ཉིད་ལས། རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྤྲོས་ནས་སེམས་ཅན་གྱི་དོན་བྱེད་དོ། །དེའི་ཕྱིར་ཐམས་ཅད་ཟུང་འཇུག་ལས་མི་འདའ་བར་གདོད་ནས་གནས་པ་ལྟར་གཏན་ལ་ཕེབས་པས། དེ་བཞིན་བཞི་བ་ལྷུན་གྱིས་གྲུབ་པ། ཅེས་བསྟན་ནོ། ལུང་རིགས་གཉིས་སྐྱེས་འབྲས་བུའི་ཐེག་ནང་དུ། གསང་ཚིག་གླུར་ལེན་བསམ་གཏན་ཉམས་བསྟར་བས། དགའ་བ་འདི་ཙམ་བདེ་སོགས་མ་མཆུ་ལ། འཇིབ་པའི་བརྒྱ་བྱིན་དེ་ལའང་ཨེ་ཡོད་དམ། དེ་ལྟར་ཕྱག་རྒྱ་བཞིར་འཁྲིད་པ་རྣལ་འབྱོར་མའི་རྒྱུད་ཀྱི་སྙིང་པོ་བསྡུ་བ། རིག་པ་འཛིན་པ་པདྨ་དཀར་པོས་ལེགས་པར་སྨྲས་པའོ།། །།མངྒལཾ།། །།
༄༅༅། །བསྲེ་སྐོར་ལས་སྦྱོར་བ་ཡན་ལག་དྲུག་ཏུ་འཁྲིད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུ་བ་ཞེས་བྱ་བ་བཞུགས་སོ།། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ངེས་འབྱུང་ཀུན་གྱི་མཐར་སྟེར་བའི། །སློབ་དཔོན་ལ་བཏུད་རྒྱུད་བཞིན་དུ། །རྡོ་རྗེའི་རྣལ་འབྱོར་བཤད་འདི་ཉོན། །འདིར་འབྲས་བུའི་ཐེག་པ་ལ་ཡང་དག་པར་སྦྱོར་བ་བསྙེན་བསྒྲུབ་བཞི། སྦྱོར་བ་ཡན་ལག་དྲུག་ཏུ་ཕྱེ་བ། དམ་པ་དང་པོ་ལ་སོགས་པ་རྒྱུད་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ། དབང་བཞི་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས། སྒྲུབ་པའི་ཐབས། ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་འདིར་སྙིང་པོར་བསྡུ་བར་མཛད་པ་འདི་ལ། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་གྱི་རྣལ་འབྱོར་དྲུག་ལས། དང་པོ་ནི། སོ་སོར་སྡུད་དང་ཞེས་པ། མཚན་མོ་དང་ཉིན་མོའི་རྣལ་འབྱོར་གཉིས་ཀྱིས་ཤེས་པར་བྱ་ལ། དེ་ལས་དང་པོ་གང་དུ་བསྒོམ་པའི་གནས་ནི་ཡིད་དང་རྗེས་སུ་མཐུན་པར་བསྒྲུབས་པའི་མུན་པའི་ཁང་བུར་རོ། །ཇི་ལྟར་བསྒོམ་པའི་ཚུལ་ནི། འཇམ་པའི་སྟན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས། ལག་པ་གཉིས་རྡོ་རྗེའི་ཁུ་ཚུར་བཅངས་པ། བརླ་རྩར་མནན་པའི་གྲུ་མོས་རོ་རྐྱང་གཉིས་དྲག་ཏུ་གཅུན། སྒལ་ཚིགས་བསྲངས། ཕྲག་པ་གཉིས་ཕྱིར་གདེངས། ཨོག་སྐོས་མདུད་མནན། མཆུ་ལ་བར་ཅུང་ཟད་དང་བཅས་པའི་ལྕེ་རྩེ་རྐན་ལ་སྦྱར། མིག་འབྲས་གྱེན་དུ་སློག་པ་གཙུག་ཏོར་ཆེན་པོའི་ལྟ་སྟངས་བཅས། བསམ་པ་ཐམས་ཅད་སྤངས་ནས་ནམ་མཁའི་ཆོས་འབྱུང་ལ་ཐུགས་རྡོ་རྗེ་རབ་ཏུ་བཞག་པས་བསྙེན་པར་བྱའོ། །དེ་དག་ནི་བྱེད་པ་ཡིན་ལ། དེས་བཅིང་པ་ཞེས་པ་རླུང་ངོ་། །ཚུལ་འདིས་རོ་རྐྱང་གི་རླུང་འགགས་པ་ལས་མིག་སོགས་ཀྱི་རླུང་འགག་ཅིང་། དབང་པོ་ཐམས་ཅད་ནུབ་པར་འགྱུར་བ་དང་། འོག་གི་རླུང་གསུམ་ཡང་འགགས་པ་ལས་རྣམ་རྟོག་གི་བཞོན་པའི་རླུང་ཁེགས་པའི་ཕྱིར། སེམས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མངོན་དུ་འགྱུར་ལ་ཤའི་མིག་ཐོབ། རྒྱུ་འདིས་པྲ་བརྒྱད་ཕབ་པའི་སྣང་བས་མཚོན་པ་དུ་བ་དང་། སྨིག་རྒྱུ་དང་། རབ་གསལ་དྲི་མ་མེད་པའི་མཁར་སྣང་ཞེས་པ་སྲིན་བུ་མེ་ཁྱེར་དང་། མར་མེ་བཞིའི་རྟགས་འབྱུང་ལ། དེ་ནས་ཉིན་མོའི་རྣལ་འབྱོར་ལ་འཇུག་སྟེ། སྐྱེ་བོའི་རྒྱུ་འགྲུལ་དང་། ཀླག་ཅོར་གྱིས་དབེན་ཞིང་། ནམ་མཁའི་མཐོངས་མཐོང་བའི་རི་རྩེ་ལ་སོགས་པར་སྔར་བཞིན་གྱིས་བྱེད་པས། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། མཆོག་གི་ཆ་ཞེས་པ་གློག་དང་། ཐིག་ལེ་སྟེ་ངེས་པའི་འོད་གསལ་རྟགས་བཅུ། བུམ་པ་དང་སྣམ་བུ་ལ་སོགས་པ་ཁམས་གསུམ་ན་སྲིད་ཚད་ཀྱི་སྣ་ཚོགས་གཟུགས་དང་། ཡུལ་དང་རྣམ་པར་བྲལ་བ་རྫས་མེད་པའི་སངས་རྒྱས་ཀྱི་སྐུ་མཐོང་བས་སྤྲུལ་པའི་སྐུ་དང་། རྟོག་པ་མེད་པ་སྣ་ཚོགས་པས་དབྱངས་ཐོས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནི་ཐ་མལ་པའི་མིག་སོགས་དྲུག་གི་གཟུང་འཛིན་གྱི་འབྲེལ་པ་བཀག་ནས། ཏིང་ངེ་འཛིན་གྱིས་རྙེད་པའི་ཡུལ་ཡུལ་ཅན་གྱི་འབྲེལ་པ་གསལ་བར་སྟོན་པས་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དོ། །གཉིས་པ་བསམ་གཏན་ནི། བསམ་གཏན་དང་ཞེས་པས། ཤེས་རབ། རྟོག་པ། དཔྱོད་པ། དགའ་བ། གཡོ་མེད་བདེ་བའི་ཡན་ལག་ཅན་ནོ། །བསྒོམ་པའི་ཚུལ་ནི། བྱེད་ལས་ལྷག་པར་བཅིངས་ནས་དུ་སོགས་སྟོང་པ་ཉིད་ཀྱི་དངོས་པོ་ལ་སེམས་རྩེ་གཅིག་ཏུ་ཞུགས་པར་ལྟ་བ་ནི་ཤེས་རབ། རོ་གཅིག་ཏུ་བསྲེས་ཏེ་འཛིན་པ་ནི་རྟོག་པ། གཉིས་མེད་དུ་བརྟན་པར་ཡོངས་སུ་དཔྱོད་པ་ནི་དཔྱོད་པ། དེ་ལས་སྟོང་པ་ཉིད་ལ་རྗེས་སུ་ཆགས་པའི་བདེ་བ་ནང་གི་མྱོང་བའི་མཚན་ཉིད་ཅན་ནི་དགའ་བ་དེ་སྟོང་པ་ཉིད་ལ་རྩེ་གཅིག་པ་ཉིད་ཀྱིས་ནང་གི་བདེ་བ་སོ་སོ་རང་གིས་རིག་པ་ནི་གཡོ་མེད་བདེ་བ་ཡིན་ནོ། །དེ་ཡང་ཤེས་རབ་དང་། རྟོག་པ་ནི་རྒྱུའི་དང་། དཔྱོད་པ་ནི་བསམ་གཏན་གྱི་ངོ་བོའི་དང་། དགའ་བ་དང་གཡོ་མེད་བདེ་བ་ནི་འབྲས་བུའི་ཡན་ལག་ཡིན་པར་རིག་པར་བྱའོ། །དེ་ཡང་མཉམ་བཞག་ཏུ་ནང་གི་དང་། རྗེས་ཤེས་སུ་ཐ་མལ་པའི་ཡུལ་ཡུལ་ཅན་འགོག ལྷའི་མིག་ཐོབ། རྒྱུ་འདིས་ཐིག་ལེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བ་མཐོང་ཞིང་། རི་མོ་ནག་པོ་དེ་ཉིད་ཀྱི་དབུས་སུ་ཐམས་ཅད་མཁྱེན་པའི་སྐུ་ཆུ་ནང་གི་ཉི་མ་བཞིན་དུ་བརྗོད་དུ་མེད་པའི་སྣ་ཚོགས་པའི་ཁ་དོག་ཡུལ་དང་རྣམ་པར་བྲལ་བ་མ་ལུས་པ་མཐོང་བར་འགྱུར་རོ། །དེ་ལ་གཉིས་སུ་སྣང་བ་མེད་པར་སེམས་རྩེ་གཅིག་ཏུ་བརྟན་པར་བྱེད་པས་བསམ་གཏན་ཞེས་བྱའོ། །བསྙེན་པ་ཞེས་པས། སོ་སོར་སྡུད་པ་དང་། བསམ་གཏན་བསྙེན་པའི་ཡན་ལག་དབང་པོའི་མངོན་གསུམ་སྟེ་དྲོད་དོ། སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ། གཟུགས་རྫོགས་པའི་ཟླ་བ་དགུའི་མཐར་མངལ་དུ་བྱིས་པ་སྐྱེ་བའི་མཐར་ཐུག་པ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཡན་ལག་གི་ལྷ་བསྐྱེད་པ་རྫོགས་པ་སྟེ། གསུམ་པ་ལ་ནི་གཟུགས་བརྙན་རྫོགས་པ་ཞེས་བྱའོ། །དེ་ལྟར་བསྙེན་པའི་ཡན་ལག་གིས་གཟུགས་ཡོངས་སུ་རྫོགས་པའི་མཐར། ཤིན་ཏུ་བརྟན་པའི་རི་མོའི་དབུས་སུ་ཁམས་གསུམ་མ་ལུས་པ་གསལ་བ་ནི་འོག་གི་བྱ་གདོང་མའི་ཁ་བྱེ་བ་ཡིན་ལ། དེའི་དུས་སུ་གཉིས་སྣང་མེད་པར་རྩེ་གཅིག་ཏུ་བརྟན་པའི་སེམས་དེ་ཡང་རྡོ་རྗེའི་སྐུའི་རང་བཞིན་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་ལ་ཁྱབ་པའི་ཐིག་ལེའི་གཟུགས་ཅན་ཉིད་དུ་སྣང་བའི་ཕྱིར་སྒྲིབ་པའི་སྤྲིན་གྱི་དྲ་བ་ལས་གྲོལ་བའི་བྱང་ཆུབ་སེམས་ཀྱི་ཟླ་བ་གཙུག་ཏོར་གྱི་པདྨའི་མཐར་ཐུག་པར་གང་བས་ས་བཅུ་གསུམ་གྱི་དབང་ཕྱུག་ཏུ་འགྱུར་ལ། དེས་རབ་བསྙེན་དུས་སུ་གྲོལ་བ་ཞེས་བྱའོ། །གསུམ་པ་སྲོག་རྩོལ་ནི། སྲོག་རྩོལ་ཞེས་པ་སེམས་དཔའི་སྐྱིལ་ཀྲུང་བཅས། ལག་པ་གཉིས་པུས་མོ་ལ་བཀབ། སྒལ་ཚིགས་བསྲངས། མགོ་བོ་ཅུང་ཟད་མདུན་དུ་བཏུད། ལྕེ་རྩེ་རྐན་ལ་སྦྱར། མིག་འབྲས་གཉིས་དབུས་སུ་བསྒྲིལ་བ་བགེགས་མཐར་བྱེད་ཀྱི་ལྟ་སྟངས་བྱས། ཉེར་གཅིག་མའི་སྦྱོར་བས་མ་དག་པའི་རླུང་སྦྱངས། སྣ་བུག་གཉིས་ནས་རླུང་འཇམ་པོར་བརྔུབས་ནས་ལྟེ་འོག་གི་དབུ་མའི་ཁ་སྒོར་གཞུག་པ་ཨོཾ་ཡིག་ཟླ་བའི་བཟླས་པ། རླུང་གི་དྭངས་མས་ཨ་ཝ་དྷཱུ་ཏཱི་གང་བ་རེངས་པའི་སྦྱོར་བས་མི་བདེ་བ་མེད་ཀྱི་བར་དུ་སེམས་རྣམ་པར་མི་རྟོག་པ་ལ་རྩེ་གཅིག་ཏུ་བཞག་པ་ཧཱུྃ་ཡིག་སྒྲ་གཅན་གྱི་བཟླས་པ། ཕྱིར་དབྱུང་བ་ན་རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་བས་མཆན་རྩ་གཅུན་ཏེ་རྒྱུ་བ་མི་མངོན་ཙམ་དུ་བཏང་བ་ཨཱཿཡིག་ཉི་མའི་བཟླས་པའོ། །འདིས་ནི་རླུང་མཉམ་རྒྱུར་འགྲུབ་ཅིང་དབུ་མར་རེངས་པར་བྱེད་ལ། སངས་རྒྱས་ཀྱི་སྤྱན་ཐོབ། སོར་བསམ་གྱིས་བསྒྲུབ་པའི་སྟོང་གཟུགས་འཁོར་ལོ་བཞིའི་ལྟེ་བར་འཇུག་གོ །ཐུན་ཚོད་གཅིག་ནས་བཞི་ལ་སོགས་པའི་བར་ཡོན་པོར་རྒྱུ་བ་ལས། མི་དགེ་བའི་མཚན་མ་དང་འཆི་ལྟས་འཆར་བ་རྣམས་ཀྱང་ངེས་པར་གཞིལ་བར་ནུས་པ་ཡིན་ནོ། །བཞི་པ་འཛིན་པ་ནི། དེ་བཞིན་འཛིན་པ་དང་། ཞེས་པས། རྐང་པ་གཉིས་པདྨའི་གདན་དུ་བྱས་པ་ཙམ་མ་གཏོགས་སྔར་བཞིན་ལ། འོག་རླུང་གཉིས་དུང་ཅན་མའི་ལམ་ལས་དྲངས། ལྟེ་བའི་འཁོར་ལོའི་དབུས་ཀྱི་འོག་གི་ཆར་དུ་བ་ལྟར་ཆགས་པའི་སྟེང་དུ། སྟེང་རླུང་གཉིས་དྷཱུ་ཏཱིའི་ལམ་ལས་དལ་བུས་བཀུག་པ་སྐྱུར་ཐབས་སུ་མནན་ཏེ་ཁ་སྦྱར་བའི་བུམ་པ་ཅན་གྱི་སྦྱོར་བས། སེམས་ལྟེ་བའི་འཁོར་ལོའི་དབུས་ཀྱི་ཐིག་ལེ་དུད་སྤྲིན་ལྟ་བུ་ལ། བསྲེས་ནས་སྟོང་པ་ཉིད་ལ་རོ་གཅིག་བྱའོ། །དེ་ཡང་ལྟེ་བ་ལས་བརྟན་ནས་སྙིང་ག་ལ་ཆུ་བརྟན་པར་བྱ་ཞིང་། དེ་བཞིན་དུ་གཙུག་ཏོར་ནམ་མཁའི་བར་དུ་སྟེ། འཁོར་ལོ་ལྔའི་ལྟེ་བ་ལ་བརྟན་པས་འཛིན་པ་གྲུབ་པ་ཡིན་ནོ། །དེ་ནི་འཁོར་ལོ་དྲུག་གི་སྣ་རྩེའི་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱི་སྲོག་རབ་ཏུ་འགོག་པར་བྱེད་པས་འཛིན་པ། དེས་བྱང་སེམས་འཛག་པ་མེད་པར་བྱེད་ལ། རྒྱུ་འདིས་འབྲིང་ཉེ་བར་བསྒྲུབ་པའི་དུས་སུ་གྲོལ་བ་སྟེ། ཉེར་བསྒྲུབ་ཅེས་པས་ནང་དུ་བྱིས་པ་སྐྱེས་ནས་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི་སྲོག་རྒྱུས་ནས་ཚིག་མི་གསལ་བའི་བར་དང་དཀྱིལ་འཁོར་དུ་ལས་རྒྱལ་མཆོག་སྟེ་རྣམ་པ་ཉི་ཤུས་རྫོགས་པར་བྱང་ཆུབ་པའོ། །དེ་ལྟར་སྲོག་རྩོལ་དང་འཛིན་པ་གསུང་རྡོ་རྗེར་ཉེ་བར་བསྒྲུབ་པའི་ཡན་ལག་ཡིད་ཀྱི་མངོན་སུམ་སྟེ་རྩེ་མོའོ། །དེ་ལྟར་བསྙེན་པ་དང་ཉེར་བསྒྲུབ་གཉིས་ཀྱིས་རྒྱུ་སྟོང་ཉིད་ཀྱི་གཟུགས་བསྒྲུབ་པའོ། །ལྔ་པ་རྗེས་དྲན་ནི། །རྗེས་སུ་དྲན་པ་ཞེས་པས། འཛིན་པ་བརྟན་པར་གྲུབ་པའི་དབང་གིས་གཏུམ་མོ་བལྟོས་མེད་དུ་འབར་བ་སྟོབས་སུ་བྱ་བ་ནི། ལུས་གནད་སྔ་མ་བཞིན། འོག་རླུང་གསང་གནས་ཀྱི་དབུ་མའི་ཁ་སྒོར་ཙཎྜྻཱ་ལི་མར་མེའི་རྩེ་མོ་ལྟར་ཕྲ་བ་འབར་བཞིན་པའི་འོག་གི་ཆར་དྲངས། སྟེང་རླུང་གཉིས་དལ་བུས་བཀུག་པ་རོ་རྐྱང་གཉིས་ལས་བརྒྱུད་དེ་འོང་བ་དང་ཁ་སྦྱར་བས་མེ་དེ་ལྷག་པར་སྟོབས་སུ་གྱུར། ལྟེ་བའི་འཁོར་ལོའི་ལྟེ་བ་ཕུག་པའི་བར་ལ་བརྟེན་པར་བསླབ། དེ་ནས་རིམ་གྱིས་སྙིང་ག་དང་མགྲིན་པ་དང་དཔྲལ་བའི་འཁོར་ལོའི་ལྟེ་བ་རྣམས་ཕུག་སྟེ་གཙུག་ཏོར་གྱི་འཁོར་ལོའི་དབུས་ན་ཐིག་ལེ་ཧཾ་ཡིག་གི་གཟུགས་ཅན་འོག་ཏུ་ཕྱོགས་ཏེ་གནས་པ་ལ་རེག་པས། མར་མེའི་རྩེ་མོས་རེག་པའི་མར་གྱི་རྒྱུན་ཞུ་བ་ལྟར། བྱང་ཆུབ་སེམས་ཞུ་བའི་རྒྱུན་གྱིས་དཔྲལ་བའི་འཁོར་ལོ་ནས་གསང་གནས་ཀྱི་འཁོར་ལོའི་བར་གང་བ་ལ་རིམ་པ་རིམ་པས་སློབ་ཅིང་། མཐར་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་མཐར་ཐུག་པའི་རྩ་ཐམས་ཅད་ཁྱབ་པར་གང་བ་ལ་བསླབ་བོ། དེའི་ཚེ་དགའ་བ་ལ་སོགས་པའི་སྣང་བ་དུ་སོགས་སྟོང་པ་ཉིད་དུ་འཆར་བཞིན་པ་ལ་སེམས་རོ་གཅིག་ཏུ་བྱས་ནས། རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་འདོད་པའི་ལྷ་མངོན་གསུམ་དུ་བྱའོ། །དེས་ཤེས་རབ་ཀྱི་མིག་ཐོབ། བོགས་འབྱིན་ན་ཕྱག་རྒྱ་གསུམ་ལ་བསླབ། གཏུམ་མོ་འབར་བའི་རྗེས་སུ་སྟོང་པ་ཉིད་ཐམས་ཅད་དྲན་པས་རྗེས་དྲན་ནོ། །བསྒྲུབ་པ་དང་ཞེས་པས། ནང་དུ་བྱིས་པ་ཚིག་གསལ་བ་ནས་ལོ་བཅུ་དྲུག་ཏུ་མ་ལོངས་ས་བོན་མ་ལྷུང་བའི་བར་རོ། །དཀྱིལ་འཁོར་དུ་ཐིག་ལེའི་རྣལ་འབྱོར་ཏེ། སྣ་ཚོགས་སྤྲུལ་པའི་དཀྱིལ་འཁོར་འཆང་ངོ་། །རྣམ་པ་ལྔས་མངོན་པར་བྱང་ཆུབ་པ། དེ་ལྟར་ཐུགས་རྡོ་རྗེ་བསྒྲུབ་པའི་ཡན་ལག་རྣལ་འབྱོར་མངོན་གསུམ་སྟེ། ཆོས་ཆེན་པོ་ལ་བཟོད་པའོ། །དྲུག་པ་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཞེས་པས། རྣམ་པ་གཉིས་ཏེ། དང་པོའི་རྒྱུའི་དུས་ན་སོ་སོར་སྡུད་པ་དང་བསམ་གཏན་གྱིས་གཙུག་ཏོར་དང་དཔྲལ་བའི་འདབ་མ་གཉིས་སུ་བྱང་ཆུབ་ཀྱི་སེམས་གང་བ་བརྟན་པར་བྱས་པ། སྲོག་རྩོལ་དང་འཛིན་པས་མགྲིན་པ་སྙིང་ག་ལྟེ་བ། རྗེས་དྲན་དང་ཏིང་ངེ་འཛིན་གྱིས་གསང་གནས་དང་ནོར་བུའི་མཐར་ཐུག་པ་ཡོངས་སུ་གང་བ་བརྟན་པར་བྱས་པ་མི་གནས་པའི་མྱ་ངན་ལས་འདས་པར་བཞག་པ་འདི་ནི་ཆོས་ཀྱི་མཆོག་གོ །འདིའི་བསྒོམ་བྱ་ནི། རྗེས་དྲན་དུ་མཚོན་པའི་ལྷན་སྐྱེས་དེ་ཉིད་བརྟན་པར་མངོན་དུ་བྱས་ཏེ། ཁམས་གྱེན་དུ་འཆིང་བའི་སྦྱོར་བས་ཕྱག་རྒྱ་ཆེན་མོ་ལ་རྣམ་པར་མི་རྟོག་པའི་རོ་གཅིག་ཏུ་འཁྱུད་ནས་བདེ་བ་ཆེན་པོ་མངོན་དུ་བྱ་བ་ཉིད་ལས་བསྒོམ་པར་བྱ་བ་གཞན་མེད་དོ། །དེ་བརྩོན་པ་ཆེན་པོས་ཉམས་སུ་བླང་བ་ལས་ཏིང་ངེ་འཛིན་གྱིས་ཡན་ལག་ཐོབ་ནས། དུས་ཀྱི་འཁོར་ལོའི་ལོ་ཡིས་རྣལ་འབྱོར་པ་སངས་རྒྱས་ཉིད་དུ་འགྱུར་ཞིང་། དུས་ཀྱི་འཁོར་ལོའི་ལོ་ནི་ལོ་གསུམ་དང་ཕྱོགས་གསུམ་སྟེ། དེ་ཡང་འཁོར་ལོ་དྲུག་པོ་རེ་རེ་བཞིན་དབུགས་སུམ་སྟོང་དྲུག་བརྒྱ་པ་རེ་འགོག་ཅིང་མི་འགྱུར་བའི་བདེ་བ་གྲངས་དེ་སྙེད་འཕེལ་བའི་དབྱེ་བས་འཁོར་ལོ་རེ་རེ་ལས་གཉིས་གཉིས་ཏེ། གསང་གནས་ཀྱི་འཁོར་ལོའི་ཕྱེད་སྔ་མ་ལས་དང་པོ་དང་། ཕྱེད་ཕྱི་མ་ལས་གཉིས་པ་ཡིན་པ་ནས། གཙུག་ཏོར་གྱི་འཁོར་ལོའི་ཕྱེད་སྔ་མ་ལ་ས་བཅུ་གཅིག་པ་དང་། ཕྱེད་ཕྱི་མ་ལ་རྡོ་རྗེ་འཆང་ཆེན་པོའི་ས་སྟེ་རྣལ་འབྱོར་པ་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པ་ལས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞེའམ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་ཐམས་ཅད་འགགས་ཏེ་མི་འགྱུར་བའི་བདེ་བ་དེ་སྙེད་འཕེལ་བ་ཡོངས་སུ་རྫོགས་པས་ན་རྡོ་རྗེ་སེམས་དཔའ་ཉིད་མངོན་དུ་བྱས་པ་ཞེས་བྱ་བ་ཡིན་ནོ། །ཁམས་གསུམ་པོ་ཁྱབ་པའི་སྟོང་པ་ཉིད་ཀྱི་གཟུགས་ལ་རོ་གཅིག་པའི་བདེ་བ་ཆེན་པོ་མངོན་གསུམ་དུ་བྱེད་པས་ཏིང་ངེ་འཛིན་ནོ། །བསྒྲུབ་ཆེན་ཞེས་པས། དེ་ཉིད་ནང་དུ་ལོ་བཅུ་དྲུག་གི་མཚམས་སུ་ཁུ་བ་འཛག་པའི་དུས་དང་། བུད་མེད་རྣམས་ཀྱི་ཁྲག་ལོ་བཅུ་གཉིས་ཀྱི་མཚམས་སུ་སྟེ་ཡེ་ཤེས་ཀྱི་ཁམས་རྫོགས་པ་དཀྱིལ་འཁོར་དུ་ཕྲ་མོའི་རྣལ་འབྱོར་ཏེ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ། དེ་ལྟར་ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེ་བསྒྲུབ་པ་ཆེན་པོའི་ཡན་ལག་རང་རིག་པའི་མངོན་གསུམ་འཛིན་པ་ཆོས་མཆོག་དང་འཕགས་པའི་སའོ། །དེ་ལྟར་བསྒྲུབ་པ་དང་སྒྲུབ་ཆེན་གཉིས་ཀྱིས་མི་འགྱུར་བའི་བདེ་བ་བསྒྲུབས་པའོ། །ངོ་བོ་ཁྱད་པར་དུ་ཞེས་པས། བསྙེན་བསྒྲུབ་བཞི་སྦྱོར་དྲུག་ཏུ་ཁྱད་གཞི་ཁྱད་ཆོས་ཀྱི་འབྱེད་པར་སྟོན་པའོ། །རྡོ་རྗེ་འཛིན་པས་གཙིགས་ཀྱིས་རྒྱ་བཏབ་པའི། །རྡོ་རྗེའི་ཚིགས་ཀུན་འབྱེད་པའི་སྤོབས་པས་ནི། །རྡོ་རྗེ་སློབ་དཔོན་པདྨ་དཀར་པོ་ཉིད། །རྡོ་རྗེ་སེམས་དཔའ་མཚོན་བྱེད་དཔེ་རུ་སོང་། །སྦྱོར་བ་ཡན་ལག་དྲུག་གིས་འཁྲིད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུ་བ། རིག་པ་འཛིན་པ་པདྨ་དཀར་པོས་ལེགས་པར་སྨྲས་པའོ།། །།མངྒལཾ།། །། ༄༅༅། །བསྲེ་འཕོ་ལས་རྫོགས་རིམ་རྩ་དབུ་མ་བཞུགས་སོ།། ཆོས་འདི་ཀུན་དང་དབུ་མ་དོན་གཅིག་པ། །རྣམ་པར་དཔྱད་ཚེ་ཇི་བཞིན་ཉམས་མྱོང་ལ། འཆར་བའི་ཐབས་དེ་གསུང་ཕྱིར་བཀའ་བརྒྱུད་པ། །སངས་རྒྱས་ངོ་མར་ཤེས་ནས་ཕྱག་བྱས་སོ། །དེ་ཡང་ཇོ་བོ་ནཱ་རོ་པས་རྫོགས་རིམ་རྩ་དབུ་མ་ཞེས་བཤད་པ་དེ་ཤེས་སོ་སྙམ་འགའ་ཞིག་མགྲིན་པ་མཐོའོ། །དེ་དག་གི་དེ་ནི་རྣམ་གྲངས་སུ་རུང་ཙམ་ཡིན་ཀྱང་དངོས་ནི་མ་ཡིན་ནོ་ཞེས་རྒྱུ་མཚན་བསྟན་པའི་ཕྱིར་འདི་བཤད་དོ། །དེ་ཡང་རྩ་དབུ་མ་ཉིད་རྫོགས་རིམ་ཡིན་ཚུལ་ཡིན་པ་ལྟར་རྣལ་འབྱོར་དུ་བྱ་བའི་ཚུལ་ལོ། །དང་པོ་ནི། བརྟག་གཉིས་ལས། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །སྲིད་པ་གསུམ་ནི་འཁོར་ལོ་གསུམ་སྟེ། །སྙིང་མགྲིན་ལྟེ་བའོ། །དེ་ཉིད་སྐུ་གསུམ་སྟེ། སྐུ་གསུམ་ལུས་ཀྱི་དབུས་སུ་ནི། །འཁོར་ལོའི་གཟུགས་ཀྱིས་རྣམ་པར་གནས། །ཞེས་བརྟག་པ་ཕྱི་མས་བཤད་པའི་ཕྱིར་རོ། །དེ་ཀ་ས་བླ་ས་འོག་གི་གནས་ཡིན་པས་སྲིད་པ་གསུམ་དུ་གྲུབ་བོ། །ཡོངས་གྱུར་ཐམས་ཅད་ནི་ཞེས་པས། དེ་ལས་རྣམ་པར་གྱེས་པའི་རྩའི་ཚོགས་ཏེ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་བརྗོད་པ་རྣམས་སོ། །གཟུང་དང་འཛིན་པ་ཞེས་པ། །རོ་མ་དང་རྐྱང་མ། རྣམ་པར་སྤངས་ཞེས་པ་དབུ་མ། དེ་གསུམ་སྡོམ་འབྱུང་ལས། ལོངས་སྤྱོད་རྫོགས་སྐུ་ལཱ་ལ་ན། ར་སཱ་ན་ནི་སྤྲུལ་པའི་སྐུ། །ཨ་ཝ་དྷཱུ་ཏཱི་ཆོས་སྐུ་སྟེ། །སྐུ་གསུམ་པོར་ནི་བཤད་པ་ཡིན། རྒྱུད་དེ་གཉིས་ཀར་བྱེད་ལས་ཀྱི་སྒོ་ནས་དེ་དང་དེར་བཞག་པ་སྟེ། སྣོད་གཅིག་ནང་གི་བཅུད་ཀྱི་མིང་རྣམ་པར་འགྱུར་བ། ཆང་གི་སྣོད་དམ། བུ་རམ་གྱི་སྣོད་ཅེས་པ་ལྟ་བུའོ། །དེ་བས་ན་རྩ་ཅི་བཤད་པ་ཐམས་ཅད་རོ་རྐྱང་ལས་གྱེས་ལ། དེ་གཉིས་ཀྱང་དབུ་མ་ལས་ཡིན་པས། སྡོམ་འབྱུང་ལས། ལཱ་ལ་ན་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་བས་འདིར་ནི་གཞན་བརྟེན་པ། གངྒཱ་སིནྡྷུར་གཞན་འཇུག་བཞིན། །གཅིག་གྱུར་ཀཱ་ཀ་མུ་ཁ་སྟེ། དེ་ཉིད་སྐྱེ་གནས་གཞན་མ་ཡིན། །ལོངས་སྤྱོད་རྫོགས་སྐུའི་རང་བཞིན་གྱིས། །ལུས་ལ་བརྟེན་པར་ཤེས་པར་བྱ། །ཞེས་སོ། །དེའི་གངྒཱ་དང་སིནྡྷུའི་དཔེ་སྟེ། འཛམ་བུའི་གླིང་གི་ཆུ་ཐམས་ཅད་མཐར་ཆུ་ཀླུང་དེ་གཉིས་ལ་འདུ་བ་དང་། དེ་གཉིས་ཀྱང་རྒྱ་མཚོར་འདུ་བའོ། །དེ་གཉིས་སྐྱེ་གནས་གཞན་མ་ཡིན་ཞེས་པས། རྩ་ཐམས་ཅད་རགས་པ་དང་། དེ་ཕྲ་བའི་དང་། དེ་གཉུག་མ་དོན་དམ་པའི་དབུ་མར་བསྟན་ལ། འདིར་དུས་མེ་ནས། རི་བོང་མཚན་མས་མཚན་པའི། ཞེས་པས་རག་པ། དབུས། ཕུག་ནས། ཞེས་པས་ཕྲ་བ། གཙུག་ཏོར་དུ་སོན་པ། དེ་ནི་ཨ་ཝ་དྷཱུ་ཏཱིའི་རྩ། ཞེས་པ་ཆོས་ཉིད་དེ་རྒྱུད་ཀྱི་ལོངས་སྤྱོད་རྫོགས་སྐུ་ཞེས་པ་ནི། དབུ་མ་དེ་གང་ལ་ཟེར་ན། ཁ་སྦྱོར་ཡན་ལག་བདུན་ལྡན་དུ་གྲགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཀའོ་ཞེས་སྟོན་བཞེད་པ་ཡིན་ནོ། །དེའི་ཕྱིར་གནས་འདི་གཞུང་དབུ་མ་པས་རྣམ་པར་དཔྱད་པས་རབ་ཏུ་མི་གནས་པའི་དབུ་མར་བཞག་ལ། རྡོ་རྗེ་ཐེག་པ་པས་ཡོངས་གཅོད་ཀྱི་དབང་དུ་བྱས་ནས་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མར་བཞག་པ་སྟེ། སྐྱོན་ཅི་ཡང་མེད་དོ། །ཞེས་བརྗོད་པ་དང་། ཡོན་ཏན་ཐམས་ཅད་དང་ལྡན་ནོ་ཞེས་རྗོད་བྱེད་ཀྱི་དགག་སྒྲུབ་ཏུ་དབྱེ་བ་དོན་དུ་གཅིག་པ་ཉིད་དོ། །དེ་བས་ན་རྒྱུད་སྡེ་ནས་བཤད་པའི་དབུ་མ་འདི་རྫོགས་རིམ་གྱི་ངོ་ཏིའོ་ཞེས་གཞན་ལ་གདམས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱོན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དབུ་མའི་ལམ་མོ། །དེ་ཀ་འབྲས་བུ་དང་ཐ་མི་དད་པས་རྒྱུ་འབྲས་ལྷུན་གྲུབ་བམ་འབྲས་བུ་ལམ་བྱེད་དོ། །གཉིས་པ་ནི། བརྟག་གཉིས་ལས། ཡང་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ངོ་མ་དེ་མ་རྟོགས་ན་ཞེས་པའི་དོན། ཐབས་ནི་ཐམས་ཅད་ཀྱི། དེ་ནི་སྡོམ་འབྱུང་ལས། ཕྱི་དང་ནང་གི་བདག་ཉིད་ཀྱི། །རྩ་གསུམ་གྱིས་ནི་རང་གི་དངོས། །ཕྱི་རོལ་འཇིག་རྟེན་པ་ཡི་ཆོས། །ལྷ་ལ་སོགས་པའི་བདག་ཉིད་ནང་། །ཕྱི་ནང་དག་པ་ཉིད་ཀྱི་ཕྱིར། །རྣལ་འབྱོར་པས་ནི་སངས་རྒྱས་འཐོབ། །ཅེས་གསུངས་པས། རྩ་གསུམ་སྦུབས་ཅན། དེའི་སྦུབས་སུ་རླུང་བཅིང་བ་སྟེ། བསམ་དུ་མེད་པ་ཁོ་ནས་སོ། །དཔེར་ན་དུས་ཀྱི་འཁོར་ལོར་རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ། །ཞེས་རེ་ཁཱ་མཐོང་ནས་རྩ་དབུ་མའི་ནང་དུ་དམིགས་ཏེ་བསྒོམས་ན་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་གཟུགས་དེར་མཐོང་བར་བཤད་པ་ལྟ་བུའོ། །དེས་རགས་པའི་ནུས་པ་བཤིག་ནུས་ཏེ། འོག་གི་དུང་ཅན་གྱི་ཁ་བྱེ་ནས་རླུང་སེམས་དེར་འདུ་བས་སོ། །འཁོར་ལོ་སོ་སོའི་བུམ་ཅན་དང་། སླར་ཡང་གསང་གནས་ཀྱི་བུམ་པ་ཅན་བརྟེན་པ་དག་ཀྱང་འདིར་སྡུད་ལ། དེ་ཡང་ཕྱི་རོལ་འཇིག་རྟེན་པའི་ཆོས་ཏེ་ཕྱི་དོན་མ་སྤངས་པའི་ཕྱིར་རོ། །དེ་མ་སྤངས་པའི་རྒྱུ་མཚན་ཡང་། རྣལ་འབྱོར་པ་འདིས། རྒྱུ་མ་སྦུབས་ཀྱི་བཀང་བ་ལྟ་བུས་རྩ་དེ་དང་དེར་རླུང་སེམས་འདུ་བར་འཛིན་པས་སོ། །དེ་ནི་ལས་དང་པོ་པའི་སྒོམ་པ་ཡིན་པས་རགས་པ། འདིའི་ལས་དང་པོ་པ་སོ་སྐྱེ་ལ་བྱེད་དོ། །ལྷ་ལ་སོགས་པའི་བདག་ཉིད་ནང་། ཞེས་པ་ནི། རགས་པ་དེ་ལས་འདས་ནས་ཕྲ་བ་ཆོས་ཉིད་ཀྱི་དབུ་མར་སོང་བ་སྟེ། འཕགས་པ་ཐོབ་པའི་དབང་དུ་བྱས་སོ། །དེ་མངོན་དུ་བྱེད་པའི་ཚུལ་ནི། རགས་པའི་རྩ་ལ་དམིགས་ནས་སེམས་གཡོ་བ་བགག་པ་སྟེ། སེམས་མ་གཡོས་ན་བསམ་པ་ཐམས་ཅད་འཇིག་ལ། དེ་ཞིག་ནས་དམིགས་པ་ཉེ་བར་ཞིའོ། །ཐག་པར་ཤེས་པས་དེ་ལ་སྦྲུལ་འཛིན་གྱི་བློ་སངས་པ་བཞིན་ནོ། འོན་ཀྱང་མ་གོམས་པས་རྨི་ལམ་ལྟ་བུའི་སྣང་བ་ཡོད་ལ། དེ་ཡང་སྙིང་པོ་བགས་ཀྱིས་བསྐུལ་བས་རྣམ་པར་ཤེས་པ་ཙམ་དུ་གྲུབ། དེའི་སྣང་བ་ཡིན་པའི་ཕྱིར། ནང་སེམས་ཙམ་དུ་ལྟ་བ་ལས་མ་བཟློག་གོ །ཕྱི་ནང་དག་པ་ཉིད་ཀྱི་ཕྱིར། རྣལ་འབྱོར་པས་ནི་སངས་རྒྱས་འཐོབ། །ཕྱི་ནང་སྔར་བཤད་པ་གཉིས་ལས་གྲོལ་ན་སངས་རྒྱས་ཉིད་དུ་འགྱུར་རོ། །ཇི་ལྟ་བུ་གྲོལ་བར་བྱེད་པ་ནི་དེར། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ། ལྷ་ནི་མངོན་གསུམ་དམིགས་པར་བྱ། །ལྷ་ནི་རྡོ་རྗེ་སེམས་དཔའ་སྟེ། །གཞི་ལ་ཇི་ལྟར་གནས་པའི་བདེ་བར་གཤེགས་པ་དེ་མཐོང་བར་བྱ་བའོ། །ཚུལ་གང་གིས་མཐོང་ན་དེར། རྣམ་པ་ཀུན་གྱི་མཆོག་ལྡན་པ། ལྷ་མོར་ཡོངས་སུ་བརྟགས་པར་བྱ། །སྣང་བ་ཐམས་ཅད་ཡང་དང་ཡང་དུ་རྗེས་གཞིག་གམ་རིལ་འཛིན་གྱིས་འོད་གསལ་ཏུ་འཇུག་པས་ཏེ་དེར། དང་པོའི་ལྷ་ཡི་རང་བཞིན་དུ། རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། གནས་དང་ཞིང་ལ་སོགས་པའི་བརྡ། ཞེས་འབྱུངས་བས་སོ། །དེ་ལས་སྐུ་གསུང་ཐུགས་རྣམ་པར་ཐམས་ཅད་པར་ལྡང་བ་ནི། ཡན་ལག་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པ་ཡིན་ནོ། །ཡན་ལག་བདུན་ལས་ཁ་སྦྱོར་ནི་དེར། དཔའ་བོ་རྣལ་འབྱོར་མའི་འདུས་པ་ཞེས་པས་བསྟན་ལ། བདེ་ཆེན་ནི་དེ་གཉིས་གཉིས་མེད་མཉམ་སྦྱོར་བ། འགོག་པ་མེད་པ་ནི། ལྷ་རྣམས་ཡང་དག་འཕྲོ་བ་སྟེ། རྒྱུན་མི་འཆད་པ་ནི། ཚད་མེད་ལྷ་ནི་འཕྲོ་བ་ལས། དཀྱིལ་འཁོར་ཚད་ཅན་རྣམ་པར་བརྟག །རང་བཞིན་མེད་པ་ནི། ལྷ་ཡི་རྣལ་འབྱོར་བསམ་མི་ཁྱབ། སྙིང་རྗེས་ངེས་པར་གང་བ་ནི། །སངས་རྒྱས་རོལ་པའང་བསམ་མི་ཁྱབ། །ཁ་སྦྱོར་ཕྲ་བའི་གཟུགས་ཀྱིས་ནི། །ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །དེ་དག་མི་ཕྱེད་ངོ་བོ་ཉིད། །བསྒོམ་པར་ང་ཡིས་བཤད་པ་ཡིན། ཞེས་གསུངས་ལ། དེ་ཉིད་དུ། གཟུང་དང་འཛིན་པ་རྣམ་བྲལ་བ། རགས་པ་སྒྲ་ཞེས་བཤད་པ་སྟེ། །ཕྲ་བ་སེམས་ཀྱི་རང་བཞིན་འགྱུར། །བསམ་དང་བྲལ་བའི་དེ་ཉིད་ནི། གོ་འཕང་མཆོག་ཅེས་ཡོངས་སུ་བསྒྲགས། །དེ་ཡང་རགས་པའི་སྟེང་དུ་དམིགས་ཀྱང་དམིགས་པ་ཐམས་ཅད་ཉེ་བར་ཞི་ནས་ཕྱིས་ལྡང་རྒྱུ་མེད་ན་དེ་ཉིད་དུ་འཚང་རྒྱ་བ་ཡིན་པས། ས་ལམ་གྱི་རིམ་པ་ལ་མཐའ་གཅིག་ཏུ་མ་བལྟོས་སོ། །དེ་བས་བརྟག་གཉིས་ལས། དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་གསུངས་པ་དེའོ། །དེ་ནས་དབུ་མས་རིགས་ལྡན་མའི་མིང་འཐོབ་ཏེ། ཐམས་ཅད་རིགས་གཅིག་ཏུ་བྱས་པའི་ཕྱིར་རོ། །དེ་ཀ་རྡོ་རྗེ་ཕག་མོ་ཡིན་པས་དེའི་རྫོགས་རིམ་དུ་བཞེད་པ་དེས་ལགས་སོ། །ཞེས་པདྨ་དཀར་པོས་ནས་མོ་རྫོང་དུ་བྲིས་པ་དགེ་ལེགས་ཀྱི་གཞིར་གྱུར་ཅིག། །།མངྒལཾ།། །། ༄༅༅། །བསྲེ་སྐོར་ལས་འཆི་བ་མེད་པའི་བཅུད་ཀྱི་ལེན་བཞུགས་སོ།། རྡོ་རྗེ་སེམས་དཔའ་དོན་གཉེར་མཁས་རྣམས་མིག །གང་གསུང་མན་ངག་བཞིན་ལ་ལྷུང་བའི་ཚེ། །གཞན་ཚིག་གདོང་ལ་ནམ་ཡང་མི་ཕྱོགས་པར། །མཐོང་བས་ནཱ་རོ་ཏ་པར་བདག་འདུད་དོ། །འཆི་མེད་ནི་ཙུ་ལ་ཡི་ནགས་ནང་དུ། །ན་རྒ་འཆི་བའི་ཚ་བར་བྲེད་པ་རྣམས། །བོད་ལ་མན་ངག་མུ་ཅོར་ལྟར་སྒྲོགས་པས། པད་དཀར་ཡིད་ཀྱི་ཁུ་བྱུག་ངལ་བ་མེད། འཇིག་རྟེན་གསུམ་གྱི་མ་རྒྱལ་བའི་འཆི་བདག་གི་གཡུལ་ལས་རྒྱལ་བར་བྱེད་པའི་ཆོ་ག་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྙིང་མཁའ་འགྲོ་མ་རྣམས་ཀྱིས་མན་ངག་ཏུ་ཕྱུང་བ། ཨོ་ཌི་ཡཱ་ཎ་ལས་ལེགས་པར་འོངས་ནས་གྲུབ་པ་ཐོབ་པའི་སྙན་དུ་བབས་པ་འཆི་བ་མེད་པའི་བཅུད་ཀྱིས་ལེན་པ་འདི་བཤད་པར་བྱ་སྟེ། ར་ས་ལུས་བསྒྲུབ་པ་དང་། ཡ་ན་སེམས་བསྒྲུབ་པ་གཉིས་ལ། དང་པོ་ལ། རྒས་པ་འཆིང་བ། ན་བ་འཆིང་བ། འཆི་བ་འཆིང་བ་གསུམ་ལས། དང་པོ་ནི། ཤིང་ནིམ་པའམ་སྨྱུག་མའི་སྦུབས་ལ་ཆ་མཉམ་པ་གསུམ་དུ་བྱས་པའི་བར་གྱི་འོག་དང་སྟེང་དུ་བུ་ག་གཏོད་པ་ཐེམ་བུས་བཀག སྦུབས་སུ་ཀེ་ཏ་ཀའི་ཡལ་གའི་ཕྱེ་མ་ཅུང་ཟད་བཏབ། དྲི་ཆུ་དྲོན་མོ་བླུགས་ནས་གྲང་གྱི་བར་དུ་བཞག་པས་སྟེང་དུ་ཆར་ཁུ། འོག་ཏུ་ལན་ཚྭ། བར་དུ་དག་པའི་ཆ་སོ་སོར་ཕྱེད་པ་དང་། བུགས་པ་སྟེང་མ་བསལ་ལ་ཆར་ཁུའི་ཆ་དོར། འོག་མ་ཕྱེ་ནས་སྣོད་གཡའ་མི་ལྡང་བའི་གཙང་མ་བཟེད་ནས་དག་པའི་ཆ་བླངས། དེ་ལ་ཨ་རུ་ར་གསེར་མདོག་སྦྱངས། བུ་མོ་གཙང་མ་དང་ལྷན་ཅིག་འཁྲིགས་པའི་ཁུ་བ་དང་བསྲེས་ལ་ཐོ་རངས་ཀྱི་དུས་སུ་ཁར་དྲི་ཆུ་བླུགས། ལྕེ་སོས་བཞར་ཞིང་མཁུར་བ་གཞིབས་པ་ཧག་ཅེས་དོར་བ་ལན་གསུམ་བྱས་ནས། གོང་གི་རྫས་དབུགས་གང་ནས་རྒྱུ་བའི་སྣ་བུག་ནས་བཏུང་ཞིང་ཀླད་པའི་དཀྱིལ་དུ་སོང་བར་མོས། ཕྱེད་སྣ་གཞན་ནས་སོ། །དེ་ནས་རྐང་པ་སྐྱིལ་ཀྲུང་། ལག་པ་སོར་མོ་བྲང་གི་ཐད་དཀར་བཅེར། མགོ་དང་ཁ་ཡར་གཏོད། ལྷུ་སུག་སྲོཾ་བྱས། མིག་གྱེན་དུ་བསྒྲིལ། སོ་བསྒྲིགས། ཁ་གདངས་ནས་རླུང་དྲག་ཏུ་བརྔུབས་ལ་སྟེང་འོག་བསྲེ་ཕོ་ཁར་གཟུང་། རྒྱུ་ཞབས་སྒལ་པ་ལ་བཅར་ནས་ཉྭ་ཐོན་པར་བསྒྲིམ། མི་ཐུབ་ལ་ཁད་པ་ལུས་འདར་བ་ནས་སྣ་ནས་དལ་བུར་གཏོང་། དེ་ལྟ་བུ་ལན་བདུན་ལ་གཅིག་ཏུ་བྱས་པའི་ཐུན་བཞིར་ཉི་ཤུ་རྩ་གཅིག་རེ་བྱའོ། །ཐུན་མཚམས་སུ་ལུས་ངག་གི་གཡེང་བ་དང་། བཟའ་བཏུང་ཚད་ལས་བརྒལ་བ་དང་། །དྲག་ཤུལ་དང་ངལ་དུབ་ཀུན་སྤངས་ནས། ཉིན་སྣ་བུག་གཡས་རས་ཀྱིས་དམ་པོར་བཀག མཚན་གཡོན་དང་རས་ཆག་བྲན་གྱིས་སྤུ་ན་གུའི་མཚམས་སྟོང་སྟོང་པོ་ནས་གྱེན་དུ་སྐྱོགས་ཏེ་སྐེད་པར་བཀྲིས་ལ་རྒྱུ་ཞབས་སུ་ལྟག་སྐོར་ཅིག་བྱ། མདོམས་སུ་མར་འཐེན་ལ་རྒྱབ་ཀྱི་རྩ་སྲལ་ནས་ཡར་དྲངས་པས་བཤང་གཅིའི་སྒོ་དམ་དུ་བསྡམ། །དུས་ཐམས་ཅད་དུ་སྒོ་གཉིས་བཙུམ་མེ་བྱ། །བཤང་གཅིའི་ཚེ་བསལ་ཞིང་རྗེས་སུ་སྔར་གྱི་རླུང་གནད་ཐེངས་གསུམ་བྱ། འདུག་པའི་ཚེ་རྟིང་པས་རྡོ་རྗེའི་རྩ་བ་མནན་ལ་འདུག ཉལ་བའི་ཚེ་གན་རྐྱལ་དུ་མི་རུང་། ཟུར་ལ་པུས་བྲང་སྦྱར་ལ་སྒུམ་མེ་ཉལ་ལོ། །དེས་རྒས་པ་གཞོམ་ཞིང་གཉེར་མ་དང་སྐྲ་དཀར་མི་འབྱུང་ངོ་། གཉིས་པ་ན་བ་འཆིང་བ་ནི། སྐྱིལ་ཀྲུང་བཅས། ལག་པ་ནུ་མའི་ཐད་དུ་སྦྱར། ལག་མགོ་ཡར་གཏུམ་མི་བྱེད། །འོག་སྒོ་བསྡམ། ལྟོ་བ་ཚིགས་པ་ལ་སྦྱར། སྟེང་རླུང་ཕོ་བ་བཀང་སྟེ་མིག་གྱེན་དུ་གཏད་ཅིང་སྐོས་སྐོ་ཨོལ་སྟོང་དུ་བཅུག བཞིན་རས་ཀེང་རུས་འདྲ་བར་བྱས་ནས་དབུགས་ཐུབ་བཏང་དུ་བསྡམ། མི་ཐུབ་ན་དལ་གྱིས་བཏོང་། དེ་འདྲ་བ་སྔར་དང་གྲངས་འདྲ་བར་བསྒོམས་པའི་མཐར་སྐྱིལ་ཀྲུང་ལག་མཐིལ་གཉིས་པུས་མོ་ལ་བཀན་ལ་གསུས་པ་དྲག་ཏུ་བསྐོར་བ་གཡས་སུ་གསུམ་དང་གཡོན་དུ་གསུམ་བྱའོ། །དེ་ནས་ཕྱེད་སྐྱིལ་དུ་དམ་ཚིག་གི་ཕྱག་རྒྱ་བསྡམས་ལ་གཡོན་པའི་གྲུ་མོ་བརླ་སྒང་གཡས་ལ་རྒྱབ་གཏད་དེ། ཁ་གཡས་སུ་གཅུས། ལག་པ་གཡས་པས་གཡོན་པ་ཐུབ་ཚད་ཕར་འཐེན་ལ་དབུགས་བརྔུབས་པ་དང་བཅས་པས་ཁ་ཡང་དལ་བུས་གཡོན་དུ་ཐུབ་ཚད་གཅུས་ལ་དབུགས་ནང་དུ་བསྡམས་ལ་བསྡད། མི་ཐུབ་ཙ་ན་ལག་པ་དང་པུས་མོ་སྔ་མ་སོར་བཞག་ལ་དབུགས་དལ་གྱིས་བཏང་བ་དང་། ཁ་ཡང་གཡས་སུ་གཅུས་ལ་སྔ་མ་བཞིན་དུ་བྱའོ། །དེ་ལྟར་ལན་གསུམ་དང་། དེ་བཞིན་དུ་གཡོན་ལ་ཡང་ངོ་། དེས་ནང་གི་འདུ་བ་རྣམ་བཞི་དབང་དུ་འདུས་པས་ཕྱི་རོལ་གྱི་ནད་ཐམས་ཅད་ཀྱིས་མི་ཚུགས་སོ། །གསུམ་པ་འཆི་བ་འཆིང་བ་ནི། ལུས་ཙོག་པུ་གྲུ་མོ་པུས་མོའི་སྟེང་དུ་བཞག ལག་སོར་བསྣོལ་བ་ལྟག་པར་འཁྱུད་པའི་མཐེ་བོང་གཉིས་ཀྱིས་ལོངས་སྤྱོད་ཀྱི་རླབས་བཙིར་བ་རླུང་སྲོག་རྩོལ་གཉིས་ནས་ཕྱིར་དྲག་ཏུ་འབུད་པ་བཅུའི་མཐར་མགོ་བོ་གཡས་དང་གཡོན་དུ་ལན་གསུམ་གསུམ་བསྐོར། གཡས་གཡོན་དུ་ལན་གསུམ་སྤྲུགས་ལ་རླུང་ལྷག་མ་ཕྱིར་དོར། དེ་ནས་ཐོ་རངས་ཀྱི་ནམ་མཁའ་མཐོང་སར་ལུས་ལྷག་པའི་ལྷ་དང་། བླ་མ་རིགས་ཀྱི་བདག་པོར་བསམས་ལ། རླུང་ཁ་ནས་སྒྲ་མེད་འཇམ་ལ་རིང་པར་བརྔུབ་ཅིང་ཁམས་གསུམ་གྱི་ནམ་མཁའ་ཁ་རུ་སིབ་སིབ་སོང་བས་ལུས་སེམས་ཐམས་ཅད་སྐྱེ་འཆི་མེད་པ་ནམ་མཁའི་རང་བཞིན་དུ་སོང་བར་མོས་ནས་ལོངས་སྤྱོད་ཀྱི་རླབས་བསྡམས། མི་ཐུབ་ན་རང་སར་ཞི་རུ་འཇུག སྟོང་སྒྲེགས་བྱུང་ན་འཆི་བ་སླུས་སོ། །དེ་ལྟར་རླུང་གནད་འདི་གསུམ་ཟླ་བ་དྲུག་བར་མེད་དུ་བསྒོམ་ཞིང་། ཕྱིས་ཟླ་བ་ཕྱེད་ཕྱེད་ཕོག་རེ་སྤྱད་པར་བྱའོ། །དེས་ལུས་མཐོ་རིས་ཀྱི་ལྷ་དང་མཉམ་ཞིང་ཉི་ཟླ་དང་ཚེ་མཚུངས་པར་འགྱུར་རོ། །གཉིས་པ་ཡ་ན་སེམས་བསྒྲུབས་པ་ལ། རླུང་བཅིང་བ། ཡིད་བཅིང་བ། ཁུ་བ་བཅིང་བ་གསུམ་ལས། དང་པོ་ནི། ལུས་དང་སེམས་ཀྱི་གཡེང་བ་ཐམས་ཅད་སྤངས་ཏེ་བླ་གབ་ཅན་མུན་པ་ལེགས་པར་བསྒྲུབ་པའི་ཁང་བུ་དང་། ཉིན་མོ་སྣང་བ་ལ་བསླབ་པའི་ཚེ་གྲིབ་ཕྱོགས་སུ་ཁ་བལྟས་ཏེ་རྐང་པ་རྡོར་སྐྱིལ། ལག་པ་མཉམ་བཞག་བསྲངས་ཏེ་གྲུ་མོས་སྟོད་བཅུན། སྒལ་ཚིག་བསྲངས། ཐལ་གོང་དགྱེ། ཨོག་ཀོས་མདུད་མནན་པའི་ཀ་ར་ཎས་ཡིད་འགྱུ་བ། ཕྱི་ནང་གི་འཕྲང་བཅད་ནས་སེམས་མ་ཡེངས་པ་སྣའི་རྩེ་མོ་འབའ་ཞིག་ལ་གཏད་དེ། མིག་མི་འགྱུར་བར་བལྟ་བར་བྱའོ། །དེ་ལྟར་ཐུན་མཚམས་ཀྱི་སྒོམ་པ་གོམས་པ་ལས། མཐར་མིག་ན་བ་དང་རྩུབ་པ་དང་། མཆི་མ་འབྱུང་བ་མེད་པར་ཉིན་ཐལ་སྤྱོད་དུ་སྣ་རྩེར་སེམས་ཟིན་ཅིང་མིག་གིས་བལྟ་ནུས་ན། དེའི་ཚེ་གདོན་མི་ཟ་བར་སྟེང་གི་རླུང་འགག་པ་ཆོས་ཉིད་ཡིན་ནོ། །གཉིས་པ་ཡིད་བཅིང་བ་ནི། དེ་ནས་སྣ་རྩེའི་ཐད་ཀ་སོར་གཉིས་ཙམ་གྱིས་དགྱེ་བའི་ནམ་མཁའ་སྟོང་སང་ངེ་བ་དེ་ཁོ་ན་ལ་ཉིན་མཚན་མེད་པར་བལྟས་པས་དཔེ་མེད་པའི་ལྟ་རྒྱུ་ཁམས་གསུམ་དང་དུས་གསུམ་རོ་མཉམ་པའི་གཟུགས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མཐོང་བར་འགྱུར་རོ། །དེའི་ཚེ་མིག་གྱེན་དུ་བཟློག་ནས་མི་ལྟ། གཡས་གཡོན་དུ་ཟུར་མིག་མི་བལྟ། སྣ་རྩེ་ལ་ཡང་མི་བལྟ། གཟུགས་གང་ལ་ཡང་གསལ་པོར་མི་བལྟ། ཐ་ན་འཆག་ཏུ་འགྲོ་བའི་ལམ་ལ་ཡང་མི་བལྟ། གཉིད་ལོག་པའི་དུས་མ་གཏོགས་ཐམས་ཅད་དུ་སྟོང་པ་དེ་ཉིད་མ་ཤོར་བར་དེ་ཉིད་ལ་རྩེ་གཅིག་ཏུ་བལྟས་པས་ཅི་ཞིག་ན་དངོས་པོར་འཛིན་པ་ཐམས་ཅད་དག་ནས་ཆོས་ཉིད་དོན་དམ་པ་མི་རྟོག་པའི་ཡེ་ཤེས་གཅིག་ཏུ་འཆར་རོ། །འདི་ནི་ཡིད་བཅིང་བའི་ཐབས་ཀྱི་མཆོག་གོ །གསུམ་པ་ཁུ་བ་བཅིང་བ་ནི། དེ་ནས་ཕྱག་རྒྱ་མ་ཡོན་ཏན་ཚང་བ་རྡུལ་དང་ལྡན་པ་བཅུ་དྲུག་མ་ལ་སྙོམས་པར་ཞུགས་པས་སྤྱི་བོ་ནས་འཛག་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོར་སོན་པ་དང་། སྔར་གྱི་སྣ་རྩེའི་སྟོང་པ་ལ་བལྟས་པས་ཁུ་བ་ཕྱིར་མི་འཆོར་ལ། དེ་ཁོ་ན་ཡིད་ནང་དུ་ཆུད་པ་ཞེས་གསུངས་པའི་དགོངས་པའི་དོན་ཡིན་ལ། ཚུལ་དེས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རྙེད་པ་སྟོང་པ་ཉིད་དང་རོ་གཅིག་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བྱས་པའི་དབང་གིས། རང་བྱུང་དུ་གྱེན་དུ་གཤེགས་པའི་ཁུ་བ་ཟག་པ་མེད་པའི་བདེ་བའི་བདག་ཉིད་ཅན་གྱིས་ལུས་ཐམས་ཅད་ལ་ཁྱབ་པས་ལྕགས་ལས་གྲུབ་པའི་དངུལ་ཆུས་བཞིན་དུ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དྭངས་མ་ཟུང་འཇུག་གི་སྐུར་བསྒྱུར་བ་ཉིད་ཐར་པ་སྟེ། ནམ་མཁའ་དང་ཚེ་མཉམ་པ་ཡིན་ནོ། །འདི་ནི་ཁུ་བ་བཅིང་པའི་མཆོག་གོ །དེ་ལྟར་ར་ས་བཅུད་དེ་མཐོ་རིས་བསྒྲུབ་པ་དང་། ཡ་ན་ལེན་པ་སྟེ་སོ་སོ་རང་རིག་པས་བདེ་བ་ཆེན་པོ་ལེན་པ་ཐར་པ་བསྒྲུབ་པའོ། །དེ་ལྟར་མཁའ་འགྲོ་མའི་བཀའ་དྲུག་གི་དོན་མ་འཁྲུལ་བ་བླ་མའི་བྱིན་རླབས་ཀྱིས་རྙེད་པ་འདི་ཡང་། པདྨ་དཀར་པོས་ཀུ་རི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་བཞིན་དུ། །གཞན་ལ་སྦྱིན་པའི་ཆོས་སུ་བྱས་པའོ།། །།མངྒལཾ།། །། ༄༅༅། །བསྲེ་འཕོའི་ལམ་སྐོར། སྦ་བཞིའི་ཁྲིད་མཆོག་གི་ཉེ་ལམ་བཞུགས་སོ།། དཔལ་རྡོ་རྗེ་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དབང་གསུང་གི་གངྒཱའི་རྒྱུན། །མ་ལུས་རྣམ་དཔྱོད་རལ་བའི་རྩེས་བཟུང་བ། སླར་ཡང་འགྲོ་ལ་འབེབས་མཁས་ཛཀྵྭའི་བུ། །མཆོག་གཟིགས་དབང་པོ་ཏིལ་གྱི་ཞབས་དང་ཡང་། །རྟག་ཆད་ཆང་གིས་མྱོས་པའི་མུ་སྟེགས་ཀྱི། །གཉིས་འཐུང་ཆེན་པོ་ཀུན་གྱི་ཀླད་འགེམས་པའི། །སྨྲ་བའི་སེང་གེ་དཔལ་ལྡན་ནཱ་རོ་པ། །མ་ག་དྷར་ཡང་ཀུན་གྱིས་བསྟོད་དེ་དང་། །འཕགས་ཡུལ་ནགས་སུ་སྔོན་མེད་དམ་ཆོས་ཀྱི། །ཨུ་དུམ་ཝ་རའི་མེ་ཏོག་གང་འཁྲུངས་པ། མི་བརྗེད་བློ་གྲོས་འཕྲེང་བརྒྱུས་གངས་ཅན་པའི། །མགུལ་རྣམས་སྐལ་བཟང་མཛད་པའི་ལོ་ཙཱ་བ། །དཀའ་ཐུབ་བཏུལ་ཞུགས་གྲུབ་པས་བདུད་བཞིའི་དཔུང་། །མིང་ཙམ་ལྷག་མར་མཛད་ནས་མཆོག་གི་སར། །སྙིང་རྗེའི་ཟློས་གར་ལ་རོལ་རྗེ་བཙུན་ནི། བཞད་པའི་རྡོ་རྗེ་ཡབ་སྲས་རྣམས་ལ་འདུད། །ཚུལ་བཞིན་སྦྱངས་པའི་ཡིད་ཀྱི་ནོར་འཛིན་ས། །མི་ཕྱེད་དད་པའི་རླན་དང་རྟག་སྦྱར་བས། ཐར་འདོད་རེ་བའི་གདམས་བཟང་མྱུ་གུའི་སྲས། །ཅི་ཡང་བསྐྱེད་པ་སུ་ཡིས་འགོག་པར་ནུས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་ཐམས་ཅད་ལ་རྣམ་པར་ཕྱེ་ནས་ཚུལ་སྣ་ཚོགས་པ་དང་། བསམ་པ་སྣ་ཚོགས་པ་དང་། ཐབས་སྣ་ཚོགས་པ་དག་གིས་སྟོན་ཏེ། ལྷའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་ཚུལ་ལོ། །དེ་དག་ཀྱང་རང་རང་གི་ཚིག་གིས་བརྗོད་པའི་ཚུལ་དང་། སྤྱོད་ལམ་སྣ་ཚོགས་སུ་མཐོང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོར། རོ་གཅིག་པའི་དབང་གིས་མཐར་ཐུག་ཐམས་ཅད་ཀྱང་སངས་རྒྱས་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་སྟོན་པར་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་གཅིག་ཏུ་བསྒྲུབ་པ་ཡིན་ནོ། །དེ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་རྒྱ་བཏབ་པས། ཕྱི་རོལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སེམས་ཙམ་པ་དང་། དབུ་མ་པ་དག་གིས་ཕྱེད་པར་དཀའ་བ། བླ་མ་ཡོངས་སུ་བསྟེན་པ་རྣམས་ལ་རྣ་བ་ནས་རྣ་བར་འཕོ་བའི་ཕྱིར་ན། མཆོག་གི་བླ་མ་དམ་པའི་ཞལ་ལས་ཇི་ལྟར་རྙེད་པ་ལྟར་དུ་བརྗོད་པར་བྱའོ། །དེ་ལ། སྦ་བ་བཞི། རྐྱེན་བཞི། ལས་སུ་རུང་བ་བཞི། དབང་ཐོབ་པ་བཞི་བཤད་པ་ལས། དང་པོ་ལ། ལུས་ཡེ་ཤེས་ཀྱི་འཁོར་ལོར་སྦ་བ། རྩ་རི་རབ་ཀྱི་ལོགས་ལ་སྦ་བ། རླུང་འཕྱེ་བོ་དཔག་བསམ་གྱི་ཤིང་ལ་སྦ་བ། སེམས་གསང་བའི་འཁོར་ལོར་སྦ་བ་བཞི་ལས། དང་པོ་ལ། ལུས་གནད། མིག་གི་ལྟ་སྟངས། རླུང་སྦྱོར་དང་ལྷན་ཅིག་དམིགས་པ་བཤད་པ་གསུམ་ལས། དང་པོ་ནི། སྐྱིལ་ཀྲུང་བརླ་གཡས་པ་འོག་ཏུ་བཅུག གཡོན་པ་སྟེང་དུ་བཏོན། ལུས་དྲང་པོར་བསྲངས། མཉམ་བཞག་ལྟེ་འོག་ཏུ་བཅའ། མཐོངས་ཁ་ཡངས་པར་བྱས། ལྕེ་ཡར་རྐན་ལ་གཏད། ལྐོག་མ་གཡས་གཡོན་གྱི་ནང་ན་སྙིང་རྩ་གནས་པས་མར་མནན་ན་སྙིང་གྱེན་དུ་བཟློག་ནས་བདེ་བ་སྐྱེ་བས་ཨོག་སྐོས་ཨོལ་མདུད་འཐེམས་པར་མནན་ནོ། །གཉིས་པ་ནི། གསེར་སྒོའི་ཐད་དུ་མིག་འབྲས་གཉིས་མ་བསྒུལ་བར་བཟློག་སྟེ་བལྟ་བའོ། །གསུམ་པ་ལ། དབྱིབས་ལ་བསླབ་པ། སྔགས་ལ་བསླབ་པ། ཆོས་ལ་བསླབ་པ་གསུམ་ལས། དང་པོ་ནི། ལུས་ཇི་ལྟ་བ་འོད་ཀྱི་ཕུང་པོར་བསྒོམས་ཏེ། ནང་དུ་དྲིལ་ཅན་གྱི་རྩ་མདའ་སྨྱུག་ཙམ་ལ་འོད་ཀྱི་བུ་གུ་ཅན། ལྟེ་འོག་སོར་བཞི་ནས་སྤྱི་བོར་ཐུག་པའི་རྩེ་མོ་ཡེ་ཤེས་ཀྱི་འཁོར་ལོའི་དབུས་སུ་མེའི་ཙཀྲ་རྩིབས་བརྒྱད་པ་སོར་དྲུག་པའི་ཚད་རབ་ཏུ་འབར་བའི་ལྟེ་བའི་ནང་དུ། ཉི་མའི་གདན་ལ་འཇིགས་བྱེད་ཁ་བུབ་ཀྱི་དཔྲལ་བ་དང་། དུས་མཚན་མོ་གན་རྐྱལ་བསྒྱེལ་བའི་སྙིང་ག་མནན་པའི་བཅོམ་ལྡན་འདས་གནམ་གྱི་དཀྱིལ་ལྟར་སྔོ་བ་ཞལ་གཅིག་ཁྲོ་ཞིང་འཛུམ་པ། སྤྱན་གསུམ་པ། གར་གྱི་ཉམས་དགུས་སྒེག་ཅིང་། ཕྱག་རྒྱ་དྲུག་གིས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་དག་གིས། །བྷ་ནྡྷུ་ཛཱི་ཝ་ཀ་ལྟ་བུར་དམར་བའི་རྡོ་རྗེ་ཕག་མོ་རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྣོད་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔ་དང་མགོ་སྐམ་པོའི་ཅོད་པན་དང་འཕྲེང་བས་བརྒྱན་པ། དགའ་བའི་ཆ་ཤས་ཡོངས་སུ་གང་བ་ལ་འཁྱུད་པ། སོར་གཅིག་པ་ཙམ་གསལ་བར་བལྟ་ཞིང་། སྟེང་རླུང་སྣ་ནས་དལ་བུས་དྲངས་པ་ལྟེ་འོག་ཏུ་བསྐྱུར། ཐུར་སེལ་དང་འདྲེས་པ་དྲིལ་ཅན་མའི་ནང་དུ་སོང་བས་འཁོར་ལོ་ལ་ཕོག གཡོན་སྐོར་དུ་འཁོར་ཞིང་མེའི་ཕུང་པོ་འབར་བ་ལ་ནད་གདོན་ཉོན་མོངས་པ་ཐམས་ཅད་ཐུལ་ཐུལ་ཚིག་པར་བསམ་པ་ལ་གཞན་གྱིས་བར་མ་ཆོད་པར་བལྟ་བར་བྱའོ། །ལྷ་ནི་མི་འཁོར་བ་ཡིན་ནོ། །གཉིས་པ་ནི། དེའི་ཡབ་ཀྱི་ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་ཡིག་དང་། མཐའ་མར། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄། ཅེས་པའི་སྔགས་འཕྲེང་མཐིང་ཤུན་གྱི་མདོག་ལྟར་དྭངས་པ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་ལ་སེམས་གཟུང་ནས། རླུང་ཕྱིར་འགྲོ་བའི་ཚེ་ལྷའི་ཞལ་ནས་སྔགས་འཕྲེང་ཕྱིར་འཐོན་སྣའི་རྩེ་མོ་བརྒྱུད་སོར་བཅུ་དྲུག་ཙམ་དུ་ཕྱིར་སོང་བར་བསམ། བརྔུབ་བའི་ཚེ་སླར་ནང་དུ་འོངས་ཏེ་སྔར་གྱི་གདན་ལ་འཁོད་པ་དང་། ནང་དུ་འཛིན་པའི་ཚེ་ཧཱུྃ་ཡིག་སྔགས་འཕྲེང་དང་བཅས་པ་ལ་སེམས་འཛིན་པར་བྱའོ། །ངག་ཏུ་བཟླས་པ་ནི་མ་ཡིན་ནོ། །གསུམ་པ་ནི། ལྷ་ཡབ་ཡུམ་སྙོམས་པར་འཇུག་པའི་བདེ་བ་ཀ་ཏི་ལིངྒ་ཁ་བྱེ་མ་ཐག་གི་མདོག་འདྲ་བས་ལུས་ཐམས་ཅད་བརྒྱལ་བ་ཙམ་དུ་བལྟས་པས་རྣམ་རྟོག་རྒྱུན་ཆགས་ཀྱི་དུག་ཞི་ནས། གཉུག་མའི་གནས་ཕྲ་མོའི་ཏིང་ངེ་འཛིན་ལ་ཞུགས་པས་རྗེས་སུ་ཆགས་པ་བཅོམ་ནས། བདག་ཉིད་ཀྱི་གནས་ལ་མངོན་པར་ཕྱོགས་པས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་གནས་ཏེ། རྟོག་པའི་ཚོགས་ལས་གྲོལ་ཞིང་། སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཐུགས་ཚིམ་པ་བསྐྱེད་དེ། ཐབས་ཐུགས་རྗེ་ཆེན་པོ་མང་དུ་རྒྱུན་མི་འཆད་པར་གོམས་པར་བྱ་བའི་རྒྱུས་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་རྒྱུ་ཐོབ་པ་ཡིན་ནོ། །དེ་ཡང་གཞུང་ལས་ནམ་མཁའི་བ་ནི་རིམ་བཞིན་བཞོ། །ནམ་མཁའ་ནི། གཙུག་ཏོར་གྱི་སྟེང་གིའོ། །བ་ནི། སྟོང་པ་ཉིད་འཆར་བ་དེ། འདོད་པ་ཐམས་ཅད་འཇོ་བར་ནུས་པས་སོ། །རིམ་བཞིན་འཇོ་ནི། རྣལ་འབྱོར་གྱི་ཚུལ་འདིས་དེ་མངོན་དུ་བྱའོ། །ཞེས་པའི་དོན་ནོ། །གཉིས་པ་རྩ་རི་རབ་ཀྱི་ལོགས་ལ་སྦ་བ་ལ། ཡིད་ཀྱི་རྣམ་ཤེས་བཙོན་དུ་འཛིན་པ་དང་། ཚོགས་དྲུག་གི་སྣང་བ་སྲིད་དུ་སྤྱོད་པའི་གདམས་པ་གཉིས་ལས། དང་པོ་ལ། ལུས་གནད། ལྟ་སྟངས། དམིགས་པའི་གནད་གསུམ་ལས། དང་པོ་ནི། རླུང་གཡས་ནས་འཕོ་ན་ལག་གཡོན་ཁུ་ཚུར་བཅངས་ཏེ་གཡས་པའི་མཆན་རྩ་མནན། གཡས་པས་སྣ་གཡས་དམ་པོར་བཀག་ནས། རླུང་ཐུབ་ཐང་དུ་གཟུང་། མི་ཐུབ་པ་དང་སྣ་གཡོན་ནས་ལན་འགའ་ཟུང་འབུད། དེས་མཉམ་པར་འགྱུར་ཞིང་། གཡོན་ནས་འཕོ་བ་ལའང་དེ་བཟློག་སྟེ་ཤེས་པར་བྱའོ། །ཡོན་པོ་སྲོང་བའི་ལུས་གནད་དོ། །ནུ་མ་གཅུད་ལ་བོར་བ་ནི། གོང་དུ་རྒྱས་པར་བཤད་པ་བཞིན་ལ་ལག་པ་གཉིས་བསྣོལ་བས་མཆན་རྩ་དྲག་ཏུ་བསྡམ་པ་སྟེ། ལུས་གནད་འདི་རྣམས་གཞུང་ལས། གཡས་ནས་རྒྱུ་ན་གཡས་རྩ་མནན། གཡོན་ནས་རྒྱུ་ན་གཡོན་རྩ་མནན། ཨརྠ་ནུ་མ་གཅུད་ལ་མནན། ཞེས་གསུངས་སོ། །གཉིས་པ་ནི། མིག་གཉིས་སྣ་རྩེའི་ཐད་ཀྱི་བར་སྣང་སྟོང་སང་ངེ་བ་ལ་མ་འགྱུར་བར་བལྟ་བའོ། །གསུམ་པ་ནི། སྤྱིར་གཡོ་བ་དང་ལྡན་པས་དབང་པོ་མངོན་པར་འཕྲོ་ཞིང་། དབང་པོ་མངོན་པར་འཕྲོས་པས། དབང་པོ་དོན་དང་འཕྲད་པར་འགྱུར་ལ། དབང་པོ་དོན་དང་འཕྲད་པས། དངོས་པོར་དམིགས་པ་འདོད་པ་དང་མི་འདོད་པ་ལ་སོགས་པ་མངོན་པར་ཞེན་པ་ཤིན་ཏུ་མང་བའི་གདོན་གྱིས་ཟིན་ནས་ཤིན་ཏུ་བརྒལ་དཀའ་བའི་འཁོར་བར་འཁོར་རོ། །དེས་ན་ཇི་སྲིད་དུ་ཡིད་རྣམ་པར་རྟོག་པ་ཡིན་པ་དེ་སྲིད་དུ། བརྫུན་པ་དང་བསླུ་བའི་ཆོས་ཅན་ཡིན་ཏེ། ལྷན་ཅིག་སྐྱེས་གྲུབ་ལས། ཇི་སྲིད་དུ་ནི་རྣམ་རྟོག་པ། དེ་སྲིད་ཐམས་ཅད་ཀུན་ནས་རྫུན། ཞེས་དང་། གཞན་ལས་ཀྱང་། ཇི་སྲིད་ཡིད་ཀྱི་རྣམ་གཡོ་བ། དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན། ཞེས་སོ། དེ་བས་ན། བླ་མ་དམ་པ་ཡོངས་སུ་མཉེས་པ་ལས། དེའི་ལུང་གིས་སེམས་དབང་པོ་རྣམས་ལས་བཀུག་སྟེ། སྤྲོས་པའི་ཁྱད་པར་སྐྱེས་པ་རྣམ་སྤངས་ནས། གཉུག་མའི་རང་བཞིན་རྟོགས་པའི་ངོ་བོ་ཤིན་ཏུ་གཟི་བརྗིད་དང་ལྡན་པའི་བློར་རྗེས་སུ་བལྟ་སྟེ། ཏིང་ངེ་འཛིན་འདི་ནི། གང་མ་བཏགས་པ་མ་བཅོས་པ་དང་། རྩོལ་བ་ཐམས་ཅད་དང་བྲལ་བས། བདེན་པ། རྟག་པ། གཞིག་ཏུ་མེད་པ་ཞེས་བྱ་སྟེ། །ལྭ་བ་པས། གང་ཞིག་དེ་ཉིད་མ་བརྟགས་པ། །དེ་བཞིན་ཡང་དག་དེ་བདེན་པ། །ཞེས་དང་། ཐེ་ཚོམ་མེད་ཅིང་རྟོག་མེད་པས། མངོན་གསུམ་དུ་ནི་རྙེད་པར་འགྱུར། ཞེས་གསུངས་ཤིང་། གཞན་ལས། མ་བཅོས་ལམ་ལ་གནས་ན་ནི། །ཐམས་ཅད་བྱས་ཀྱང་དོན་འགྱུར་ཞིང་། །ཞེས་སོ། །གང་གི་ཚེ་དེས་ཀུན་ཏུ་ཁྱབ་པར་གྱུར་ན་དེའི་ཚེ། ནམ་མཁའ་དང་། ནམ་མཁའ་བཞིན་དུ་འདྲེས་པར་གྱུར་ཏེ། སྔར་ཡུལ་རྣམས་ལ་དགའ་བ་དང་། ཆགས་པ་དང་ལྡན་པས་རྣམ་པར་གཡེང་བའི་ཁྱད་པར་རྣམ་པར་སྐྱེ་བ་རྣམས་མེད་ཅིང་། །ནམ་མཁའ་དང་མཚུངས་པར་རྟོག་པ་དང་བྲལ་ནས། ཕྱག་རྒྱ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཤིང་། དབང་པོ་ལས་འདས་ཤིང་སྐྱེ་བ་མེད་པ་དང་ལྡན་པ་རང་གིས་རིག་པའི་སྤྱོད་ཡུལ་ཅན། ཐ་སྙད་ལས་འདས་པ། སྔར་མངོན་དུ་མ་བྱས་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན། བདེ་བའི་བདག་ཉིད་གཙོ་བོར་གྱུར་པ་སྐྱེ་བར་འགྱུར་རོ། །དེས་རོ་རྐྱང་གི་རླུང་བདུད་དང་ཉོན་མོངས་པའི་མཚན་ཉིད་ཅན་རྣམས་འགགས་ཏེ། ཤའི་མིག་ལ་སོགས་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་པའི་གཟུགས་ཀུན་ནས་ཕྱག་དང་། ཞབས་ལ་སོགས་པའི་མཚན་ཉིད་ཅན་གྱིས་བསྒྲུབས་པའི་ལྷ་མངོན་དུ་འགྱུར་ཞིང་། ཐུན་མོང་དང་མཆོག་གི་མཐར་ཐུག་པའི་བར་གྱི་དངོས་གྲུབ་ཐམས་ཅད་ཐོབ་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མར་བཅས་པའང་འགྲུབ་པར་འགྱུར། ཞེས་གསུངས། ཁ་ཅིག ཐ་དད་རྒྱུ་ཐ་དད་ལས་ཡིན། ཞེས་པ་དང་འགལ་ལོ་སྙམ་ན་ག་ལ་འགྱུར་ཏེ། མཚན་མའི་རང་བཞིན་མཚན་མ་མེད་པར་བཤད་པས། རྫོགས་རིམ་གྱིས་མཚན་བཅས་ཀྱི་དངོས་གྲུབ་འགྲུབ་པ་རྒྱུ་འབྲས་རིགས་མི་མཐུན་དུ་མི་འགྱུར་རོ། །མཚན་མ་མེད་པ་ལ་གནས་པ་ལས་གཞན་རྣམ་པར་རྟོག་པའི་རྒྱུ་ལས་རྣམ་པར་མི་རྟོག་པ་འབྱུང་མི་སྲིད་དེ། །ཀོ་ཊ་པའི་ས་བོན་ལས། སཱ་ལུའི་འབྲས་བུ་མི་འབྱུང་བ་བཞིན་ནོ། །གཉིས་པ་ནི། ལྟེ་བ་ནས་སྤྱི་བོར་ཏ་རེར་ཟུག་པའི་དབུ་མའི་སྒོ་འོད་ཀྱི་བུ་གུ་ཅན་མིག་གཉིས་ལ་རེག་པར་བསམས་ལ། རླུང་མནན་པས། མས་ཡར་སི་རི་རི་བྱུང་ནས་སྒོ་དེ་ལ་སི་རི་རི་ཐོན་པར་བསམ། དེ་དུས་འོག་བསྡམ། སྟེང་ཐད་ཀར་བཞག བརྔུབ་པ་དང་བསྟུན་སྔ་མའི་སྒོ་དེ་ཉིད་ནས་རླུང་མར་བྱུང་ནས་གསང་བའི་སྣ་རྩེ་ནས་ཕྱིར་ཐོན་པར་བསམ། སྟེང་མནན། འོག་གློད། དེ་ལ་གོམས་པས་འཇིག་རྟེན་གྱི་ཁམས་ན་གཟུགས་ཕྲ་བ་རྡུལ་ཕྲ་རབ་དང་། སྦོམ་པ་འབྱུང་བཞིའི་རི་རབ་དང་བཅས་པའི་བར་སྒྲིབ་མེད་དུ་མཐོང་བར་འགྱུར་རོ། །དེ་བཞིན་དུ། རྣ་བ་ལ་ཟུག་པར་བསམས་ནས་སྦྱངས་པས། སྒྲ་ས་དགུ་རྩེ་ནས་ལྷ་ལ་སོགས་པའི་བར་གྱི་སྐད་ཐམས་ཅད་ཐོས་ཤིང་ཤེས་པར་འགྱུར་རོ། །དེ་བཞིན་དུ། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱི་ཆ་ཤས་ཐམས་ཅད་དུ་ཟུག་པ་ལ་སྦྱངས་པས་རེག་བྱ་ཐམས་ཅད་ལ་ལོངས་སྤྱོད་པར་ནུས་པ་ཡིན་ནོ། །ཚུལ་དེས་རྩ་ཐམས་ཅད་དབུ་མར་དག་ཅིང་དབུ་མ་ཡང་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་འབྱོངས་པར་འགྱུར་བ་ཡིན་ནོ། །མཁའ་འགྲོ་རྒྱ་མཚོ་ལས། འདི་ལྟར་དབུ་མ་ཐམས་ཅད་ཀྱི། །ཁྱབ་བྱེད་དུ་ནི་རྣམ་པར་གནས། ཞེས་སོ། ཚུལ་འདི་ཉིད་གཞུང་ལས། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་རླུང་འཕྱེ་བོ་དཔག་བསམ་གྱི་ཤིང་ལ་སྦ་བ་ལ། ཕོ་རླུང་སྦ་བ། མོ་རླུང་སྦ་བ། མ་ནིང་གི་རླུང་སྦ་བ། ཡེ་ཤེས་ཀྱི་རླུང་སྦ་བ་བཞི་ལས། དང་པོ་ནི། ལུས་གནད་གོང་གི་སྐྱིལ་ཀྲུང་མཆན་རྩ་བསྡམ་པ་བཞིན་བྱས་ལ། །རང་ཉིད་ལྷར་བལྟས་པའི་སྙིང་གར་འབྱུང་བ་བཞིའི་རང་བཞིན་པདྨ་དམར་པོ་འདབ་མ་བཞི་པ་ཆུ་ཤིང་གི་མེ་ཏོག་ལྟར་ཁ་ཅུང་ཟད་བྱེ་བའི་ཟེའུ་འབྲུའི་དབུས་སུ། ཉི་མའི་ཐིག་ལེ་དམར་པོ་དང་། ཟླ་བའི་ཐིག་ལེ་དཀར་པོ་ཁ་སྦྱར་བ་ལ་དྲ་བའི་རེ་མིག་གི་སྒྲ་ཞེས་པ་པདྨའི་རྩ་བ་ལྟ་བུར་ཕྲ་བའི་འོད་ཀྱི་སྐུད་པ་སྦུ་གུ་ཅན་གྱིས་ལན་ཕྱེད་དང་བདུན་བསྐོར་དུ་བསྡམས་ཏེ། རྩེ་མོ་གྱེན་དུ་ཕྱུང་བ་ཟླ་བའི་བུ་གར་ཞུགས་པར་བལྟས་ནས་སྲོག་དང་རྩོལ་བ་བསྡམས་ཏེ། སྟེང་རླུང་ཨོཾ་ཡིག་གི་རང་བཞིན་དལ་བུས་དྲངས་ནས་འཇུག་པར་བྱ་བའི་གཞི་འོད་ཀྱི་སྐུད་པའི་ནང་ནས་འཁོར་ཏེ། ཟླ་བའི་ཐིག་ལེར་རྗེས་སུ་སོང་བར་བལྟ་ཞིང་ཨཱ་ཡིག་གི་རང་བཞིན་གནས་པར་བྱ་བ་གཞི་ལ་རླུང་ཕྲ་བ་ཐིག་ལེ་དཀར་པོའི་དབུས་སུ་ཞུགས་པ་དེ་ཉིད་དལ་ཞིང་དལ་བས་གཞན་དུ་མི་གཏོང་བར་འཛིན་པ་དང་། མི་ཐུབ་ན་སྟེང་དུ་འགྲོ་བའི་རླུང་ཧཱུྃ་ཡིག་གི་རང་བཞིན་གྱིས་དབྱུང་བར་བྱ་སྟེ། ཨོཾ་ཨཱཿཧཱུཾ། ཞེས་རླུང་སྔགས་མི་ཕྱེད་པའི་ཚུལ་གྱིས་རྟག་པར་བཟླས་པར་བྱའོ། །སྡོམ་འབྱུང་ལས། རྣལ་འབྱོར་པས་ནི་མཉམ་བཞག་པས། འཇུག་པའི་རླུང་ནི་དྲང་བར་བྱ། ཇི་སྲིད་འབུམ་ལ་སོགས་པའི་གྲངས། །སྒྲ་དང་བྲལ་བར་རྟག་ཏུ་བཟླ། །ཞེས་སོ། །གཉིས་པ་ནི། ལྟེ་བའི་ཐད་ཀྱི་དབུས་སུ་ཉི་མའི་ཐིག་ལེ་དང་། སྟེང་དུ་ཟླ་བའི་ཐིག་ལེ་ཁ་སྦྱར་བའི་དབུས་སུ་མེའི་གཟུགས་ཨ་ཤད་གློག་གི་དབྱུག་པ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་ཡོད་པའི་ཉི་མའི་ཐིག་ལེའི་འོག་གི་ཆར་བུག་པ་དོད་པར་བསམས་ནས་ཐུར་སེལ་གྱི་རླུང་དལ་བུར་ལྟེ་བའི་བར་དུ་དྲངས་པ་ཉི་མའི་བུ་ག་ནས་ཞུགས་ཏེ། ཨ་ཤད་དང་རླུང་སེམས་རོ་གཅིག་ཏུ་འདྲེས་པར་བསམ་མོ། །མི་ཐུབ་ན་སྟེང་དལ་བུས་གློད། འོག་བསྡམ་པར་བྱའོ། །ཚུལ་དེས་རླུང་སེམས་ཟིན་པར་འགྱུར་ཞིང་། དེ་ལས་དཀར་པོ་འཛག་པའི་དགའ་བཞི་འབྱུང་ཞིང་། དེ་ལ་གོམས་པས་བདེ་བ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། ཚུལ་དེ་ཉིད་གཞུང་ལས། ལྟེ་བར་ཆུ་ཤིང་སྙིང་པོ་གནས། སྙིང་གར་ཡང་ནི་བསྒྲེང་སྟེ་གནས། །རྟག་ཏུ་སྟོང་པའི་སྒོ་ཡིན་ཏེ། །མཁས་པས་རྟག་ཏུ་བཟློག་པར་བྱ། །བསྒོམ་དང་བཟླས་པའི་ཁྱད་པར་གྱིས། །ངག་གི་ལམ་ནས་ཞུགས་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པས་གསུངས་སོ། །གསུམ་པ་ནི། ལུས་ལྷར་གསལ་བའི་དབུས་དྲང་པོར་རྩ་གསུམ་འཁོར་ལོ་བཞི་བ་སྦུའི་བུ་གའི་མཐའ་ཚུན་ཆད་ཁྱབ་པའི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་བཅས་པའི་འོད་ཀྱི་སྦུ་གུ་ཅན་དུ་གསལ་བའི་ལྟེ་འོག་ཏུ་ཉི་མའི་སྙིང་པོ་དང་མཚུངས་པའི་ཙཎྜྻཱ་ལི། ཡར་སྣར་ཟླ་བའི་ཞུན་མ་དང་འདྲ་བའི་ཧཾ་ཡིག་ཐུར་དུ་བལྟ་བ་བལྟས་ཏེ། ཕྱི་རོལ་གྱི་རླུང་སྣ་ནས་ནང་དུ་དྲངས་པ་དང་། འོག་གི་རླུང་གྱེན་དུ་དྲངས་པ་ཕོ་བའི་རླུང་ཐད་ཀར་བརྒྱངས་པ་དང་བསྲེས། ཁ་མིག་ལ་སོགས་པ་སེང་གེ་རྣམ་པར་རྩེ་བའི་ཀ་ར་ཎ་བཅིངས་པའི་སྦྱོར་བས། རླུང་ཐུབ་ཚད་དུ་བསྡམ་ཞིང་། ཙཎྜྻཱ་ལི་འབར། དེའི་འོད་ཀྱིས་གདུངས་པས་ཧཾ་ཡིག་ལས་བདུད་རྩི་འཛག་ཅིང་། དེས་ཆེར་འབར་བས་ཆེར་ཞུ་བའི་དཀར་མར་གྱིས་ལུས་ཐམས་ཅད་གང་བར་མོས་སྲོག་དང་རྩོལ་བའི་རྣལ་འབྱོར་རྒྱུན་རིང་དུ་བསྒོམ་པར་བྱའོ། །དེ་ཡང་གཞུང་ལས། སེང་གེ་རྣམ་རོལ་ཕྱག་རྒྱ་ནི། །རྣལ་འབྱོར་པ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བ་བྱ། །ཞེས་གསུངས་སོ། །སྡོམ་འབྱུང་ལས། ཡར་ན་བུམ་པའི་རྣལ་འབྱོར་གྱིས། །རྟག་ཏུ་འཆི་བདག་ལས་རྒྱལ་བྱ། །ཞེས་དང་། སྟེང་དང་འོག་ཏུ་རྒྱུ་བའི་རླུང་། །ཁ་སྦྱོར་དུ་ནི་ཡིད་ཀྱིས་བྱ། ཞེས་སོ། །བཞི་པ་ནི། གོང་བཞིན་ལུས་ལྷ་དང་། རྩ་འཁོར་གསལ་བཏབ་པའི་ལྟེ་བའི་དབུས་སུ། །སའི་མི་ཤིགས་པའི་ཡི་གེ་ཨེ་ཡིག་སེར་པོ་དང་། སྙིང་གར་ཆུའི་མི་ཤིགས་པའི་ཡི་གེ་ཝཾ་ཡིག་དཀར་པོ་དང་། མགྲིན་པར་མེའི་མི་ཤིགས་པའི་ཡི་གེ་མ་ཡིག་དམར་པོ་དང་། སྤྱི་བོར་རླུང་གི་མི་ཤིགས་པའི་ཡི་གེ་ཡ་ཡིག་སྔོན་པོ་རྣམས་གསལ་བཏབ་ནས། སྟེང་རླུང་མནན། འོག་རླུང་འཐེན་ནས་ཁ་སྦྱོར་ལྟེ་བའི་དབུས་སུ་འཛིན་པ་དང་། ལྟེ་བའི་སའི་མི་ཤིགས་པའི་ཡི་གེ་དང་རླུང་སེམས་རོ་མཉམ་དུ་འདྲེས་པར་བསྒོམ། དེ་བརྟན་ནས་ས་ཆུ་ལ་འཇུག་པའི་ཚུལ་གྱིས་སྙིང་གར་བུམ་ཅན་བཅིངས། ལྟེ་བའི་ཨེ་ཡིག་ཝཾ་ཡིག་ལ་ཐིམ་པའི་ཚུལ་གྱིས་རོ་མཉམ་དུ་བལྟའོ། །དེ་བཞིན་དུ། མགྲིན་པར་བཅིངས། ཆུ་མེ་ལ་ཐིམ་པའི་ཚུལ་གྱིས་ཝཾ་ཡིག་མ་ཡིག་དང་རོ་མཉམ་དུ་འདྲེས་པར་བལྟའོ། །དེ་ནས་སྤྱི་བོར་འཛིན་པ་དང་མ་ཡིག་ཡ་ལ་ཐིམ་པས་མེ་རླུང་ལ་ཐིམ་པའི་ཚུལ་གྱིས་རླུང་སེམས་རོ་མཉམ་དུ་བལྟའོ། །དེ་ནས་རླུང་སྟོང་པ་ལ་ཐིམ་པའི་ཚུལ་གྱིས་ཡ་ཡིག་དབྱིངས་སུ་ཐིམ་པར་མོས་ནས་སྟོང་པ་ཉིད་ལ་སེམས་འཛིན་པར་བྱའོ། །དེ་ཡང་གཞུང་ལས། ཨེ་ཝཾ་བཞི་ཡི་བསམ་གཏན་བྱ། ཞེས་གསུངས་ཤིང་དེ་རྣམས་ཀྱིས་ཉི་ཟླའི་རླུང་དབུ་མའི་ཁྱིམ་དུ་ཆུག་ནས་སྲོག་འགོག་པ་འཐོབ་སྟེ། ཞག་གཅིག་གིས་ནི་ནད་མེད་པ་དང་། བཅོ་ལྔས་ནམ་མཁའ་འགྲོ་བ་དང་། ཟླ་བ་གཅིག་གིས་འཆི་མེད་ཀྱི་ཚེ་དང་། ལོ་གཅིག་གིས་སྲོག་རྩོལ་གྱི་ཡོན་ཏན་མཐར་ཕྱིན་པ་འགྲུབ་པར་འགྱུར་བ་ཡིན་ནོ། །བཞི་པ་སེམས་གསང་བའི་འཁོར་ལོར་སྦ་བ་ལ། དབང་དུ་བྱ་བ་བརྔུབ་པའི་གནད། རེངས་པར་བྱ་བ་དགང་བའི་གནད། །ཞི་བར་བྱ་བ་གཞིལ་བའི་གནད། །ཁྱད་པར་བྱ་བ་མཉམ་པའི་གནད་བཞི་ལས། དང་པོ་ནི། མཚན་ཉིད་ཐམས་ཅད་དང་ལྡན་པས། ཡི་གར་མཆིས་པའི་ཕོ་ཉ་མོ་ཡང་དག་པར་སྦྱོང་བའི་ཆོ་གས་ཡོངས་སུ་སྦྱངས་པ་དང་ལྷན་ཅིག སྐྱེ་བོའི་ཡ་གས་དབེན་པར་བྱས་ཏེ། ལྷའིརྣལ་འབྱོར་གྱིས་རྒྱུད་བྱིན་གྱིས་བརླབས་ནས། གཟུགས་སྒྲ་དྲི་རེག་བྱའི་འདོད་ཡོན་གྱིས་ཡིད་སིམ་པ་སྐྱེད་དེ། སྙོམས་པར་འཇུག་པའི་བྱ་བས། གང་གི་ཚེ་གཉིས་ཀའི་སེམས་ཀྱི་འཇུག་པ་གཞན་བརྗེད་ཅིང་དགའ་བ་གཅིག་པོ་དྲན་པ་ལ་ཕྱོགས་ནས། དགའ་བའི་གདུང་བས་ཆགས་ཏེ་ཞུ་བར་གྱུར་ནས། ཐམས་ཅད་ལ་ཆེར་བལྟོས་པ་མེད་ཅིང་། ཚམ་ཚོམ་མེད་པ་དང་བཅས་པས་ཤིན་ཏུ་རྒྱ་ཆེ་བའི་བསྒྲུབ་པ་བདེ་བའི་གནས་ལ་ཤིན་ཏུ་གོམས་པའི་ལོངས་སྤྱོད་ཀྱི་ཐིབ་པོ་སད་པར་བྱས་ཏེ། དགའ་བ་དང་བདེ་བ་ཡང་དག་པར་སྤེལ་བ་འཇུག་པས་བསྐྱེད་པ་ནི། གནས་སྐབས་འདི་ལྟར་འགྱུར་ཏེ། སྤྱི་བོ་ནས་མགྲིན་པར་འོངས་བ་སེམས་ཅན་ལ་དམིགས་པ་ཞེས་བྱ་བ་དཀར་པོའི་ཚེས་གཅིག་ནས་ལྔའི་བར་དང་། མགྲིན་པ་ནས་སྙིང་གར་འོངས་པ་ཆོས་ལ་དམིགས་པ་ཞེས་བྱ་བ་དྲུག་ནས་བཅུའི་བར་དང་། དེ་ནས་གསང་བའི་སྣའི་རྩེ་མོའི་མཐར་ཐུག་པར་བརྔུབ་པ་ནི་དམིགས་པ་མེད་པ་ཞེས་བྱ་བ་བཅུ་གཅིག་ནས་བཅོ་ལྔའི་བར་ཡིན་ལ། དེ་ལྟ་བུའི་ནང་གི་སྙིང་རྗེའི་བདག་ཉིད་ཅན་མཚན་མ་དང་བྱས་པའི་དབང་ལས་དཔེའི་ཡེ་ཤེས་ཞེས་བྱ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་མཚོན་བྱེད་དུ་འགྱུར་བ་ཡིན་ནོ། །དེ་ཉིད་མཚན་མ་ཐམས་ཅད་སྤངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དབང་དུ་བྱས་པ་ན་རང་བྱུང་གི་ཡེ་ཤེས་ཆ་བཅུ་དྲུག་ཡོངས་སུ་རྫོགས་པའི་སྙིང་རྗེ་ཆེན་པོ་ཉིད་ས་ཧ་ཛའོ། །དེ་ཡང་བརྟག་གཉིས་ལས། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་ལ་གཅིག །ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཡོ་གི་སྙིང་རྗེའི་ཐབས་སུ་འགྱུར། །ཞེས་གསུངས་ཤིང་། གཞུང་ལས། བརྔུབ་པ་ཡིས་ནི་དབང་དུ་བྱེད། །ཅེས་སོ། །གཉིས་པ་ནི། ཐ་མལ་པའི་ལུས་ཅན་རྣམས་ཟླ་བ་ཐུར་དུ་ལྷུང་བའི་རིམ་གྱིས་དང་། ཉི་མ་སྟེང་དུ་སོང་བའི་རིམ་གྱིས་ཟད་དེ། དྭངས་མ་སྙིང་གའི་དྷཱུ་ཏཱིའི་སྒྲ་གཅན་དང་ཕྲད་པས་རྣམ་ཤེས་དངོས་པོའི་མཚན་ཉིད་ཅན་ཀུན་གཞི་ཙམ་དུ་གནས་ཏེ་འཆི་འཕོ་བས། ཀུན་རྫོབ་ཏུ་མེ་ཆུའི་ཐབས་ཤེས། ཆུ་བུར་དང་མེ་གྱེན་དུ་འགྲོ་བ་ནི་འཆི་བ་སྟེར་བར་བྱེད་པ་འཁོར་བའི་ཆོས་ཀྱི་ཚུལ་ཡིན་ལ། རྣལ་འབྱོར་པ་དེ་ལས་བཟློག་སྟེ་ཟླ་བ་སྟེང་དང་། ཉི་མ་འོག་ཏུ་མནན་ཏེ། སྒྲ་གཅན་དང་ལྷན་ཅིག་ཏུ་བཅིངས་ནས། ལུས་དགང་བའི་བྱེད་ཆིངས་ལ་འབད་པས་དཀར་དམར་གྱི་ཐིག་ལེ་རེངས་ཏེ་གྱེན་དུ་ཕྱོགས་པས་རྣམ་ཤེས་འགྱུར་མེད་དང་། བདེ་བའི་ཡེ་ཤེས་ཀྱི་ངོ་བོར་མངོན་དུ་འགྱུར་ཏེ། མེ་ཆུའི་ཐབས་ཤེས་གོ་བཟློག་པས། འཆི་བ་མེད་པའི་གནས་སུ་འགྲུབ་པ་ནི་མྱ་ངན་ལས་འདས་པའི་ཆོས་ཀྱི་ཚུལ་ཏེ། སྔ་མ་གཞིའི་ལུགས་འབྱུང་དང་། ཕྱི་མ་བྱེད་ཆིངས་ཀྱི་དབང་ལས་ལུགས་བཟློག་གི་ངེས་པའོ། །དེ་ཡང་གཞུང་ལས། དགང་བ་ཡིས་ནི་རེངས་པར་བྱེད། །ཅེས་སོ། །གསུམ་པ་ནི། དེ་ལྟར་རེངས་པའི་སྐད་ཅིག་དེ་ཉིད་ནས་རྒྱུ་མཐུན་དང་། རྣམ་སྨིན་དང་། སྐྱེས་བུ་བྱེད་པ་དང་། བྲལ་བའི་འབྲས་བུའི་དབང་གིས། ལྟེ་བ། སྙིང་ག མགྲིན་པ། གཙུག་ཏོར་གྱི་འཁོར་ལོའི་མཐར་ཐུག་གི་བར་གཤེགས་པས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་ཐིག་ལེ་འཛག་མེད་དུ་འཆིང་བ་ཡིན་ནོ། །མཚན་བརྗོད་ལས། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་གསུངས་ཤིང་། འདི་ཉིད་ལས། རབ་ཏུ་ཞི་བས་ཞི་བར་འགྱུར། ཞེས་གསུངས་ཏེ། རང་གནས་སུ་དྲང་བ་གཞིལ་བའི་སྦྱོར་བས། ཟག་པ་དང་བཅས་པའི་བདེ་བ་ཐམས་ཅད་མཆོག་ཏུ་མི་འགྱུར་བའི་བདེ་བའི་དབྱིངས་སུ་ཞི་བར་འགྱུར་ཞེས་པའི་དོན་ནོ། །བཞི་པ་ནི། དེ་ཡང་རླུང་སེམས་ཐམས་ཅད་དབུ་མའི་ནང་དུ་ཚུད་པས་དབུ་མའི་མེ་སྟོབས་སུ་གྱུར་ཏེ། །རྩའི་མདུད་པ་ཐམས་ཅད་བྲལ་ནས། ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་དཀར་དམར་གྱིས་མཉམ་པར་ཁྱབ་པ་ན། ཟག་པ་དང་བཅས་པའི་ཕུང་པོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྐུར་ལྕགས་ལས་གསེར་འགྱུར་གྱི་རྩིས་རེག་པ་བཞིན་དུ་གྱུར་ཏེ། དབུ་མའི་མེའི་སྟོབས་ཀྱིས་ཁམས་གྱེན་དུ་རེངས་པས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་ཅིང་། དབུ་མའི་ཡས་སྣ་མདུན་དུ་འཁྱོགས་པའང་གྱེན་དུ་མ་རུངས་པ་སྟེ། རེངས་བར་བྱས་པས་གཙུག་ཏོར་བལྟར་མི་མངོན་པ་གྲུབ་ཅིང་། དེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་སར་བཞག་པ་ཡིན་ནོ། །དེ་ཡང་གཞུང་ལས། མཉམ་པར་མ་རུངས་དཔྲལ་བ་ཅན། །དྷཱུ་ཏཱིར་ཚུད་ན་བྱང་སེམས་རྒྱུན་མི་འབབ། ཅེས་གསུངས་སོ། །གཉིས་པ་རྐྱེན་བཞི་ནི། གསལ་བའི་རྐྱེན་དབང་པོའི་སྒོ་མི་བགག་པར་དབང་པོ་རང་ཡན་དུ་བཞག བདེ་བའི་རྐྱེན་ལུས་སེམས་ཀྱི་བྱ་བ་བསྐྱུངས་ཏེ་རྣལ་དུ་དབབ། མི་རྟོག་པའི་རྐྱེན་སེམས་པ་ཆགས་སྡང་ཡེ་མེད་པར་བྱས་ནས་མ་ཡེངས་པར་བཞག མི་སྐྱོ་བའི་རྐྱེན་འདོད་ཡོན་གྱི་སྣང་བ་མི་བགག་པར་ཚོགས་དྲུག་ལམ་དུ་ཁྱེར་བར་བྱའོ། །གསུམ་པ་ལས་སུ་རུང་བ་བཞི་ནི། རྩ་ལས་སུ་རུང་བའི་རྟགས་ལུས་ཡོད་དུ་མི་ཚོར། ཟོ་མདོག་བདེ། སྟོབས་གླང་པོ་ཆེ། རྩལ་སེང་གེ མདངས་པདྨ། བཀྲག་ཉི་ཟླ་དང་མཉམ། རླུང་ལས་སུ་རུང་བའི་རྟགས། རྩེན་དང་ཡང་དང་མགྱོགས་པ་དང་། དབུགས་དང་རྔམ་པ་མི་རྒྱུ་དང་། །ཅི་ཙམ་བཀག་ཀྱང་ནད་མེད་དང་། །སྟེང་འོག་སྤོ་དང་གཡས་གཡོན་སྤོ། །སེམས་ཀྱིས་གར་འདོད་སྤོ་ནུས་པའོ། །ཞེས་དང་། གསལ་ཤིང་གི་རྩེ་མོར་བསྒོམས་ཀྱང་ཉམ་ང་མེད་དོ། །རྣམ་པར་མི་ལྟོག་པ་ལས་སུ་རུང་བའི་རྟགས་ཉོན་མོངས་པ་སྐྱེ་མི་སྲིད། རྣམ་རྟོག་རང་ཁེགས་སུ་སོང་སྟེ་དངོས་པོར་འཛིན་པའི་གདོན་དང་བྲལ། ཟད་པར་ས་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱིས་མངོན་པར་འདུ་བྱ་བ་ལ་དཔའ་བ་ཡིན་ནོ། བྱང་ཆུབ་ཀྱི་སེམས་ལས་སུ་རུང་བས་རྡོ་འཇུ། སྣང་བ་བདེ་བར་འཆར། ལུས་ཤེལ་ལྟར་དག་པས་ལུས་ལ་གྲིབ་མ་མེད། གངས་ཀྱི་སྟོངས་སུ་ཕྱིན་ཀྱང་སྐྱེས་པ་དང་བུད་མེད་ཐམས་ཅད་དབང་དུ་འདུའོ། །བཞི་པ་དབང་ཐོབ་པ་བཞི་ནི། སེམས་ལ་དབང་ཐོབ་ན་བསྒོམས་ན་གསལ་ལ་མ་བསྒོམས་ན་མི་གསལ། དྲོད་ལ་དབང་ཐོབ་ན། བསྒོམས་མ་བསྒོམས་མེད་པར་གསལ། རྣམ་པར་ཤེས་པ་ལ་དབང་ཐོབ་ན་རིའི་ཁྲི་བརྙན་ས་ལེ་འགུགས་ནུས། ཡེ་ཤེས་ལ་དབང་ཐོབ་ན། ལག་མཐིལ་དུ་ལྷ་བསྐྱེད་ནས་གཞན་ལ་སྟོན་ནུས་སོ། །རྒྱལ་རྣམས་གསང་བའི་རྒྱུད་ཀྱི་གངས་རིའི་འཕྲེང་། བླ་མའི་བྱིན་རླབས་དྲོད་ཀྱིས་བཞུ་བའི་ཆབ། །མཆོག་འདོད་ཡིད་ཀྱི་ཞིང་སར་འབེབས་བྱེད་པ། །བདག་ཡིད་དཔྱིད་དུས་འདི་ལས་གཞན་པ་སུ། །ཉམས་ལྡན་ཚིག་གི་མྱུ་གུ་རྣམས་སྐྱེས་ཤིང་། །བརྗོད་དོན་མཆོག་གི་མེ་ཏོག་རྒྱས་གྱུར་པས། བླ་མེད་ཐེག་པར་ཆགས་ལྡན་ཀུན་གྱི་ཡིད། དགའ་བའི་དགའ་སྟོན་ཉིད་དུ་ཅིས་མ་གྱུར། །གྲུབ་རིགས་རྐང་དྲུག་ལྡན་པའི་འཕུར་ལྡིང་རྣམས། །ཕྱོགས་འདིར་བགྱིད་པས་གདམས་ཆུང་སྐྱེད་ཚལ་གྱི། །ཁེངས་པ་དེ་དག་ཐུང་ངུར་གྱུར་ཏོ་ཞེས། །མཆོག་གི་ཟློས་གར་མཁན་རྣམས་འདོམས་པ་སྙམ། །དཔལ་ལྡན་འབྲུག་པ་ཡབ་སྲས་ཀྱི་ཟབ་ཆོས་བསྲེ་སྐོར་ལས་འཕྲོས་པ། རྗེ་བཙུན་ནཱ་རོའི་ཞབས་ཀྱིས་ཆོས་བཅུ་དྲུག་ཏུ་གྲགས་པ་རྣམ་པར་ཕྱེ་བའི་ཁྲིད། ལྷོ་བྲག་མཁར་ཆུ་རིན་པོ་ཆེའི་གླིང་། །ནོར་བུ་སྤུངས་པའི་གཞལ་མེད་ཁང་དུ། །པདྨ་དཀར་པོས་གཞན་ལ་བྱིན་པའི་ཆོས་སུ་བྱས་པ་རེ་ཞིག་རྫོགས་སོ།། །། ༄༅༅། །བསྲེ་སྐོར་ལས། རང་རིག་ཕྱག་ཆེན་དུ་འཁྲིད་པའི་ལམ་ཚིག་བསྡུས་ཀྱི་སྒོམ་རིམ་ཞེས་བྱ་བ་བཞུགས་སོ།། དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །དང་པོའི་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བཏགས། །དེ་ཉིད་ཇི་ལྟ་དེ་ལྟ་བར། །གཞན་ལ་མངོན་གསུམ་ཉིད་མཛད་པའི། །རྗེ་བཙུན་ཞབས་ཀྱི་ལི་ཁྲིའི་རྡུལ། །འཆར་ཀ་འདྲ་བ་སྤྱི་བོས་མཆོད། །འདིར། ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །ཞེས་པས་བསྟན་པ་ཕྱག་རྒྱ་ཆེན་པོ་ཚིག་སྡེ་བཞི་གསུམ་བཅུ་གཉིས་སུ་བསྡུས་པས་ཚིག་བསྡུས་ཞེས་བཏགས་པ་རང་རིག་ཕྱག་རྒྱ་ཆེན་པོའི་ལམ་སྒོམ་རིམ་དུ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། སེམས་ཀྱི་ངང་བཟོ་བཅོས་སམ་བསལ་བཞག་མེད་པ་འདི་ལ་གཞི་ཕྱག་རྒྱ་ཆེན་པོ་ཟེར། དེ་མན་ངག་གིས་བཞག་ཐབས་དང་། རྟོགས་ལྡན་བླ་མའི་བྱིན་རླབས་ཀྱིས་སོ་སོ་རང་རིག་གིས་མངོན་སུམ་དུ་སྐྱེས་ལ་དེ་ལ་ལམ་ཕྱག་རྒྱ་ཆེན་པོ་ཟེར། རང་རིག་དེ་སྒྲིབ་བྲལ་དུ་མངོན་དུ་གྱུར་པ་དེ་ལ། འབྲས་བུ་ཕྱག་རྒྱ་ཆེན་པོ་ཟེར་ཏེ། མཚན་ཉིད་མདོ་སྡེའི་ངེས་དོན་དང་ཐུན་མོང་བ། མཚན་གཞིའི་འཁྲིད་ཚུལ་རྡོ་རྗེ་ཐེག་པའི་ཁྱད་པར་བ་ཞིག་གོ །གཉིས་པ་ལ། གཞིའི་ཆོས་བཞི། ལམ་གྱི་ཆོས་བཞི། འབྲས་བུའི་ཆོས་བཞི་ལས། དང་པོ་ནི། ངོ་བོ་སྤྲོས་པ་དང་བྲལ་བ། །རང་བཞིན་དྲི་མ་མེད་པ། མཚན་ཉིད་སྣང་སྟོང་གཉིས་མེད། ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །དང་པོ་ནི། ཆོས་ཐམས་ཅད་སེམས་སྣང་། སེམས་ནི་ངོ་བོ་སྒྲིབ་པས་སྒྲིབ་མ་མྱོང་བས་ཉོན་མོངས་པ་བསལ་རྒྱུ་དང་། རྟོགས་པ་གསར་དུ་བསྣན་རྒྱུ་མེད་པས་གང་གིས་ཀྱང་བསླད་མ་མྱོང་ཞིང་གང་དུའང་འཇོག་མི་ཤེས་པས་སྤྲོས་བྲལ་ཞེས་བྱའོ། །གཉིས་པ་ནི། དེ་ཉིད་འཛིན་ཞེན་མྱོང་གསུམ་མེད་པར། ཆོས་ཐམས་ཅད་ཀྱི་སྣང་བ་འགག་མེད་དུ་འཆང་བ་མེ་ལོང་དྲི་མ་མེད་པ་ལ་གཟུགས་བརྙན་སྣང་བ་བཞིན་ཡིན་པས་རང་བཞིན་དྲི་མ་མེད་པའོ། །གསུམ་པ་ནི། སེམས་སྐད་ཅིག་མའི་རང་ངོ་ན་གཉིས་མེད་ཀྱང་། རང་ངོ་མ་ཤེས་པས་རང་རིག་ཏུ་མ་ཤར། དེ་འི་རྐྱེན་གྱིས་སྐད་ཅིག་སྔ་མའི་ཡུལ་ལ་ཕྱི་མ་འཛིན་ཞེན་དུ་སྐྱེས་པ། དོན་ལ་མྱོང་བ་རྟོག་པར་ལངས་པ་སྣང་བ་དང་། གང་ཤར་ངོ་ཤེས་པས་ཞེན་འཛིན་དུ་མི་སྐྱེ་བར་མྱོང་བ་རྗེས་མེད་དུ་དག་པས་སྟོང་པ། དེ་གཉིས་གཉིས་སྣང་གི་ངོ་ན་ཐ་དད་པ་འདྲ་བ། སོ་སོ་རང་རིག་གི་ངོ་ན་གཉིས་སུ་མ་མཆིས་པས་མཚན་ཉིད་སྣང་སྟོང་གཉིས་མེད་ཅེས་བྱའོ། །བཞི་པ་ནི། མཚན་ཉིད་དེ་ལྟ་བས་ན། མཚན་གཞི་གདངས་ཆུ་ཟླ་བཞིན་འགག་མེད་དུ་འཆར་བའི་ཐབས་ལས། གཤིས་ཅིར་ཡང་འཇོག་མི་ཤེས་པའི་ཤེས་རབ། །འཁྱག་པ་དང་ཆུ་གཞན་དུ་འབྱེད་མི་ཤེས་པ་ལྟ་བུར་མི་ཕྱེད་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །གཉིས་པ་ལམ་གྱི་ཆོས་བཞི་ནི། ཟག་པ་མེད་པའི་བདེ་བ་ཆེན་པོ་གསལ་བ་རང་དུ་བྱུང་བ། མ་སྐྱེས་པ་ལྷུན་གྱིས་གྲུབ་པས་མི་རྟོག་པ། བདེ་གསལ་མི་རྟོག་པ་དབྱེར་མེད་ཟུང་དུ་འཇུག་པའོ། །དང་པོ་ནི། ལུས་རང་བབས་རྔ་མའི་མདུད་པ་གྲོལ་བ་ལྟ་བུ། ངག་རང་བབས་སྒྲ་བརྙན་ནམ་མཁར་དེངས་པ་ལྟ་བུ། སེམས་རང་བབས་བུ་ཆུང་གི་ཤེས་པ་མ་བཅོས་པ་ལྟ་བུས་གཏད་མེད་དུ་བསྐྱངས་པས། གཉིས་སྣང་གི་འཁྲི་བ་བཙན་ཐབས་སུ་ཆོད་པས་ཟག་མེད། འཁྲི་བ་ཆོད་མཁན་དེ་རང་སར་གློད་པས་མྱོང་བ་གུ་ཡངས་སུ་ཤར་བ་བདེ་ཆེན། ཅིར་སྣང་དྲན་པའི་གསོས་སུ་ལྷོངས་ན་ཐམས་ཅད་སྒོམ་གྱི་ཡོ་ལང་ཡིན་པས་ཚིག་ལ་མ་བརྟེན་པར་སྒྲོ་འདོགས་ནང་ནས་ཆོད་པ་ཞེས་བྱའོ། གཉིས་པ་ནི། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་སུ་འདུག སེམས་སྤྲོས་བྲལ་རྗེན་ནེ་བ་འདི་ལ་བཟོ་བཅོས་བྱས་ནས་ཅི་བྱེད། འོན་ཀྱང་གང་ཤར་བཟོ་བཅོས་འབའ་ཞིག་ཏུ་འཆར་བར་འདུག་པས། ཤར་ཐོག་ཏུ་མ་ཡེངས་དང་ཤར་དུས་ཉིད་དུ་གྲོལ་བ་དེར་གདའོ། །དེའི་ཕྱིར་འདོད་ཡོན་མི་སྤང་གྲོགས་སུ་འཁྱེར། འདིར་བདེ་བ་ལམ་ཡིན། ལམ་དུ་འགྲོ་བ་ལ་མྱོང་ཞེན་མེད་པ་ཅིག་དགོས་པ་དེར་གདའོ། །མྱོང་ཞེན་བཀག་པས་མི་ཁེགས་ཁོ་རང་གཅེར་ཟིན་ན་དག་པ་དེ་ཀ་ཡིན། སྤྲས་སྤྲོས་མ་མང་། ཤུགས་འབྱུང་གི་སྤྱོད་པ་ལྷུག་པར་སྐྱོངས། ཆོས་ལ་མ་རེ། རེ་བ་བདུད་ཡིན། འཇིག་རྟེན་པར་ཤོར་གྱི་མ་དོགས། དོགས་པ་བདུད་ཡིན། མཉམ་ཉིད་དུ་གུ་ཡངས་དགོས། དེའི་ཕྱིར་གནད་ལ་མ་བརྟེན་པར་བྱིང་རྒོད་རང་སར་གྲོལ་བ་ཞེས་བྱའོ། །གསུམ་པ་ནི། ཅིར་སྣང་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་མོད། སེམས་ཅི་ཡང་མ་ཡིན། གང་དུའང་མ་གྲུབ། ཅིར་ཡང་འཆར། གང་དུ་ཡང་སྣང་། དེ་ཀས་བསམ་བརྗོད་དང་བྲལ་བ་ཞེས་བཞག་པ་ཡིན་མོད། དེའི་ཕྱིར། སེམས་ཀྱི་གཤིས་ལ་འཁྲུལ་མ་འཁྲུལ་གཉི་ག་ཡོད་མ་མྱོང་། འོན་ཀྱང་རྟེན་རླུང་དང་། འཁོར་བ་ཐོག་མ་མེད་པ་ནས་བཞག་པའི་བག་ཆགས་ཀྱིས་འཁྲུལ། དེ་ལ་བལྟོས་ནས་མ་འཁྲུལ་པ་ཞེས་བྱ་བའི་ཐ་སྙད་ཅིག་ཀྱང་བཟོས། འཁྲུལ་བདོ་བའི་ཚེ་ཡང་རྨི་ལམ་མམ་སྒྱུ་མ་ལྟ་བུའི་འཁོར་ལོ་ལས། བདེན་བདེན། རྟག་རྟག་པོ་ཞིག་ག་ན་ཡོད། མེད་པས་ཁོ་ལ་བཟོ་བཅོས་ཅི་ཡང་མ་བྱས་པར་རང་སར་བཞག་ན་རྣམ་པར་རྟོག་པའི་རླུང་ཞི་ནས་རང་ངོ་རང་རིག་ཏུ་རྗེན་མཐོང་ངོ་། །དེ་ལ་མཐོང་མཁན་འདུག་ན་ལྷོད་ཀྱིས་གློད། ཞེན་པ་འདུག་ན་རྦད་ཀྱིས་ཆོད། མྱོང་བ་འདུག་ན་ཤིགས་ཀྱིས་བཤིག །དྲན་པ་དྲན་པ་བྱས་ཀྱང་མ་ཡེངས་པ་ཙམ་ལ་ཟེར་བ་ཡིན། སྒོམ་དུ་ཞེན་ན་འཆིང་བས་སྒོམ་གྱི་སྣང་བ་འཆལ་བར་སྐྱོངས། ལྷོད་ལྷོད་པོ་ཞིག་འདོད་མི་དགོས་གང་ཤར་རང་བབས་སུ་བཞག་པས་ཆོག གནས་གནས་པོ་ཞིག་སྒྲུབ་མི་དགོས། རིག་པ་སོ་མ་འདི་དུམ་བུར་གཏུབ་དང་། ངེས་པ་ནང་ནས་འཆར་བའི་རྒྱུ་བྱེད། དེ་ལྟར་ཤར་ན་སྡུག་བསྔལ་ཟད། དེ་ཀ་ལ་བདེ་བ་ཆེན་པོ་ཞེས་བཞག ཐམས་ཅད་དེའི་རྐྱེན་དུ་འབར་བས་ཐབས་ལ་མ་བརྟེན་པར་བདེ་ཆེན་རྒྱུན་མི་འཆད་པ་ཞེས་བྱའོ། །བཞི་པ་ནི། སྦྱོར་བས་མེས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་གང་ཤར་ལ་དོར་སྙམ་དུ་བསམས་ནས། དམིགས་པ་གང་ཤར་ཉོན་མོངས་གང་སྣང་། སྤྱོད་ལམ་གང་བྱེད་ཐམས་ཅད་དུ་གང་ཤར་བ། རང་ངོ་ཐུག་ཕྲད་དུ་རིག་པས་གསལ་སྟོང་བློ་བྲལ་དུ་འཆར། དེས་ཐམས་ཅད་ལམ་དུ་འགྲོ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་མས་བུ་གཅིག་པ་མཐོང་བ་ལྟར་སྙིང་རྗེ་སྐྱེས་ཏེ། དུས་གསུམ་གྱི་དགེ་བ་ཐམས་ཅད་སེམས་ཅན་གྱི་ཕན་པ་དང་བདེ་བའི་རྒྱུར་གྱུར་ཅིག་ཅེས་བསྔོ་བར་བྱེད་ཅིང་། ཚོགས་རྣམ་པ་གཉིས་ཀྱིས་བསྒྲུབ་པ་ལ་པདྨའི་མཚོ་ལ་ངང་པ་བཞིན་དུ་འཇུག་པར་འགྱུར་བ་འདིས་ནི་ཉམས་མྱོང་མཐར་ཕྱིན་པར་བྱེད་པ་ཡིན་ནོ། །གསུམ་པ་འབྲས་བུའི་ཆོས་བཞི་ནི། སྐུ་གསུམ་དབྱེར་མེད་པ། བདེ་བ་ཆེན་པོའི་འོད་གསལ་ཟུང་དུ་འཇུག་པའི་ཡེ་ཤེས། སོ་སོ་རང་རིག་གཡོ་བ་མེད་པའི་འཕྲིན་ལས། མི་གནས་པའི་མྱ་ངན་ལས་འདས་རྣམ་པར་དག་པའི་མཛད་པའོ། །དང་པོ་ནི། རྣལ་འབྱོར་པ་དེ་རང་བཞིན་མེད་པའི་རང་བཞིན་དུ་གྱུར་པས་ངོ་བོ་ཉིད་ཀྱི་སྐུ་འཐོབ། དེ་ལས་ཕྲ་བ་མི་ཤིགས་པའི་སྣང་ཙམ་ཐམས་ཅད་དུ་འཆར་བ་ལོངས་སྐུ་དེ་ལས་རྒྱུ་མཐུན་པའི་རགས་སྣང་དུ་ཡང་འགྱུར་བཞིན་པས་སྤྲུལ་སྐུ། རང་བཞིན་གཅིག་ཉིད་རྣམ་པ་ཐམས་ཅད་པར་འཆར་བ་ཞེས་བྱ་སྟེ་ཆུ་ཟླ་བཞིན་ནོ། །གཉིས་པ་ནི། བདེ་བ་ཆེན་པོ་ནི་སྙིང་རྗེ། འོད་གསལ་ནི་སྟོང་པ། དེ་གཉིས་ཆུ་ལ་ཆུ་བཞག་པ་ལྟ་བུར་ཟུང་དུ་འཇུག་པའི་གོ་འཕང་ནི་ངོ་བོ་ཉིད་ཀྱི་སྐུའོ། །གསུམ་པ་ནི། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཤིན་ཏུ་སངས་རྒྱས་པར་གྲུབ་པས་འོག་མིན་དུ་ཉིད་དང་མཉམ་པའི་འཁོར་གྱི་འདུས་པ་ལ། སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་སྤྱོད་པ་སྟོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བཞི་པ་ནི། ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་པ་དང་། སྙིང་རྗེས་ཞི་བ་ལ་མི་གནས་པས་སྲིད་པ་ཇི་སྲིད་པ་དང་འགྲོ་བ་ལ་ཕན་པ་དང་བདེ་བ་མཉམ་དུ་མཛད་པ་དེ་ནི་སྤྲུལ་པའི་སྐུའོ། །རང་རིག་ཕྱག་ཆེན་དུ་འཁྲིད་པའི་ལམ་ཚིག་བསྡུས་ཀྱི་བསྒོམ་རིམ་ཞེས་བྱ་བ་པདྨ་དཀར་པོས་ལེགས་པར་སྨྲས་པའོ།། །། ༄༅༅། །འགྱུར་གྱི་རྩི་ལྟ་བུའི་གདམས་ངག་བཞུགས་སོ། །ཡང་དག་པར་སྦྱོར་བ་ལས་གསུངས་པའི་ལམ་རིམ་མོ།། བློ་གྲོས་པདྨོ་མ་ལུས་བཞད་འཇུག་ལ། །མདོ་གཞུང་ཉི་མའི་འོད་ལས་ཆེས་འཕགས་པ། །ཅི་ཡང་རྡོ་རྗེ་ཐེག་པའི་དགའ་ལྡན་ནས། འགྱེད་མཁས་རྗེ་བཙུན་སྟོན་པའི་རྒྱལ་ཚབ་མཁྱེན། །འདིར་དཔལ་ཀུན་ཏུ་ཁ་སྦྱོར་རམ་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་པ་གསེར་འགྱུར་གྱི་རྩི་ལྟ་བུའི་གདམས་ངག ཇོ་བོ་ནཱ་རོ་པའི་ཁྱད་པར་གྱི་ཆོས་འདི་བཤད་པ་ལ། འདོད་ཆགས་ཅན་ལ་སྐྱེ་ཤི་བར་དོ་ལམ་དུ་སློང་བ་དགའ་བཞིའི་གནད། ཞེ་སྡང་ཅན་ལ་སྲིད་པ་བར་དོ་ལམ་དུ་སློང་བ་སྒྱུ་ལུས་ཀྱི་གནད། གཏི་མུག་ཅན་ལ་རྨི་ལམ་བར་དོ་ལམ་དུ་སློང་བ། འོད་གསལ་གྱི་གནད་གསུམ། དང་པོ་ལ། སྟེང་སྒོ་རྣམ་པར་གྲོལ་བ་རང་ལུས་ཐབས་ལྡན། འོག་སྒོ་བདེ་བ་ཆེན་པོ་གཞན་ལུས་ཤེས་རབ་ཀྱི་གདམས་ངག་གཉིས། དང་པོ་ལ། གཞུང་ལས། ས་བོན་སྐྱེ་གནས་རིམ་ཁྱབ་པ། །གཞི་དང་ཁང་པ་ཉིད་དང་ནི། །ལས་དང་སྦྱོར་བ་རང་ནུས་ལ། །རང་གི་ངོ་བོ་ཐིག་ལེར་བཅས། །ཞེས་པའི་ཚིགས་སུ་བཅད་པ་འདི་ཡིན་ལ། འདིའི་དོན་ཞིབ་མོ་སམྦུ་ཊར། ཡོ་གི་སྔར་གསུངས་མཚན་ཉིད་ཀྱི། སོགས་ཤློ་ཀ་བདུན་དང་རྐང་པ་གསུམ་གྱིས་མཐར་ཆགས་སུ་བསྟན་པ་ལས། སྐབས་འདིར་ས་བོན་ཞེས་པ་འདི་སྟོན། དེ་ཡང་དེར་ཡོ་གི་སྔར་གསུངས་མཚན་ཉིད་ཀྱི། །མཚན་ཉིད་སྟོང་པར་བསམ་ནས་ནི། །ལུས་ཀྱི་སྟོང་པའི་ཞིང་སོགས་ལ། །བློ་དང་ལྡན་པས་ས་བོན་གདབ། །ཅེས་སོགས་རྒྱས་པར་གསུངས་པ་སྟེ། སྔར་བཤད་པ་ཆོས་ཅན་སེམས་ཀྱི་མཚན་ཉིད་དེ་ཡིན་ལ། སེམས་རྣམ་པར་དབེན་པ་དེ་མཐོང་ན། དེ་ཀས་མི་ཆོག་པར་སེམས་དེའི་ཆོས་ཉིད་རིག་པའི་ཡེ་ཤེས་ལམ་དུ་བྱེད་དགོས་པའི་ཕྱིར་སྒོམ་བ་འདི་བསྒོམ་པར་བྱ་བས་ན། ལུས་ཀྱི་སྟོང་པའི་ཞེས་པ་ནི་ལུས་དངོས་པོའི་གནས་ལུགས་ཐིག་ལེ་སྟོང་པ་དྲུག་གི་བདག་ཉིད་ཀྱི་མི་ཤིགས་པ་ཞིང་ས་ལྟ་བུ་ལ། རྩ་ཡི་མཛེས་སྤྱི་ལས་བྱུང་བ། དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པའི་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ནི་འོད་གསལ་བ། ཞེས་པ་ནི་ས་བོན་ཏེ། སྟོང་ཆེན་ཡི་གེ་ལྔའི་རང་བཞིན་དེ་དེར་གདབ་པ་ཞེས་བྱའོ། །རྩ་མཛེས་སྦྱི་ཞེས་པའང་དེ་ཉིད་བརྟག་པ་གཞན་དུ། བྱང་ཆུབ་སེམས་ནི་སྐྱེས་པ། རང་བཞིན་རྣམ་པ་སྣ་ཚོགས་མཚོན། །མིང་ནི་མཛེས་སྤྱིར་རྣམ་པར་བཤད། ཅེས་པ་དེའོ། །དེས་ན་འདི་སྟོང་པ་ཨེ་ཡིག་ལ་བདེ་ཆེན་གྱི་ཝཾ་ཡིག་སྦྱོར་བའི་སྒོ་ཆེན་པོ་ཞིག་གོ །གང་གིས་སྦྱོར་བ་ནི། ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །དེ་ཡི་ནང་དུ་གནས་པའི་ལྷ། །མི་གསལ་གསལ་བའི་རང་བཞིན་ཅན། །ཞེས་པའི་ཡེ་ཤེས་ལྔའི་དངོས་ནི་འོད་ཟེར་ལྔ་པའི་རླུང་། ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ་ཞེས་པ་ཤིན་ཏུ་ཕྲ་བའི་དབང་གིས་དེ་སྐད་བརྗོད་པ་དེ་ཕྱིར་ལང་ལ་སོགས་པའི་མིང་གིས་བསྙད་པའི་རླུང་དྲུག་པོ་དེའོ། །དེའི་ནང་དུ་གནས་པ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཉིད་དོ། །དེ་ཡང་རླུང་གི་སྐྱེ་གནས་སུ་མི་གསལ་ལ་སྒྲའི་སྐྱེ་གནས་ནས་བརྗོད་པ་ཤིན་ཏུ་གསལ་བའི་ཕྱིར་དེ་སྐད་གསུངས་སོ་ཇི་ལྟར་འདེབས་པ་ནི། མ་མོ་ཕྱེད་པ་མཆོག་ཏུ་པྲ། །ཐིག་ལེའི་གཟུགས་ཀྱི་ཡིད་ཀྱི་དངོས། །སྙིང་གའི་དབུས་སུ་རྟག་གནས་ཤིང་། །འོད་ཟེར་ལྡན་ཞིང་གཟི་བརྗིད་ཆེ། །ཞེས་པ་མ་མོ་དབྱངས། །དེ་ཡང་ལྟེ་བའི་རང་བཞིན་གྱི་རྩ་མདུད་གྲུ་གསུམ་ན་གནས་པའི་རྡོ་རྗེ་ཉི་མ་ཨ་ཐུང་ངུ་ཡིན་ལ། གསལ་བྱེད་ནི་ཕྱི་མོ་ཕྱེད་པ་ཅན་ནོ་ཞེས་པའི་ངེས་པས། ཕྱེད་པ་ནི་འདིར་སྦྱི་བོའི་རྡོ་རྗེ་ཟླ་བ་ཧཾ་མགོ་མེད་ཐིག་ལེ་ནཱ་དས་བརྒྱན་པ་ཁ་འོག་ཏུ་ཕྱོགས་པ་དེའོ། །མཆོག་ཏུ་ཕྲ་ནི་སྔར་བཤད་པའི་རླུང་དེ། འོད་གསལ་བ་ལ་གནས་པས་མི་ཤིགས་པའི་ཐིག་ལེ་མཐོང་ནས། དེ་ལ་འཇུག་པ་དང་གནས་པ་དང་། གནས་མ་ནུས་པར་ལྡང་བའི་ཚུལ་ནི། དབུ་མར་ཐབས་ཤེས་སམ་རོ་རྐྱང་མི་ཕྱེད་པའི་བཟླས་པ་དེས། ཐིག་ལེའི་གཟུགས་ཀྱི་ཞེས་པ་ནི། ཧཾ་ལས་བབས་པའི་ཐིག་ལེའི་གཟུགས་སྦྱི་བོར་དགའ་བ་དང་། མགྲིན་པར་མཆོག་དགའ་དང་། སྙིང་གར་ཁྱད་དགའ་དང་། ལྟེ་བར་ལྷན་སྐྱེས་ཀྱི་དགའ་བས་གཤེགས་པ་ནི། ཡིད་ཀྱི་དངོས་དེ་ཕྱུགས་ཆེན་དུ་བཞག་པའི་རྒྱུ་མཚན་གྱིས་གསུམ་པ་ཡིད་ཀྱི་རང་བཞིན་ནོ། །སྙིང་གའི་དབུས་སུ་རྟག་གནས་ཤིང་། ཞེས་པ་ནི། ཡས་འོངས་རྣམས་རང་མྱོང་གི་གནས་ཀྱིས་འཆིངས་ན་འཁོར་ལོ་སོ་སོའི་སྙིང་ག་ལས་གཞན་དུ་མི་འཕོ་བར་འཛིན་ནུས་ཏེ། དེའི་ཚེ་ན་ཡས་བརྟན་ཞེས་བྱའོ། །འོད་ཟེར་ལྡན་ཞིང་གཟི་བརྗིད་ཆེ། །ཞེས་པས་ལུས་ཐམས་ཅད་དུ་འབར་འཛག་བྱེད་པ་སྟེ། འགོག་པ་རྡོ་རྗེའི་བཟླས་པར་སོང་། དེས་བཅུ་གཉིས་མཐའ་དང་དགུ་ཡི་མཐར། །རགས་པའི་འཕོ་བ་བཅུ་གཉིས་འགགས་པར་འགྱུར་ཏེ། རོ་རྐྱང་གི་བྱེད་ལས་ཟད་པའི་ཕྱིར་དང་། སྒོ་དགུའི་རྒྱུ་བ་དག་པ་ཡིན་ལ། དེ་ཡང་གཞན་ལས། མཐའ་ནི་ཟད་དང་འཇུག་ཆ་དང་། ཞེས་འདོན་པའི་དབང་ལས་སོ། རྐང་མཐིལ་མགོ་བོ་མེད་པ་ནི། །དེས་ཐིག་ལེ་དཀར་པོ་འོག་ཏུ་མི་འཛག་པ་དང་། དམར་པོ་སྤྱི་བོ་ལས་མི་འཕོ་བར་འཆིངས། ཐག་པ་གཅིག་ནི་རྣམ་ཕྱུང་ནས། དེའི་ཚེ་རྩ་ཐམས་ཅད་གནས་པའི་དབུ་མར་སོང་སྟེ། དེའི་མདུད་པ་ཐམས་ཅད་ཞིག་པའི་ཕྱིར་དང་། དེ་ནས་ཕྲ་བ་ཆོས་ཉིད་ཀྱི་དབུ་མའི་ཐག་པ་འབའ་ཞིག་ཕྱུང་བ་ཞེས་བྱའོ། །གཉིས་པ་འོག་སྒོ་བདེ་བ་ཆེན་པོ་གཞན་ལུས་ཤེས་རབ་ཀྱི་གདམས་ངག་ནི། གཞུང་ལས་སྐྱེ་གནས་ཞེས་བསྟན་ལ། རྒྱས་བཤད། ལྟེ་བའི་དབུས་སུ་རྣམ་པར་གནས། །ཆ་ནི་ལྔ་པ་ཙམ་ཉིད་ནི། །ཀླུ་དབང་དབྱིངས་སུ་རྒྱས་པ་ལ། དེ་ཡི་ཆ་ཡང་ཕྱེ་ནས་ནི། །རྡོ་རྗེའི་དབུས་སུ་རྣམ་ཕྱུང་སྟེ། །སྐྱེ་གནས་དབུས་སུ་ས་བོན་གནས། ལྟེ་བའི་ཞེས་པ་ནི། རྒྱུད་དེ་ཉིད་ཀྱི་བརྟག་པ་གཞན་ལས། པདྨའི་ལྟེ་བར་རྩ་མཛེས་པ་སྤྱི་བོའི་ཕྱོགས་སུ་ཁྲག་དང་ཁུ་བ་དང་གཅི་བ་འཛིན་པའི་རྩ་ཡིས་མཛེས་པའི་ཕྱིར། སྤྱི་བོ་ནམ་མཁའི་གནས་སུ་སྟེ། ཡང་ན་ཆུ་དང་མེ་དང་དབང་ཆེན་དང་རླུང་དང་། ཚ་བ་དང་བསིལ་བ་དང་གཉིས་ཀྱི་ཚ་བའི་མཚན་ཉིད་དང་། སོགས་ཀྱིས་འཁོར་གྱི་ནང་དུ་ཞུགས་པས་ནམ་མཁའི་ལྔ་པོ་འདི་རྣམས་ཀྱིས་བརྒྱན་པར་བྱས་པ་སྟེ། པདྨ་འབའ་ཞིག་གིས་བྱོན་པ་ནི་མ་ཡིན་ནོ། །ཞེས་འབྱུང་བས། དེའི་ཡང་རྟེན་རྗེ་བཙུན་གྱིས། ང་ཕྱག་རྒྱ་བཞི་ལ་མཚན་ཉིད་བཙལ། །པད་ཅན་མདངས་ལྡན་བདེ་བ་རྒྱས། །དུང་ཅན་མདངས་ལྡན་བདེ་བ་མྱུར། །རི་མོ་གཏིང་ཟབ་ཟག་པ་མེད། །གླང་པོས་དངོས་པོའི་གནས་ལུགས་རྟོགས། །རྩ་དེ་དག་གིས་ནུས་པ་དེ་ཡིན་ལ། དེ་ལམ་དུ་བྱེད་པའི་ཚུལ་ནི། སྙོམས་འཇུག་གསང་བའི་པདྨ་ལ། ཨེ་ཡིག་སྲཱིཿཡིས་མཚན་པ་དང་། །རྡོ་རྗེ་ཝཾ་གྱིས་མཚན་པ་ཡོད། །དེ་ཡི་ནོར་བུར་ཧཱུྃ་སྔོན་པོ། །ཕཊ྄་ཀྱིས་གཉིས་ཀའི་བུ་ག་སྡོམ། །ཞེས་གསུངས་པས། །ལུས་ལྷག་པའི་ལྷ་ཡབ་ཡུམ་ཏུ་བལྟ་བ་ནི། །བསྐྱེད་པའི་རིམ་པ། ཡབ་ཡུམ་གྱི་བྷ་ག་ཨེ་ཟེའུ་འབྲུ་སྲཱིཿབུ་ག་ཕཊ྄་ཀྱིས་མཚན་པ། ཐབས་ཀྱི་རྡོ་རྗེ་པཾ། ནོར་བུ་ཧཱུྃ་སྔོན་པོ་ཕཊ྄་ཀྱིས་བུ་ག་བཀག་པ། ཟུང་འཇུག་བདེ་བ་མཚོན་པ་ཡིན། དགའ་བ་བཞི་དང་སྐད་ཅིག་བཞི། །སྐུ་བཞི་ངོ་བོ་ཉིད་ཀྱི་ངང་། །ཞེས་གསུངས་པ་དང་། འབེབས་པ་རུ་སྦལ་འགྲོས་ཀྱིས་འབེབས། །ཞེས་པ་རྒྱུད་དུ། ཀླུ་དབང་དབྱིངས་སུ་རྒྱས་པ་ལ། །ཞེས་པ་དང་། དེ་ཡི་ཆ་ཡང་ཕྱེ་ནས་ནི། །ཞེས་པ། ལས་ཀྱི་ཕྱག་རྒྱའི་པདྨར་ཐབས་ཀྱི་རྡོ་རྗེ་བཅུག་པ་ནི་ཨེ་ཝཾ་དང་། རྩ་རླུང་ཐིག་ལེ་བཞིའི་ཁ་སྦྱོར་སྙོམས་པར་འཇུག་པ་དེ། རྡོ་རྗེའི་དབུས་སུ་རྣམ་ཕྱུང་སྟེ། ཞེས་ཐིག་ལེ་རྡོ་རྗེའི་རྩ་བར་སླེབ་ཙ་ན། ཞེ་སྡང་གི་རྟོག་པ་སོ་གསུམ་འགག དེ་ནི་ཡུལ་གྱི་ངོ་ནས་སྟོང་པ། དེའི་ཡུལ་ཅན་བདེ་བའི་ཡེ་ཤེས་ནི་དགའ་བ། །སྐུ་སྤྲུལ་པ། དེ་ལ་སྟོང་པས་རྒྱས་བཏབ་ན་དེ་ཡས་བརྟན་དུ་འགྱུར་ལ། །གཞན་ཡས་འོངས་ཙམ་མོ། །དུས་ཀྱི་དབང་ལས་སྣ་ཚོགས་པའི་སྐད་ཅིག་མ། །ཐིག་ལེ་སྐེད་པར་སླེབ་ཙ་ན་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག་པ། །ཤིན་ཏུ་སྟོང་པ། བདེ་བའི་ཡེ་ཤེས་ནི་མཆོག་དགའ། གསུང་ལོངས་སྤྱོད་རྫོགས་པ། ཐིག་ལེ་རྡོ་རྗེ་ནོར་བུར་སླེབ་ཙ་ན་གཏི་མུག་གི་རྟོག་པ་བདུན་འགག་པ་སྟོང་ཆེན། བདེ་བའི་ཡེ་ཤེས་ཁྱད་དགའ། ཐུགས་ཆོས་སྐུ། སྐྱེ་གནས་དབུས་སུ་ས་བོན་གནས་ཞེས་མཆོག་གི་ཟེ་བར་ཐིག་ལེ་གཉིས་ཤོར་གཉིས་མཉམ་གྱི་དུས་སུ་དངོས་པོའི་ངོ་བོ་ཉིད་ཀྱི་རྟོག་པ་ལོག་པ་ཐམས་ཅད་སྟོང་པ། བདེ་བའི་ཡེ་ཤེས་ལྷན་ཅིག་སྐྱེས་དགའ། ཡེ་ཤེས་དག་སྐུ། དེ་ཡང་དགའ་བ་དང་པོ་གསུམ་རེག་པར་འདོད་པ་དང་། བདེ་བར་འདོད་པ་དང་། འདོད་ཆགས་འཇིག་པའི་རང་བཞིན་ཅན་ཡིན་པས་རྟོག་བཅས་སོ། །དེ་གསུམ་ལ་བརྟེན་ནས་རྟོག་མེད་ཉམས་སུ་མྱོང་བ་སྐྱེ་ལ། དེ་སྐྱེས་པའི་ཚེ་ན། རྟོག་བཅས་གསུམ་སྤང་བྱ་དང་། ལྷན་ཅིག་སྐྱེས་པ་ཉམས་སུ་བླང་བྱའོ། །ལྷན་སྐྱེས་དེ་ལ་རྟེན་གྱི་དབྱེ་བས་ལས་རྒྱ་དང་སྐྱེས་བུ་གཉིས་ཏེ་རེ་རེ་ལའང་ཞུ་བའི་ཁུ་བ་ཀུན་རྫོབ་དང་། དེ་ལ་བརྟེན་པའི་བདེ་བ་དོན་དམ་གཉིས་ཏེ། དེ་ལྟར་བཞིར་འགྱུར་ལ། དེའི་ཁུ་བ་གཉིས་སྣ་རྩེར་ལྷུང་ལ། ཕྱིར་མ་འཕོས་པས་ཕྱི་མ་གཉིས་མཉམ་པ། དེ་དག་ལས་དགའ་བ་སྔ་མ་གསུམ་ཆགས་པའི་ཕྱོགས། རྟེན་ཕྱིར་འཕོས་ན་ཆགས་བྲལ་འོང་རྒྱུ། དེའི་བར་གྱི་ཆགས་པ་དང་ཆགས་བྲལ་འདྲེས་པ་ནི་དབུ་མ། ལྷན་ཅིག་སྐྱེས་དགའི་དུས་སུ། དེའི་བདེ་བ་རང་མྱོང་གིས་འཆིངས་པ་དེ་གཟུགས་རྣམ་པ་ཐམས་ཅད་པར་སློང་ཐུབ་ན་རྗེས་དྲན་དུ་འགྱུར་བ་ནི་གཏུམ་མོ་དང་འདི། གཉིས་ཀར་འདྲ། བདེ་བ་སྟོང་གཟུགས་སུ་མ་ལངས་ན་རྗེས་དྲན་གྱི་ཐ་སྙད་མི་ཐོབ་དེས་ན་སློང་བ་ལ། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་གསུངས་སོ། །འོ་ན་བཞི་པར་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་དོན་དེ་ཇི་ལྟར་གཏན་ལ་དབབ་པར་བྱ་ཞེ་ན། རྣམ་པ་ཐམས་ཅད་པའི་གཟུགས་སུ་ལངས་པའི་ཚེ་ཡང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་དམིགས་པ་ཉེ་བར་ཞི་བར་བྱེད་པ་ཁོ་ནས་སོ། །དེས་དཀར་ཆ་གྱེན་དང་དམར་ཆ་འོག་ཏུ་ངང་གིས་ནོན་པར་འགྱུར་ལ། རྣམ་པ་ཐམས་ཅད་པར་སྤྲོ་ནུས་ནས། དེ་རྣམ་མེད་འོད་གསལ་དུ་སྦྱང་མ་ཐུབ་ཀྱི་བར་ནི། གཞུང་ལས། རིམ་ཞེས་བསྟན་པ། རྒྱས་བཤད་སམ་བུ་ཊར། ཆོས་དབྱིངས་ཁུ་བར་བྱས་ནས་ནི། །སྒོ་ནི་དགུ་པོ་ཐམས་ཅད་དུ། །དེ་ནི་རིམ་པས་འཕོ་བར་འགྱུར། ཞེས་པ་རྗེ་བཙུན་གྱིས། བསྐྱིལ་བ་ཨ་ཝ་དྷཱུ་ཏཱིར་བསྐྱིལ། ཞེས་པ་ཁ་སྦྱར་ཕྱིར་མི་འཆོར་བར་བྱེད་པ་ཡིན་ལ། དེ་ཡང་རིལ་བ་ཟངས་ཚགས་ཅན་གྱི་རླུང་གནད་དེ། རླུང་ཁ་སྦྱོར་དུ་བཅིངས་ནས་གསང་གནས་སུ་འཕུལ་བའོ། །བཟློག་པ་དུད་འགྲོའི་འགྱུར་བཞིས་བཟློག །གླང་ཆེན་ཧིང་། སྟག་མོའི་ངུར། གཅན་གཟན་གྱི་སྐྱུགས། ཝའི་སྣོམ་ཞེས་པ་ལ་སྦྱོར་བ་དྲུག་ལྡན་སྦྱར་བས་སོ། འགྲེམས་པ་རྣམ་རོལ་ཕྱག་རྒྱས་འགྲེམས། སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་བསྡམས་པའི་འཁྲུལ་འཁོར་གྱིས་སོ། །བཟུང་མ་ཐག་བཟློག བཟློག་མ་ཐག་དགྲམ། དགྲམ་མ་ཐག་རླུང་གི་སྦྱོར་བས་དྭངས་སྙིགས་ཕྱེ། འབེབས་ཀྱིས་སྙིགས་མ་ཕྱིར་འབྱིན། དེ་ནས་བདེ་བ་དེ་དང་སྣང་གྲགས་བསྲེས་ནས་ཙམ་ཐུབ་མཉམ་པར་བཞག་པ་གཅེས་སོ། །གཉིས་པ་ཞེ་སྡང་ཅན་ལ་སྲིད་པ་བར་དོ་ལམ་དུ་སློང་བ་སྒྱུ་ལུས་ཀྱི་གནད་ནི། གཞུང་ལས། ཁྱབ་པ་ཞེས་པས་བསྟན་པའི་རྒྱས་བཤད། དེ་བཞིན་མེ་ནི་ཚངས་པའི་དངོས། དེ་ལྟར་གཏུམ་མོའི་སྦྱོར་བས་རླུང་ཨ་ཝ་དྷཱུ་ཏཱིར་ཚུད་པའི་འགོ་ཟུག་སྟེ། དེ་ཙ་ན་རྣལ་འབྱོར་པ་དེས་རླུང་དང་མེ་མི་ཕྱེད་པའི་སྣང་བ་མངོན་གསུམ་དུ་མཐོང་བར་འགྱུར་ལ། སྣང་བ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་སྲོག་འགག་ཅིང་གཏུམ་མོའི་མེ་འབར་ཏེ། བརྟན་པོ་གྱུར་བ་ན་མེ་ལྕེ་རང་གི་མགོ་ལ་ཀུན་ཏུ་འཁོར་བ་ཙམ་དུ་འཕེལ་བ་དང་། དཔུང་པའི་རྩ་བར་སོན་པས་ཐལ་གོང་རྒྱས་པ་དང་། ལུས་ཀྱི་བ་སྦུའི་མཐར་ཐུག་པར་གང་བས་ལུས་མཚན་དཔེ་ཐམས་ཅད་ཀྱིས་བརྒྱན་པས་ཚངས་པའི་དངོས་ཏེ་རྡོ་རྗེའི་སྐུ་འགྲུབ་བོ། །ལས་རྒྱའི་ལྷན་སྐྱེས་རྙེད་པའི་མཐར་ནི། ས་ཡིས་ས་བོན་གཉིས་ཀྱིས་ནི། མིག་ལ་དེ་ཉིད་སྦྱར་བར་བྱ། མིག་ཏུ་ཀུན་རྫོབ་ཀྱི་ཐིག་ལེ་ཀུནྡ་ལྟ་བུ་བཀོད་དེ་རླུང་སེམས་རྩེ་གཅིག་ཏུ་བཞག་ན་ཤའི་སྤྱན་ལ་སོགས་པ་སྤྱན་ལྔ་འགྲུབ་པས་གཟུགས་ཐམས་ཅད་མཐོང་བ་དང་། རླུང་གི་སྟོང་སོགས་ས་བོན་གྱིས། །སེམས་ཀྱིས་སྣ་དང་རྣ་བ་སོགས། །བདུད་རྩི་ཆུ་ཡིས་ས་བོན་ལྕེ། །དབང་པོར་གཙོ་བོར་དབང་ཕྱུག་ཉིད། །དེ་བཞིན་སྣ་རྣ་བ་ལྕེ་ལུས་ལ་བཀོད་དེ་བསྒོམས་ན་ལྷའི་སྣ་དང་རྣ་བ་སོགས་འགྲུབ། དྲི་སྒྲ་རོ་རེག་གི་མཆོག་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་བ་དང་། མགྲིན་པར་གཏི་མུག་ས་བོན་ཏེ། །ལག་པར་ཉོན་མོངས་དེ་བཞིན་ནོ། །གཡོ་བ་སྙིང་གི་གནས་རྣམས་སུ། །ཕྱུགས་བདག་ལྟེ་བའི་རྩ་བར་ནི། །ཡན་ལག་བརྒྱད་ཀྱི་ཆོ་གས་འཛིན། །མགྲིན་པར་གཏད་པས་བསྟན་བཅོས་ཐམས་ཅད་ཤེས་པ། ལག་པ་ནི་འདིར་སྤྱི་བོ་སྟེ། དེར་བྱང་སེམས་བླང་བར་བྱ་བས་སོ། །དེར་ལྷ་ཚོགས་མཐོང་བ་དང་། རང་གཞན་གྱི་སྙིང་གར་གཏད་པས་མངོན་ཤེས་དང་། ལྟེ་བར་ལྷའི་མཆོག་ལས་སྐྱེས་པའི་བུ་མོ་ལོངས་སྤྱོད་པ་དང་། ཕྱི་མ་བཞི་ལས་སྐུ་བཞི་དང་། འཛག་མེད་ཀྱི་བསམ་གཏན་བཞིར་འགྱུར་བ་ཡིན་ནོ། །དེ་ནས། བརྟན་སོགས་གཡོ་བར་བཅས་པ་ཡི། འགྲོ་ཀུན་ཁྱབ་པར་བྱེད་པས་ཁྱབ། དེ་རྣམ་སྨིན་གྱི་རགས་པ་འདིའི་སྟེང་དུ་ཕབ་ན། དངོས་པོར་འཛིན་པའི་སྲོག་བཅད་པ་ཞེས་བྱ་སྟེ། དོན་དེ་དག་ཚུགས་མི་ཐུབ་པས་བདེན་པའི་དངོས་པོ་དང་བྲལ་ནས་སྒྱུ་མ་ཙམ་དུ་འཆར་བས་སྣང་བ་ལ་ཅི་བྱ་བྱ་བཏུབ་བོ། །དེ་ནས་རྣལ་མའི་ལམ་ལ་འཇུག་སྟེ། འཇུག་དུས་དེར་སྣང་བའི་ཚོགས་དེ་དག་འདྲེས་ནས་སྨིག་རྒྱུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་། དེ་ནས་ཟླ་བའི་འོད་ཟེར་ལྟ་བུ། དེ་ནས་ཉི་མའི་འོད་ཟེར་ལྟ་བུ། དེ་ནས་མུན་པ་ལྟ་བུ། དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །འདི་ནི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་ཉིད་ཀྱི་གཟུགས་ལ། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཝཾ་ཡིག་ཞུགས་པས། རྣམ་པ་ཀུན་ལྡན་རྣམ་པ་མེད་དུ་འགྲོ། །དེ་ཡང་ཨེ་ཝཾ་སྦྱོར་བའི་ཚུལ་གཅིག་གོ །གསུམ་པ་གཏི་མུག་ཅན་ལ་རྨི་ལམ་བར་དོ་ལམ་དུ་བྱེད་པ་འོད་གསལ་གྱི་གནད་ནི། གཞུང་ལས། གཞི་དང་ཞེས་པའི་རྒྱས་བཤད། ཚངས་སོགས་ལྷ་དང་ལྷ་མིན་རྣམས། །དེ་ཡི་གདན་དུ་འགྱུར་བ་ཡིན། །ཁམས་གསུམ་པོ་ནི་གཞི་འམ་གདན་ཏེ། འོད་གསལ་བ་རྣམ་པར་འགྱུར་བས་བསླད་པ་ལྟར་སྣང་བ་ཡིན་པས་སྦྱང་གཞིར་གྱུར་པའི་ཕྱིར་རོ། །གཞུང་ལས། ཁང་པ་ཞེས་གསུངས་པའི་རྒྱས་བཤད། གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། གཙོ་བོ་སྤྱོད་པ་ཞེས་བྱ་བ་ནི་གཉུག་མའི་སེམས་གནས་པའི་ས་འཁོར་ལོ་དྲུག་གི་ལྟེ་བའི་བྷ་ག་སྟེ། སེམས་ནི་འཁོར་ལོས་སྒྱུར་རྒྱལ་འདྲ། །ཞེས་གསུངས་པའི་དབང་ལས་སོ། །དེའི་ནང་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་སྟེ། བའི་ནུ་མ་ལས་འཐེན་པའི་འོ་མ་བཞིན་འདིར་གནད་དུ་བསྣུན་ན་འོད་གསལ་འཆར་བའི་གནད་ཡོད་པས་སོ། །གཞུང་ལས། ལས་དང་ཞེས་པའི་རྒྱས་བཤད། ཇི་སྲིད་ལུས་ལ་རྣམ་གནས་པ། དེ་སྲིད་ལས་དང་ལས་མིན་འགྱུར། །དགེ་དང་མི་དགེ་གང་ཅུང་ཟད། །བྱས་པའི་ལས་ནི་ཐམས་ཅད་བྱེད། །ཇི་སྲིད་ཕུང་པོའི་ཟ་མ་ཏོག་ཡོད་པ་དེ་སྲིད་ཀྱི་བར་དུ་རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་ཡོད་ལ། དེ་རང་བཞིན་གྱི་སྣང་བར་ལངས་ཤིང་རླུང་དང་བཅས་པས་ཕྱོགས་བཅུར་འཁོར་ཏེ། ཇི་སྲིད་མིག་སོགས་དབང་པོའི་ཡུལ་དམིགས་པ་དེ་སྲིད་དུ་དེ་ཉིད་དུ་དམིགས་པར་འགྱུར་ཏེ། ཐོག་མ་མེད་པ་ལས་གོམས་པའི་ཕྱིར་དམིགས་པ་ལས་ལས་རྣམ་པར་འཇོག་ཅིང་། དེའི་ཕྱིར་འདུས་པར་ཀུན་ཏུ་སྣང་བ་དང་། རང་བཞིན་གྱི་སྣང་བ་དང་། རྗེས་སུ་མྱོང་བའི་སྣང་བ་གསུམ་གསུངས་པ་ཡིན་ནོ། །གཞུང་ལས། སྦྱོར་བ་ཞེས་གསུངས་པའི་རྒྱས་བཤད། རྣལ་འབྱོར་མཉམ་པ་ཉིད་དུ་གསུངས། རབ་ཏུ་སྦྱོར་བ་བསྒོམས་པ་ཡིན། གང་ཚེ་ལས་ཀྱིས་ལུས་བཅོམ་པ། དེ་ལྟར་ལྷ་རུ་འགྱུར་བ་ཡིན། དོན་དམ་པའི་བདེན་པ་ལ་དམིགས་པས་ཕུང་པོ་ལ་སོགས་པ་སྦྱངས་ནས་དེ་དག་ཁམས་ཕྲ་བ་ལ་འཇུག དེ་སེམས་བྱུང་ལ། དེ་ཡང་མ་རིག་པ་ལ། དེ་འོད་གསལ་ལ་ཐིམ་མོ། །དོན་དམ་པའི་བདེན་པ་ལ་དམིགས་ཁྱེར་ཡང་། རྟེན་སྙིང་གའི་བྷ་གར་བརྟེན་པ་ཡིད་ཀྱི་རྣམ་པར་ཤེས་པ་ཀུན་གཞི་འགྱུར་མེད་དང་། ཐིག་ལེ་གཅིག་པུའི་མིང་གིས་རྒྱུད་རྣམས་སུ་ཡང་དག་པར་བསྟན་པ་མི་ཤིགས་པའི་ཐིག་ལེ་དེ་ལ་རྣལ་མའི་ལམ་གྱིས་རླུང་སེམས་རྩེ་གཅིག་ཏུ་བཅིངས་ནས་ལྟ་བ་ཡིན་ཏེ། སྒྲ་བསྒྱུར་མར་པས། ཡིད་ཀྱི་རྣམ་ཤེས་བཙོན་དུ་གཟུང་། །སྒོམ་པ་ཤེས་པ་ཕྱི་མ་ཡིས། །སེམས་ལ་ལྷན་པ་གདབ་ཏུ་མེད། །ཅེས་གསུངས་སོ། །དེའི་ཕྱིར་དབུ་མའི་ནང་དུ་གཉིད་ལོག་ཁྱེར་འདིས་སྣང་བ་ཐམས་ཅད་ཟད་པར་བྱེད་པ། སློབ་དཔོན་ལྭ་ཝ་པས་ལོ་བཅུ་གཉིས་མནལ་བ་དང་། མེས་སྟོན་ཚོན་པོས་ཞག་བདུན་དང་བཅུ་བཞི་ཙམ་དུ་མནལ་འབའ་ཞིག་མཛད་པ་ལམ་སྦྱོང་བའི་རྩལ་ཆེ་ཤོས་སུ་སོང་བ་བཞིན་ནོ། །འོད་གསལ་ལ་གནས་པ་དེ་ནི་གཉིད་ལོག་པ་གང་གིས་འགྲུབ་ཅེ་ན། ཐ་མལ་པའི་གཉིད་མིན་མོད་ཀྱང་དབང་སོགས་ཀྱི་བྱ་བ་མེད་ཅིང་། ནམ་མཁས་ནམ་མཁའ་སྦྱོར་བའི་ཚུལ་ཙམ་ལ་དེ་སྐད་བཞག་པ་སྟེ། རྩ་གཉིད་ལོག་བཞིན་ནོ། །འདིར་ཨེ་ཡིག་འཁོར་ལོ་དྲུག་གི་ནང་གི་སྙིང་གའི་བྷ་ག་ལ་བྱས། ཝཾ་ཡིག་སོ་སོ་རང་རིག་པའི་ཡེ་ཤེས་ལ་བྱས་ནས་ཨེ་ཝཾ་སྦྱར་བ་ནི་དེ་ལ་རྩེ་གཅིག་ཏུ་གནས་པ་ཡིན་ནོ། །འོ་ན་སྔོན་མ་དང་ཁྱད་པར་མེད་དམ་ཞེ་ན་ཡོད་དེ། སྔ་མ་ནི་ཏིང་ངེ་འཛིན་ལ་ཕྱིར་ཆད་ལྟ་བུར་སྣང་བའི་ཡུལ་དམིགས་པར་བྱས། དེ་མྱོང་བ་རིག་པར་བྱས་པས་དོན་རྟགས་ཅན་འོད་གསལ་ཡིན་ལ། དེ་གོམས་པས་ངང་གིས་རྣམ་རྟོག་ཟད་ནས་བཞི་པ་ཐམས་ཅད་སྟོང་པའི་འོད་གསལ་རྙེད་པ་ཙམ་ཡིན། འདིར་དང་པོར་དབུ་མའི་མི་ཤིགས་པ་ལ་དམིགས། དམིགས་མཁན་སོ་སོ་རང་རིག་པ་སྨྲ་བསམ་ཐམས་ཅད་ཀྱི་ཡུལ་དུ་མ་གྱུར་པ་འདིས་བག་ཆགས་ཐམས་ཅད་སྦྱངས་ནས་སངས་རྒྱས་སུ་འགྱུར་བས་དགྱེས་རྡོར་དུ། ཨེ་ཡི་ཆ་བྱད་བཟང་པོ་གང་། དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་སོ། །དེས་ན་གང་ཟག་གཅིག་ལ་ཉིན་སྟེང་སྒོ། མཚན་འོག་སྒོ། དེ་གཉིས་ཀྱིས་ལྷན་སྐྱེས་རྗེས་དྲན་དྲན་གཏོང་བ་ལ་གཉིས་པ་དང་། དེ་ཡང་རྣམ་པར་འགྱུར་བ་ཡིན་པས་ཟད་དུ་འཇུག་པ་ལ་གསུམ་པ་སྟོན། བདེ་བ་བསྡུ་བ་དང་། བདེ་བར་སྤྲོ་བ་དང་། བདེ་བ་ཟག་མེད་དུ་སྦྱར་བའི་ཕྱིར་རོ། །དེ་བས་ན་འདིའི་འོད་གསལ་གྱི་ལམ་རིམ་སྔ་མ་རྣམས་དང་ཟློས་པར་གྱུར་པ་ཡང་མ་ཡིན་ནོ། །གཞུང་ལས། རང་ནུས་ལ་ཞེས་པའི་བརྒྱས་བཤད། གང་གིས་བརྟན་དང་གཡོ་ཁྱབ་པ། །དེ་ནི་དེ་ཚེ་རང་གིས་ནུས། །འོད་གསལ་དེ་ལས་ད་དུང་མ་གོམས་པས་སྒྱུ་མ་སྣང་བར་ལངས་རྒྱུ་བྱུང་། དེ་ལ་སློབ་པའི་ཟུང་འཇུག་ཟེར་མོད་ཀྱང་། ད་དུང་སྒྱུ་སྣང་དེ་སྦྱངས་ནས་ཡང་དག་པའི་མཐའ་ལ་འཇུག་པ་ལ་ནན་ཏན་བྱེད་དགོས་པ་ཡིན་ནོ། །གཞུང་ལས། རང་གི་ངོ་བོ་ཞེས་པའི་རྒྱས་བཤད། ནམ་མཁའ་ལྟ་བུ་མཉམ་ཉིད་ནི། །དེ་ཡི་ཁ་དོག་ཤེས་པར་བྱ། །ཡང་དག་པའི་མཐའ་ལས་གཞན་མ་དམིགས་ལ། །དེ་ལ་གདུལ་བྱའི་དོན་མཐའ་ཡས་པའི་རྟེན་ནམ་གནས་སུ་འགྱུར་བ་དེ་ལ་སངས་རྒྱས་ཞེས་བསྙད་པའོ། །དེའི་ཕྱིར་འདི་ལ་མི་སློབ་པའི་ཟུང་འཇུག་ཅེས་བྱའོ། །དེ་ལ་མི་གནས་པའི་མྱང་འདས་སམ་མ་ནིང་གི་གོ་འཕང་ཡིན་པར་གཞུང་ལས། ཐིག་ལེར་བཅས་ཞེས་གསུངས། དེའི་རྒྱས་བཤད་ནི། མྱ་ངན་འདས་གནས་དཔའ་བོ་ནི། །གོས་པ་མེད་ཅིང་དྲི་མ་སྤངས། །དེ་ཐིག་ལེར་བཞག་པ་རྗེ་བཙུན་གྱིས། །ཐིག་ནི་མྱ་ངན་འདས་པའི་ལམ། ལེ་ནི་འཁོར་འདས་རོ་མཉམ་པ། །ཞེས་པ་དང་། གཞན་ལས་ཐིག་ལེ་ཆེན་པོའཾ་ཐིག་ལེའི་ཀློང་ཞེས་བཤད་པ་ངག་གིས་སོ། །རྟོག་གེའི་གདོན་གྱིས་སྦྱར་བའི་མ་རིག་ཆུ། །སྙིང་གའི་ཕུག་ན་ཞུགས་པ་ཕྱིར་འདོན་ལ། །གདམས་ངག་གསེར་ཐུར་འདི་འདྲ་འདེབས་མཐོང་བའི། །སྨན་པ་དཔེ་མེད་དེ་ཡང་བཀའ་བརྒྱུད་པ། །ཞེས་པདྨ་དཀར་པོ་རྒྱུད་སྡེའི་གསང་ཚིག་ལ་མཁས་པ་དེས་གཉལ་ཡངས་པ་ཅན་གྱི་རྒྱལ་པོའི་ཁབ་ཆེན་པོར་ཟིན་བྲིས་སུ་བྱས་པའོ།། །།
བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་བརྒྱ་རྩ་བརྒྱད་དུ་བསིལ་བའི་ཆོ་ག་མཁས་པའི་མིག་ཅེས་བྱ་བ་བཞུགས་སོ།། །ཐུབ་པའི་བསྟན་པ་མཆོག་ལ་ཐུབ་དབང་ལྟར། །ཆོས་ཀྱི་བློ་གྲོས་རྒྱས་པའི་ཆོས་ཀྱི་མཐུ། །གང་གིས་གཅིག་ཤེས་ཀུན་གྲོལ་གང་དུ་ཡང་། །མང་བྱས་རྗེ་བཙུན་དད་པ་མང་པོས་མཆོད། །འཇིག་རྟེན་མིག་གྱུར་གཞན་གྱིས་མ་མཐོང་བ། །འོག་མིན་སྒྱུ་མའི་མཁན་པོའི་གསང་སྔགས་འཕྲུལ། །བརྒྱ་རྩ་བརྒྱད་ནས་བརྒྱད་ཁྲི་བཞི་སྟོང་བར། །མངོན་པར་བསྒྱུར་བ་ཀུན་གཟིགས་དེ་མིན་སུ། །སྣ་ཚོགས་ལས་ཀྱིས་བཟོས་པའི་སྣོད་དེ་དེར། །སྐལ་པ་བཞིན་འབབ་ཁྲིད་ལུགས་ག་པུར་རྒྱུན། །རྣམ་པ་ཐ་དད་ན་ཡང་བསིལ་བའི་དངོས། །གཅིག་འདིས་སྲིད་པའི་ཚ་གདུངས་མིང་ཙམ་འཇོག །རྗེ་བཙུན་ལོ་ཙཱ་བ་ཆེན་པོ་ཆོས་ཀྱི་བློ་གྲོས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་ཕྱག་ན་རྡོ་རྗེ་འཆང་གཟུགས་གཞན་གྱིས་འོངས་པ་བདག་ཅག་ཐམས་ཅད་ཀྱི་དུས་ནམ་གཞར་ཡང་ལན་བློན་པའི་སྐབས་མ་མཆིས་པས་ཐུགས་རྗེར་མཛད་པ་དེའི་ཞལ་སྔ་ནས། བསྲེ་བ་དང་འཕོ་བ་མ་གཏོགས་པའི། །ཁྱད་ཆོས་བརྒྱ་དང་རྩ་བརྒྱད་ཤེས། །ཞེས་གསུངས་པས། དེ་དག་གང་ཞེས་དྲི་བ་དང་། སློབ་མ་སྣ་ཚོགས་པ་སོ་སོའི་མོས་པ་དང་མཐུན་པའི་ཐབས་ཀྱིས་རྡོ་རྗེའི་སར་བདེ་བླག་ཏུ་ཁྲིད་པ་རྡོ་རྗེའི་སློབ་དཔོན་དམ་པ་རྣམས་ཇི་ལྟར་དཀྱུས་ས་མཐོང་བའི་རྟ་དེ་ལ་འཇུག་པ་ལྟར་བསྙེངས་པ་མེད་པའི་ཕྱིར་བཤད་པ། བསྲེ་བ་དང་འཕོ་བ་མ་གཏོགས་པ། ཞེས་པ་ནི། རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་དབང་དུ་བྱས་པ་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བ་གཉིས་པོ་བཞག་ནས་སོ། །ཁྱད་ཆོས་བརྒྱ་དང་རྩ་བརྒྱད་ཤེས་ཞེས་པ་ནི། བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་དབང་དུ་བྱས་པ་ཁོ་ན་ལ་ལམ་གྱི་རིམ་པའམ། ཁྱད་པར་གྱི་ཆོས་བརྒྱ་དང་རྩ་བརྒྱད་ཡོད་པས་ཤེས་ཞེས་པའོ། །དེ་ཡང་། བསམ་གཏན་བཞིའི་རབ་ཀྱི་མཐའ་ལ་བརྟེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལུགས་མཐུན་དང་ལུགས་མི་མཐུན་ལ་རྟོག་པས་ཟད་མི་སྐྱེའི་ཡེ་ཤེས་མངོན་དུ་བྱེད་པ་དང་། སྟོང་པ་གསུམ་ལུགས་འབྱུང་ལུགས་བཟློག་ལ་བརྟགས་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཚུལ་གཉིས་འཁོར་བ་འཇུག་ལྡོག་ལ་རྣམ་པར་འབྱེད་དོ། །མངོན་པར་བྱང་ཆུབ་པ་ལྔས་ཁྲིད་པ་འདི་སངས་རྒྱས་ཐོད་པའི་རྫོགས་རིམ་དང་། གནས་པ་རྩའི་ཁྲིད་ལ་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཕྱེ་བ་གསུམ་དང་། འཁོར་འདས་གཅིག་ཏུ་སྡོམ་པ་ངོ་བོ་ཉིད་ཀྱི་ལམ་དང་བཞི། གཡོ་བ་རླུང་གི་ཁྲིད་ལ། སྟེང་གི་སྒོ་དང་འོག་གི་སྒོ་ནས་བསྐུལ་བའི་ཚུལ་གྱིས་གཉིས། བཀོད་པ་བྱང་ཆུབ་སེམས་ཀྱི་ཁྲིད་ལ་ཟླ་ཉི་འཕོ་མེད་དུ་བྱེད་པ་རྟེན་གྱིས་ཕྱེ་བས་གཉིས། སེམས་དངོས་པོའི་གནས་ཐབས་ལ། ཅིག་ཅར་ཐོད་བརྒལ་རིམ་གྱིས་པར་ཁྲིད་པའི་ཕྱག་རྒྱ་ཆེན་པོ་གསུམ་སྟེ། དང་པོ་དངོས་པོའི་གནས་ལུགས་ལ་འཕྲོས་པ་བཅུ་བཞི། དབང་བཞི་ལམ་སློང་ལ། དབང་བཞི་སོ་སོས་དང་། བསྡོམས་པས་ལམ་གཅིག་སྟེ་ལྔ། བསྐྱེད་རིམ་ལམ་སློང་ལ། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྲེ་བའི་ཚུལ་གསུམ། སྦྱོར་བ་ཡན་ལག་དྲུག་ལ། རབ་ཀྱི་དང་པོ་ཁོ་ནས་སོ་ཞེས་སོགས་ཀྱིས་ཕྱེ་བ་གསུམ་དང་། བསྙེན་སྒྲུབ་བཞིར་ཕྱེ་བ་སྟེ་བཞི། རིམ་པ་ལྔ་ལ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་བཤད་པ་ལྟར། རིམ་ལྔ་སོ་སོས་ལམ་རྫོགས་པ་རེ་དང་། ཐམས་ཅད་བསྡོམས་པས་ལམ་གཅིག་ཏུ་འགྱུར་བ་སྟེ་དྲུག ཕྱག་རྒྱ་བཞི་ལ། གཞུང་བཞིན་དང་། རྡོར་ཕྲེང་དུ། ཆོས་དང་ལས་དང་དམ་ཚིག་དང་། ཕྱག་རྒྱ་ཆེན་པོར་མངོན་པར་བརྗོད། །ཅེས་པ་ལྟར་དང་། ཕྱག་རྒྱ་གསུམ་གྱིས་འགྱུར་མེད་གསུམ་བསྒྲུབ་པ་སོ་སོར་བགྲངས་པས་ལྔ། རྣལ་འབྱོར་གསུམ་དུ་བཤད་པ་གཅིག་སྟེ་ལམ་སྤྱིའི་ཆིངས་ལས་འཕྲོས་པ་ཉི་ཤུ་རྩ་བཞི། གཏུམ་མོ་དང་། ལས་རྒྱ་དང་། སྒྱུ་ལུས་དང་། རྨི་ལམ་དང་། འོད་གསལ་དང་། བར་དོ་དང་། འཕོ་བ་གྲོང་འཇུག་གཉིས་བསྡོམས་པ་དང་། ཟུང་འཇུག་གིས་བཀྲི་བ་སྟེ་རྐྱང་པ་བརྒྱད། འདིའི་འཕོ་བ་གྲོང་འཇུག་གི་ལམ་རྫོགས་ནི་ཤིན་ཏུ་ངོ་མཚར་ཅན་ཞིག་ཡིན་འདུག་ཀྱང་སྲས་མདོ་སྡེ་མན་ལ་མེད། ད་ལྟར་སྟོན་པ་འདི་ལམ་གྱི་ཆ་ལག་གོ །གཏུམ་མོ་ལ། སྣང་བ་དཀར་དམར་དེའི། ཡིད་རིག་ལ་བརྟེན་པ་གཉིས། །སྦ་བཞིས་གཅིག དགྱེས་རྡོར་དང་། སམྦུ་ཊའི་འཁོར་ལོ་བཞི་མ་དང་། གཉིས་མ་དང་། རིམ་བཞི། གདན་བཞིའི་སྦྱོར་དྲུག་དང་གཙུབ་ཤིང་མ། འཁོར་ལོ་བདེ་མཆོག་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བཤད་པ་སྟེ། གཏུམ་མོ་ལ་རྣམ་གྲངས་པ་བཅུ་གཅིག ལུས་གནད་འབའ་ཞིག་གིས་དང་། རླུང་གི་མན་ངག་འབའ་ཞིག་གིས་དང་། བུམ་པ་ཅན་དང་བསྟུན་པའི་ལྟ་སྟངས་ཀྱིས་དང་། རྩ་དབུ་མའི་དང་། བསམ་མི་ཁྱབ་ལ་བདུན། འདི་ལ་བརྒྱད་ཡོད་ཀྱང་ཕྱི་མ་རྗེ་མི་ལའི་རྟོགས་ཆོས་ཡིན། རྡོ་རྗེ་བཟླས་པ་འབའ་ཞིག་ལ་ལམ་རྫོགས་ཀྱང་། གོང་གི་རིམ་ལྔའི་ཁོངས་སུ་སོང་བས་ན་འདིར་མི་རྩི་བས་ཕྲ་མོ་བཅུ་གཅིག ལས་རྒྱ་ལ། རང་ལུས། ར་ས་ཡ་ན་བཅུད་ལེན་དང་བཅས་པས་གཉིས། སྒྱུ་ལུས་ལ། བསྐྱེད་རིམ་སྒྱུ་མ་དང་། རྫོགས་རིམ་སྒྱུ་མ། བདེ་མཆོག་རིམ་ལྔ་ལྟར་ཁྲིད་པ་གསུམ། རྨི་ལམ་ལ། ཉིན་སྣང་དང་བསྲེ་བ། བར་དོ་དང་བསྲེ་བ་གཉིས། འོད་གསལ་ལ། ལྷན་ཅིག་སྐྱེས་གྲུབ་ལྟར་བསྟན་པ་གཅིག བར་དོ་ལ། སྐུ་གསུམ་གྱི་ལམ་ཡོད་པའི་ཐོག་མཐའ་གཉིས། དེ་དག་ལམ་ལྷག་མའི་རྣམ་གྲངས་ཏེ་བཅུ། ཀུན་བསྡོམས་པས་བཞི་བཅུ། ལམ་སྦགས་མ་ལ། གཏུམ་མོའི་མཐར་ལས་རྒྱ། ལས་རྒྱའི་མཐར་སྒྱུ་ལུས། སྒྱུ་ལུས་རྨི་ལམ་སོ་སོའི་མཐར་འོད་གསལ། འོད་གསལ་གྱི་མཐར་ཟུང་འཇུག་སྟེ་ལྔ། དང་པོ་ལྔ་ཀའི་མཐར་འཕོ་བ་སྟེ་གཉིས་སྦགས་བཅུ་ཕྱི་མ་ལྔའི་མཐར་ཡང་གྲོང་འཇུག་བསྣན་པས་གསུམ་སྦགས་ལྔ། གཏུམ་མོ་ལམ་གྱི་རྨང་རྡོར་བྱས། ཅིག་ཅར་ཐོད་བརྒལ་རིམ་གྱིས་པའི་བསྲེ་སྐོར་གསུམ་འཕོ་བའི་ཤམ་བུ་ཅན། བཞི་སྦགས་གཅིག་ལྔ་སྦགས་གཉིས་ཏེ་གསུམ། ཡང་ན་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་དྲུག་ཀ་ལམ་གཅིག་ཏུ་བྱས་པ་སྟེ། དྲུག་སྦག་གཅིག་དང་བཅུ་དགུ། གཏུམ་མོ་ལས་རྒྱ་སྒྱུ་ལུས་འོད་གསལ་གྱི་མཐར་བོགས་འདོན་གྱི་སྤྱོད་པ་བྱེད་པ་སྟེ་ཞར་བསྟན་བཞི། དབང་ལམ་སྤང་བྱ་དུས་ཀྱིས་ཕྱེ་བ་སྟེ་རྣམ་གྲངས་པ་བཞི། ཚིག་བསྡུས། ས་བོན་སྐྱེ་གནས་རིམ་ཁྱབ་པ། ཞེས་པའི་ལམ་རིམ་གཅིག་དང་། སྒྱུ་མ་ལམ་རིམ་མཐའ་མའི་གཞུང་ལས་འཕྲོས་པ་གསུམ་སྟེ་བརྒྱ་དང་བརྒྱད་དོ། །རིགས་པ་འདིས་གདུལ་བྱའི་སྐལ་བ་ལ་བལྟོས་ནས། བརྒྱད་ཁྲི་བཞི་སྟོང་དུ་བསྒྱུར་བ་ཡང་ཤེས་པ་སླ་བ་ཡིན་ནོ། དང་པོའི་འཕྲོས་སྤྱི་རྐྱང་སྦག་ཞར་རྣམ་གྲངས། མཐའ་མའི་འཕྲོས་རིམ་བཅུ་བཞི་ཉི་ཤུ་བཞི། །བཞི་བཅུ་བཅུ་དགུ་བཞི་བཞི་གསུམ་དག་ཏུ། །རྗེ་བཙུན་བླ་མའི་ཞལ་ལས་ཐོས་པ་ཡིན། །ཆོས་ཀྱི་རྒྱ་མཚོ་འདི་འདྲའི་མདུན་ངོར་ཡང་། །ལུགས་འཛིན་ཕལ་ཆེར་མན་ངག་ཆུ་ཕྲན་འཚོལ། །ཨེ་མ་འདི་འཐུངས་རྒྱུད་སྡེའི་ཕྱོགས་གར་ཡང་། །མ་སྐོམ་ས་ལ་པདྨ་དཀར་པོ་ཙམ། །ཞེས་པ་འདི་ཡང་། རྗེ་བཙུན་ལོ་ཙཱ་བ་ཆེན་པོའི་གདན་ས་གྲོ་བོ་ལུང་གི་ཟངས་ཕུག་ཏུ་སྦྱར་བ་བདེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact