| / Buddhism / Practice Lineages |
History of Eight Great Chariots of the Practice Lineage
ས་སྐྱ། Sakya
༄༅། །གསུམ་པ་ལམ་འབྲས་བུ་དང་བཅས་པའི་རིང་ལུགས་འཆད་པ་ལ་གཉིས། ལུགས་སྲོལ་ངོས་འཛིན་པ། བརྒྱུད་པའི་རྣམ་གྲངས་བཤད་པའོ། །དང་པོ་ནི།
བི་རཱུ་མཚོ་སྐྱེས་ཞབས་སོགས་ལམ་སྐོར་དགུ། །བླ་ཆེན་འབྲོག་མིར་བཀའ་བབས་གདམས་པའི་བཅུད། །
སྒོ་དྲུག་ཆོས་འབྲེལ་རྩ་བ་མེད་པ་དང་། །ཉེ་བརྒྱུད་ལམ་སྦས་བརྡ་དོན་གསལ་རྣམས་ཀྱི། །
གཙོ་བོར་གསུང་དག་ལམ་དང་འབྲས་བུར་བཅས། །
རྣལ་འབྱོར་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་ངམ་གྲུབ་ཆེན་བི་རཱུ་པ་ཞེས་གྲགས་པ་དེ་ཉིད་རྡོ་རྗེ་བདག་མེད་མས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། ས་དྲུག་པའི་རྟོགས་པ་ཐོབ་ནས་ཀྱཻ་རྡོ་རྗེའི་རྒྱུད་གསུམ་ལ་བརྟེན། ཤར་ཕྱོགས་ནག་པོ་པའི་དོན་དུ་རྡོ་རྗེའི་ཚིག་རྐང་སྩལ་ཞིང་ལམ་འབྲས་བུ་དང་བཅས་པའི་གདམས་སྐོར་མཛད། གྲུབ་ཆེན་མཚོ་སྐྱེས་ཞབས་ཀྱིས་རྩ་རྒྱུད་བརྟགས་གཉིས་ལ་བརྟེན་ནས་བསྐྱེད་རིམ་ཟབ་པའི་ཚུལ་དགུ། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་ལམ་སྐོར་མཛད། སོགས་ཁོངས་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་འདུས་པ་ལ་བརྟེན་ནས་བྱང་ཆུབ་སེམས་འགྲེལ་གྱི་ལམ་སྐོར་མཛད། ཌོམྦྷི་པས་བརྟག་གཉིས་ལ་བརྟེན་ལྷན་ཅིག་སྐྱེས་གྲུབ་ཀྱི་ལམ་སྐོར་མཛད། ཨིནྡྲ་བོ་དྷིས་རྒྱུད་ཡེ་ཤེས་ཐིག་ལེ་ལ་བརྟེན་ནས་ཕྱག་རྒྱའི་ལམ་ཡོངས་སུ་རྫོགས་པའི་ལམ་སྐོར་མཛད། ཏོག་རྩེ་པས་རྒྱུད་ཁ་སྦྱོར་ལ་བརྟེན་ནས་བསམ་མི་ཁྱབ་ཀྱི་ལམ་སྐོར་མཛད། ནག་པོ་པས་བདེ་མཆོག་ལ་བརྟེན་ནས་ཨོ་ལ་པ་ཏིའི་ལམ་སྐོར་མཛད། ངག་གི་དབང་ཕྱུག་གིས་གསང་འདུས་ལ་བརྟེན་ཕྱག་ཆེན་ཡི་གེ་མེད་པའི་ལམ་སྐོར་མཛད། ནག་པོ་འཆི་བ་མེད་པས་མ་རྒྱུད་མཐའ་དག་ལ་བརྟེན་ནས་ཡོན་པོ་སྲོང་བའི་ལམ་སྐོར་མཛད། དེ་ལྟར་ལམ་སྐོར་དགུ་པོ་བླ་ཆེན་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ལ་བཀའ་བབས་ཏེ། འབྲོག་གིས་ཐོག་མར་སློབ་དཔོན་ཤཱནྟི་པ་ལས་འདུལ་བ། ཕར་ཕྱིན། གསང་སྔགས་ཀྱི་ཆོས་ཐམས་ཅད་མཁས་པར་བསླབས། ལམ་སྐོར་སོགས་གདམས་ངག་རྣམས་ག་ཡ་དྷ་ར་དང་དཔའ་བོ་རྡོ་རྗེ་ལས་ཞུས་ཏེ་དེའང་བི་པས་རྒྱུད་ཀྱི་བཤད་པ་ཤིན་ཏུ་བསྡུས་པ་དང་། མན་ངག་སྙན་བརྒྱུད་ཉམས་ལེན་ཤིན་ཏུ་རྒྱས་པ་ཤར་ཕྱོགས་ནག་པོ་པ་ལ་གནང་། དེས་ཌཱ་མ་རུ་པ། དེས་ཨ་ཝ་དྷཱུ་ཏི་པ། དེས་ག་ཡ་དྷ་ར་ལ་གདམས། དེ་ཉིད་བོད་དུ་ལན་གསུམ་བྱོན་པའི་དང་པོའི་སྐབས་འབྲོག་མི་ལ་གདམས་ངག་ཡོངས་སུ་རྫོགས་པ་བྱིན་ཅིང་འདི་ནི་དགྱེས་རྡོར་མན་ངག་ལུགས་སུ་གྲགས་སོ། །འདི་ལ་དེང་སང་ལམ་འབྲས་ཞེས་ཡོངས་སུ་གྲགས་ཤིང་། གོང་སྨོས་ཕྱི་མ་བརྒྱད་ལ་ལམ་འབྲས་ཕྱི་མ་ཞེས་གྲགས་སོ། །སྤྱིར་མར་འགོས་འབྲོག་གསུམ་ཞེས་ཕྱི་དར་གསང་སྔགས་རྡོ་རྗེ་ཐེག་པའི་འབྱུང་ཁུངས་ཡིན་ཅིང་ཁྱད་པར་མར་འགོས་གཉིས་ཀྱིས་ཀྱང་ཐོག་མར་འབྲོག་མི་ལས་སྦྱངས་པ་མཛད་པ་དང་། བར་དོར་ཕྱག་རྒྱ་ཆེན་པོའི་མཆོག་བརྙེས་པར་གྲགས་པ་སོགས་ཁྱད་པར་འཕགས་པ་དེ་ལ་གདམས་ངག་རྒྱ་མཚོ་ལྟ་བུ་བཞུགས་པའི་ཟབ་བཅུད་ལམ་སྐོར་དགུ་པོ་དེ་རྣམས་དང་། རྒྱ་གར་ནས་བོད་དུ་བྱོན་ཁར་མཁས་པ་སྒོ་དྲུག་ལ་ཆོས་འབྲེལ་རེ་ཞུས་པའི་གདམས་ངག །མདོ་རྒྱུད་བསྲེ་བ། ཕྱི་རོལ་གདོན། འབྱུང་བ་ལུས་འཁྲུགས། ཏིང་འཛིན་སེམས་ཀྱི་བར་ཆད་སེལ་བ་གསུམ། ཕྱག་ཆེན་སྡུག་བསྔལ་གསུམ་སེལ། གཉུག་མ་དྲན་གསལ་རྣམས་དང་ཡང་མཐུ་སྟོབས་དབང་ཕྱུག་བི་རཱུ་པས་ཌོམྦྷི་པ་ལ་རྒྱུད་ཀྱི་བཤད་པ་ཤིན་ཏུ་རྒྱས་པ་དང་། མན་ངག་ཤིན་ཏུ་བསྡུས་པ་གནང་། དེས་ཨ་ལ་ལ་བཛྭ། དེས་ནག་ཁྲོད་པ། དེས་གརྦྷ་རི་པ། དེས་ཛ་ཡ་ཤྲཱི། དེས་མི་ཐུབ་ཟླ་བ། དེས་དཔའ་བོ་རྡོ་རྗེ། དེ་ལ་འབྲོག་མིས་རྒྱ་གར་ཤར་ཕྱོགས་སུ་ཞུས་པ་ལ་རྩ་བ་མེད་པའི་ལམ་འབྲས་ཞིག་གནང་ཞེས་གྲགས་པ་དེའི་དོན་སྔ་མ་ལ་རྩ་བ་རྡོ་རྗེའི་ཚིག་རྐང་ཡོད་ཅིང་། འདི་ལ་མེད་པའི་དོན་ཡིན་ཅིང་དགྱེས་རྡོར་འགྲེལ་པ་ལུགས་སུ་གྲགས་སོ། །རྡོ་རྗེའི་ཚིག་རྐང་ལ། འབྲོག་མི་གྱི་ཇོ། འབྲོམ་གསུམ་གྱིས་རྒྱ་དཔེ་དང་བསྟུན་ནས་བསྒྱུར། ཆ་གན་དང་ཇོ་ནང་ཀུན་སྤངས་པས་རྒྱ་དཔེ་ལ་མ་གཏུགས་པར་གོ་རིམ་དཀྲུགས་པའི་འགྱུར་བཅོས་མཛད་པ་དང་། གཟུངས་ཀྱི་དཔལ་བའི་ཡིག་ཆར་པཎྜྻིཏ་རཱ་ཧུ་ལའི་འགྱུར་ཡང་ཡོད་པར་གསུངས་པས་འགྱུར་འགོ་དྲུག་བྱུང་། གཞན་ཡང་ཕྱིས་སུ་ས་ཆེན་ལ་ཉེ་བརྒྱུད་བྱུང་བའི་ལམ་སྦས་བཤད་དང་གྲགས་རྒྱལ་གྱིས་བརྡ་དོན་གསལ་བ་སོགས་གདམས་ངག་ཐམས་ཅད་ཀྱི་གཙོ་བོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཡི་གེ་དྲུག་ཅུ་མན་ངག་ཕྲ་མོ་དང་བཅས་པ་ཉིད་དོ། །
གཉིས་པ་ལ་གསུམ། བརྒྱུད་སྲོལ་སྤྱིར་བཤད་པ། ས་ལུགས་བྱེ་བྲག་ཏུ་བཤད་པ། བརྒྱུད་སྲོལ་གཞན་ཞར་བྱུང་དུ་བཤད་པའོ། །དང་པོ་ནི།
སྐུ་དང་ཐུགས་སྲས་སེ་ནས་འཕེལ་བ་གསུམ། །ཕྱི་མར་ཐོབ་པ་རབ་འབྲིང་ཐ་གསུམ་ལས། །
འབྲིང་པོ་ཞྭ་མར་ཕོ་མོ་བསྲེས་བརྒྱུད་གསུམ། །ཕོ་ལ་སློབ་སྲས་གཉིས་ཏེ་མོ་བརྒྱུད་གསུམ། །
བསྲེས་བརྒྱུད་ཀོ་བྲག་ཆ་གན་ཇོ་ནང་དང་། །ལ་སྟོད་དབང་རྒྱལ་ལུགས་བཞི།
ཞེས་པ་སྟེ། འབྲོག་མི་ལ་སློབ་མ་ཕོ་གསུམ་མོ་བཞི་སྟེ་གྲུབ་ཐོབ་བདུན། འཁོན་དཀོན་མཆོག་རྒྱལ་པོ་དང་གི་ལྗོངས་དབུ་དཀར་སོགས་གཞུང་རྫོགས་པ་བདུན། སེ་མཁར་ཆུང་བ། ཇོ་སྲས་ཨིནྡྲ་སོགས་མན་ངག་རྫོགས་པ་བཞི་སྟེ་བཅོ་བརྒྱད་བྱོན་པ་ལས་ལམ་འབྲས་ཀྱི་བརྒྱུད་སྲོལ་ནི། སྐུའི་སྲས་ཨིནྡྲ་དང་རྡོ་རྗེ། ཐུགས་ཀྱི་སྲས་འབྲོམ་དེ་པ་སྟོན་ཆུང་། སེ་མཁར་ཆུང་པ་ནས་འཕེལ་བ་གསུམ། ཕྱི་མ་སེ་སྟོན་ལས་རབ་ཏུ་ཐོབ་པ་ཞང་སྟོན་མཆེད། འབྲིང་དུ་ཐོབ་པ་ཞ་མ་ལྕམ་དྲལ། ཐ་མར་ཐོབ་པ་བསེ་སྒོམ་བྱང་ཡེ་རྣམས་སུ་ཡོད་པ་ལས། འབྲིང་དུ་ཐོབ་པ་ཞ་མ་ལྕམ་དྲལ་ནས་འཕེལ་བ་ལ་ཕོ་བརྒྱུད་མོ་རྒྱུད་བསྲེས་པའི་བརྒྱུད་པ་གསུམ། ཕོ་རྒྱུད་ལའང་སློབ་སྲས་གཉིས་ཏེ། ཞ་མ་ཕོ་ནི་རྗེ་འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོ་སྟེ། དེའི་སློབ་མ་སེ་སྒོམ་གྲགས་རྒྱལ་སོགས་ལ་བརྒྱུད་པ་དང་། སྲས་ཞ་མ་ཟླ་བའི་འོད་ཟེར་ནས་སྤང་རྗེ་ཉི་མ་གྲགས་ལ་འཕེལ་བ་གཉིས། མོ་བརྒྱུད་ནི་མ་ཅིག་ཞ་མ་རྣལ་འབྱོར་མའི་སློབ་མ་ཉང་སྐོམ། སྨོན་དཀར་པ་སྟོན་གཞུང་། དབོན་མོ་ཤེར་ཚུལ་གསུམ་ལས་འཕེལ་བའི་ལུགས་གསུམ། བསྲེས་བརྒྱུད་ལ་ཞ་མ་ཕོ་མོའི་ལུགས་བསྲེས་པ་དུམ་བུ་ཀོ་བྲག་པའི་ལུགས། ཞ་མ་ཕོ་མོ་གཉིས་ས་ལུགས་དང་གསུམ་བསྲེས་པ་ཆ་གན་གྱི་ལུགས། འབྲོག་མི་དང་གྱི་ཇོའི་ལུགས་གཉིས་བསྲེས་པ་ཇོ་ནང་ཀུན་སྤོང་པའི་ལུགས། ལམ་འབྲས་སྦྱོར་དྲུག་རྫོགས་ཆེན་གསུམ་བསྲེས་པ་ལ་སྟོད་དབང་རྒྱལ་གྱི་ལུགས་ཏེ་བཞིའོ། །
རབ་ཐོབ་པ། ཞང་བརྒྱུད་ཁྱད་འཕགས་ས་སྐྱའི་སྔ་བུ་ནི། །
ཕག་གྲུ་ལྕེ་སྒོམ་ཕྱི་བུ་ཉེ་རིང་གཉིས། །མང་ལམ་ཞིང་ཕུག་ལུགས་ཏེ་བཅོ་བརྒྱད་ལས། །
ས་སྐྱ་ཞ་མའི་རྒྱུན་དར།
ཞེས་པ་སྟེ། རབ་ཏུ་ཐོབ་པ་ཞང་སྟོན་ཆོས་འབར་གྱི་བརྒྱུད་པ་འཛིན་པ་ཁྱད་པར་དུ་འཕགས་པ་དཔལ་ས་སྐྱ་པ་ཀུན་དགའ་སྙིང་པོའི་སྔ་བུ་དཔལ་ལྡན་ཕག་མོ་གྲུ་པ་དང་ལྕེ་སྒོམ་གྱི་ལུགས་གཉིས། ཕྱི་བུ་ཉེ་བརྒྱུད་རིང་བརྒྱུད་གཉིས། འབྲོག་ཇོ་སྲས་གཉིས་དང་ཞང་སྟོན་མཆེད་གཉིས་ཏེ་ལུགས་བཞིའི་གསུང་གི་གཅེས་མཛོད་བསྡུས་པ་མང་ལམ་ཞིག་པོའི་ལུགས། ཐ་མར་ཐོབ་པ་བྱང་ཆུབ་ཡེ་ཤེས་ཀྱིས་ཞིང་ཕུག་པ་ལ་གདམས་པའི་ལུགས་ཏེ། དེ་ལྟར་སྐུ་སྲས་ཐུགས་སྲས་གཉིས། སེའི་བརྒྱུད་པ་ཞ་མ་ཕོ་ལ་སློབ་སྲས་གཉིས། མོ་ལ་གསུམ། བསྲེས་བརྒྱུད་བཞི། ས་ལུགས་བཞི། མང་ལམ་ཞིང་ཕུག་གཉིས། འཆད་འགྱུར་གྱི་ཇོ་ལུགས་བཅས་བསྡམས་པ་ལ་ལམ་འབྲས་ལུགས་སྲོལ་བཅོ་བརྒྱད་ཅེས་གྲགས་སོ། །དེ་དག་ལས་ས་སྐྱ་དང་ཞ་མའི་བཀའ་སྲོལ་གྱི་རྒྱུན་རིང་དུ་དར་ཞིང་། དེ་ལས་ཀྱང་ས་སྐྱ་པའི་བཀའ་སྲོལ་ནི་ད་ལྟའི་བར་དུ་ཤིན་ཏུ་དར་ཞིང་རྒྱས་སོ། །
གཉིས་པ་ནི།
ཁྱད་པར་དུ། །ས་ལུགས་ཚོགས་བཤད་ངོར་རྫོང་གངས་དཀར་པ། །
སློབ་བཤད་ཚར་ཆེན་ཡབ་སྲས་འཛིན་སྐྱོང་སྤེལ། །དགྱེས་རྡོར་བསྐྱེད་རྫོགས་དབྱར་གྱི་མཚོ་ལྟར་རྒྱས། །
ཁྱད་པར་དུའང་ས་ལུགས་ཞེས་གྲགས་པ་ནི་ཇོ་བོ་རྗེས་ས་དཀར་པོའི་ལོགས་ལ་དྷཱིཿབདུན། ཧཱུྃ་གཅིག་གསལ་བར་གཟིགས་པས་འཇམ་དབྱངས་བདུན་དང་ཕྱག་རྡོར་སྤྲུལ་པ་གཅིག་འབྱོན་པར་ལུང་གིས་བསྟན་པ་ལྟར་བྱོན་པའི་ཐོག་མར་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ལ་འབྲོག་མི་ནས་བརྒྱུད་པའི་ཀྱཻ་རྡོར་རྒྱུད་གསུམ། མལ་ལོ་ནས་བརྒྱུད་པའི་བདེ་མཆོག་ལོ་ཆེན་རིན་བཟང་ནས་རྒྱུད་པའི་ཡོ་ག་དང་མགོན་པོ། བ་རི་བ་ནས་བརྒྱུད་པའི་སྒྲུབ་ཐབས་བརྒྱ་རྩ་སོགས་ལོ་ཙཱ་ཆེན་པོ་བཞི་ནས་བརྒྱུད་པའི་གདམས་ངག་གི་བཀའ་བབས། ཁྱད་པར་དགུང་ལོ་ཞེ་བདུན་པ་ལ་རྗེ་བཙུན་བི་རཱུ་པ་གཙོ་འཁོར་ལྔ་ཆོས་སྒོ་སྐྱེལ་དུ་ཕེབ། ཟླ་བ་གཅིག་ཏུ་བཞུགས་ཏེ་ལྕགས་རིའི་ཁོངས་ལས་མི་འདའ་བའི་ཟབ་ཆོས་བཞི། རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་དབང་བཤད་མན་ངག །ལམ་འབྲས་ཉེ་བརྒྱུད་སྦས་བཤད་བཅས་སྩལ། བླ་མའི་ལུང་བསྟན་བཞིན་སློབ་མ་གྲུབ་པ་ཐོབ་པ་གསུམ། བཟོད་ཐོབ་བདུན། རྟོགས་པ་དང་ལྡན་པ་བརྒྱད་ཅུ་བྱོན། བདེ་བ་ཅན། པོ་ཏ་ལ། ཨོ་རྒྱན། བྱང་གསེར་མདོག་ཅན་དང་བཞིར་སྐུའི་བཀོད་པ་བཞིས་སྐལ་ལྡན་གྱི་དོན་མཛད་ཅིང་ད་ལྟའང་དངོས་སུ་བཞུགས་པར་གྲགས། དེས་རྗེ་བཙུན་བསོད་ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན་མཆེད་ལ་གདམས། སྔ་མ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བཞུད། ཕྱི་མ་ནི་བོད་ཡུལ་ཙམ་ལ་ཆེ་བའི་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་ཐར་མངའ་ཞིང་དགུང་ལོ་ང་དྲུག་པར་ས་ཆེན་གྱི་ཡེ་ཤེས་སྐུའི་སྣང་བས་ལམ་འབྲས་ཤིན་ཏུ་ཉེ་བརྒྱུད་བརྡ་དོན་གསལ་བ་གནང་། དེ་ནས་འཇམ་དབྱངས་ས་སྐྱ་པཎ་ཆེན་དང་། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་སོགས་རིམ་གྱིས་བརྒྱུད། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་གྱི་ཞལ་སློབ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱི་དབོན་པོ་བསོད་ནམས་རྒྱལ་མཆོག་གི་སློབ་མ་གསུང་ངག་འཛིན་པའི་ཐུགས་སྲས་བརྒྱད་ལས་ངོར་རྫོང་བོ་དོང་དགེ་ལུགས་སོགས་ལའང་འཕེལ་ཞིང་བརྒྱུད་པའི་རྣམ་གྲངས་དུ་མར་གྱུར་པ་ལས་གཙོ་བོ་ཚོགས་བཤད་ནི་གྲུབ་ཆེན་བུདྡྷ་ཤྲཱི་ལས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསན། བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་ཕྲིན་ལས་ཀྱི་རྒྱུན་ད་ལྟའི་བར་དུ་རྒྱ་ཆེ་ལ་རྒྱུན་ཆགས་པ་ཡོངས་སུ་གྲགས་པ་དང་། སྔགས་འཆང་གཟུངས་ཀྱི་དཔལ་བ་ལས་བརྒྱུད་པ་ལ་ལམ་འབྲས་རྫོང་ལུགས་ཞེས་གྲགས་ཤིང་། དེའི་རྒྱུན་ལས་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་བ་བྱོན་ཏེ་གངས་དཀར་པ་ཞེས་ཆོས་རྒྱུན་ཟུར་དུ་འཕེལ་བའི་ལུགས་འདི་ལ་ཕྱིས་རིག་འཛིན་ཚེ་དབང་ནོར་བུ་སོགས་ཀྱིས་ཀྱང་བསྔགས་པ་ཆེར་མཛད། སློབ་བཤད་ནི་བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་སློབ་མ་རྡོ་རིང་ཀུན་སྤོང་པ་ཆེན་པོ་ལས་ཚར་ཆེན་བློ་གསལ་རྒྱ་མཚོས་གསུང་ངག་རིན་པོ་ཆེ་གསན་ཏེ་ཚར་ལུགས་སློབ་བཤད་ཅེས་པའི་སྲོལ་ཟུར་དུ་ཕྱེས། ཐུགས་སྲས་ཉི་མ་ལྟ་བུ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །ཟླ་བ་ལྟ་བུ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་བྱོན་ཏེ། མདོར་ན་མཁས་གྲུབ་ཆེན་པོ་དེ་དག་གིས་ས་ལུགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པས་དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་ཕྲིན་ལས་ནི་དབྱར་གྱི་མཚོ་ལྟར་དུས་ཀྱི་ཐ་མ་འདི་ལྟ་བུར་ཡང་རྒྱས་པར་གྱུར་ཏོ། །
གསུམ་པ་ནི།
གྱི་ཇོའི་ལུགས་ཀྱང་ཀུན་སྤོང་ཆེན་པོར་འདྲེས། །
པཎ་ཆེན་ག་ཡ་དྷ་ར་བོད་དུ་ཕེབ་པའི་ལན་གཉིས་པར་འགོས་ལོ་དང་། གསུམ་པར་གྱི་ཇོ་དང་གཉོས་ལོ་ཙཱ་བ་རྣམས་ལའང་གསུང་ངག་གི་གདམས་པ་གནང་བར་བཤད་པ་ལས། གྱི་ཇོ་ཟླ་བའི་འོད་ཟེར་གྱི་སློབ་མ་ཞུ་འཁོར་ལོ། ཞུ་དར་མ་རྒྱལ་མཚན་ལ་སོགས་པ་བརྒྱུད་དེ་ཕྱིས་ཇོ་ནང་ཀུན་སྤངས་ཆེན་པོ་ལ་འབྲོག་མིའི་ལུགས་དང་ཆུ་བོ་གཅིག་འདྲེས་སུ་གྱུར་ཏོ། །
ཤེས་བྱ་ཀུན་ཁྱབ་ལས་སོ། །
YOU MAY ALSO LIKE





