Only Dharma. Since 1992
/ Mahamudra / Künkhyen Pema Karpo

Künkhyen Pema Karpo's collected works (12.17)

༄༅། །ཇོ་ནང་པའི་སྦྱོར་དྲུག་བཤད་པར་ཁས་འཆེ་བ་རྣམས་ལ་དྲིས་པ་བཞུགས་སོ། །

བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །མཐའ་དྲུག་ཚུལ་བཞི་ཕྱི་ནང་གཞན་གསུམ་གྱིས། །བཅིངས་པའི་རྒྱུད་སྡེ་འབྱེད་པའི་མན་ངག་ནི། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་ཡན་ལག་དྲུག །ཇི་བཞིན་མཁྱེན་པ་ཐམས་ཅད་ཕྱག་བྱའི་འོས། །ཚིག་ཙམ་སྨྲ་ལ་གནད་རྣམས་མ་ཟིན་པས། །ད་དུང་དགེ་བའི་བཤེས་ཀྱི་ཞབས་བསྟེན་ནས། །ལམ་འདིར་ཐོས་བསམ་སྒོམ་པར་མཐར་ཕྱིན་པའི། །ཆེད་དུ་ཡིན་གྱི་གཞན་དུ་དྲིས་པས་ཅི། །སོར་སྡུད་སྐབས་འདིར་རླུང་སེམས་ཟིན་པའི་རྟགས། །བཤད་པའི་ས་ཆུ་མེ་དང་རླུང་གི་རླུང་། །ཟིན་པའི་གནས་གང་ཟིན་ཉིད་ཅི་ལ་དང་། །དབུ་མར་ཚུད་དང་དེ་ལ་ཁྱད་པར་ཅི། །རྩ་རྣམས་དག་ཚེ་དབུ་མ་ལས་གཞན་པའི། །རྣམ་གཞག་རྒྱུད་ལས་མ་མཐོང་ཀུན་མཁྱེན་ཆེ། །འཁོར་བ་གནས་གྱུར་མྱང་འདས་མི་བཞེད་པས། །རོ་རྐྱང་འཁོར་བའི་རྩ་ཚོགས་གང་དུ་སོང་། །སོར་སྡུད་ཉིད་ཀྱིས་གྲོལ་བའི་གང་ཟག་དེའི། །རྩ་མདུད་གང་གིས་བཤིག་དང་དཀར་དམར་གྱི། །འཕོ་བ་དག་དང་བཅུ་གཉིས་བདེན་དོན་ས། །རྒྱུ་རྐྱེན་ཅི་ལས་བྱུང་འདི་གསལ་བར་སྨྲོས༑ །སྲོག་རྩོལ་དུས་སུ་ཕྱི་ནས་རྔུབས་པའི་རླུང་། །དབུ་མར་འཇུག་པའི་གནས་དེ་འཁོར་ལོ་གང་། །དེ་ཉིད་དབུ་མའི་ནང་དུ་མི་འཇུག་ན། །བརྔུབས་ཏེ་ནང་དུ་བཀང་བའི་དགོས་པ་ཅི། །རླུང་རྣམས་ཕྱི་རོལ་འཕོས་པའི་སྐྱོན་གསུངས་ནས། །ཡང་འདིར་མཉམ་རྒྱུའི་འཕོ་བ་བསྒྲུབ་བྱར་བསྟན། །གཞན་ལས་དེ་ཉིད་སྒྲ་གཅན་འཆི་ལྟས་བཤད༑ །འདི་འདྲ་འགལ་མེད་སྟོན་པའི་རིགས་པ་ཅི། །སྲོག་རྩོལ་གྱིས་ནི་རླུང་རྣམས་འགགས་བྱས་ནས། །འཛིན་པས་རིགས་དྲུག་རྩེ་མོར་འཆིངས་དེ་ལ། །སླར་ཡང་ཏིང་ངེ་འཛིན་དེར་ཉི་ཁྲི་དང་། །ཆིག་སྟོང་དྲུག་བརྒྱ་འགགས་དགོས་ཅི་སྟེ་གསུང་། །ཏིང་ངེ་འཛིན་དེར་རྩ་མདུད་གྲོལ་བ་དང་། །འཛག་བདེ་དག་གསུང་སྔུན་མ་རྣམས་ལ་མིན། །ལམ་འདིར་ཁྱད་ཆོས་ལྷག་པ་ཅི་ཞིག་ཡོད། །མེད་ན་སྐབས་འདིར་གསུངས་པའི་རྒྱུ་མཚན་གང་། །ལུས་གཅིག་ཉིད་ཀྱིས་ཡེ་ཤེས་སྐུ་འགྲུབ་པར། །གསལ་བར་གསུང་ན་རྩ་སོགས་སྙིགས་མའི་ཁམས། །ཇི་ལྟར་དྭངས་འགྱུར་སྙིགས་མའི་ཕུང་པོ་འདི། །སྤངས་ན་ལུས་གཅིག་དེ་ཡང་ཇི་ལྟར་འགྱུར། །གཞན་ཡང་ཚུལ་འདིར་དཔྱད་པ་མང་མོད་ཀྱང་། །རེ་ཞིག་ཡི་གེས་འཇིགས་པས་ངས་མ་བཀོད། །རྣལ་ལན་མི་ཐེབས་མཁས་པའི་ཁུར་བོར་ལ། །སློབ་མའི་འདུ་ཤེས་གཟུང་ལ་འདིར་ཤོག་ཅིག །མཁས་པར་སྙེམས་པ་འགའ་ཞིག་ཡོད་མཆིས་ན། །རྒྱུད་དང་སེམས་འགྲེལ་འཕགས་ཡུལ་གྲུབ་པའི་གཞུང་། །ཚད་ཐུབ་དཔང་པོར་བཞག་ནས་རྩོད་བྱ་ཡིས། །རིགས་པས་དཔྱད་བཟོད་ཡོད་ན་འདིར་ཤོག་ཅིག །པདྨ་དཀར་པོས་སྦྱར་བའོ།། །།མངྒ་ལཾ།། །།




YOU MAY ALSO LIKE


© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact