Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (17.17)

༄༅། །དཔའ་བོ་འབྲུ་གཅིག་པའི་རྫོགས་རིམ་བཞུགས་སོ། །

༄༅། །ཤེས་རབ་མཐིང་གཟུགས་རྗེས་ཆགས་གློག་དམར་གྱི། །ཚིགས་ཕྱོགས་འཕྲིན་ལས་གདངས་ཁྲས་ལྟོ་མཛེས་འབྲུག །འདུལ་ངོའི་འགྱིང་བརྐྱང་འཁྱོག་པོའི་ཆོ་འཕྲུལ་དང་། །ཆོས་དབྱངས་ཆེན་པོ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་གསང་བའི་དཔྱིད། །སྐལ་ལྡན་ས་ཧ་ཀ་རའི་སྡེར། །གཅིག་ཤེས་ཀུན་གྲོལ་མེ་ཏོག་བཟང་། །མངོན་སུམ་ཉིད་དུ་སྤྲོད་ལ་བྱོན། །འདིར་རྡོ་རྗེ་གཏུམ་པོའི་རྫོགས་རིམ་གཅིག་བསྟན་པས་ཀུན་ཤེས་པར་འགྱུར་བ། དཔའ་བོ་འབྲུ་གཅིག་པའི་སྒོམ་རིམ་བཤད་པ་ལ་རྣམ་པ་གསུམ་སྟེ། མངོན་དུ་བྱ་བ་གཞིའི་ཧཱུྃ། མངོན་དུ་བྱེད་པ་ལམ་གྱི་ཧཱུྃ། མངོན་དུ་བྱས་པ་འབྲས་བུའི་ཧཱུྃ་ངོ་། །དང་པོ་ནི། རིགས་དྲུག་ཧཱུྃ་གི་གཟུགས་སུ་ཤར། རིགས་དྲུག་ནི་རྒྱུད་དྲུག དེ་ལྟར་འཁྲུལ་པ་ཧཱུྃ་སྟེ། མ་རིག་པས་རྣམ་པར་ཤེས་པའི་ཁམས་བསླངས་པའོ། །དེས་སྐྱེ་ཤི་གནས་པའི་དུས་གསུམ་ཡང་། དེ་ལྟར་གྲུབ་སྟེ། རྣམ་པར་ཤེས་པས་ཁམས་དྲུག་བསྐྱེད་པས་སྐྱེ་ལ། དེ་དག་ཆ་སྙོམས་ན་གནས་ཤིང་། མ་སྙོམས་ན་འཆི་བས་སོ། །ཡང་། ཧཱུྃ་གི་གཞི་བཞིན་རྣམ་པར་དག རིག་པས་རྣམ་པར་ཤེས་པའི་རང་བཞིན་མཐོང་བས་གྲོལ་ཏེ། རྒྱལ་བ་རིགས་དྲུག་ཏུ་འཚང་རྒྱའོ། །གྲོལ་བ་ཡང་། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ང་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་པ་བཞིན། གཞི་ལ་འཁྲུལ་པ་གཏན་མི་དམིགས་པས་རང་བཞིན་གྱིས་དག་པའོ། །དེས། འཁོར་བ་རྒྱུད་དུ་འདོང་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་བྱའོ། །གཉིས་པ་ལ། སྦྱོང་བྱེད་དབྱིབས་ཀྱི་ཧཱུྃ། བརྗོད་པ་སྔགས་ཀྱི་ཧཱུྃ། མཉམ་བཞག་དོན་གྱི་ཧཱུྃ། རྗེས་གཅོད་རིག་པའི་ཧཱུྃ། བརྡལ་བ་ཆེན་པོའི་ཧཱུྃ་ལྔ་ལས། དང་པོ་ནི། རིགས་དྲུག་ས་བོན། ལུས་སེམས་གཉིས་མེད་པ་ཧཱུྃ་དུ་བལྟས། དེའི་ཞབས་ཀྱུ་སྦུབས་ཅན་གྱི་ནང་དུ། ཐོག་མ་མེད་པའི་བག་ཆགས་ཀྱི་བཞག་པའི་དམྱལ་བའི་ས་བོན་དུ། ཧའི་སྒྲོམ་དུ་ཡི་དྭགས་ཀྱི་པྲེ། མགོར་དུད་འགྲོའི་ཏྲི། ཟླ་ཚེས་སུ་མིའི་ནྲྀ། ཐིག་ལེར་ལྷ་མིན་གྱི་སུ། ནཱ་དའི་སྦུབས་སུ་ལྷའི་ཨ། དེ་ལས་འོད་ཟེར་སྤྲོས། བདག་གི་དམྱལ་བ་མྱོང་བར་འགྱུར་བའི་ལས་ཉོན་གྱི་ནུས་པ་ཐམས་ཅད་བསྡུས་དེ་ལ་བསྟིམ། རྣམ་པར་སྦྱོང་། ཧཱུྃ་བརྗོད་པའི་དུས་དེའི་འོག་ཏུ་ཧཱུྃ་གཅིག་ཞུགས། དེ་མེར་སོང་བས། ས་བོན་དེ་ཐུལ་གྱིས་བསྲེགས། དེ་བཞིན་ལྷག་མ་རྣམས་ལ་སྤྲོ་བསྡུ་བསྲེགས་པ་དེ་དུས་མེའི་རང་བཞིན་ཡིན་པས་གློག་གི་དབྱུག་པ་འདྲ་བ་ཞིག་ཏུ་སོང་བར་བལྟའོ། །སྐད་ཅིག་ཙམ་ཡང་སྒོམ་བྱེད་པ། །འབྲས་བུ་བླ་མེད་མྱུར་དུ་ཐོབ། །དེ་ནས་ནཱ་དའི་རྩེ་ལས་མེ་ལྕེ་ཐོན་ནས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་བདུད་རྩི་དཀར་ལྟེམ་ཞུ། མེ་དེས་བུང་བའི་མཆུས་མེ་ཏོག་གི་བཅུད་འཇིབས་པ་ལྟ་བུར་བདུད་རྩི་དྲངས་པ་ནཱ་ད་ནས་སོང་ཐིག་ལེ་གང་ཞིང་ཟླ་ཚེས་སུ་བབས། དེ་ནས་མགོ་ཁོག་པ། ཞབས་ཀྱུའི་མཐར་ཐུག་པ་གང་བར་བསམ་མོ། །ཐབས་ཤེས་རོ་མཉམ་དུ་བསྒོམ་པ་དེས་འབྲས་བུ་མྱུར་དུ་འགྲུབ་པའོ། །གཉིས་པ་ནི། ཐབས་དང་འབྲས་བུ་གཉིས་མེད་ཅིང་། རྣམ་གྲོལ་འབྲས་བུ་རྣམ་དག་པ། གཞི་འབྲས་དབྱེར་མེད་པ་ཐོབ་བྱ་རྡོ་རྗེའི་ཐེག་པ། ལམ་འབྲས་ལྷུན་གྲུབ་ཏུ་བསྒོམ་པ་གང་གི་བགྲོད་པའི་རྡོ་རྗེ་ཐེག་པ་ཡིན་པ། ཡི་གེ་འདི་ཡི་བྱེད་པ་སྟེ། ཞེས་པ། འཇུག་པའི་དུས་ནང་ལ། གནས་པའི་དུས་གཉིས་ཀ་ལ། འགྲོ་བའི་དུས་ཕྱིའི་རྣམ་པ་ལ་གཏད་དེ། དང་པོར་ཧཱུྃ་ཤུབ་བུར་རིང་བར་བགྲང་། དེ་ནས་ཧཱུྃ་ཧཱུྃ་ཞེས་ཏེ་མིག་འཛུམ་གྱི་ཡུན་དུ་བྱས་པ་སྐད་དང་བཅས་པ་བགྲང་། དེའི་དུས་སུ་དམིགས་གཞིའི་ཧཱུྃ་ལས་ཧཱུྃ་མཆེད་དེ། སྣང་ཡུལ་ཐམས་ཅད་ལྟེམ་ལྟེམ་གང་བར་བསམ་མོ། །སྲོད་ལ་རྡོ་རྗེ་སྲིན་པོའི་ང་རོ་ལྟར་ཤུགས་བཅས་དྲག་པོར་བགྲངས་ལ་དེ་དུས་ཧཱུྃ་ཐམས་ཅད་ལས་མེ་དཔུང་འཕྲོས་ཏེ་གདོན་བགེགས་གནོད་བྱེད་ཐམས་ཅད་ཐུལ་ཐུལ་བསྲེགས་པར་བསམ་ལ། སྣང་གྲག་རིགས་གསུམ་ཀ་ཧཱུྃ་དུ་རྫོགས་པར་བལྟའོ། །ཧཱུྃ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པས་འབྲས་བུ་ཕྱིས་སྒྲུབ་མི་དགོས་གསུངས་སོ། །དེས་ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །སྔགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ། ཅེས་སོ། །གསུམ་པ་མཉམ་བཞག་དོན་གྱི་ཧཱུྃ་ནི། ཡོན་ཏན་དཔལ་འབྱུང་ནམ་མཁའ་ཆེ། །དང་པོའི་སངས་རྒྱས་མངོན་དུ་བྱེད། །འདི་ལ་བརྗོད་པའི་དུས་ཧཱུྃ་རེ་ཡང་མིག་འཛུམ་སུམ་བཅུ་རྩ་གཉིས་ཙམ་གྱི་ཡུན་དུ་བྱ། དམིགས་པའི་དུས། སྣང་ཡུལ་གྱི་ཧཱུྃ་ཐམས་ཅད་གཞིའི་ཧཱུྃ་ལ། དེ་ཞབས་ཀྱུ་ལ། དེ་ཁོག་པ། མགོ ཟླ་ཚེས། ཐིག་ལེ། ནཱ་དའི་བར་དུ་མེ་ལོང་ལ་ཧས་བཏབ་པའི་དབུགས་ཐིམ་པ་ལྟ་བུར་བསྡུས། ནཱ་ད་ཡང་ཇེ་ཕྲ་སོགས་དམིགས་པ་ཉེ་བར་ཞི་བ་ལ་མཉམ་པར་བཞག་གོ །དེ་ལ་གནས་མ་ནུས་པ་དང་། ཡང་ནཱ་ད་དེ་ལས་ཐིག་ལེ་དེ་ནས་རིམ་པས་ཞབས་ཀྱུའི་བར་བསྐྱེད་ལ་སྔར་བཞིན་སྤྲོའོ། །དེ་ལྟར་ཡང་ཡང་དང་ཡང་དུ་བསྒོམས་པས་དུས་གསུམ་ལས་བྱུང་རྒྱུ་གཅིག་པུ། ཞེས་པ། །འདིས་འཛིན་པ་ཐམས་ཅད་སྦྱངས་པས། རྗེས་ལའང་སྣང་ཙམ་ལས་མི་འཆར། འདིས་སྦྱང་བའི་འཛིན་པ་དེ། སྒྲ་རྟོག་གི་ཡུལ་མིན། མངོན་སུམ་གྱི་གཟུང་བ་དེ་ཡིན། དེ་ལའང་དབང་པོའི་མངོན་སུམ་གྱི་གཟུང་བ་དང་། དེ་མ་ཐག་ཏུ་ཡིད་ཀྱི་མངོན་སུམ་འབྱུང་བའི་དེས་འཛིན་པ་གཉིས་ཀྱི་ཕྱི་མ་དག་པ་ཡིན་ཏེ། སྔ་མས་མཐོང་ལ། ཕྱི་མས་དེ་ལ་འཇུག་པ་ཡིན་པས། སྔ་མ་སྣང་ཙམ། ཕྱི་མ་ཞེན་པ། དེས་གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་ཞེས་པ་དང་། ཡིད་དེ་ཡིད་མ་ཡིན་པར་བྱེད་གྱུར་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་སོ། སྔ་མ་ཡོད་ན་ཕྱི་མ་ངེས་པར་འབྱུང་བ་ཡིན་ཏེ། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་སོ་སྙམ་ན། དེ་ནི་འདིར་དང་པོ་སྣང་དུས་རང་དུ་རིག་པས། སྔ་མ་ལ་སྣང་དུས་སུ་སྦྱོང་མཁན་མེད་པས་སོ། །བཞི་པ་གཅོད་བྱེད་རིག་པའི་ཧཱུྃ་ནི། འདིར་འཛིན་པ་དེ་ལྟ་བུ་མེད་ལ་སྣང་ཙམ་ཞིག་ཡོད་པ། ཁམས་གསུམ་མ་ལུས་ཟ་ཞིང་བསྲེག །ཤིང་ལ་མེ་བཞིན་དེ་བཞིན་བྱ། །མཉམ་བཞག་དེ་ལྟར་ཡིན་ཀྱང་། རྗེས་སྣང་། ཚོགས་དྲུག་གང་ཤར་ལྷུག་པར་བཞག་པས། དེར་སྣང་ཁུངས་མེད་དུ་བརླག དེ་ཀ་སོ་སོའི་རང་བཞིན་ཡིན་པས། རྒྱལ་དབང་རྗེས། རྣམ་རྟོག་གི་རང་བཞིན་ཤེས་ཙ་ན། །གང་ཤར་འདི་ཆོས་སྐུར་ཁྲོ་ལོ་ལོ། །ཞེས་གསུངས་སོ། །དེ་ལྟར་མཉམ་བཞག་དང་རྗེས་ཐོབ་དེས་དག་པར་བྱས་པ་དེ་ཀ དེ་ནི་དཔའ་བོ་ཧཱུྃ་ཡིན་པས། །རྟག་ཏུ་ཧཱུྃ་དུ་གནས་པར་བྱ། །དེ་ཙ་ན་རྣལ་འབྱོར་པ་ལ་ཕྱིའི་འདུ་བྱེད་ཀྱི་འཇུག་པ་མེད་དེ་འགོག་པ་ལ་གནས་པས་སོ། །ལྔ་པ་བརྡལ་བ་ཆེན་པོའི་ཧཱུྃ་ནི། དེ་ལྟར་འགོག་པར་གྱུར་ན། གཞན་དོན་རྒྱུན་ཆད་པར་འགྱུར་རམ་ཞེ་ན་མི་འགྱུར་ཏོ། འདི་ནི་རྡོ་རྗེ་འཛིན་པའི་གསང་། ཕྱིའི་འདུ་བྱེད་འགགས་པའི་འགོག་པ་དེ་ཉིད་ལ་སྣང་བ་མེད་པའི་ཆ་གཅིག་ཡོད་དེ་རང་སའི་མཉམ་བཞག་མཚན་ཉིད་པ་ཡིན། ནམ་མཁའ་ཁྱབ་པར་སྟོན་མཛད་པ། ཏིང་ངེ་འཛིན་སྣང་བ་དང་བཅས་པའི་ཆ་གཅིག་ཀྱང་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཞིང་རབ་འབྱམས་སྣང་། དེ་ལ་རྩལ་སྦྱོང་དེ་ཡང་འོག་མིན་གྱི་ཞིང་ཞེས་ཐེག་པ་ཆེན་པོ་ལས་བཤད་པ་དེའོ། །གསུམ་པ་ལ་མངོན་དུ་བྱས་པའི་འབྲས་བུ་ནི། འདུས་མ་བྱས་པ་ཆེན་པོ་འཆང་། །ཕྱག་འཚལ་སྟོང་ཉིད་ཁྱོད་ཕྱག་འཚལ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །རང་དོན་ཕུན་སུམ་ཚོགས་པ། ཨེ་མ་ནམ་མཁའི་གཏེར་ཆེན་འདི། །རྟག་ཏུ་ལོངས་སྤྱོད་གཏེར་བྱེད་པ། །དཔལ་ལྡན་འབྱོར་ལྡན་རིན་ཆེན་ལ། །རྟག་ཏུ་གུས་པས་ཁྱོད་ལ་འདུད། །ཅེས་པ་གཞན་དོན་ཕུན་སུམ་ཚོགས་པའོ། །དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སློབ་དཔོན་ཙི་ལུ་པ་ལ་གསུངས་པ་རྫོགས་སོ། །དེ་ལྟ་བུའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་བརྗེད་བྱང་དུ་ངག་དབང་ནོར་བུས་སོ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact