Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (19.24)

༄༅། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལས་རྒྱ་གཞུང་རྡོ་རྗེའི་ཚིག་རྐང་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། ཤྲཱི་བཛྭ་ཌཱ་ཀི་ནི་ཀཱ་ཡ་ནི་དྷརྨ་ནཱ་མ། བོད་སྐད་དུ། །དཔལ་རྡོ་རྗེ་མཁའ་འགྲོ་མ་ལུས་མེད་པའི་ཆོས་ཞེས་བྱ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །གང་ཞིག་འཇིགས་རུང་དུར་ཁྲོད་ཆེན་པོར་ཕཊ྄་ཕཊ྄་རྔམ་པའི་སྒྲ་སྒྲོགས་ཤིང་། །མཁའ་འགྲོ་ཟ་བྱེད་མུན་པའི་ནང་ན་ཟླ་ཤར་ལྟ་བུར་རབ་ཏུ་འབར། ཧཱུྃ་ཧཱུྃ་ཞེས་བརྗོད་ཤ་ཟ་རོ་ལངས་མ་མོའི་ཚོགས་རྣམས་སྐྲག་མཛད་པ། །གསང་སྔགས་གསང་མཛད་མངའ་བདག་བདེ་ཆེན་རྒྱལ་བའི་ཡུམ་གྱི་སྐུ་ལ་འདུད། །ཨེ་མ་ཧོ། །པདྨ་རིན་ཆེན་ཆུ་བོའི་གཞུང་། །སེང་གེ་གླང་ཆེན་རི་དྭགས་ལྟར། །ཉི་མ་མེ་དང་ཤེལ་དང་མཚུངས། །ཨེ་མ་ཧོ། །སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས། །རང་བཞིན་ཆོས་དབྱིངས་རྣམ་དག་དབྱེར་མེད་བདེ་བ་ཆེན་པོའི་ཀློང་། །དག་པའི་གཞལ་ཡས་ཆོས་ཀྱི་འབྱུང་གནས་རྡོ་རྗེའི་བཙུན་མོ་སྟེ། །ཨེ་མ་ཧོཿ ཤ་ཟ་སྨྱོན་པ་ཅེ་སྤྱང་བཞིན། །སྤྲིན་དང་ནམ་མཁའ་གློག་བཞིན་དུ། །རོ་ལངས་ས་ར་ས་བུ་ཆུང་། །ཨེ་མ་ཧོཿ སྐལ་ལྡན་རྣམས་ཀྱི་ཉམས་སུ་ལོང་། །རྒྱལ་བ་རྣམས་ཀྱིས་རྟག་ཏུ་མཉམ་བཞག་འོད་གསལ་ཆེན་པོ་དང་། །དུས་གསུམ་རྟག་ཏུ་རྒྱུན་མི་ཆད་པས་སངས་རྒྱས་སྐུ་གསུམ་དེ་རང་བཞིན། །བདག་གཞན་དབྱེར་མེད་ངོ་བོ་ཉིད་དཔལ་ལྷུན་གྲུབ་དབྱེར་མེད་སྤྲོས་དང་བྲལ། །ཨེ་མ་ཧོཿ རྒྱལ་པོ་བློན་པོ་འབངས་དང་ནི། །བཙུན་མོ་སྣ་བསྒྱུར་ཟེར་བའང་འདུག །བྲན་དང་རྟ་མཆོག་དང་། །གཅེར་བུ་གླིང་བ་ལམ་ཆེན་ཏེ། །སྐལ་ལྡན་རྣམས་ཀྱིས་ཐོབ་པར་གྱིས། །དམ་པ་བདེ་ཆེན་མགོན་པོ་སྐྱེ་མེད་རང་བྱུང་སངས་རྒྱས་ཡིན། །ཨེ་མ་ཧོཿ སྨིན་གྲོལ་སེམས་ཀྱི་རྒྱ་མདུད་གཞིག །ཕྱི་ནང་གསང་བ་མཐར་ཐུག་པའི། །དབང་གི་རྣམ་པར་རྟོག་པའི་རྒྱ། །མདུད་པ་སེམས་ཉིད་རང་གྲོལ་དུ། །རྟོག་པའི་དྲྭ་བ་བཤིག་པར་བྱ། །རང་བཞིན་མེད་པའི་ངང་ལ་བཞག །དམ་ཚིག་རང་སེམས་མེ་ལོང་ལྟོས། །ཨ་ཧཾ་སྲོག་རྩོལ་སཾ་བུ་ཊ། །སེམས་ཉིད་རང་གསལ་མེ་ལོང་ལ། །དབང་གི་འབྲས་བུ་མཐར་ཕྱིན་པས། །ལོག་རྟོག་འཁོར་བའི་དྲི་མ་ཕྱིས། །གདོད་ནས་དག་པ་སྐུ་བཞིའི་རྒྱུད། །དྲི་མའི་རིགས་ལ་དག་པ་ལས། །སྣང་མེད་རིག་ཙམ་རྒྱུན་དུ་བལྟོས། །དམ་རྫས་རྟོགས་པའི་ཉི་མ་ལྡེ། །བདེ་ཆེན་རང་སེམས་སྤྲོས་དང་བྲལ། །རྩ་རླུང་བྱང་སེམས་མི་འགྱུར་བས། །གཉིས་མེད་རྡོ་རྗེ་གང་གིས་རྟོགས། །དེ་ནི་རྫས་ཀྱི་དམ་པའི་མཆོག །ཕྱི་ལྟར་སྣང་བ་སྣ་ཚོགས་པ། །རྟོགས་པའི་ཉི་མ་གཅིག་ལ་ལྡེ། །དེ་ལ་གསལ་གྲིབ་མེད་པ་ཡིན། །སྤྱོད་པ་རལ་གྲི་ཆུ་ལ་རྒྱོབ། །གང་དང་གང་སྣང་དེ་དག་ལ། །སྤྱད་དུ་མེད་པའི་ངང་ཉིད་ལ། །སྤྱད་པར་གྱིས་ཤིག་རྣལ་འབྱོར་པ། །ཆུ་ལ་རལ་གྲི་གང་བཏབ་པ། །རྨེག་མེད་དག་ཏུ་འགྲོ་བ་བཞིན། །ཉམ་ང་མེད་པར་རལ་གྲི་ཡི། །སྦས་དང་བརཏལ་ཞུགས་ཀུ་སུ་ལུ། །མཉམ་རྗེས་མེད་པར་སྤྱོད་པར་བྱ། །རིག་པ་སེམས་ཀྱིས་དཔྱད་པར་གྱིས། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལྟོས། །རང་སེམས་གཉིས་མེད་ཕྱག་རྒྱ་ཆེ། །གྲོལ་བ་སེམས་ཀྱི་ངང་དུ་གྲོལ། །ཕྱག་ནི་སྟོང་པའི་ཡེ་ཤེས་ཡིན། །རྒྱ་ནི་འཁོར་བའི་རྒྱུ་དང་བྲལ། །ཆེན་པོ་ཟུང་དུ་འཇུག་པ་ཡིན། །ངོ་བོ་རང་བཞིན་མཚན་ཉིད་དེ། །བདེ་ཆེན་དྲི་བྲལ་ངང་དུ་ལྟོས། །ཨེ་མ་ཧོཿ དཔལ་ཆེན་རྡོ་རྗེ་མཁའ་འགྲོ་ལས། །ནམ་མཁའ་སྟོང་པའི་ངང་ལས་ནི། །བརྡའ་སྐད་བྲག་ཆ་ཇི་བཞིན་དུ། །སྟོང་པའི་ངང་ལ་སྙིང་རྗེའི་སྒྲ། །དབྱེར་མེད་བདེ་ཆེན་ངང་དུ་སྒྲ། །སྐལ་ལྡན་བློ་ཡི་པདྨོ་དེ། །ཡེ་ཤེས་ཉི་མ་ཤར་བ་ཡིས། །རང་གྲོལ་ཤུགས་འབྱུང་ཁ་འཛུམ་བྱེད། །བློ་ལྡན་དྲི་མེད་གཟི་བརྗིད་ཁྱོད། །པུ་ལ་ཧ་རིའི་དགོན་པ་རུ། །བྷུ་ཏཱིའི་མ་རིག་མུན་སེལ་ལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །དེ་སྐད་ཏཻ་ལོ་པས་ནཱ་རོ་པ་ལ་གསུངས་སོ།། །།དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར། རྩ་ནི་ལུས་ལ་གནས་པ་སྟེ། །ཨ་ཝ་དྷུ་ཏཱི་ལ་ལ་ནཱ། །ར་སཱ་ན་ཏེ་དབྱེ་བ་ཡང་། །འཁོར་ལོ་བཞི་རུ་གནས་པའོ། །དྲྭ་བ་ཞེས་བྱ་འབྲེལ་བ་སྟེ། །རླུང་ནི་ལས་ཀུན་བྱེད་པ་ཅན། །ལྔ་ཡི་བདག་ཉིད་བཅུ་མིང་སྟེ། །རླུང་སེམས་གཉིས་སུ་མེད་པར་ནི། །མི་རྟོག་འཁོར་ལོ་བསྐོར་བར་བྱ། །རིག་པ་ཡེ་ཤེས་སྒྲོན་མེ་གཏམས། །རིག་པ་སེམས་ཀྱི་རྒྱལ་པོ་དེ། །ལྷུན་གྲུབ་ངང་དུ་ཡེ་ཤེས་ཀྱི། །སྒྲོན་མེ་གཉིས་སུ་མེད་པར་འབར། །མ་རིག་པ་ཡི་མུན་བསལ་ནས། །ཡེ་ཤེས་དྲི་བྲལ་སྣང་བས་ཁྱབ། །རོ་སྙོམས་ཕྱིའི་མེ་ལོང་ལྟོས། འབྱུང་བ་ཕྱི་ཡི་རོ་སྙོམས་དང་། །ཤེས་པ་ནང་གི་ཏིང་འཛིན་ཏེ། །ཉམས་ནི་བདེ་སྡུག་རྣམ་པ་བཞི། །སྐྱེ་བ་མེད་པས་མེ་ལོང་ལ། །དྲན་པའི་རྡུལ་གྱིས་བཀབ་པ་སྟེ། །དྲན་མེད་རིགས་པའི་ཉམས་ཀྱིས་ཕྱིས། །སེམས་ཀྱི་མེ་ལོང་དག་པ་ལས། །སྣང་བ་གཉིས་མེད་ལྟ་བ་ལ། །རྣམ་རྟོག་ཤུགས་འབྱུང་དྲི་མ་ཕྱིས། །རང་གསལ་དྲི་མེད་མེ་ལོང་ལྟོས། །བདེ་ཆེན་གསུང་གི་རིན་ཆེན་ཆོངས། །བདེ་བ་རང་རིག་གསལ་བ་སྟེ། །ཆེན་པོ་བླ་མ་དམ་པ་གསུངས། །ཟག་བཅས་ལུས་ཀྱི་བདེ་བ་ལ། །ཟག་མེད་སེམས་ཀྱི་བདེ་བ་འཆར། །བདེ་སྟོང་རོ་སྙོམས་དབྱེར་མེད་པས། །བདུད་རྩི་ཞལ་བརྙེས་སྙིང་པོ་འདི། །རིན་ཆེན་ལྟ་བུར་རང་གཞན་དོན། །འབྱུང་བས་སྐལ་ལྡན་དམ་པས་ཆོངས། །རྣལ་འབྱོར་དབང་ཕྱུག་ཏཻ་ལོ་ཆེན་པོ་ཡིས། །རྒྱལ་གྱི་རི་ཞེས་གྲགས་པར་བདག་ལ་གནང་། གསང་སྔགས་སྙིང་པོ་ལུས་མེད་མཁའ་འགྲོ་ཡིས། །ཆོས་འཁོར་མ་ལུས་དེ་རུ་རྫོགས་པར་གནས། །ནམ་མཁའི་ཁམས་ནས་སྐུ་ལུས་མི་སྣང་བར། །མཁའ་ལ་རང་སྒྲ་བཞིན་དུ་རྡོ་རྗེའི་ཚིག །ཟབ་ཆོས་མན་ངག་ནཱ་རོ་བདག་ལ་གནང་། །ལྔ་བརྒྱའི་མཐའ་མར་གྱུར་ཚེ་ས་སྟེངས་སུ། །སྣོད་ལྡན་རྣམས་ཀྱི་པདྨ་དམ་པ་དེ། །ཁ་བ་ཅན་ལྗོངས་ཁྱོད་ཀྱི་སློབ་མ་ཡིས། །འདུལ་བར་འགྱུར་ཞེས་བླ་མའི་གསུང་ལས་ཐོས། །འགྲོ་རྣམས་བདེ་མཆོག་འབྲས་བུ་རྒྱལ་གྱུར་ཅིག །དཔལ་རྡོ་རྗེ་མཁའ་འགྲོ་མ་ལུས་མེད་པའི་ཆོས་ཞེས་བྱ་བ་ཱ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact