Only Dharma. Since 1992
/ Buddhism / Practice Lineages

སྦྱོར་དྲུག Jordruk

༄༅། །བདུན་པ་རྡོ་རྗེའི་རྣལ་འབྱོར་གྱི་བྱུང་བ་འཆད་པ་ལ་གཉིས། རིང་ལུགས་ངོས་བཟུང་། བརྒྱུད་ཚུལ་སོ་སོར་སྨོས་པའོ། །དང་པོ་ནི།
རྩ་བརྒྱུད་རྒྱས་པ་རྣམས་ཀྱིས་བསྟན་པའི་བཅུད། །རྡོ་རྗེའི་རྣལ་འབྱོར་རྫོགས་རིམ་ཀུན་གྱི་རྩེ། །
དུས་འཁོར་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ། དགྱེས་རྡོར་རྩ་རྒྱུད་འབུམ་ཕྲག་ལྔ་པ། བདེ་མཆོག་མངོན་བརྗོད་འབུམ་པ། གསང་འདུས་རྩ་རྒྱུད་སྟོང་ཕྲག་ཉེར་ལྔ་པ། འཇིགས་བྱེད་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ། སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་ལ་སོགས་པ་རྩ་བརྒྱུད་རྒྱས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་གསལ་བར་བསྟན་པའི་རྫོགས་རིམ་ཐམས་ཅད་ཀྱི་བཅུད། རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་འབྲེལ་བའི་སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ་བླ་མེད་ནས་གསུངས་པའི་རིམ་གཉིས་ཐམས་ཅད་ཀྱི་སྐྱེལ་སོ། རྣལ་འབྱོར་ཀུན་གྱི་རྩེ་མོ། འཕགས་བོད་གཉིས་སུ་ཉི་ཟླ་ལྟར་གྲགས་པའོ། །

གཉིས་པ་ལ་ལྔ། འཕགས་ཡུལ་དུ་བྱོན་ཚུལ། བོད་དུ་སྤྱིར་གྲགས་ཚུལ། བྱེ་བྲག་ལུགས་སྲོལ་བཅུ་བདུན། ལུགས་སྲོལ་གཞན། ཁྱད་པར་ཅན་གྱི་རིང་ལུགས་ངོས་བཟུང་བའོ། །དང་པོ་ནི།
ཆོས་རྒྱལ་རིགས་ལྡན་ཞལ་ལས་ལེགས་འོངས་པ། །དུས་ཞབས་ཆེ་ཆུང་ཤ་བ་རི་པ་དང་། །
དཔེ་མེད་འཚོ་དང་ཉི་མ་དཔལ་ཡེ་ཤེས། །ནཱ་རོ་ཁ་ཆེ་ཞི་སྦས་ལུགས་སོགས་ལས། །
ཟླ་བ་བཟང་པོ་སོགས་ཆོས་རྒྱལ་བདུན་དང་། འཇམ་དཔལ་གྲགས་པ་སོགས་རྡོ་རྗེའི་རིགས་ལྡན་རྣམས་ཀྱི་ཞལ་ནས་ཞལ་དང་། ཐུགས་ནས་ཐུགས་སུ་ལེགས་པར་འོངས་པ་འདི་ཉིད་འཕགས་ཡུལ་དུའང་སྔ་རབས་ཞིག་ནས་ཕེབས་ཀྱང་། སྐྱེ་བོ་ཀུན་ལ་གྲགས་པར་མཛད་པ་ནི་དུས་ཞབས་པ་ཆེན་པོ་ཡིན་པས་དེ་ནི་ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར་ལུགས་སྲོལ་རྣམས་ཀྱི་ཐོག་མར་བཞག །དེ་ནས་དུས་ཞབས་པ་ཆུང་བ། གྲུབ་ཆེན་ཤ་བ་རི་པས་ཉེ་བརྒྱུད་དུ་སྩལ་བ། དུས་ཀྱི་འཁོར་ལོ་དངོས་ཀྱིས་རྗེས་སུ་བཟུང་བ་གྲུབ་ཆེན་དཔེ་མེད་འཚོ། དེའི་རྗེས་འབྲངས་ཉི་མ་དཔལ་ཡེ་ཤེས། དུས་འཁོར་ཞབས་ཀྱི་སློབ་མ་པཎ་ཆེན་ནཱ་རོ་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ཕྱིས་གྲུབ་པའི་དབང་ཕྱུག་ཞི་བ་སྦས་པའི་ལུགས་སྲོལ་སོགས་མང་དུ་བྱོན་པ་ཡིན་ནོ། །ལས་ཞེས་པ་ཕྱི་མའི་འབྱུང་ཁུངས་ཀྱི་སྒྲའོ། །

གཉིས་པ་ནི།
བོད་དུ་སྔོན་བྱོན་བཞི་དང་བར་བྱོན་ལྔ། །ཕྱིས་བྱོན་གཉིས་སུ་གྲགས་ཆེ། །
ཞེས་པ་སྟེ། བོད་ཡུལ་དུའང་སྔ་ཕྱིར་གང་ཟག་མང་པོས་སྤེལ་བར་མཛད་པ་ལས། གྱི་ཇོ། འབྲོ། རྭ། དིང་རི་ཆོས་ཀྱི་གྲགས་པའི་ལུགས་ཏེ་སྔོན་བྱོན་བཞི། ཁ་ཆེ་པཎ་ཆེན། མན་ལུང་པ། བི་བྷཱུ་ཏི། ཐར་ལོ་ཉི་མ་རྒྱལ་མཚན། ཨོ་རྒྱན་པ་སྟེ་བར་བྱོན་ལྔ། པཎ་ཆེན་ནགས་ཀྱི་རིན་ཆེན། སངས་རྒྱས་སྦས་པའི་མགོན་པོ་སྟེ་ཕྱིས་བྱོན་གཉིས་རྣམས་སུ་གྲགས་ཆེའོ། །

གསུམ་པ་ནི།
གྱི་ཇོ་རྨ། །ཁྲོམ་ལོ་ཇོ་བོ་འབྲོ་རྭ་ཙ་མི་དང་། །རས་ཆུང་རྒ་ལོ་གསུམ་དང་ཁ་ཆེ་གཉིས། །
བི་བྷཱུ་ཏི་གཉིས་ཆག་ལོ་མན་ལུང་སྟེ། །ལུགས་སྲོལ་བཅུ་བདུན་ཀུན་སྤངས་ཆེན་པོར་འདུ། །
ལོ་ཙཱ་བ་ཆེན་པོ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་སྦྱོར་དྲུག་གི་མན་ངག །སྦྱོར་དྲུག་གི་སྒོས་ཀྱི་རྒྱུད་ཆུང་འགྲེལ་པ་དང་བཅས་པ་དང་། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱི་ལུགས་ཀྱི་སྦྱོར་དྲུག་དང་། ཁྲོམ་ལོ་ཙཱ་བ་པདྨ་འོད་ཟེར་གྱི་སྦྱོར་དྲུག་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བླ་མ་ནག་པོ་མངོན་ཤེས་ཅན་ལ་གསན་པའི་སྦྱོར་དྲུག་དང་། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ནས་བརྒྱུད་པའི་སྦྱོར་དྲུག་ལ་འབྲོ་ལུགས་སུ་གྲགས་པའི་སྦྱོར་དྲུག་དང་། རྭ་ལོ་ཙཱ་ཆོས་རབ་ཀྱིས་པཎྜྻི་ཏ་ས་མནྟ་ཤྲཱི་ལ་གསན་པའི་སྦྱོར་དྲུག་དང་། ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱིས་མཛད་པའི་སྦྱོར་ཕྲེང་གི་ལུགས། སེ་ལོ་དང་གཉོས་སྟོན་འོད་མ་ནས་བརྒྱུད་པ་འདི་ལ་ཙ་མི་ལུགས་རང་དུ་གྲགས་པ་དང་། རས་ཆུང་རྡོ་རྗེ་གྲགས་པས་ཨ་མོ་གྷ་བཛྭ་ལ་གསན་པའི་སྦྱོར་དྲུག་དང་། ཙ་མི་ནས་བརྒྱུད་པ་ཡིན་ཡང་སྦྱོར་ཕྲེང་ལུགས་དང་མི་གཅིག་པ་དཔལ་ཆེན་རྒྭ་ལོ་ནས་བརྒྱུད་པ་ལུགས་གསུམ་སྟེ། རྒྭ་ལོས་དུས་འཁོར་རང་ལུགས་ཀྱི་སྦྱོར་དྲུུག་ཞང་ཚལ་པ་སོགས་ལ་གནང་བ་དང་། མ་རྒྱུད་ཀྱཻའི་རྡོ་རྗེའི་སྦྱོར་དྲུག་བླ་མ་ས་སྐྱ་པ་ཆེན་པོ་ལ་གནང་བ་དང་། ཕ་རྒྱུད་གསང་བ་འདུས་པའི་སྦྱོར་དྲུག་དགེ་བཤེས་སྐྱུ་ར་ཨ་སྐྱབས་ལ་གནང་བ་དང་གསུམ་མོ། །རྒྭ་ལོས་ཙ་མི་ལ་གསན་པ་ཡིན་ཡང་། སྦྱོར་ཕྲེང་གི་ལུགས་དང་རྒྭ་ལོ་ལུགས་གཉིས་གདམས་ངག་སྟོན་ཚུལ་མི་འདྲ་བ་ཆེར་ཡོད་པས་ལུགས་སོ་སོར་བགྲང་ངོ་། །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་དཔྱལ་ལོ་ཆོས་བཟང་ལ་གནང་བ་དགྱེས་རྡོར་ནཱ་རོ་འགྲེལ་ཆེན་གྱི་མན་ངག་ཏུ་མཛད། དཔྱལ་པས་ནཱ་རོ་པའི་སྒྲོམ་ལྡེར་གྲགས་པའི་ཡི་གེ་ཡང་ཡོད་པ་དང་། པཎ་ཆེན་གྱིས་ཆོས་རྗེ་ས་སྐྱ་པཎ་ཆེན་ལ་གནང་བ་སྙན་བརྒྱུད་རྡོ་རྗེའི་ཚིག་དྲུག་གིས་ཁྱད་པར་དུ་བྱས་པ་སྟེ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་ལུགས་གཉིས་སོ། །གྲུབ་ཐོབ་དཔེ་མེད་འཚོའི་ལུགས་ཀྱི་སྦྱོར་དྲུག་སློབ་དཔོན་རཏྣ་རཀྵི་ཏ་ལ་པཎྜྻི་ཏ་བི་བྷུ་ཏི་ཙནྡྲས་གསན་པ་བི་བྷུ་ཏིའི་རིང་བརྒྱུད་དུ་གྲགས་པ་དང་། ཕྱིས་བལ་ཡུལ་གྱི་ཧྶྭཾ་བི་ཧ་རར་གྲུབ་ཐོབ་ཤ་བ་རིས་ཞལ་མངོན་སུམ་དུ་བསྟན་དུས་གནང་བའི་སྦྱོར་དྲུག་ཉེ་བརྒྱུད་དེ་བི་བྷུ་ཏིའི་ལུགས་གཉིས་སོ། །ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་བླ་མ་བལ་པོའི་པཎ་ཆེན་ཉི་དབང་སྲུང་བ་དང་། འཕགས་ཡུལ་གྱི་སྐྱེས་མཆོག་རཱ་ཧུ་ལ་ཤྲཱི་བྷ་དྲ་ལ་གསན་པའི་མན་ངག་ཀྱང་ཡོད་ལ། མན་ལུང་གུ་རུར་གྲགས་པ་གྲུབ་ཆེན་པུཎྭ་ཤྲཱིའམ། རྒྱ་གར་གྱི་ཡུལ་དུ་གྲུབ་ཆེན་དཱི་པཾ་ཀ་རར་གྲགས་པ་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཏེ་ད་ལྟ་རི་བོ་ཏ་ལ་ན་བཞུགས་པ་དེས། དང་པོ་འབྲོ་ལུགས་གཙོ་བོར་གྱུར་པ་རྭ་འབྲོ་གཉིས་འདུས་ཀྱི་མན་ངག་བསྒོམ་པར་མཛད་པ་ཡིན་ཡང་། ཕྱིས་གྲུབ་པ་བརྙེས་པས་བརྒྱུད་པ་གཞན་ལ་མ་ལྟོས་མོད། གང་ལྟར་ཡང་དེས་མཛད་པའི་མཚན་བརྗོད་སྦྱོར་དྲུག་སྟེ། དེ་ལྟར་ན་ལུགས་སྲོལ་བཅུ་བདུན་རིགས་ལྡན་སྤྲུལ་པའི་སྐུ་ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་ཀྱིས་གསན་པས་ལུགས་འདི་ལ་དེ་དག་གི་རྒྱུན་གཅིག་ཏུ་འདུ་ཡང་། བི་བྷུ་ཏིའི་ཉེ་བརྒྱུད་དངོས་སློབ་བཞིའི་ལུགས་ཀྱང་གསན་པས་དེ་ལྟར་ན་ལུགས་སྲོལ་ཉི་ཤུར་བགྲང་ངོ་། །

བཞི་པ་ནི།
གཞན་ཡང་ཀོ་བྲག་རོང་པ་བོ་དོང་པ། །ལ་སྟོད་སྲོན་ལུགས་ཆེ་ཕྲ་དུ་མ་བྱུང་། །
གཞན་ཡང་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གྱིས་བལ་ཡུལ་ནས་བི་བྷུ་ཏི་ཙནྡྲ་ཆེད་དུ་སྤྱན་དྲངས་ནས་སྦྱོར་དྲུག་ཉེ་བརྒྱུད་ཞུས་ཏེ། གྲུབ་ཆེན་གོ་ལུང་པ་གཞོན་ནུ་དཔལ་ནས་བརྒྱུད་པའི་ཀོ་བྲག་ལུགས་དང་། རོང་པ་རྒ་ལོའི་སྲས་རོང་པ་ཤེས་རབ་སེང་གེ་དང་། རྡོ་རྗེ་རྒྱལ་མཚན་སོགས་ལས་རོང་ལུགས་ཀྱི་བཀའ་སྲོལ་ཟུར་དུ་བྱུང་པ་རོང་ལུགས་དང་། གཉལ་ཞིག་བུ་དགུའི་ཡ་གྱལ་བོ་དོང་པ་རིན་ཆེན་རྩེ་མོས་གྲུབ་ཐོབ་སེ་མོ་ཆེ་པ་ལས་རྒྱུད་གདམས་ངག་ཞུས། དེ་ནས་སྟག་སྡེ་བ་སེང་གེ་རྒྱལ་མཚན། ཤོང་ལོ་རྡོ་རྗེ་རྒྱལ་མཚན། དཔང་ལོ་བློ་བརྟན། ལོ་ཆེན་བྱང་རྩེ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། ཀུན་མཁྱེན་འཇིགས་བྲལ་ཆེན་པོའི་བར་དུ་བརྒྱུད་པ་བོ་དོང་ལུགས་ཏེ། དེའི་སློབ་མ་པཎ་ཆེན་བྱམས་པ་གླིང་པ། བྱང་བདག་རྣམ་རྒྱལ་གྲགས་བཟང་སོགས་ལས་ཀྱང་བཤད་སྒྲུབ་ཀྱི་སྲོལ་རྒྱ་ཆེན་བྱུང་། ཡང་ཀུན་སྤངས་ཆེན་པོའི་ཞལ་སློབ་ཀུན་སྤངས་བུ་བཞིར་གྲགས་པའི་ཡ་གྱལ་ལ་སྟོད་པ་དབང་ཕྱུག་རྒྱལ་མཚན་དང་། སྲོན་པ་ཀུན་རྒྱལ་བ་གཉིས་ལས་ཀྱང་ལུགས་སྲོལ་ཟུར་དུ་བྱུང་བ་དང་། འགོས་དཀར་ལུགས། ལྐོག་ལུགས་སོགས་ཆེ་ཕྲ་དུ་མ་བྱུང་ཞིང་། ཕྱིས་སུ་རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་བོད་དུ་བྱོན་ཏེ། རིང་བརྒྱུད་གྲུབ་ཐོབ་དཔེ་མེད་འཚོའི་གདམས་ངག་ཡོངས་སུ་རྫོགས་པ་དང་། རི་ཁྲོད་དབང་ཕྱུག་གི་ཉེ་བརྒྱུད་བཅས་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་དང་། སྤྱན་སྔ་ཆོས་ཀྱི་གྲགས་པ་སོགས་ལ་སྩལ་བ་དང་། དེ་ལས་ཀྱང་ཕྱིས་སུ་གྲུབ་ཆེན་ཞི་བ་སྦས་པའི་སློབ་མ་སངས་རྒྱས་སྦས་པའི་མགོན་པོས་ཞི་སྦས་ཞབས་ཀྱི་ཐུན་མོང་མ་ཡིན་པའི་སྦྱོར་དྲུག་སྙན་བརྒྱུད་ཇོ་ནང་རྗེ་བཙུན་ཆེན་པོ་ལ་གནང་བའི་ལུགས་རྣམས་ཀྱང་བྱུང་ངོ་། །

ལྔ་པ་ནི།
ཁྱད་པར་བརྟོན་པ་བཞི་ལྡན་ཀུན་མཁྱེན་རྗེ། །རྩོད་དུས་རྡོ་རྗེ་འཆང་དངོས་སྒྲོལ་བའི་མགོན། །
རིགས་ལྡན་གཉིས་པའི་བཀའ་བརྒྱུད་ཕུལ་དུ་བྱུང་། །
ལུགས་སྲོལ་དེ་དག་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་རྔ་བོ་ཆེའི་མདོ་སོགས་ནས་ཐུབ་མཚན་འཆང་བའི་དགེ་སློང་དུ་ལུང་བསྟན་པ་རིགས་ལྡན་སྤྲུལ་པའི་སྐུ་དོལ་པོ་པ་ཆེན་པོ་རྒྱལ་བའི་གསུང་རབ་ལ་མཐར་ཐུག་བརྟོན་པ་རྣམ་པ་བཞི་དང་ལྡན་པ་ཀུན་མཁྱེན་ཆོས་ཀྱི་རྗེ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང་། རྩོད་པའི་དུས་ཀྱི་མཐར་གྲུབ་ཆེན་སྤྱོད་འཆང་དབང་པོ་བསམ་བཞིན་སྐྱེ་བ་བཞེས་པ། གསང་བ་ཟབ་མོའི་གནས་ལ་རྡོ་རྗེ་འཆང་གཉིས་པའི་གོ་འཕང་བརྙེས་པ་རྗེ་བཙུན་སྒྲོལ་བའི་མགོན་པོས་ཤིང་རྟའི་ལམ་སྲོལ་ཕྱེས་པ་དག་ནི་རིགས་ལྡན་གཉིས་པའི་བཀའ་བརྒྱུད་དེ་གཞན་ལས་ཕུལ་དུ་བྱུང་ཞིང་སྒྲུབ་བརྒྱུད་འདིའི་བཀའ་ཆེན་བབས་པ་ཡིན་ནོ། །

ཤེས་བྱ་ཀུན་ཁྱབ་ལས་སོ། །




YOU MAY ALSO LIKE

Kashmir Shaivism or Trika Shaivism is a nondualist Hindu tradition of Shaiva-Shakta Tantra which originated in Kashmir sometime after 850 CE.

© 1991-2026 Titi Tudorancea Yoga Bulletin | Titi Tudorancea® is a Registered Trademark | Terms of use and privacy policy
Contact