Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (16.5)

༄༅། །འཇིགས་བྱེད་ཀྱི་ཆོ་གའི་ཟུར་འདེབས་བཞུགས་སོ། །

༄༅། །རོལ་མོ་དང་ལྷུང་ལྷའི་བུ་རྣམས་ཀྱི་ངག་ཡིན་ཏེ་ཧ་ཅང་མི་བུལ་ཧ་ཅང་མི་མྱུར་ལྷུང་འདེགས་ཀྱི་ངག་གིས། ཧཱུྃ ཁྱོད་ནི་དང་པོའི་སངས་རྒྱས་ཏེ། །ཆོས་ཀུན་སྒྲུབ་གཞིའི་དབྱིངས་ཉིད་ཀ །རྒྱུ་ཡི་རྐྱེན་གྱིས་མ་བསླད་པས། །འགྲོ་འོང་རྣམ་འགྱུར་འཛིན་པ་མིན། །མ་རིག་དབྱེན་ཞུགས་རྟགས་ཅན་ལ། །རྣམ་དབྱེ་གང་དམིགས་དེར་སྣང་བའི། །ཆུ་ཟླའི་སྒྲུབ་བྱེད་འདིས་ན་བདག །མ་རུངས་འདུལ་ཕྱིར་སྤྱན་འདྲེན་གྱི། །རྡོ་རྗེ་འཇིགས་བྱེད་འཇིགས་པ་ཡི། །ལས་ཀུན་མཛད་པའི་དཀྱིལ་འཁོར་ལྷ། །འཕྲིན་ལས་དུས་བབ་ཡིན་དགོངས་ནས། །མྱུར་བ་ཉིད་དུ་གཤེགས་སུ་གསོལ། །ཨོཾ་སྲཱིཿསོགས། སྔོན་བྱས་བག་ཆགས་དབང་གྱུར་ནས། །ད་ལྟ་ངན་འགྲོའི་ལས་བྱེད་རྣམས། །མ་འོངས་བདེར་བསྒྲུབ་བསྒྲལ་བ་ལས། །གཞན་མིན་འཁོར་བཅས་དེ་ཆེད་བཞུགས། །ས་མ་ཡ་ཧྶཾ། ཇི་སྙེད་པར་ནི་སྤྲུལ་གྱུར་ཀྱང་། །ཇི་ལྟ་བ་ལས་མི་གཡོ་བའི། །སངས་རྒྱས་ཀུན་གྱི་ཡེ་ཤེས་གཟུགས། །འཇམ་དཔལ་དཔའ་བོར་ཕྱག་འཚལ་ལོ། །ཐམས་ཅད་དག་པར་སྦྱངས་ཟིན་པས། །སྐུ་གསུང་ཐུགས་ལ་རྨེ་བ་ཅི། །བདག་ཉིད་དེ་ལྟ་བུར་འདོད་ནས། །ལྷ་ཡི་ཆུ་འདིས་སྐུ་ཁྲུས་གསོལ། །ཨོཾ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སངས་རྒྱས་ཞིང་ན་བསྔགས་གྱུར་ཅིང་། །འཇིག་རྟེན་མཆོག་ཏུ་འཛིན་པ་ཡི། །མེ་ཏོག་བདུག་སྤོས་མར་མེ་བྱུག །ཞལ་ཟས་སྙན་པའི་དབྱངས་ཀྱིས་མཆོད། །སྔགས། ཛཿཧཱུྃ་སོགས་མཆོད་རྫས་ལས་ཆུས་བསངས། དེ་དག་ཡ་མ་མེ་ད་ཀྵེ། དེ་ཞུ་བས་གཏི་མུག་འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་དང་དེའི་དབང་གིས་ཉེས་སྐྱོན་བསྐྱེད་པ་ཐམས་ཅད་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་གྱུར། ཡང་ཛས་དོར་རུ་ཞུ་བ་ལས། དཀྱིལ་འཁོར་ཆེན་པོའི་ཕྱི་ནང་གི་རྡུལ་རེར་བདུད་རྩིའི་རྒྱ་མཚོའི་དབུས་སུ་པདྨའི་སྡོང་པོ་ལ་གནས་པའི་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོར་མཆོད་པའི་སྤྲིན་རྒྱ་མཚོ་ཆོས་ཀྱི་སྒྲ་ཆེན་པོ་གྲགས་པ། ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པ། ཤེས་རབ་དང་ཏིང་ངེ་འཛིན་གྱི་ཟས་ཏེ་འདོད་དགུར་སྤྲུལ་པ་ཤ་སྟག་གིས་གང་བར་གྱུར། ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་ཀྵྨྱ་ར་ཎ་མཧཱ་ས་མ་ཡེ་ཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་རླབས། ཧཱུྃ བྱང་ཆུབ་ཡན་ལག་མེ་ཏོག་འཕྲེང་། ཚུལ་ཁྲིམས་གཙང་མ་སྤོས་ཀྱི་དྲི། །མ་རིག་མུན་འཇོམས་སྣང་བ་ཆེ། །ཏིང་འཛིན་དག་པ་བདུད་རྩིའི་ཟས། །མཚན་དང་དཔེ་བྱད་བྱུག་པའི་རྩི། །ཆོས་ཀྱི་གཎྜྻི་སྒྲ་བོ་ཆེས། །དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་མཆོད། །སྔགས། འདོད་ལྡན་མཐོང་བས་དགའ་འགྱུར་གཟུགས། །སྒྲ་སྙན་ཡིད་འོང་སྣ་ཚོགས་ཀྱང་། །དྲི་ཞིམ་སྤུད་པས་ཚིམ་བྱེད་པ། མྱང་ན་ཞི་བའི་བཅུད་འཛིན་པའི། །བདེ་སོགས་རེག་འཛིན་ལྷ་མོ་རྣམས། །བསོད་ནམས་ཞིང་གྱུར་རྣམས་ལ་འབུལ། །དྲག་པོའི་མཆོད་རྫས་རྣམས་རཱ་ཎ་ཡོ་ནི་རཙྪ་ནི་ལས་འོད་དང་མི་བཟད་པའི་སྒྲས་སངས་རྒྱས་ཀྱི་ཞིང་ཐམས་ཅད་གཡོས། ཕོ་ཉ་དང་མཚོན་ཆའི་ཆར་གྱིས་གདུག་པ་ཅན་ཐམས་ཅད་ཁ་བཏགས་ཏེ་རོ་ཕོ་ཉ་རྣམས་ཀྱིས་བླངས་ཏེ་དཀྱིལ་འཁོར་ཆེན་པོའི་ཕྱི་ནང་ཐམས་ཅད་དུར་ཁྲོད་ཆེན་པོ་ལྟ་བུར་གྱུར་བ། རྡོ་རྗེ་འཇིགས་བྱེད་འཁོར་བཅས་དྲག་པོའི་ལས་ལ་འཇུག་པ་ལ་ཇི་ལྟར་དགྱེས་པ་དེ་ལྟ་བུའི་མཆོད་པའི་སྤྲིན་ཆེན་པོར་གྱུར། ཧཱུྃ དགྲ་བོ་སོགས་བརྗོད། མདུན་བསྐྱེད་ལ་མཚན་བསྟོད། བུམ་བསྐྱེད་ལ་འདུད་ཀྱི་བསྟོད་པ་ཡང་བྱའོ། །ཆོ་གའི་འགྲོས་ནི་བདག་མདུན་བུམ་གསུམ། བདག་འཇུག དེ་ནས་གཞན་འཇུག་པའོ།། །།སརྦ་མདྒ་ལཾ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact